Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཉ༽

7 occurrences of གཡེམ་པ་
[Clear Hits]


collapse section
  
  
  
 
  
  
  
  
  
  
  
  
བཅུ་གཉིས་པ། ཏིང་ངེ་འཛིན་བསྒྲུབ་པའི་ཡན་ལག་ཐབས་ལ་མཁས་པའི་ལེའུ།
  
  
expand section


7 occurrences of གཡེམ་པ་
[Clear Hits]

 
previousབཅུ་གཉིས་པ། ཏིང་ངེ་འཛིན་བསྒྲུབ་པའི་ཡན་ལག་ཐབས་ལ་མཁས་པའི་ལེའུ།next

བཅུ་གཉིས་པ། ཏིང་ངེ་འཛིན་བསྒྲུབ་པའི་ཡན་ལག་ཐབས་ལ་མཁས་པའི་ལེའུ།

དེ་ལྟར་ཟུང་འཇུག་བསམ་གཏན་འགྲུབ་པའི་རྒྱུ། །ཏིང་འཛིན་མི་གཡོ་ཡན་ལག་གསུམ་ལ་བསླབ། །གང་གིས་བསྒྲུབ་པ་ཆོ་གའི་ཡན་ལག་དང་། །ཇི་ལྟར་བསྒྲུབ་པ་ཐབས་ཀྱི་ཡན་ལག་དང་། །གཉིས་མེད་བསྒྲུབ་པ་ངོ་བོའི་ཡན་ལག་གོ། །གང་གིས་བསྒྲུབ་པའི་སྐྱེ་བོ་ངེས་འབྱུང་ཅན། །ལུས་ནི་འདུ་འཛིའི་གྲོང་ལས་རྒྱང་བསྲིངས་ཤིང་། །སེམས་ནི་སྤྲོས་པའི་ཚོགས་ལས་རིང་དུ་བསྲིངས། །དེ་ཡིས་ཏིང་འཛིན་འདི་ནི་མྱུར་དུ་འགྲུབ། །དད་ལྡན་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་ལ། །བག་ཡོད་ཚུལ་ཁྲིམས་དག་ཅིང་དགེ་ལ་སྤྲོ། །མང་ཐོས་འདོད་པ་ཆུང་ཞིང་ཆོག་ཤེས་ལྡན། །དེ་ཡིས་ཏིང་འཛིན་འདི་ནི་མྱུར་དུ་འགྲུབ། །ལུས་སེམས་བསྡམས་ཤིང་དབེན་པར་གནས་ལ་དགའ། །གཉིད་དང་སྙོམ་ལས་སྨྲ་ལ་དགའ་བ་སྤོངས། །རྒོད་འགྱོད་མེད་ཅིང་གཞན་དང་འདྲིས་པ་ཉུང་། །དེ་ཡིས་ཏིང་འཛིན་འདི་ནི་མྱུར་དུ་འགྲུབ། །གྲོང་(༥༠)དང་གྲོང་འདབ་སྐྱེ་བོའི་འདུ་འཛི་མེད། །གནས་དང་དགོན་པར་མང་པོའི་རྟེན་འདྲིས་མེད། །དོན་དང་བྱ་བ་སྣ་ཚོགས་བྲེལ་བ་མེད། །དེ་ཡིས་ཏིང་འཛིན་འདི་ནི་མྱུར་དུ་འགྲུབ། །ཚེ་འདིའི་བདེ་དང་ཕྱི་མའི་བདེ་འབྲས་དང་། །རང་དོན་ཞི་བ་གཉེར་མིན་འགྲོ་བའི་ཕྱིར། །སྲིད་ལས་ཐར་འདོད་ངེས་འབྱུང་སྐྱོ་ཤས་ཅན། །དེ་ཡིས་ཏིང་འཛིན་མཆོག་འདི་མྱུར་དུ་འགྲུབ། །ཇི་ལྟར་བསྒྲུབ་པ་ཐབས་ཀྱི་ཡན་ལག་ཀྱང་། །གཉིད་རྨུགས་རྒོད་འགྱོད་ཐེ་ཚོམ་སྒྲིབ་པ་ལྔ། །སྤངས་ཏེ་ཞི་ལྷག་ཟུང་འབྲེལ་ཚུལ་གྱིས་བསྒྲུབ། །གཉིད་རྨུགས་གཉིས་ཀྱིས་ཞི་གནས་རབ་ཏུ་སྒྲིབ། །རྒོད་འགྱོད་གཉིས་ཀྱིས་ལྷག་མཐོང་རྣམ་པར་གཡེང་། །ཐེ་ཚོམ་གཉིས་ཀའི་གནོད་བྱེད་མི་མཐུན་ཕྱོགས། །དེ་ལྟར་ལྔ་ཉིད་བྱིང་རྒོད་གཉིས་སུ་འདུ། །བྱིང་ན་གསེང་ཞིང་རྒོད་ན་རྩེ་གཅིག་བསྒོམ། །ཞི་གནས་མེད་པའི་ལྷག་མཐོང་སྤྲོས་ལ་རྒོད། །ལྷག་མཐོང་མེད་པའི་ཞི་གནས་ལུང་མ་བསྟན། །ཟུང་འབྲེལ་སྒྲིབ་པའི་གཉེན་པོ་མཆོག་གི་ལམ། །ཞི་གནས་ལུས་ངག་ཡིད་སེམས་དལ་བས་འགྲུབ། །དེ་ཡང་ཆོས་ཀུན་རང་བཞིན་མཉམ་པའི་ངང་། །དམིགས་པ་རབ་ཞི་གཙོ་བོའི་ཡན་ལག་ཡིན། །དམིགས་པ་གཅིག་ལས་སེམས་འཛིན་འཁོར་གྱི་ཚུལ། །དེ་ཡང་སྣང་བཅས་སྣང་མེད་རྣམ་པ་གཉིས། །ཕྱི་ནང་གཉིས་ཏེ་བཞི་ཡིས་ཟིན་པར་འགྱུར། །སྣང་བཅས་གཟུགས་སོགས་སྒོ་ལྔའི་ཡུལ་རྣམས་ལ། །སྣང་མེད་མི་རྟོག་རྩེ་གཅིག་ངང་ལ་འཇོག །ཕྱི་རོལ་རྡོ་ཤིང་སྐུ་གཟུགས་ལ་སོགས་དང་། །ནང་ཉིད་སྙིང་གར་པདྨ་འཐུར་འཕྱང་སོགས། །དམིགས་ཡུལ་གཅིག་ལ་རྩེ་གཅིག་སེམས་འཇོག་པ། །ཞི་གནས་བསྒྲུབ་པའི་ཐབས་ཀྱི་ཡན་ལག་ཡིན། །དེ་ཡིས་རྩེ་གཅིག་ཞི་གནས་སྐྱེས་པའི་ཚེ། །སྤེལ་ཞིང་བརྟན་ཕྱིར་ལྷག་མཐོང་ཡེ་ཤེས་སྤྲོ། །བོགས་འབྱིན་སྤྱོད་ལམ་ཀུན་དང་བསྲེ་བ་གཅེས། །སྟེངས་ན་ལུས་སེམས་གསེངས་ལ་སྔར་བཞིན་བསྒོམ། །འདིས་ནི་མྱུར་དུ་འགྲུབ་པར་འགྱུར་བ་ཡིན། །ལྷག་མཐོང་འདོད་པས་སེམས་གསལ་དྭངས་པའི་ངང་། །སོ་སོར་རྟོག་པ་གཙོ་བོའི་ཡན་ལག་ལ། །མི་རྟོག་མཉམ་པར་འཇོག་པ་འཁོར་གྱི་ཚུལ། །དེ་ཡང་ཆོས་ཅན་ཆོས་ཉིད་རྣམ་པ་གཉིས། །ཆོས་ཅན་སྒྱུ་མའི་དཔེ་བརྒྱད་བལྟ་བྱ་ཞིང་། །ཆོས་ཉིད་མཁའ་ལྟར་སྟོང་པའི་རྩལ་སྦྱང་བྱ། །ཇི་བཞིན་ངང་ལ་བཞག་པས་ཡེ་ཤེས་འཆར། །སྟེངས་ན་སྣ་ཚོགས་ཆོས་ལ་རྩལ་སྦྱང་སྟེ། །སྒྱུ་མ་སྟོང་པ་གཉིས་མེད་དག་པར་བལྟ། །འཕྲོ་ན་ཞི་གནས་ངང་ལ་མཉམ་པར་གཞག །དེ་ཚེ་ནམ་མཁའ་ལྟ་བུའི་འོད་གསལ་ནི། །སྟོང་གསལ་སྤྲོས་དང་བྲལ་བའི་ངོ་བོ་མཐོང་། །དེ་ཡིས་སྒྲིབ་གཉིས་སྤྲིན་ལས་གྲོལ་བ་འགྲུབ། །རེས་འགའ་རྒྱ་མཚོ་ལྟ་བུའི་འོད་གསལ་འཆར། །ཤར་གྲོལ་ངང་དངས་རྟོག་མེད་ལྷུན་གྱིས་གྲུབ། །བོགས་འབྱིན་སྤྱོད་ལམ་ཀུན་དང་དེ་ཉིད་བསྲེ། །འདིས་ནི་ལྷག་མཐོང་མྱུར་དུ་འགྲུབ་པར་འགྱུར། །ཟུང་འཇུག་ཤེས་པ་འཕྲོ་གནས་མཉམ་པའི་ངང་། །གཉིས་ཀར་མི་(༥༡)རྟོག་ཡེ་ཤེས་གཙོ་བོ་ལ། །ཡེང་མེད་སྤྲོས་དང་བྲལ་བ་འཁོར་གྱི་ཚུལ། །ཇི་ལྟར་ཤར་གནས་དེ་ཡི་ངང་བཞག་པས། །ཤར་བས་གྲོལ་ལ་གནས་པས་མཉམ་པ་ཉིད། །ཞི་ལྷག་ཟུང་འབྲེལ་བདེ་གསལ་མི་རྟོག་འཆར། །སྣང་སྟོང་ཐབས་ཤེས་བསྐྱེད་རྫོགས་ལྷུན་གྱིས་གྲུབ། །སྟེངས་ན་ཞི་ལྷག་སོ་སོར་རྩལ་སྦྱང་ཞིང་། །བྱིང་རྒོད་ཚེ་ན་ལྡོག་ལ་བསྒོམ་པར་བྱ། །བོགས་འབྱིན་ནམ་མཁའ་དྭངས་ཤིང་སྤྲིན་མེད་ཚེ། །ཉི་མར་རྒྱབ་ཕྱོགས་མཁའ་ལ་རབ་བལྟས་པས། །སྟོང་གསལ་ཤེས་པ་སྤྲོས་དང་བྲལ་བ་འཆར། །ཕྱི་རོལ་དཔེ་ཡི་ནམ་མཁའ་དག་པ་ལས། །ནང་གི་ཆོས་ཉིད་དོན་གྱིས་ནམ་མཁའ་ཆེ། །གསང་བ་འོད་གསལ་སྙིང་པོའི་ནམ་མཁའ་སྟེ། །ནམ་མཁའ་སུམ་སྤྲུགས་དགོངས་པ་ཤེས་པར་བྱ། །གཉིས་མེད་བསྒྲུབ་པ་ངོ་བོའི་ཡན་ལག་ནི། །ཐམས་ཅད་རོ་མཉམ་རྫོགས་པ་ཆེན་པོའི་ངང་། །སྤང་བླང་མི་བྱ་དམིགས་གཏད་ཞེན་པ་དོར། །འཛིན་ཞེན་ཐམས་ཅད་སྲིད་པའི་འདུ་བྱེད་ལ། །དམིགས་གཏད་མེད་ན་མཁའ་བཞིན་བཅིངས་གྲོལ་མེད། །ཇི་ལྟར་གཟུགས་བརྙན་སྣ་ཚོགས་མེ་ལོང་ངང་། །དེ་ལྟར་ཆོས་རྣམས་སྣ་ཚོགས་སྟོང་པའི་ངང་། །ཇི་ལྟར་སྤྲིན་རྣམས་སྣ་ཚོགས་ནམ་མཁའི་ངང་། །དེ་བཞིན་དགག་སྒྲུབ་སྣ་ཚོགས་སེམས་ཉིད་ངང་། །ཇི་ལྟར་ཆུ་བོ་སྣ་ཚོགས་རྒྱ་མཚོའི་ངང་། །དེ་བཞིན་ཉམས་རྟོགས་སྣ་ཚོགས་བསྒོམ་པའི་ངང་། །ཇི་ལྟར་སྒྱུ་མ་སྣ་ཚོགས་སྤྲུལ་པའི་ངང་། །དེ་བཞིན་འཁོར་འདས་སྣ་ཚོགས་ཆོས་ཉིད་ངང་། །ཇི་ལྟར་ཕྱོགས་བཅུའི་ནམ་མཁའ་གཞི་བྲལ་ངང་། །དེ་བཞིན་ཡེ་གྲོལ་ཆོས་རྣམས་ལྟ་བའི་ངང་། །ཇི་ལྟར་ཆུ་ལ་ཆུ་བཞག་གཉིས་མེད་ངང་། །དེ་བཞིན་སེམས་དང་སེམས་ཉིད་དབྱེར་མེད་ངང་། །ཇི་ལྟར་སྣ་ཚོགས་རྨི་ལམ་གཉིད་ཀྱི་ངང་། །དེ་བཞིན་བླང་དོར་གཉིས་མེད་སྤྱོད་པའི་ངང་། །ཇི་ལྟར་མཚོ་དང་དབའ་རླབས་ཆུ་བོའི་ངང་། །དེ་བཞིན་རྟོག་དང་མི་རྟོག་མཉམ་པའི་ངང་། །ཇི་ལྟར་ཚོང་པ་དོན་གྲུབ་བདེ་བའི་ངང་། །དེ་བཞིན་རེ་དོགས་གཉིས་མེད་འབྲས་བུའི་ངང་། །ཐམས་ཅད་ཕྱམ་གཅིག་རྫོགས་པ་ཆེན་པོའི་ངང་། །ཁྱབ་གདལ་དབྱིངས་ཀྱི་ཆོས་ཉིད་ཤེས་པར་བྱ། །དེ་ལྟར་སྣ་ཚོགས་གཉིས་མེད་རོ་གཅིག་གིས། །འགྲོ་ཀུན་བདག་གཞན་གཟུང་འཛིན་ལས་གྲོལ་ཏེ། །འདི་ཞེས་དམིགས་པས་འཁྲུལ་པའི་སྲིད་པ་འདིར། །དུབ་པའི་སེམས་ཉིད་དེ་རིང་ངལ་སོས་ཤིག །རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། ཏིང་ངེ་འཛིན་བསྒྲུབ་པའི་ཡན་ལག་ཐབས་ལ་མཁས་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།


previousབཅུ་གཉིས་པ། ཏིང་ངེ་འཛིན་བསྒྲུབ་པའི་ཡན་ལག་ཐབས་ལ་མཁས་པའི་ལེའུ།next