Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཚ༽


   
   
  collapse section
  collapse section
   
   
   
  collapse section
   
   
   
   
   
སྤྱི་དོན་ལྔ་པ། ཆོས་གཞན་ངེས་པའི་རྣམ་གྲངས།
   
   
   
   
   
   
   
  collapse section
  collapse section
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   


 
previousསྤྱི་དོན་ལྔ་པ། ཆོས་གཞན་ངེས་པའི་རྣམ་གྲངས།next

སྤྱི་དོན་ལྔ་པ། ཆོས་གཞན་ངེས་པའི་རྣམ་གྲངས།

༈ སྤྱི་དོན་ལྔ་པ་ཆོས་གཞན་ངེས་པའི་(༢༠༠)རྣམ་གྲངས་བསྟན་པ་ལ་གསུམ་སྟེ། ཐོག་མའི་སྒྲོ་འདོགས་བཅད་པ། སྒྲ་མཐུན་དོན་འཕགས་ཀྱིས་ལམ་བརྩི་བ། རང་གི་གྲུབ་མཐའ་བཤད་པའོ། །དང་པོ་ལ་གཉིས་ཏེ། ཐེག་པའི་སྒྲོ་འདོགས་སྤྱིར་བཤད་པ་དང་། རང་གི་སྒྲོ་འདོགས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། གོ་དོན་སྤྱིར་གཞག་པ་དང་། ཁྱད་པར་བྱེ་བྲག་ཏུ་བསྟན་པའོ། །

དང་པོ་ནི་ཡཱ་ནའི་སྒྲ་ཐེག་པ་སྟེ། གང་ལ་བརྟེན་ནས་འདོད་སར་སྐྱོལ་བས་ན་ཐེག་པ། ངོ་བོ་ཤེས་རབ་དང་སྙིང་རྗེ། ངེས་ཚིག་བཞོན་པའམ་ཐེག་བྱེད་དུ་གྱུར་པ། དབྱེ་ན་ཆེ་ཆུང་དང་རྒྱུ་འབྲས་གཉིས། དཔེ་གཞན་ནས་གྱུར་པ་གཞན་དུ་བསྐྱོད་པ་གྲུ་གཟིངས་དང་། རང་མལ་གཞི་ལས་འདེགས་པས་གཞིའམ་ཟམ་པ་ལྟ་བུ་སྟེ། བཤད་རྒྱུད་ལས། ཐེག་པའི་ངོ་བོ་ཤེས་རབ་སྙིང་རྗེ་ཡིན། །དེ་གཉིས་ཆེ་ཆུང་ཐེག་པ་མཐོ་དམན་སྣང་། །ཐེག་པའི་ངེས་ཚིག་འདེགས་དང་སྐྱོབ་པ་ཡིན། །དབྱེ་ན་མང་པོའང་བསྡུས་པས་གཉིས་ལས་མེད། །རྒྱུ་རྐྱེན་ལམ་ཁྱེར་མཚན་ཉིད་ཐེག་པ་དང་། །འབྲས་བུ་ལམ་ཁྱེར་གསང་སྔགས་ཐེག་པ་གཉིས། །རྐྱལ་པ་གྲུ་གཟིངས་མཚན་ཉིད་ཐེག་པའི་དཔེ། །ཟམ་པ་ས་གཞི་གསང་སྔགས་ཐེག་པའི་དཔེ། །ཞེས་སོ། །མཚན་ཉིད་ནི། རྒྱུ་རྐྱེན་ལས་སྐུ་གསུམ་བསྒྲུབ་པར་འདོད་པས། རྒྱུ་ལམ་དུ་བྱེད་པ་ལ། སྔགས་ཀྱི་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཁས་བླངས་ནས། འོག་མས་དེ་དང་མཐུན་པར་སྐུ་གསུམ་གྱི་དཀྱིལ་འཁོར་བསྐྱེད་རྫོགས་བསྒོམས་པས་ཐོབ་པར་འདོད་ལ། ཐུན་མོང་མ་ཡིན་པ་འདིར། རིག་པ་ལ་བལྟས་པས་རང་གདངས་སྐུ་གསུམ་དུ་ཤར་ཏེ། ལོངས་སྤྲུལ་གཟུགས་སྐུ་འོད་སྣང་དུས། ཆོས་སྐུ་སྟོང་གསལ་ཁོང་ནས་ཤར་བ་ལམ་དུ་བྱེད་པས། འབྲས་བུར་གྲགས་པ་སྐུ་གསུམ་གྱི་སྣང་བ་ལམ་དུ་བྱེད་པའི་ཕྱིར། ཆོས་གཞན་ནས་སྐུ་གསུམ་འབྲས་བུར་བཞག་པ་འདིར་ལམ་དུ་ཤར་བས་སྐུ་གསུམ་ལམ་དུ་བྱེད་པ་སྟེ། སྐུ་གསུམ་གྱི་རང་གདངས་ལས་ངོ་བོ་ལ་ས་ཟིན་པར་བྱེད་པ་ནི་འབྲས་བུ་ལམ་བྱེད་དུ་བཞག་གོ། །

གཉིས་པ་ལ་དྲུག་སྟེ། ངོ་བོ། ངེས་ཚིག །དབྱེ་བ། འཕགས་ཚུལ། གོལ་སྒྲིབ། མཚོན་ཚིག་བསྟན་པའོ། །

དང་པོ་ལ་དགུ་ལས། ཉན་ཐོས་ཀྱི་ཐེག་པའི་ངོ་བོ། གང་ཟག་གི་བདག་མེད་རྟོགས་ནས་ལམ་བསྒོམ་པ། རང་སངས་རྒྱས་ཀྱི་ཐེག་པའི་ངོ་བོ་གང་ཟག་དང་། (༢༠༡)ཆོས་ཀྱི་བདག་ཕྱེད་བཟུང་བ་རང་བཞིན་གྱིས་རྟོགས་ནས་རྟེན་འབྲེལ་གྱི་ལམ་བསྒོམ་པ། བྱང་ཆུབ་སེམས་དཔའི་ཐེག་པའི་ངོ་བོ་བདག་མེད་གཉིས་རྟོགས་ནས་ལམ་བསྒོམ་པ་ལ། ཀྲ྇་ཡའི་ཐེག་པའི་ངོ་བོ་བདེན་པ་གཉིས་རྟོགས་ནས་བདག་དང་ལྷ་དང་རྗེ་དང་བྲན་ལྟར་བསྒོམ་པ། ཨུ་པའི་ངོ་བོ་བདེན་གཉིས་རྟོགས་ནས་སྤུན་དང་གྲོགས་ལྟར་བསྒོམ་པ། ཡོ་གའི་ངོ་བོ་བདེན་གཉིས་རྟོགས་ནས་གཉིས་མེད་རེས་འཇོག་གི་ལྷ་བསྒོམ་པ། མཧཱའི་ངོ་བོ་ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་རྟོགས་ནས་བསྐྱེད་རྫོགས་གཉིས་མེད་དུ་བསྒོམ་པ། ཨ་ནུའི་ངོ་བོ་དབྱིངས་དང་ཡེ་ཤེས་གཉིས་མེད་དུ་རྟོགས་ནས་བསྐྱེད་རྫོགས་ཟུང་འཇུག་ཏུ་བསྒོམ་པ། ཨ་ཏིའི་ཐེག་པའི་ངོ་བོ་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རྟོགས་ནས་རང་གདངས། རང་གནས། ཅོག་བཞག་གི་དགོངས་པར་འཇོག་པ་སྟེ། སོ་སོའི་ལུང་ནི་འོག་ཏུ་འབྱུང་བ་བཞིན་ནོ། །

ངེས་ཚིག་ནི་ཀུན་གསལ་ལས། སོ་སོའི་མིང་གི་ངེས་ཚིག་ནི། །ངས་བསྟན་ཁྱོད་ཀྱིས་ལེགས་པར་ཟུང་། །སྟོན་པས་གསུངས་པའི་ཚིག་དོན་རྣམས། །རྣ་བས་ཉན་ཅིང་ཡིད་ཀྱིས་ཐོས། །རང་རིག་ཁོང་ནས་མི་འཆར་བར། །སྟོན་པའི་གསུང་ལ་རག་ལས་པས། །ཉན་ཐོས་མིང་གི་ངེས་ཚིག་ཡིན། །སྟོན་པ་གཞན་ལ་མི་ལྟོས་པར། །རང་གི་མཐུ་ཡིས་རང་སངས་རྒྱས། །རང་རྒྱལ་མིང་གི་ངེས་ཚིག་ཡིན། །སྤངས་དང་ཡེ་ཤེས་ཐུགས་རྗེ་དང་། །ཕྲིན་ལས་ཕུན་སུམ་ཚོགས་པ་ནི། །དེ་དོན་གཞན་ལ་སྒྲོགས་བྱེད་པ། །བྱང་སེམས་མིང་གི་ངེས་ཚིག་ཡིན། །ཁྲུས་དང་གཙང་སྦྲ་གཙོར་བསྟན་པས། །ཀྲ་ཡཱ་ཞེས་སུ་བསྟན་པ་ཡིན། །སྤྱོད་པ་མས་འཛེགས་ལྟ་བ་ཡས། །ཨུ་པའི་མིང་གི་ངེས་ཚིག་ཡིན། །རིགས་བཞི་སངས་རྒྱས་སྐུ་རྣམས་ལ། །རང་གི་ལུས་ངག་ཡིད་གསུམ་སྦྱོར། །ཡོ་གའི་མིང་གི་ངེས་ཚིག་ཡིན། །ཏིང་འཛིན་གསུམ་དང་ཐབས་ཤེས་གཙོར་བསྟན་པའི། །དོན་ལ་འཇུག་པ་མཧཱའི་ངེས་ཚིག་ཡིན། །མ་བསྐྱེད་རྫོགས་པའི་དོན་ལ་འཇུག་པའི་ཕྱིར། །རྫོགས་པ་ཨ་ནུའི་མིང་གི་ངེས་ཚིག་ཡིན། །སྣང་ཞིང་སྲིད་པས་བསྡུས་པའི་ཆོས་རྣམས་ཀུན། །ལྷུན་གྲུབ་ཆོས་སྐུར་ཡེ་ནས་རྫོགས་སངས་རྒྱས། །གནས་ལུགས་གཉིས་མེད་ཚུལ་གྱིས་འཇུག་པ་ནི། །རྣལ་འབྱོར་རྫོགས་ཆེན་མིང་གི་ངེས་ཚིག་ཡིན། །ཞེས་སོ། །

དབྱེ་(༢༠༢)ན་ཆུང་ངུའི་ཆུང་ངུ་ཉན་ཐོས། ཆུང་ངུའི་འབྲིང་ནི་རང་རྒྱལ། ཆུང་ངུའི་ཆེན་པོ་བྱང་ཆུབ་སེམས་དཔའ་སྟེ། རྒྱུའི་ཐེག་པ་གསུམ། འབྲིང་གི་ཆུང་ངུ་ཀྲ་ཡཱ། འབྲིང་གི་འབྲིང་ཨུ་པ། འབྲིང་གི་ཆེན་པོ་ཡོ་ག་སྟེ་སྔགས་ཕྱི་མའི་ཐེག་པ་གསུམ། ཆེན་པོའི་ཆུང་ངུ་མཧཱ། ཆེན་པོའི་འབྲིང་ལ་ཨ་ནུ། ཆེན་པོའི་ཆེན་པོ་ཨ་ཏི་སྟེ་ནང་པ་གསུམ་བསྡོམས་པས་ཐེག་པ་དགུའོ། །

འཕགས་ཚུལ་སྤྱིའི་འཕགས་ཚུལ་དང་། ཁྱད་པར་གྱི་ཆེ་བ་གཉིས་ལས། དང་པོ་ནི། ཡང་དེ་ཉིད་ལས། མ་རྟོགས་ལོག་པར་རྟོགས་ལས་ཉན་ཐོས་ཁྱད་པར་འཕགས། །དེ་ཡང་ཇི་ལྟར་འཕགས་ཞེས་བྱ། །གང་ཟག་བདག་མེད་རྟོགས་པས་ལྟ་བ་ཁྱད་པར་འཕགས། །དགེ་བཅུ་རང་དོན་སྤྱད་པས་སྤྱོད་པ་ཁྱད་པར་འཕགས། །བདེན་བཞིའི་སྒོ་ནས་བསྒྲུབས་པས་སྒྲུབ་པ་ཁྱད་པར་འཕགས། །ཟུང་བཞི་ཡ་བརྒྱད་ཐོབ་པས་འབྲས་བུ་ཁྱད་པར་འཕགས། །ཉན་ཐོས་དག་ལས་རང་རྒྱལ་འཕགས་པ་ཡང་། །གཟུགས་ཀྱི་ཕུང་པོ་ཆོས་ཀྱི་ཁམས་དག་ལ། །ཕྱོགས་གཅིག་བདག་མེད་ལྟ་བས་ལྟ་བ་ཁྱད་པར་འཕགས། །དགེ་བཅུ་རྫུ་འཕྲུལ་སྤྱོད་པས་སྤྱོད་པ་ཁྱད་པར་འཕགས། །བཤེས་གཉེན་མི་བརྟེན་སྒོམ་ཤུགས་བསྒྲུབས་པས་སྒྲུབ་པ་ཁྱད་པར་འཕགས། །ནེ་ཙོ་བསེ་རུ་ལྟར་གནས་འབྲས་བུ་ཁྱད་པར་འཕགས། །རང་རྒྱལ་དག་ལས་བྱང་སེམས་འཕགས་པ་ཡང་། །བདག་མེད་རྣམ་གཉིས་རྟོགས་པས་ལྟ་བ་འཕགས། །ཚད་མེད་བསྡུ་བཞིས་དོན་མཛད་སྤྱོད་པ་འཕགས། །ཕ་རོལ་ཕྱིན་བཅུ་བསྒྲུབས་པས་སྒྲུབ་པ་འཕགས། །ཀུན་ཏུ་འོད་ཀྱི་ས་གནོན་འབྲས་བུ་འཕགས། །བྱང་སེམས་དག་ལས་ཀྲ་ཡཱ་བཞིས་འཕགས་ཏེ། །དོན་དམ་སྐྱེ་འགག་མེད་པར་རབ་རྟོགས་ཤིང་། །ཀུན་རྫོབ་བདག་དང་ཡེ་ཤེས་སེམས་དཔའི་ལྷ། །རྗེ་དང་བྲན་དུ་ལྟ་བས་ལྟ་བ་འཕགས། །དག་པ་རྣམ་གསུམ་སྤྱོད་པས་སྤྱོད་པ་འཕགས། །སྒོམ་རྒྱུད་བྱིན་རླབས་བསྒྲུབས་པས་སྒྲུབ་པ་འཕགས། །རིག་གསུམ་འབྲས་བུ་གནོན་པས་འབྲས་བུ་ཁྱད་པར་འཕགས། །ཀྲ་ཡཱ་དག་ལས་ཨུ་པ་འཕགས་པ་ཡང་། །ལྷ་བདག་དཔོན་གཡོག་ལྟ་བས་ལྟ་བ་འཕགས། །མཚན་མ་ཡོད་མེད་སྤྱོད་པས་སྤྱོད་པ་འཕགས། །ཁོ་ན་ཉིད་བཞི་བསྒྲུབས་པས་སྒྲུབ་པ་འཕགས། །རིགས་བཞིའི་གོ་འཕང་ཐོབ་པས་འབྲས་བུ་འཕགས། །ཨུ་པ་(༢༠༣)དག་ལས་ཡོ་ག་འཕགས་པ་ཡང་། །ཀུན་རྫོབ་ལྷ་དང་གྲོགས་སུ་ལྟ་བས་ལྟ་བ་འཕགས། །ཕྲིན་ལས་རྣམ་བཞི་སྤྱོད་པས་སྤྱོད་པ་འཕགས། །ཕྱག་རྒྱ་རྣམ་བཞི་བསྒྲུབས་པས་སྒྲུབ་པ་འཕགས། །རིགས་བཞི་སངས་རྒྱས་འགྲུབ་པས་འབྲས་བུ་འཕགས། །ཡོ་ག་དག་ལས་མཧཱ་བཞིས་འཕགས་ཏེ། །རང་ལུས་དཀྱིལ་འཁོར་ལྟ་བས་ལྟ་བ་འཕགས། །སྦྱོར་སྒྲོལ་གཉིས་མེད་སྤྱོད་པས་སྤྱོད་པ་འཕགས། །ཐབས་ཤེས་གཉིས་མེད་བསྒྲུབས་པས་སྒྲུབ་པ་འཕགས། །སྟུག་པོ་བཀོད་པའི་ས་ཐོབ་འབྲས་བུ་འཕགས། །མཧཱ་དག་ལས་ཨ་ནུ་བཞིས་འཕགས་ཏེ། །དབྱིངས་དང་ཡེ་ཤེས་རྟོགས་པས་ལྟ་བ་འཕགས། །དབྱིངས་ཀྱི་ཡེ་ཤེས་དག་ལས་སྤྱོད་པ་དང་། །ཡེ་ཤེས་དབྱིངས་ལ་སྤྱོད་པས་སྤྱོད་པ་འཕགས། །ཕུང་པོ་ལྔ་དང་འབྱུང་བ་རྣམ་པ་ལྔ། །རིགས་ལྔ་ཡབ་ཡུམ་བསྒྲུབས་པས་སྒྲུབ་པ་འཕགས། །པདྨ་ཅན་གྱི་ས་ཐོབ་འབྲས་བུ་འཕགས། །ཨ་ནུ་དག་ལས་ཨ་ཏི་བཞིས་འཕགས་ཏེ། །སྣང་སྲིད་ཆོས་སྐུར་སངས་རྒྱས་ལྟ་བ་འཕགས། །ཆོས་སྐུ་འགྲོ་དོན་སྤྱོད་པས་སྤྱོད་པ་འཕགས། །བྱ་རྩོལ་མེད་པར་བསྒྲུབས་པས་སྒྲུབ་པ་འཕགས། །བཅུ་གསུམ་འཁོར་ལོ་ཚོགས་ཆེན་ཡན་ཆོད་ནས། །ཉི་ཤུ་རྩ་གཅིག་མན་ཆོད་འབྲས་བུ་འཕགས། །ཞེས་སོ། །ཁྱད་པར་གྱི་ཆེ་བ་ནི། ཡང་དེ་ཉིད་ལས། གནས་སྐབས་སུ་འགྱུར་བའི་ཆེ་བ་རྣམས། ཐེག་པ་སོ་སོའི་ཆེ་བ་ཡིན། །མཐར་ཐུག་ཆེ་བ་རྣམ་པ་ལྔ། །ཡེ་ནས་འདུ་འབྲལ་མེད་པ་ཡིན། །ཕུན་སུམ་ཚོགས་པ་རྣམ་པ་ལྔ། །མངོན་པར་སངས་རྒྱས་ཆེ་བ་དང་། །བཞུགས་གནས་དབྱིངས་ཀྱི་མཚན་ཉིད་ལས། །ཆོས་དབྱིངས་སངས་རྒྱས་ཆེ་བ་དང་། །བདག་ཉིད་ཆེན་པོར་རང་རྫོགས་ལྔ། །ཡེ་སངས་རྒྱས་པའི་ཆེ་བ་དང་། །གཏན་ལ་འབེབས་པའི་ཐབས་ཆེན་ལྔས། །སངས་རྒྱས་ཡིན་པ་ཆེ་བ་དང་། །དྲི་མེད་རྣམ་དག་ལྔས་འཕགས་པ། །ཐམས་ཅད་སངས་རྒྱས་ཆེ་བ་ལྔ། །མཐར་ཐུག་ཆེ་བ་རྣམ་ལྔ་ཡིན། །ཞེས་སོ། །ཆེ་བ་ལྔ་ཡང་རིམ་པ་ལྟར། དེ་ཉིད་ལས། བདག་མེད་སྐུ་ནི་སྟོན་པ་ཆེ། །རང་བྱུང་ཡེ་ཤེས་བསྟན་པ་ཆེ། །མ་བྲིས་དཀྱིལ་འཁོར་གནས་སུ་ཆེ། །སྲོག་མེད་སྐུ་ལྔ་འཁོར་དུ་ཆེ། །ཡེ་ནས་ལྷུན་གྲུབ་དུས་སུ་ཆེ། །མངོན་པར་སངས་རྒྱས་ཆེ་བ་ཡིན། །ཞེས་པ་དང་། ཆོས་སྐུའི་དཀྱིལ་འཁོར་(༢༠༤)བཞུགས་པའི་གདན། །རྣམ་དག་དབྱིངས་ཀྱི་ཐིག་ལེ་ལ། །གཅིག་ལ་མཚན་ཉིད་ལྔ་དང་ལྡན། །འགྱུར་བ་མེད་པ་རྡོ་རྗེའི་དབྱིངས། །ཡོན་ཏན་སྤྱད་པར་རིན་ཆེན་དབྱིངས། །དྲི་མ་མེད་པ་པདྨའི་དབྱིངས། །ཐོགས་མེད་བརྟན་པ་རྡོ་རྗེའི་དབྱིངས། །མ་བསྒྲིབས་གསལ་ཁྱབ་ནམ་མཁའི་དབྱིངས། །རང་རིག་ཡེ་ཤེས་གདངས་ཤར་བ། །ཡེ་ཤེས་གདངས་ཀྱི་བུམ་པ་ལྔ། །སྐྱེ་མེད་ཀློང་ན་འགགས་པ་མེད། །དེ་ཡི་ངང་ལ་འདུ་འབྲལ་མེད། །ས་ཆུ་མེ་རླུང་ནམ་མཁའ་ལྔ། །དེ་ཡི་རྩལ་དུ་སྣང་བ་སྟེ། །ཆོས་ཉིད་ལྔ་རུ་ཡེ་སངས་རྒྱས། །ཡེ་ཤེས་ལྔ་དང་སྐུ་གསུམ་གྱི། །བཞུགས་པའི་གནས་དེ་ཁྱད་པར་འཕགས། །ཞེས་པ་དང་། སྤྲུལ་པའི་སྣོད་གྱུར་འབྱུང་བ་ལྔ། །རང་ལས་བྱུང་བའི་ཆོས་ཉིད་ལས། །ལས་ལ་མ་རྨོངས་ཐབས་ཀྱི་ཞི། །གཟུང་འཛིན་མི་གནས་རང་གདངས་ཉིད། །དང་དུ་མངོན་སངས་རྒྱས་པ་ཆེའོ། །ཕུང་པོ་རྣམ་ལྔ་སྣང་བ་ཡང་། །སྐུ་ལྔ་རིན་ཆེན་འོད་དུ་འབར། །མ་བཙལ་རང་ལ་ལྷུན་གྱིས་གྲུབ། །ཡེ་ཤེས་རང་སྣང་ཡིན་པས་ཆེའོ། །རྣམ་ཤེས་བརྒྱད་དུ་སྣང་བ་ཡང་། །སེམས་དཔའ་བརྒྱད་དེ་རང་ལ་རྫོགས། །གཞན་མེད་རང་སྣང་ཡིན་པས་ཆེ། །རྣམ་ཤེས་བརྒྱད་ཀྱི་ཡུལ་བརྒྱད་ཀྱང་། །རང་ལ་སྣང་བའི་སེམས་མ་བརྒྱད། །མ་བཙལ་རང་ལ་ལྷུན་གྱིས་གྲུབ། །གཞན་སྣང་མེད་པས་བདག་ཉིད་ཆེ། །རང་ལས་བྱུང་ཞིང་རང་ལས་སྣང་། །རང་གདངས་ཡིན་པས་ཡུལ་དང་བྲལ། །ཡུལ་མེད་རང་སྣང་ཆེན་པོ་ལ། །བགྲོད་དུ་མེད་པས་ཀུན་ལས་ཆེ། །རང་ཆས་ཡིན་པས་བཙལ་དུ་མེད། །མ་བཙལ་ལྷུན་གྱིས་གྲུབ་པ་ཆེ། །རང་ལ་རང་ནི་མི་བསྒྲུབ་པས། །མི་རྩོལ་རྩོལ་སྒྲུབ་འདས་པ་ཆེ། །རྟོགས་པའི་དོན་ལ་འདུ་འབྲལ་མེད་པས་ཆེ། །མི་འགྱུར་བ་ལ་སྤྱད་དུ་མེད་པས་ཆེ། །བགྲོད་མེད་ལམ་ལ་དམིགས་སུ་མེད་པས་ཆེ། །ཆོས་རྣམས་ཐམས་ཅད་བདག་ཉིད་ཆེ། །འོག་མ་དག་གིས་ཤེས་པ་མེད། །དེས་ན་བདག་ཉིད་ཆེ་བར་བཤད། །ཅེས་པ་དང་། མཚོན་པའི་བརྡ། ཡི་གེ་མེད་པའི་བརྡ་བཞིས་འཕགས་པས་དཔེ་རུ་མེད། །སྐུ་གསུམ་འདུ་འབྲལ་མེད་པས་དོན་དུ་ཆེ། །རྒྱང་ཞགས་ཡེ་ཤེས་གསལ་བས་རྟགས་སུ་ཆེ། །བརྡ་བཞི་དཔེ་རུ་ཡིན་པར་ངེས། །འདུ་འབྲལ་མེད་པའི་དོན་(༢༠༥)དུ་ངེས། །ཡེ་ཤེས་སྒྲོན་མ་རྟགས་སུ་ངེས། །དེ་བས་ངེས་པ་གསུམ་གྱིས་ཆེ། །དང་པོའི་སྟོན་པ་ལ་སོགས་པ། །གཏན་ཕབ་གཏན་ཚིགས་ལྔ་ཡིས་ཆེ། །སངས་རྒྱས་ཡིན་པས་ཆེ་ཞེས་བྱ། །ཞེས་པ་དང་། རང་རིག་འགྱུར་མེད་ཆོས་སྐུ་ལ། །ངོས་གཟུང་མེད་པས་བསམ་ལས་ཆེ། །སྒོམ་དུ་མེད་པས་ཁྱད་པར་འཕགས། །ཆོས་སྐུ་དངོས་མེད་ཟང་ཐལ་ལ། །དམིགས་པར་བྱ་བའི་ཡུལ་མེད་པས། །གཉིས་སུ་མེད་པས་ཁྱད་པར་འཕགས། །རིག་པ་དངོས་མེད་ཞི་བ་ལ། །སྤྲོས་དང་དངོས་པོའི་མཚན་མ་མེད། །རང་གདངས་ཆེན་པོས་འཕགས་ཏེ་ཆེ། །རང་རིག་གཉིས་མེད་བདེ་ཆེན་ལ། །ཕྱོགས་མེད་མཚོན་པའི་དཔེ་མེད་པས། །མཚོན་དུ་མེད་པས་འཕགས་ཏེ་ཆེ། །ཆོས་སྐུ་རང་བྱུང་ཡེ་ཤེས་ལ། །རྒྱུ་རྐྱེན་མེད་པས་འདུས་བྱས་མེད། །འགྱུར་བ་མེད་པས་དག་སྟེ་ཆེ། །རང་རིག་དྲི་མ་ལྔ་བྲལ་བས། །ཐམས་ཅད་སངས་རྒྱས་ཆེ་བར་བཤད། །ཅེས་སོ། །

གོལ་སྒྲིབ་བསྟན་པ་ལ་གཉིས་ཏེ། གོལ་སྒྲིབ་སྤྱིར་བསྟན་པ་དང་། གོལ་སྒྲིབ་ཡོད་མེད་བྱེ་བྲག་ཏུ་བསྟན་པའོ། །

དང་པོ་ལ། ངོ་བོ། ངེས་ཚིག །དབྱེ་བ། མཚོན་དཔེ་དང་བཞི་སྟེ། བཤད་རྒྱུད་ལས། གོལ་སྒྲིབ་ངོ་བོ་མ་རིག་པ། །གོལ་སྒྲིབ་ངེས་ཚིག་བསྟན་པ་ནི། །གོང་མ་མ་མཐོང་བསྒྲིབས་པ་ཡིན། །འོག་མའི་དོན་སྤྱོད་གོལ་བ་ཡིན། །གོལ་སྒྲིབ་དབྱེ་ན་གྲངས་མང་སྟེ། །བསྡུ་ན་རྣམ་པ་བཞི་ཡིན་ནོ། །ལྟ་བ་དག་གི་གོལ་སྒྲིབ་དང་། །སྒོམ་པ་དག་གི་གོལ་སྒྲིབ་དང་། །སྤྱོད་པ་དག་གི་གོལ་སྒྲིབ་དང་། །འབྲས་བུ་དག་གི་གོལ་སྒྲིབ་བོ། །གོལ་སྒྲིབ་མཚོན་པའི་དཔེ་བསྟན་པ། །བྱང་དུ་དོན་གཉེར་ལྷོ་རུ་ཕྱིན། །ལྷོར་ཕྱིན་བྱང་གི་དོན་མི་འགྲུབ། །གོང་མའི་དོན་འདོད་འོག་མ་སྤྱད། །འོག་མས་གོང་མའི་དོན་མི་རྙེད། །ཅེས་སོ། །

གཉིས་པ་ནི། འོག་མ་བརྒྱད་གོལ་སྒྲིབ་དང་བཅས་པ་ལ། ཨ་ཏི་གོལ་སྒྲིབ་མེད་པར་བསྟན་ཏེ། དེ་ཉིད་ལས། ཐེག་པ་དགུ་ཡི་གོལ་སྒྲིབ་རྣམས། ཕྱེ་ན་བསམ་གྱིས་མི་ཁྱབ་སྟེ། བསྡུ་ན་༼ཐེག་བརྒྱད་རེ་རེ་ལའང་ལྟ་སྒོམ་སྤྱོད་འབྲས་བཞི་བཞི་རྩ་བ་བཞི་༽སུམ་ཅུ་རྩ་དྲུག་ཡོད། །ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི། །མཚན་ཉིད་སྡེ་གསུམ་སྒྲིབ་པ་མང་། །སུམ་ཅུ་རྩ་དྲུག་རྩ་གཉིས་༼རྩ་བ་མ་བསྣན་ན་༽དང་། །རྩ་བརྒྱད་གསུམ་ལ་རིམ་པ་ཡོད། །བཅུ་གཉིས་བརྒྱད་དང་བཞིར་གནས་སོ། །ཕྱི་པ་སྡེ་གསུམ་གོལ་སྒྲིབ་མཉམ། །(༢༠༦)སྒྲིབ་པ་བཅུ་གཉིས་མུན་པས་ཆོད། །ལྟུང་བའི་གོལ་ས་བཅུ་གཉིས་ཡོད། །ནང་པ་སྡེ་གཉིས་གོལ་ས་ཡང་། །སོ་གཉིས་རྩ་བརྒྱད་རིམ་པས་ཡོད། །སྒྲིབ་པ་བཞི་དང་བརྒྱད་དུ་གནས། །རྫོགས་ཆེན་ཐིག་ལེ་ཉག་གཅིག་ལ། །གོལ་དང་མ་གོལ་གཉིས་སུ་མེད། །གོལ་ས་རང་བཞིན་རྣམ་པར་དག །ཀུན་བྲལ་ཉག་གཅིག་སྤྱིར་མ་སྤངས། །ཨ་ཏིའི་ལྟ་སྒོམ་སྤྱོད་པ་དང་། །འབྲས་བུ་ཡེ་ནས་གཉིས་མེད་པས། །གཉིས་སུ་སྣང་བའི་གོལ་སྒྲིབ་མེད། །ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི། །ཡེ་ནས་རང་བྱུང་ཡེ་ཤེས་པས། །རྒྱུ་རྐྱེན་འདུས་པའི་གོལ་སྒྲིབ་མེད། །རྫོགས་ཆེན་ལྟ་བ་སྒོམ་པ་དང་། །སྤྱོད་པ་འབྲས་བུ་ལྷུན་གྲུབ་པས། །སྒོམ་སྒྲུབ་རེ་དོགས་རྩོལ་བ་ཡིན། །གོལ་ས་སྒྲིབ་པ་རྣམ་པར་དག །ང་ཡི་གོང་ན་གཞན་མེད་པས། །སྒྲིབ་མེད་གསལ་བའི་ཡེ་ཤེས་ཡིན། །ཐེག་བརྒྱད་འོག་ན་སྣང་བ་ཡང་། །ང་ཡི་ཐུགས་རྗེའི་མཛད་སྤྱོད་ཡིན། །འབྱེད་མེད་ཤེས་རབ་ངང་ལ་གནས། །མ་འདྲེས་རྫོགས་པའི་ཡེ་ཤེས་པས། །ལྟུང་བའི་གོལ་ས་རྣམ་པར་དག །འབྱེད་མེད་ཤེས་རབ་རང་གསལ་ལས། །གོལ་སྒྲིབ་གཉིས་སུ་འབྱེད་མེད་གསལ། །ཞེས་སོ། །དེ་ཡང་འོག་མ་ཡིད་དཔྱོད་འདྲ་མིན་རྩོལ་སྒྲུབ་དང་བཅས་པས། དེ་འདྲ་ལ་མིན་པའི་གོལ་ས་དང་། དོན་མ་མཐོང་བའི་སྒྲིབ་པ་ཡོད་དོ། །ཨ་ཏི་རང་བྱུང་གི་ཡེ་ཤེས་ཉག་གཅིག་དངོས་སུ་མཐོང་བས་རྩོལ་སྒྲུབ་མེད་པའི་ཕྱིར། གོལ་སྒྲིབ་མེད་པ་ཡིན་ནོ། །

མཚོན་ཚིག་ནི། ཡང་དེ་ཉིད་ལས། ཀྱཻ་སེམས་དཔའ་ཆེན་པོ་གཟུང་འཛིན་གཉིས་སུ་སྨྲ་ན་ཉན་ཐོས་ལྟ་བར་བཤད། །འཛིན་པ་ཡོད་ལ་གཟུང་བ་མེད་ན་རང་རྒྱལ་ལྟ་བར་བཤད། །སེམས་དང་རྣམ་པར་སྨྲ་བ་དང་། །དོན་དམ་པ་ཀུན་རྫོབ་སྨྲ་ན་བྱང་ཆུབ་སེམས་དཔའི་ལྟ་བར་བཤད། །དོན་དམ་ཐམས་ཅད་མཐུན་པ་ལ། །རིགས་གསུམ་འདོད་པའི་ཚོགས་རྣམས་ནི། །ཕྱི་པ་ཀྲི་ཡཱའི་ལྟ་བར་བཤད། །ཆ་གཉིས་འདོད་པ་ཨུ་པའི་ལྟ་བར་བཤད། །སུམ་ཅུ་རྩ་བདུན་མཚོན་པའི་ཚིག་བྱུང་ན། །དེ་ནི་ཡོ་གའི་ལྟ་བར་བཤད། །བཞི་བཅུ་རྩ་གཉིས་མཚོན་པའི་ཚིག་བྱུང་ན། །མཧཱ་ཡོ་གའི་ལྟ་བར་བཤད། །མ་སྐྱེས་པ་ཡི་ཚིག་ཚོགས་དང་། །དབྱིངས་དང་ཡེ་ཤེས་ཚིག་བྱུང་ན། །ཨ་ནུ་ཡོ་གའི་ལྟ་བར་བཤད། །བྱ་རྩོལ་འདས་པའི་ཚིག་ཚོགས་དང་། །རང་བྱུང་ཡེ་ཤེས་ཚིག་རྣམས་དང་། །ལྷུན་གྲུབ་(༢༠༧)ཡེ་ཤེས་སངས་རྒྱས་སོགས། །འདི་རྣམས་རྫོགས་ཆེན་ལྟ་བར་བཤད། །ཅེས་སོ། །

གཉིས་པ་རང་གི་སྒྲོ་འདོགས་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། རྒྱུད་ལུང་མན་ངག་གི་དོན་བཤད་པའོ། །དེ་ལ་དང་པོ་ལ་དྲུག་སྟེ། ངོ་བོ། ངེས་ཚིག །དབྱེ་བ། མཐུན་དཔེ། ལྡང་ཚད། བཤད་ཚུལ་ལོ། །

དང་པོ་ནི། རང་བྱུང་གི་ཡེ་ཤེས་དང་། མཚོན་ཚིག་གཞི་ལམ་འབྲས་བུ་བཀོད་ཅིང་། སྦྲེངས་པའི་གནད་ཐམས་ཅད་དོ། །ངེས་ཚིག་ནི། འབྲེལ་ཚད་རྫོགས་དཀྲུགས་ཕུན་སུམ་ཚོགས་པའི་ཕྱིར་རྒྱུད་དོ། །དཔེ་ནི་དྲ་བ་ནོར་བུ་ལྗོན་ཤིང་ཐགས་ཀྱི་རྒྱུ་སྤུན་ལྟ་བུའོ། །ཚུལ་དེ་དག་ཀྱང་ཀུན་གསལ་ལས། རྒྱུད་ཀྱི་ངོ་བོ་ངེས་ཚིག་དང་། །དབྱེ་བ་མཐུན་པའི་དཔེ་རུ་བཤད། །རྒྱུད་ཀྱི་ངོ་བོ་བསྟན་པ་ནི། །ཚིག་གི་རྒྱུད་ཀྱི་ངོ་བོ་དང་། །དོན་གྱི་རྒྱུད་ཀྱི་ངོ་བོའོ། །དོན་གྱི་རྒྱུད་ཀྱི་ངོ་བོ་ནི། །རང་རིག་ཡེ་ཤེས་ཆེན་པོ་ཡིན། །ཚིག་གི་རྒྱུད་ཀྱི་ངོ་བོ་ནི། །བསྣན་དབྲི་མ་བྱས་དགོས་པ་ཚང་། །གླེགས་བམ་ཚིག་གི་ཚོགས་སུ་བསྟན། །རྒྱུད་ཀྱི་ངེས་ཚིག་རྣམ་པ་ལྔ། །འབྲེལ་དང་མ་ཚང་མེད་པ་དང་། །ཡོངས་སུ་རྫོགས་དང་དཀྲུགས་པ་དང་། །ཕུན་སུམ་ཚོགས་པའི་ཕྱིར་རྒྱུད་དོ། །དབྱེ་བ་ཚིག་དང་དོན་རྒྱུད་གཉིས། །གོང་བསྟན་བཞིན་དུ་ང་ཡིས་བཤད། །འབྲེལ་པའི་དཔེ་ནི་དྲ་བ་བཞིན། །དགོས་པ་ཚང་བས་ནོར་བུ་བཞིན། །ཡོངས་སུ་རྫོགས་པས་ལྗོན་ཤིང་བཞིན། །དཀྲུགས་པ་ཐགས་ཀྱི་སྤུན་བཞིན་ནོ། །ངས་བསྟན་རྒྱུད་རྣམས་དེ་ལྟར་བཤད། །ཅེས་སོ། །དཀྲུགས་པ་ནི། མིང་དང་ཡི་གེ་ཡང་ཡང་སྦྲེངས་པ་ཐ་དད་པའི་སྡེ་བ་ལས་ཚིག་དོན་བརྒྱུད་མར་བྱུང་བས་ཏེ། དཔེར་ན་ཨ་ལ་མ་སྤེལ་ཞིང་དཀྲུགས་པས་དྲིན་ཅན་དུ་མཚན། ཨ་ཉིད་རུ་དང་སྤེལ་བ་སྨན་དུ་མཚོན་པ་ལ་སོགས་པ་བཞིན་ནོ། །ཁ་ཅིག་རྒྱུད་དཀྲུགས་པ་ལ་གོ་དོགས་ནས་གོང་འོག་འཁྲུགས་པ་ལ་ངོས་འཛིན་པ་ནི་ཕྱུག་པ་དག་བསྒྱིངས་པ་ཅན་ནོ། །ལྡང་ཚད་ནི། ཕུལ་དྲུག་གི་བྲེ་གང་དུ་ལོངས་པའི་ལྡང་ཚད་ལྟར། རྒྱུད་ཆེན་པོ་གཅིག་ལ་བྱང་ཆུབ་བསྒྲུབ་པའི་གནས་ཐམས་ཅད་དང་པོ་ནས་ཐ་མའི་བར་ཚང་བར་སྟོན་པ་ཡིན་ལ། དུམ་བུ་སྟོན་ན་བཀོལ་བ་དུམ་བུའི་རྒྱུད་ཅེས་བྱ་བའི། རྒྱུད་ཆེན་པོར་མི་བཞག་གོ། །དེ་ལ་དོན་གྱི་རྒྱུད་ལ་ཆོས་ཐམས་ཅད་ཚང་བས་རྒྱུད་ཆེན་པོའོ། །

ཚིག་གི་(༢༠༨)རྒྱུད་ལས་སྤྱིར་གསང་སྔགས་ཕྱི་ནང་གི་བསྐྱེད་རྫོགས་ཀྱི་གནས་དབང་གདམས་པ་གྲོགས་གསུམ་ཆ་ཤས་ཚང་བར་སྟོན་ན་རྩ་རྒྱུད། དེའི་འཕྲོས་ཀྱི་ཡན་ལག་རེ་རེ་སྟོན་པའམ་ཁ་ཡར་སྟོན་ན། ཡན་ལག་གི་རྒྱུད་དམ། འཕྲོས་པ་ཆ་མཐུན་གྱི་རྒྱུད་དམ། བཀོལ་བ་དུམ་བུའི་རྒྱུད་ཅེས་བྱའོ། ཁྱད་པར་དུ་རྫོགས་རིམ་ལ། རྩ་རླུང་ཐིག་ལེ་ཉམས་སུ་མྱང་བྱ་གཞི་ལམ་འབྲས་བུ་དང་བཅས་པ་སྟོན་ན་རྫོགས་པ་ཆུང་ངུའོ། །རང་བྱུང་གི་ཡེ་ཤེས་ལྷུན་གྲུབ་ཆེན་པོའི་གཞི་ལམ་འབྲས་བུ་དང་བཅས་པ་སྟོན་ན་རྫོགས་པ་ཆེན་པོའི་རྒྱུད་དོ། །འདི་ལའང་རྩ་བའི་རྒྱུད་ཐམས་ཅད་ཚང་བ་དང་། ཡན་ལག་གི་རྒྱུད་ཆ་རེ་སྟོན་པ་གཉིས་གཉིས་སུ་ཡོད་དོ། །

སྤྱིར་བཤད་པའི་རྒྱུད་དང་། མན་ངག་གི་རྒྱུད་གཉིས་སུ་ཡོད་དེ། ཚིག་བརླིང་ཞིང་རྟོགས་པར་དཀའ་ལ་མཐའ་དྲུག་ཚུལ་བཞིའི་རྒྱས་བཏབ་ནས་གོ་དཀའ་བར་བཤད་རྒྱུད་ཅེས་བྱ་སྟེ། །གསང་སྔགས་ཐུན་མོང་གི་རྒྱུད་ཕལ་ཆེ་བ་བཞིན་ནོ། །ཚུལ་བཞི་ནི། དྲང་དོན། ངེས་དོན། དགོངས་པ། ལྡེམ་དགོངས། མཐའ་དྲུག་ནི། དེའི་སྟེང་དུ། སྒྲ་ཇི་བཞིན་པ་དང་། ཇི་བཞིན་པ་མ་ཡིན་པ་གཉིས་སོ། །དྲང་དོན་ནི་ཁ་དྲང་བའི་ཕྱིར་བློ་དང་མཐུན་པར་སྟོན་པ་སྟེ། ཚོང་ལ་དྲང་བའི་ཕྱིར་ཁབ་ཀྱིས་རྟ་འཁུག་ཅེས་པ་ལྟར། དེ་བཞིན་གཤེགས་པ་དྲི་མེད་གཟི་བརྗིད་ཀྱི། མཚན་གཅིག་ཐོས་པས་མཚམས་མེད་པ་ལྔའི་སྒྲིབ་པ་ཟད་པར་འགྱུར་རོ། །ཞེས་པ་ལྟ་བུའོ། །ངེས་དོན་ནི་ཡེ་ནས་འོད་གསལ་བའི་དོན་བསྟན་པ་སྟེ། ཡུམ་ལས། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ལགས་སོ། །ཞེས་པ་ལྟ་བུའོ། །དགོངས་པ་ནི་དགོངས་གཞི་གཙོ་བོར་སྟོན་པ་དེ། མཚོན་རྣོན་པོ་ལ་འདིས་རེག་པ་ཙམ་གྱིས་ཆོག་ཅེས་མྱུར་དུ་ཆོད་པ་ལ་དགོངས་ཏེ། ཕུང་པོ་ལྔ་ལ་རིགས་ལྔར་བརྗོད་པ་ལ་སོགས་པ་དག་བྱ་དང་གདངས་སུ་ཤར་བ་ལྟ་བུའོ། །ལྡེམ་དགོངས་ནི་དགོས་ཆེད་གཙོར་སྟོན་པ་སྟེ། གཞན་བཞག་པའི་ཕྱིར་འབད་དགོས་ཀྱང་ལེ་ལོ་ཅན་དུས་དེར་འཇུག་པའི་ཆེད་དུ་འབད་མི་དགོས། དེ་བཞིན་གཤེགས་པའི་མཚན་ལན་གཅིག་གིས་སངས་རྒྱས་ཞེས་པའམ། བརྙས་པ་སྤང་བའི་ཕྱིར་ང་དེའི་ཚེ། དེ་བཞིན་གཤེགས་པ་རྣམ་པར་གཟིགས་སུ་གྱུར་ཏོ། །ཞེས་མ་ཡིན་ཡང་དུས་(༢༠༩)སུ་འདོམས་པས་དགོས་ཆེད་དུ་གསུངས་པ་རྣམས་སོ། །སྒྲ་ཇི་བཞིན་པ་སྡིག་པ་སྤང་པ་དང་། ལྷའི་སྐུ་མདོག་བསྟན་པ་ལྟ་བུའོ། །སྒྲ་ཇི་བཞིན་པ་མ་ཡིན་པ་སྒྲ་སྦས་པ་སྟེ། ཕ་དང་མ་ནི་གསད་པར་བྱ། །ཞེས་པའམ། ཉི་ཟླ་ཟ་བའི་དབང་བྱིན་ནས། །ཞེས་པ་ལྟ་བུའོ། །དེ་ལ་འདིར་རྫོགས་པ་ཆེན་པོའི་རྒྱུད་རྣམས་ནི། གོ་སླ་བ། དོན་མི་འཛོལ་བ། ངེས་པའི་དོན་འབའ་ཞིག་ཏུ་བསྟན་པས། མན་ངག་རྫོགས་པ་ཆེན་པོ་ཞེས་བྱ་སྟེ། མཐའ་དྲུག་ཚུལ་བཞིར་སྟོན་པའི་ཚུལ་ལས་འཕགས་པར་བསྟན་པའོ། །

དེ་ལྟར་བསྟན་པའི་རྒྱུད་ལས། བསྐྱེད་རྫོགས་ཐུན་མོང་དུ་བསྟན་པ་ལ་དེའི་དབང་དཀྱིལ་འཁོར་ལ་སོགས་པ་དང་། རྫོགས་པ་ཆེན་པོ་དེའི་དཀྱིལ་འཁོར་བརྡ་དབང་མཚོན་པའི་ཕྱག་རྒྱ་ལ་སོགས་པ་བཅུར་བཤད་དེ། བཤད་རྒྱུད་ལས། རྒྱུད་ཀྱི་ལྡང་ཚད་རྣམ་པ་བཅུ། །དབང་དང་དམ་ཚིག་གཉིས་སུ་བསྟན། །དཀྱིལ་འཁོར་ཕྲིན་ལས་གཉིས་སུ་བཤད། །མཆོད་པ་རྣལ་འབྱོར་གཉིས་སུ་བཤད། །སྔགས་དང་ཕྱག་རྒྱ་གཉིས་སུ་བསྟན། །བསྐྱེད་དང་རྫོགས་པ་གཉིས་སུ་བརྗོད། །ཅེས་སོ། །

བཤད་ཚུལ་ལ། ངོ་བོ། ངེས་ཚིག །དཔེ། དབྱེ་བ། དགོངས་པ། གསུངས་པ་དངོས་དང་དྲུག་ལས། ཕུན་སུམ་ཚོགས་པའི་ངོ་བོ་ནི། གང་དགོས་རང་ལ་ཚང་བའོ། །ངེས་ཚིག་ནི་རང་སྣང་ལ་ཚང་ཞིང་། གཞན་ལ་རག་མ་ལུས་པའོ། །དཔེ་ནི་རྒྱལ་བློན་དམངས་གསུམ་གནས་གཅིག་ཏུ་འཚོགས་པས། བཀའ་བགྲོས་བྱུང་བ་ལྟ་བུ་སྟེ་དེ་ཉིད་ལས། ཕུན་སུམ་ཚོགས་པའི་ངོ་བོ་དང་། །ཕུན་སུམ་ཚོགས་པའི་ངེས་ཚིག་དང་། །ཕུན་སུམ་ཚོགས་པའི་དབྱེ་བ་དང་། །ཕུན་སུམ་ཚོགས་པའི་དཔེ་རྣམས་བསྟན། །དང་པོ་ངོ་བོ་བསྟན་པ་ནི། །དགོས་པའི་ཡོན་ཏན་དུས་མཚུངས་ལྡན། །ཅི་ཕྱིར་ཕུན་སུམ་ཚོགས་ཞེ་ན། །མ་ཚང་མེད་པས་ཕུན་སུམ་ཚོགས། །ངེས་ཚིག་གཏན་ཚིགས་བཅས་པ་ཡིན། །དབྱེ་བ་གོང་དུ་བསྟན་པ་ཡིན། །དཔེར་ན་རྒྱལ་བློན་དམངས་དང་གསུམ། །གང་ཚོགས་བཀའ་བགྲོས་འབྱུང་བ་བཞིན། །དཔེ་མཚོན་ཕྱོགས་གཅིག་དཔེར་བསྟན་པའོ། །ཞེས་སོ། །

དབྱེ་ན་གསུམ་སྟེ་ཡང་དེ་ལས། དེ་ལ་དབྱེ་བ་རྣམ་གསུམ་སྟེ། །ཆོས་སྐུའི་ཕུན་སུམ་ཚོགས་པ་དང་། །ལོངས་སྐུའི་ཕུན་སུམ་ཚོགས་པ་དང་། །སྤྲུལ་སྐུའི་ཕུན་སུམ་ཚོགས་(༢༡༠)པའོ། །ཆོས་སྐུའི་ཕུན་སུམ་ཚོགས་ལྔ་ནི། །སྟོན་པ་འགྱུར་མེད་ཆོས་ཀྱི་སྐུ། །བསྟན་པ་མི་ནུབ་རྒྱལ་མཚན་ནི། །གསང་བ་རིག་པའི་རྒྱུད་ཆེན་ལྔ། །འདུས་པའི་འཁོར་ཚོགས་ཉིད་ལས་མི་གཞན་པ། །རིགས་ལྔའི་བདེ་གཤེགས་འོད་དུ་འབར་བ་ལྔ། །བཞུགས་གནས་སྐྱེ་མེད་སྤྲོས་བྲལ་ཆོས་ཀྱི་དབྱིངས། །འདས་པའི་དུས་དེ་མ་བྱོན་སྔོན་རོལ་ནི། །རྟོགས་མེད་བསྟན་པའི་བྱིན་གྱིས་རླབས་ཀྱིས་བཤད། །ལོངས་སྐུའི་ཕུན་སུམ་ཚོགས་ལྔ་ནི། །སྟོན་པ་རིགས་ལྔའི་བདེ་གཤེགས་ལྔ། །བསྟན་པ་གསང་བའི་རྒྱུད་ཆེན་ལྔ། །འཁོར་ནི་སེམས་དཔའ་སེམས་མའི་ཚོགས། །གནས་ནི་ཡེ་ཤེས་འོད་ལྔའི་ཀློང་། །དུས་ནི་རྣམ་རིག་ཡུལ་ལས་ཤར། །ཚིག་དང་ཡི་གེ་མི་འཆད་པར། །ཆོས་སྐུའི་ཆ་བྱད་སྒོ་ནས་འཆད། །བདེ་གཤེགས་རྣམ་པར་སྣང་མཛད་ཀྱིས། །རིགས་བཞིའི་སངས་རྒྱས་འདུས་པ་ལ། །སྐུ་ཡི་རྒྱུད་ཆེན་ངོ་བོས་བཤད། །བཅོམ་ལྡན་རྡོ་རྗེ་མི་བསྐྱོད་པས། །རྡོ་རྗེ་རིགས་ཀྱི་འཁོར་རྣམས་ལ། །ཐུགས་ཀྱི་རྒྱུད་ཆེན་ངོ་བོས་བཤད། །བཅོམ་ལྡན་རིན་ཆེན་འབྱུང་ལྡན་གྱིས། །རིན་ཆེན་སེམས་དཔའ་སེམས་མ་ལ། །ཡོན་ཏན་རྒྱུད་ཆེན་ངོ་བོས་བཤད། །བཅོམ་ལྡན་སྣང་བ་མཐའ་ཡས་ཀྱིས། །པདྨ་རིགས་ཀྱི་སེམས་དཔའ་ལ། །གསུང་གི་རྒྱུད་ཆེན་ངོ་བོས་བཤད། །བཅོམ་ལྡན་དོན་ཡོད་གྲུབ་པ་ཡིས། །ལས་ཀྱི་རིགས་ཀྱི་འཁོར་རྣམས་ལ། །ཕྲིན་ལས་རྒྱུད་ཆེན་ངོ་བོས་བཤད། །དགོངས་པ་ཡེ་ཤེས་རྣམ་ལྔར་གསལ། །བཤད་པ་མ་ཡིན་ཉན་པ་མེད། །གཙོ་བོའི་ཞལ་གཟིགས་ཐུགས་ཀྱི་དགོངས་པ་གསལ། །རང་གི་ངོ་བོས་ཏིང་འཛིན་དགོངས་པ་བཤད། །སྤྲུལ་པ་སྐུ་ཡི་ཕུན་སུམ་ཚོགས་ལྔ་ནི། །སྤྲུལ་སྐུའི་སྟོན་པ་རྡོ་རྗེ་སེམས་དཔའ་ངས། །བསྟན་པའི་སྙིང་པོ་གསང་བའི་རྒྱུད་ལྔ་དང་། །དེ་སོགས་ཕྱི་ནང་གསང་བས་བསྡུས་པ་རྣམས། །ཐུགས་ཀྱི་ཀློང་དུ་ཤེས་རབ་ཆེན་པོས་བཀྲོལ། །མགུལ་གྱི་བུམ་པར་ཡེ་ཤེས་རླུང་གིས་དྲིལ། །ཞལ་གྱི་ལྗགས་ལ་མ་འདྲེས་གསལ་བར་བཀྲམ། །ཚེམས་ཀྱི་བར་ནས་ཚིག་དོན་སོ་སོར་བཤད། །ཡན་ལག་དྲུག་ཅུ་སྡེབ་སྦྱོར་ལེགས་པར་བཤད། །ཁྱུང་ཆེན་ལྡིང་ཐབས་དོན་གྱི་སྤྱི་ཁོག་ཕུབ། །སྟག་མོའི་མཆོངས་སྟངས་དཀྱུས་ཀྱི་ས་རྣམས་གཅོད། །རུ་སྦལ་འགྲོས་ཀྱིས་ཚིག་གི་འབྲུ་རྣམས་བཅོམ། །སེང་གེའི་གདངས་(༢༡༡)སྐད་ཐེག་བརྒྱད་ཟིལ་གྱིས་མནན། །གླག་མོས་གཟན་ཚོལ་དོན་གྱི་མན་ངག་དྲིལ། །འདུས་པའི་འཁོར་ཚོགས་སངས་རྒྱས་རབས་བདུན་ལས། །ལྷ་གནས་གསུམ་དུ་བདུད་རྩིའི་ཆར་ཆེན་དབབ། །པདྨ་བརྩེགས་པའི་གཞལ་ཡས་ཁང་ཆེན་དུའོ། །ཞེས་སོ། །

སངས་རྒྱས་རབས་བདུན་ནི། རང་གིས་སྤྲུལ་ཏེ་འཁོར་དུ་སྣང་བ་ཡིན་གྱིས་ཐུན་མོང་བ་ལྟར་མ་ཡིན་ཏེ་དུས་འགལ་བ་དང་སྤྲུལ་སྐུ་གཅིག་གིས་གདུལ་བྱར་གཅིག་མི་རུང་བའི་ཕྱིར་རོ། །སངས་རྒྱས་སུ་སྣང་བ་ནི་བསྐལ་པ་དེ་དག་གི་མཚན་གྱིས་འདུལ་བ་ལ་དགོངས་ནས། དོན་གྱི་དགོངས་པ་གཅིག་ཏུ་བསྟན་པའི་ཕྱིར་དེ་ལྟར་སྤྲུལ་པ་ཡིན་ནོ། །དགོས་པ་དེ་ཡང་དེ་ལས། ཕུན་སུམ་ཚོགས་པ་རྣམ་པ་ལྔ། །སྨོས་པའི་དགོས་པ་ཇི་ལྟར་ལགས། །མ་བསྟན་བར་དུ་ཇི་ལྟར་འགྱུར། །དེ་ནས་སྟོན་པས་བཀའ་སྩལ་པ། །སྟོན་པ་ཕུན་སུམ་ཚོགས་པའི་དགོས་པ་ནི། །གང་ཟག་རིགས་ཆོས་མིན་པར་སངས་རྒྱས་ཉིད་ཀྱིས་གསུངས། །མི་བསླུ་བདེན་པའི་གཏན་ཚིགས་དག་ཏུ་འགྱུར། །བསྟན་པ་ཕུན་སུམ་ཚོགས་པའི་དགོས་པ་ནི། །བབ་ཆོལ་མ་ཡིན་དོན་དང་ལྡན་པར་ཡིད་ཀྱང་ཆེས། །འདུས་པའི་འཁོར་ཚོགས་སྨོས་པའི་དགོས་པ་ནི། །ཀུན་གྱི་ཐུན་མོང་སྟོན་པས་གསུངས་པར་ཡིད་ཀྱང་ཆེས། །གནས་ཀྱི་བྱེ་བྲག་གསུང་བའི་དགོས་པ་ནི། །གཞན་དུ་བསྟན་པའི་སྙིང་པོ་མ་གསུང་བར། །ངེས་པའི་གནས་འདིར་གསུངས་པས་ཡིད་ཀྱང་ཆེས། །དུས་ཀྱི་ཕུན་སུམ་ཚོགས་པའི་དགོས་པ་ནི། །སྔ་ཕྱིར་མ་བསྐལ་དུས་ཚོད་ཟིན་པར་ཡིད་ཆེས་ཀྱང་། །ཞེས་སོ། །

གང་གསུང་བ་དངོས་ནི། སྙིང་པོའི་རྒྱུད་ལྔ། མན་ངག་གི་རྒྱུད་བཞི། ཡང་བྱེད་ཀྱི་རྒྱུད་བཞི། ཡན་ལག་གི་རྒྱུད་གསུམ་སྟེ། གནས་བཅུ་དྲུག་རྣམ་གྲངས་ཉི་ཤུ་རྩ་གཉིས་དང་བཅས་པ་ནི། ཡང་དེ་ཉིད་ལས། པདྨ་འཁྱིལ་པ་སྐུ་ཡི་རྒྱུད་ཆེན་ནི། །ཕྱི་ནང་གསང་བའི་དོན་ཁྲིད་མ་ནོར་བར། །དང་པོའི་གནས་ལུགས་བར་དུ་འཁྲུལ་ལུགས་དང་། །འཁྲུལ་པ་བཟློག་པའི་ཐབས་ཀྱི་རིམ་པ་རྣམས། །བརྒྱུད་པ་གསུམ་གྱི་སྤྱི་ཡི་ཁོག་ཕུབ་ལ། །རིན་ཆེན་རྩར་ལ་བརྒྱུས་པ་བཞིན་དུ་བཤད། །རྡོ་རྗེ་རྩེ་མོ་འདུས་པ་གསུང་གི་རྒྱུད། །རྒྱུད་ཀུན་སྤྱི་ཁོག་དོན་བཤད་མ་ནོར་བར། །གྱི་ལིང་སྒྲོག་བཀྲོལ་སྒོ་ལྕགས་ཕྱེ་བ་བཞིན། །རྒྱུད་རྣམས་ཀུན་གྱི་དགོངས་པ་བཀྲོལ་ལ་བཤད། །རིན་(༢༡༢)ཆེན་སྤུངས་པ་ཐུགས་ཀྱི་རྒྱུད་ཆེན་ནི། །ལྟ་བའི་སྤྱི་ཁོག་དོན་གྱི་ཁོག་བསྡེབས་ལ། །བྱ་རྩོལ་མེད་པ་ཁྱུང་ཆེན་ལྡིང་ལྟར་བཤད། །ཡོན་ཏན་རྒྱུད་ཆེན་བྱམས་པ་བརྩེགས་པ་ནི། །ཡོན་ཏན་འབྱུང་ཚུལ་སྤྱི་ཁོག་ཀུན་བསྡེབས་ལ། །མ་འདྲེས་རྫོགས་པ་མཆོད་རྟེན་ལྟ་བུར་བཤད། །འཕྲིན་ལས་རྒྱུད་ཆེན་མཁའ་གསལ་ཉི་མ་ཡང་། །བྱར་མེད་ཕྲིན་ལས་སྤྱི་ཁོག་ཀུན་བསྡེབས་ལ། །གོལ་སྒྲིབ་སྐྱོན་མེད་ཡོངས་སུ་རྒྱས་པར་བཤད། །ཡེ་ཤེས་བླ་མ་མན་ངག་རྒྱུད་ཆེན་ནི། །ལྟ་བའི་ངོ་བོ་རང་ལ་སྦྱར་བྱས་ལ། །མཚན་མའི་དངོས་པོ་ཟིལ་གྱིས་མནན་ཏེ་བཤད། །ལྟ་བའི་གནད་གཅོད་འཁོར་བ་དོང་སྤྲུག་ནི། །སྒྲ་བདུན་བརྡ་བདུན་དོན་གྱི་ཁོག་བསྡེབས་ལ། །དོན་གནད་གཅར་ཞིང་རང་ས་ཟིན་པར་བཤད། །རྨ་བྱ་མཇིང་བསྣོལ་སྒོམ་པའི་མན་ངག་ནི། །དགོངས་པ་སྒོམ་པའི་སྤྱི་ཁོག་མཐའ་བཀྲོལ་ལ། །སྒོམ་དུ་ཡོད་མེད་བློ་དང་འཚམས་པ་ནི། །དོན་གྱི་བསྡེབས་དང་ཁྲིགས་སུ་མཐུན་པར་བཤད། །གཟུགས་སྐུའི་མན་ངག་རྒྱུད་ཆེན་འོད་ཟེར་ཅན། །ཡེ་ཤེས་སྐུ་ཡི་སྤྱི་ཁོག་མཐའ་བཀྲོལ་ལ། །གནས་ལུགས་སྣང་ལུགས་མ་ནོར་དོན་གྱིས་བཤད། །བུ་བཞི་མ་བཞི་དོན་གྱི་གནད་བཅད་དེ། །རང་རང་མ་ཡི་དོན་སྙིང་ཕྱུང་ལ་བཤད། །ཡེ་ཤེས་གསང་སྐོར་རྒྱུད་ཀྱི་ལྡེ་མིག་ནི། །ཐམས་ཅད་བཀྲོལ་ཏེ་གཅིག་ཏུ་བསྡུས་ལ་བཤད། །དགོངས་པ་ཀུན་འདུས་མན་ངག་རྒྱུད་ཆེན་ནི། །ཕྱི་ནང་གསང་བའི་མན་ངག་ཀུན་བཀྲོལ་ན། །བརྡ་སྒྲ་ངེས་པ་གསུམ་དུ་དྲིལ་ལ་བཤད། །ཀུན་གྱི་དོན་འགྱུར་སེམས་ཕྱོགས་ཆེན་པོའི་རྒྱུད། །བཤད་ལུགས་རྣམ་བཞིས་དོན་གྱི་ཁོག་ཕུབ་ལ། །སྒྲ་དང་དོན་གྱི་དགོངས་པ་མཐའ་བཀྲོལ་ཏེ། །ད་ལྟར་འབྲས་བུ་མངོན་པར་སངས་རྒྱས་བཤད། །རྒྱུད་ཀྱི་རྒྱལ་པོ་འཇམ་དཔལ་རྣམ་བཞི་པོ། །ཕྱི་ནང་གསང་བའི་རྒྱུད་ཀྱི་དོན་བཀྲོལ་ལ། །མ་འདྲེས་གསལ་བའི་དོན་དུ་སྦྱར་ཏེ་བཤད། །མན་ངག་དོན་གྱི་ཏི་ཀ་རྣམ་པ་བཞི། །དོན་གྱི་མཚན་ཉིད་རྣམ་བཞིས་ཁོག་ཕུབ་ལ། །ངོ་སྤྲོད་རྒྱས་དང་བསྡུས་པའི་དོན་སྦྱར་ཏེ། །སྐད་ཅིག་གསུམ་དང་གཅིག་གིས་གྲོལ་བར་བཤད། །རིན་ཆེན་ཕྲེང་བ་ལུང་གི་རྒྱལ་པོ་ནི། །ལོ་རྒྱུས་དགོངས་པ་སྤྱི་དང་སྦྱར་ལ་བཤད། །མན་ངག་མ་ལུས་དོན་གནད་བཅད་དེ་བཤད། །ཅེས་སོ།། །།

༈ གཉིས་པ་ལུང་ལ། ངོ་བོ། ངེས་ཚིག །དབྱེ་བ། (༢༡༣)དཔེ། བཤད་ཐབས་དང་ལྔ་ལས། ལུང་གི་ངོ་བོ་ནི། རིག་པ་དང་དེ་སྟོན་པའི་ཚུལ་སྟོན་པས་གསུངས་པ་ལ་བསྣན་འཕྲི་མེད་ཅིང་ཡིད་ཆེས་པའི་གནས་ལུགས་སུ་གྱུར་པའོ། །ངེས་ཚིག་ནི། ཚིག་གིས་དོན་མཚོན་པས་ཡིད་ཆེས་པའོ། །དབྱེ་བ་དོན་གྱི་ལུང་རིག་པ་དང་། ཚིག་གི་ལུང་སྟོན་པས་གསུངས་པ་ལ་བསྣན་འཕྲི་མེད་པ་གཉིས་སོ། །དཔེ་ནི་རྒྱལ་པོའི་ལུང་ལྟར་བཀའ་བཙན་པ། སྣོད་ཀྱི་ལུང་ལྟར་གནད་ཡོད་ཅིང་ཁྱེར་བདེ་བ་སྟེ། དེ་ཉིད་ལས། རིགས་ཀྱི་བུ་ལུང་གི་ངོ་བོ་ནི། དབྱེ་བའི་སྒོ་ནས་བསྟན་ཏེ། དོན་གྱི་ལུང་གི་ངོ་བོ་ནི་མི་འགྱུར་བ་སེམས་ཀྱི་ལུང་ཞེས་བྱ་སྟེ་རིག་པ་ཉིད་དོ། །ཚིག་གི་ལུང་གི་ངོ་བོ་ནི་སྟོན་པས་གསུངས་པ་ལ་བསྣན་འཕྲི་མ་བྱས་པའི་ཚིག་གོ། །ཚིག་གི་ལུང་ལ་གཉིས་ཏེ། སྙན་ཁུང་བརྒྱུད་པ། མངོན་དུ་ཕྱུང་བའོ། །དེ་ལ་གཉིས་ཏེ། དྲང་དོན་དང་། ངེས་དོན། ལུང་གི་ངེས་ཚིག་ནི། ཚིག་གིས་དོན་མཚོན་པའི་ཕྱིར་ལུང་ཞེས་བྱ། ཡིད་ཆེས་པར་བྱ་བའི་ཕྱིར་ལུང་ཞེས་སོ། །ཟིན་པས་ལུང་ཞེས་བྱ། བདེ་བླག་ཏུ་རྟོགས་པས་ལུང་ཞེས་བྱ། ཁྱེར་བདེ་བས་ལུང་ཞེས་བྱ། ཀུན་དང་འབྲེལ་བཏུབ་པས་ལུང་ཞེས་བྱའོ། །དཔེ་ནི་རྒྱལ་པོའི་བཀའ་སྩལ་པ་ལྟ་བུ་དང་། སྣོད་སྤྱད་ཀྱི་ལུང་ནས་ཟིན་པ་ལྟ་བུ་དང་། སྣོད་ལུང་མེད་ཁྱེར་མི་བདེ་བ་ལྟ་བུ་དང་། ལུང་ཅན་ཁྱེར་བདེ་བ་ལྟ་བུ་དང་། འདམ་གྱི་ཕུར་བ་ལྟ་བུའོ། །ཞེས་སོ། །བཤད་ཐབས་ལས། ཡིད་ཆེས་པ། འགྱུར་བ་མེད་པ། ཚིག་སྦྱོར་ལེགས་པ། བསླད་མེད་པ། བཀའ་འདུས་པའི་ཆེ་བ་དང་ལྔས་བཤད་དེ། དེ་ཉིད་ལས། ལུང་རྣམས་ཆེ་བ་ལྔས་བཤད་དེ། །སྟོན་པའི་ཞལ་ནས་གསུངས་པ་ལ། །ལུང་གཞན་ལ་ནི་མ་བརྟེན་པས། །ལུང་ཡིད་ཆེས་པས་ཆེ་བ་དང་། །སྟོན་པའི་སྐུ་ནི་རྣམ་དག་ལ། །དང་པོ་རྒྱུ་ནི་མེད་པ་ལ། །བར་དུ་རྐྱེན་མེད་མཐའ་མི་འགྱུར། །ཉེས་པ་ཟད་པས་རྫུན་གྱི་ཚིག །སྨྲ་བར་མི་བྱེད་རྒྱུ་མེད་པས། །ཞལ་ནས་གསུངས་པ་བདེན་པ་དེ། །འགྱུར་མེད་ལུང་གིས་ཆེ་བའོ། །ངེས་པའི་འཁོར་མི་ལས་ཁྱད་པར་དུ་གྱུར་པ་དགའ་རབ་རྡོ་རྗེའི་དོན་དུ། སྟོན་པའི་ཞལ་ནས་གསུངས་པ་ལས། ལུང་མ་ནོར་བ་རིན་པོ་ཆེ་གསེར་གྱི་གླེགས་བམ་ལ། བཻ་ཌཱུརྻ་ཞུན་མས་རང་གནས་སུ་བྲིས་པས། ཚིག་གི་བསླད་མ་ཞུགས་ཏེ། ལུང་གི་ཆེ་བའོ། །བསྐྱེད་རྫོགས་གསུམ་འདུ་འབྲལ་མེད་པའི་(༢༡༤)དགོངས་པ་ལ་ལོ་མ་དང་། མེ་ཏོག་དང་། འབྲས་བུའི་ཚུལ་དུ་ཐ་མི་དད་པར་བསྟན་པས། གསང་སྔགས་མཐའ་དག་དང་མཐུན་པར་གྱུར་ཏེ། ལུང་སྤྱི་དང་མི་འགལ་བར་གསང་སྔགས་མཐའ་དག་པའི་བཀའ་འདུས་པས། ལུང་ཡིད་ཆེས་པས་ཆེ་བའོ། །ཞེས་སོ།། །།

༈ གསུམ་པ་མན་ངག་ལ། ངོ་བོ། ངེས་ཚིག །དབྱེ་བ། དཔེ། སྙིང་པོ། བཤད་ཐབས་དང་དྲུག་ལས། མན་ངག་གི་ངོ་བོ་ནི་དགོངས་དོན་ཟབ་མོ་དང་དེ་སྟོན་པའི་ཚིག་ཉུང་འདུས་འབྲེལ་བའི་གནས་སོ། །ངེས་ཚིག་ནི་ཚེགས་ཆུང་ལ་དོན་ཆེ་བའི་ཐབས་དམ་པའོ། །དབྱེ་ན་དོན་གྱི་མན་ངག་བདེ་བར་གཤེགས་པའི་དགོངས་པ་ཟབ་མོ་བླ་མའི་ཐུགས་ལ་གབ་པ་རྣམས་དང་། ཚིག་གི་མན་ངག་དེའི་མཚོན་ཚིག་ཏུ་བཀོད་པའོ། །དང་པོ་ནི་མ་ཡིས་བུ་ལ་གདམས་པ་ལྟ་བུ་སྟེ། བཤད་རྒྱུད་ལས། མན་ངག་དོན་གྱི་ངོ་བོ་དང་། །མིང་གི་ངེས་ཚིག་བསྟན་པའོ། །དབྱེ་བ་དཔེ་དང་བཅས་པ་བསྟན། །དོན་གྱི་མན་ངག་ངོ་བོ་ནི། ཁོང་ནས་གབ་སྦས་དོན་འབྱིན་པས། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །གསལ་ལ་ཞལ་དུ་མ་བརྗོད་པའོ། །ཚིག་གི་མན་ངག་ངོ་བོ་ནི། །ཞལ་ནས་གསུང་བའི་ཚིག་ཚོགས་རྣམས། །མ་ནོར་དོན་དང་ཁྲིད་བསྡེབས་ནས། །བདེ་བླག་རྟོགས་ཕྱིར་དཀར་ཆག་བསྣན། །ཚིག་དོན་གསལ་བར་བྱེད་པ་ཡིན། །ངོ་བོ་དབྱེ་བ་དཔེ་བསྟན་ནོ། །དེ་ཡི་ངེས་ཚིག་བསྟན་པ་ནི། །ཚེགས་ཆུང་དོན་ཆེ་མན་ངག་སྟེ། །ངེས་དོན་རྣམ་དག་གང་ཡིན་པ། །བརྗོད་བྲལ་གསང་བའི་མན་ངག་གོ། །ངེས་ཚིག་གཏན་ཚིགས་བཅས་པ་ཡིན། །མ་ཡིས་བུ་ལ་གདམས་པ་འདྲ། །ཞེས་སོ། །སྙིང་པོ་ནི་རྒྱུད་གསུམ་གྱི་གཞི་ལམ། འབྲས་བུའི་ཚིག་དང་དོན་དང་འབྲེལ་པ་གསུམ་ཉུང་ལ་གོ་སླ་བར། དཔེ་རྟགས་དོན་གསུམ་གྱིས་མཚོན་པ་སྟེ། དེ་ཉིད་ལས། སྐུ་དང་གསུང་དང་ཐུགས་རྒྱུད་གསུམ། །མཛོད་གསུམ་མན་ངག་ཀུན་གྱི་གཞི། །གཞི་ཡི་གནས་ལུགས་མན་ངག་དང་། །དེ་བརྗོད་ཚིག་གི་མན་ངག་དང་། །ཚིག་དང་དོན་སྦྱར་མན་ངག་གསུམ། །བསྡུས་པའི་མན་ངག་ཚིག་གསུམ་པོ། །སྐུ་གསུང་ཐུགས་ཀྱི་མཛོད་ནས་ཕྱུང་། །སྙིང་པོ་གསུམ་དུ་ཤེས་པར་བྱ། །ཞེས་སོ། །

ཕྱུང་ལུགས་ནི། དཔེ་མ་ནོར་བར་སྣང་བ་མཐའ་ཡས་ཀྱི་ཐུགས་ལས་ཤེལ་གྱི་མཆོད་རྟེན་སྤྲོས་པ་སྐུའི་མཛོད་ནས་ཕྱུང་སྟེ་བརྡ་མཚོན། རྟགས་མ་ནོར་བ་བྱང་ཆུབ་སེམས་ཀྱི་(༢༡༥)སྒྲོན་མ་མི་བསྐྱོད་པའི་སྤྱན་ལས་སྤྲོས་པས་ཤན་སྦྱར། དོན་མ་ནོར་བ་ཀུན་ཏུ་བཟང་པོའི་དབྱིངས་ལས་ཕྱུང་སྟེ་གནས་ལུགས་རང་ངོ་སྤྲད། སྐུ་ལས་དཔེ་ཕྱུང་། གསུང་ལས་ཚིག་སྤྲོས། ཐུགས་ལས་དོན་སྦྱར་ཏེ། དཔེ་དོན་རྟགས་གསུམ་དུ་མན་ངག་གི་སྙིང་པོ་ཕྱུང་བའོ། །བཤད་ཐབས་ལ་ལྔ་སྟེ། ཡང་དེ་ཉིད་ལས། མན་ངག་དོན་གྱི་བཤད་ལུགས་ནི། །སྤྱི་དོན་རྣམ་པ་ལྔ་ཡིས་བཤད། །ལོ་རྒྱུས་དོན་དུ་བཤད་པ་དང་། །རྩ་བའི་དོན་དུ་བཤད་པ་དང་། །ཚིག་གི་དོན་དུ་བཤད་པ་དང་། །ཡོ་གའི་དོན་དུ་བཤད་པ་དང་། །དགོས་ཆེད་དོན་དུ་བཤད་པའོ། །ལོ་རྒྱུས་དོན་ལ་རྣམ་གསུམ་སྟེ། །གང་ཟག་འཕྲལ་བྱས་མ་ཡིན་པས། །དུས་གསུམ་སངས་རྒྱས་བརྒྱུད་པ་བཤད། །སངས་རྒྱས་གསུངས་པར་ཡིད་ཆེས་འགྱུར། །ངེས་པ་དོན་གྱི་འཁོར་ཡིན་པས། །རིག་འཛིན་བརྡ་ཡི་བརྒྱུད་པ་བཤད། །ལྡེམ་པོའི་དགོངས་དོན་མ་ཡིན་པར། །ངེས་པའི་དོན་དུ་ཡིད་ཆེས་འགྱུར། །མ་འོངས་གང་ཟག་རྣ་བརྒྱུད་ཤོད། །འབྲེལ་མ་ཆད་པར་ཡིད་ཆེས་འགྱུར། །རྩ་བའི་དོན་དུ་བཤད་པ་ནི། །རང་རིག་ཡེ་ཤེས་ཆེན་པོར་བཤད། །ཚིག་གི་དོན་དུ་བཤད་པ་ནི། །ངོ་བོ་ངེས་པའི་ཚིག་བསྡེབས་ཏེ། །སྐུ་གསུམ་རྒྱལ་བས་བཤད་པའི་ལུགས། །མཚོན་བྱེད་ངེས་པའི་དོན་བཤད་པས། །གོང་བཤད་བཞིན་དུ་ཤེས་པར་བྱ། །ཡོ་གའི་དོན་དུ་བཤད་པ་ནི། །ཐེག་པའི་ཤ་མདངས་ཕྱེ་སྟེ་བཤད། །སྐུ་ཡི་རྒྱུད་དང་གསང་སྐོར་དང་། །ཞིབ་ཏུ་ཀུན་གསལ་འདིར་བསྟན་ཞིང་། །དགོས་ཆེད་དོན་དུ་བཤད་པ་ནི། །འཁྲུལ་པ་གསུམ་ལས་རང་ལོག་སྟེ། །རབ་འབྲིང་ཐ་མའི་རིམ་གྲོལ་ནས། །རིན་ཆེན་ལྟ་བུའི་སྐོར་རྫོགས་བསྟན། །ཞེས་སོ། །དེ་ལྟར་རྒྱུད་ལུང་མན་ངག་གསུམ་ཀྱང་སྟོན་པས་བྱ་ཚུལ་གཅིག་ལ། དགོངས་ཚུལ་དགོས་ཆེད་ཀྱི་ཐ་དད་དུ་བཞག་སྟེ། དབྱིངས་མི་འགྱུར་ཞིང་རྒྱུན་ཆད་མེད་པ་དང་། ཚིག་ཚོགས་མང་ལ་འབྲེལ་ཆགས་པས་རྒྱུད་ཅེས་བཞག །དགོངས་པ་ཀུན་གྱི་ཐུགས་རིག་པ་དང་། དེའི་མཚོན་ཚིག་ཡིད་ཆེས་པའི་གནས་ཐ་སྙད། འབྲིང་དུ་གསུང་བས་ལུང་ཞེས་བཞག །དགོངས་པ་རྟོགས་དཀའ་བའི་གནས་དཔེ་དོན་རྟགས་གསུམ་གྱི་ལག་ཁྲིད་དུ་ཉུང་ལ་གོ་སླ་བར་གསུངས་པས། མན་ངག་ཅེས་བཞག་གོ། །

རྒྱུད་ནི་དབང་དང་བསྐྱེད་རྫོགས་ལ་སྤྲོས་པ་རྒྱ་ཆེར་སྟོན་པའོ། །ལུང་ནི་གདམས་པ་དངོས་དང་མདོ་ཆིངས་(༢༡༦)ངེས་པར་སྤྲོས་པ་འབྲིང་དུ་བསྟན་པའོ། །མན་ངག་ནི། ལག་ཁྲིད་ངེས་པར་གཅར་ཕོག་ཏུ་སྤྲོད་ཅིང་སྤྲོས་པ་ཆུང་བར་སྟོན་པའོ། །འདིར་རྫོགས་པ་ཆེན་པོའི་དབྱིངས་གཅིག་འཇལ་བ་ལ་ཟབ་ཅིང་རྒྱ་ཆེའི་རྒྱུད་ཀྱིས་སྤྲོས། ལུང་དུ་བསྡུས། མན་ངག་ཏུ་དྲིལ་ནས་སྟོན་པས་གསུངས་པས། དོན་ལ་འཁྲུལ་མེད། ཚིག་ལ་བསླད་མེད། བརྡ་དོན་སེལ་མེད། ལག་ཁྲིད་མཐོང་བ་བརྒྱུད་པས། དབང་པོ་ཡང་རབ་ཚེ་འདིར་སངས་རྒྱས། འབྲིང་བར་དོར། ཐ་མའང་ཕྱི་མ་ལས་མི་འགྱངས་པ་གྲོལ་ཏེ། ངེས་པའི་མཐའ་གཅིག་ཏུ་སྟོན་པས་ཁྱད་པར་འཕགས་སོ། །རྒྱུད་ལུང་མན་ངག་གསུམ་འཛོམ་ན་འདོད་པའི་དོན་རྣམས་ཕུན་སུམ་ཚོགས་པར་འགྲུབ་པ་རྗེ་བློན་འབངས་གསུམ་འཛོམ་པ་ལྟ་བུ་སྟེ། དེ་ཉིད་ལས། སྤྱིར་ན་རྒྱུད་ལུང་མན་ངག་རྣམས། རྗེ་བློན་དམངས་དང་འདྲ་བར་བཤད། ཅེས་སོ། །འདི་དག་ནི་ཆིངས་མི་འགྱུར་བ་རྡོ་རྗེའི་གནས་ཏེ་མཆོག་ཏུ་གཅེས་སོ། །

གཉིས་པ་སྒྲ་མཐུན་དོན་དཔགས་ཀྱི་ལམ་བརྩི་བ་ལ་གཉིས་ཏེ། གོ་དོན་མདོར་བསྟན་པ་དང་། དབྱེ་བས་རྒྱས་པར་བཤད་པའོ། །

དང་པོ་རྫོགས་པ་ཆེན་པོ་ནི། གཞི་རང་མལ་ལས་མི་གཡོ་བར་བཙན་ས་ཟིན་པས། གཞན་དུ་བགྲོད་ཅིང་རྩོལ་སྒྲུབ་ཀྱི་མཐའ་ལས་འདས་པས་རྒྱུ་འབྲས་ཀྱི་ཐེག་པ་འོག་མ་ལྟ་བུའི་ས་ལམ་དང་ཕ་རོལ་ཏུ་ཕྱིན་པ་བརྩིར་མེད་དེ། རིག་པ་རང་བྱུང་གི་ཡེ་ཤེས་ལས་ལམ་དང་རྩོལ་བསྒྲུབ་གང་ཡང་མེད་པའི་ཕྱིར་དང་། འདིར་དེའི་རང་གདངས་དགོངས་པ་རང་མལ་ལས་མི་གཡོ་བ་དངོས་ཉམས་སུ་ལེན་པའང་ལམ་ཐུན་མོང་བར་བརྩིར་མེད་དེ་ལམ་བསྒོམ་ཚུལ་མི་འདྲ་བའི་ཕྱིར་རོ། །འོན་ཀྱང་དག་ཚུལ་ཁམས་ཀྱི་དྲི་མ་རང་དྭངས་སུ་བྲལ་བར་གཅིག་པ་ཙམ་དང་། སྒྲ་འཇུག་རུང་ཙམ་ལ་ལྟོས་ནས་འོག་མ་རྣམས་འཇུག་པའི་ཡན་ལག་ཏུ་སྒྲ་མཐུན་ལ། དོན་འོག་མ་ལས་སྤར་ཏེ་ཁྱད་པར་དུ་འཕགས་པར་བརྗོད་ན། བཤད་རྒྱུད་ལས། མན་ངག་རྫོགས་པ་ཆེན་པོ་ལ། །ས་ལས་སྦྱང་དུ་མེད་པ་ཡིན། །ལམ་ལ་བགྲོད་དུ་མེད་པ་ཡིན། །ཕ་རོལ་ཕྱིན་བཅུ་སྤྱད་དུ་མེད། །འོན་ཀྱང་སྤྱི་དང་སྒོ་བསྟུན་ལ། །སྦྱང་དུ་མེད་པའི་ས་རིམ་དང་། །བགྲོད་དུ་མེད་པའི་ལམ་རིམ་དང་། །སྤྱད་མེད་ཕ་རོལ་ཕྱིན་བཅུ་བཤད། །ཅེས་སོ། །

གཉིས་པ་ལ་གསུམ་སྟེ། ས་ལམ་ཕ་རོལ་ཏུ་ཕྱིན་པ་བཤད་པའོ། །དང་པོ་ལ། ངོ་བོ། ངེས་ཚིག །དབྱེ་(༢༡༧)བ། དཔེ། བརྩི་ཚུལ་དང་ལྔ་ལས། ས་ཡི་ངོ་བོ་བརྟན་པའི་གཞི་བྱེད་པ་སྟེ། ཡོན་ཏན་གྱི་དབྱིངས་སམ་འབྱུང་གནས་སུ་གྱུར་པའོ། །ངེས་ཚིག་ནི་གནས་ཤིང་བརྟན་གཞིར་གྱུར་པའོ། །དབྱེ་ན་དགེ་བཅུ་དང་། བསམ་གཏན་གཟུགས་མེད་ལ་སོགས་པ་བརྟེན་པ་འཇིག་རྟེན་པའི་ས་དང་། མཐོང་སྒོམ་གྱི་དྲི་མ་ཅི་རིགས་པས་དག་པ་སོ་སོའི་ཡོན་ཏན་གྱི་རྟེན་བྱེད་པ་ཐེག་པ་ཆུང་ངུ་དང་ཆེན་པོའི་ས་འཇིག་རྟེན་ལས་འདས་པ་གཉིས་སོ། །དཔེ་ནི་ས་སོ་སོའི་ཡོན་ཏན་མ་འདྲེས་པ་རྫོགས་པས། མཆོད་རྟེན་གྱི་བང་རིམ་ལྟ་བུ་སྟེ་དེ་ཉིད་ལས། ངོ་བོ་ངེས་ཚིག་དབྱེ་བ་དང་། །མཐུན་པའི་དཔེ་རུ་བསྡུས་ལ་བསྟན། །རིགས་ཀྱི་བུ་སའི་དོན་གྱི་ངོ་བོ་ནི་ཆོས་ཉིད་མི་འགྱུར་བའོ། །ས་མཐོ་དམན་གྱི་ངོ་བོ་ནི་ཤེས་རབ་དང་སྙིང་རྗེ་ཆེ་ཆུང་ངོ་། །སའི་དབྱེ་བ་ནི་འཇིག་རྟེན་པའི་ས་དང་། འདས་པའི་སའོ། །འདས་པའི་ས་ལ་གཉིས་ཏེ། ཐེག་པ་ཆེན་པོའི་ས་དང་། འོག་མའི་སའོ། །ཐེག་པ་ཆེན་པོའི་ས་ལ་སྦྱང་དུ་ཡོད་པ་དང་མེད་པའོ། །མེད་པ་ལ་ཡོན་ཏན་གྱི་ས་བཅོ་ལྔར་བརྩིས་པའོ། །ངེས་པ་ནི་མི་འགྱུར་བས་སའོ། །གནས་པས་ན་སའོ། །དཔེ་ནི་མ་འདྲེས་ལ་རྫོགས་པ་མཆོད་རྟེན་གྱི་ཁྲི་འཕང་ལྟ་བུའོ། །ཞེས་སོ། །བརྩི་ཚུལ་ནི་སྦུབས་གསུམ་ལ་གང་ཟག་གཅིག་དང་ངོ་བོ་སྤྲད། ཉམས་སུ་བླངས་པས་རྡོས་པ་དག་ལྔ་ལྡན་དང་རྫོགས་ལྡན་གྱི་དགོངས་པ་ཤར་ནས་རྫོགས་ལྡན་ཆེན་པོར་རང་ས་ཟིན་པའི་བར་གྱི་གདམས་པས་ཡོན་ཏན་གྱི་ཆོས་ཐོབ་ཚུལ་རིག་པ་གཅིག་གི་སྟེང་ནས་མས་བརྩིས་པ་སྟེ་ས་བཅོ་ལྔའི་མིང་འོག་མ་དང་མཐུན་ཡང་དོན་ཐ་དད་པར་བསྟན་པ་ནི། ཡང་དེ་ཉིད་ལས། རྫོགས་ལྡན་ཆོས་ཉིད་ས་གཅིག་ལ། །ཡོན་ཏན་རྫོགས་ཚུལ་བཅོ་ལྔ་བརྩིས། །རྒྱུད་ལུང་སྤྱི་ཡི་ཁོག་དོན་ཀུན་བགྲོལ་ནས། །ངོ་སྤྲོད་བཞི་ཡིས་ཚེ་འདིར་བདེན་པ་མཐོང་། །རབ་ཏུ་དགའ་བའི་ས་ཞེས་ངས་བཤད་དོ། །མན་ངག་དོན་གྱི་བློ་ཡིས་ཐེ་ཚོམ་བསལ། །རང་གི་རྒྱུད་ལ་ངེས་པའི་ཤེས་པ་སྐྱེས། །དྲི་མ་མེད་པའི་ས་རུ་བཏགས་པ་ཡིན། །འོད་བྱེད་དབང་དུ་འདུས་ཏེ་རྩལ་དུ་ཤེས། །ཤེས་པའི་དོན་ཚོགས་གཞན་ལ་རག་མ་ལུས། །བཞི་པ་འོད་འཕྲོ་དེ་ཉིད་ཀུན་ཏུ་སྒྲོགས། །ལྔ་པ་དུག་ལྔ་དུག་གསུམ་ངང་དུ་དག །དྲུག་པ་སྦུབས་གསུམ་སྐབས་ཀྱི་སྐུ་གསུམ་གསལ། །བདུན་པ་ཐེག་བརྒྱད་(༢༡༨)དོན་ལ་རབ་ཏུ་འཕགས། །བརྒྱད་པ་རང་གི་དོན་ལས་མ་གཡོས་མཁྱེན། །དགུ་པ་ཡོན་ཏན་རང་ལ་རྫོགས་པར་མཁྱེན། །བཅུ་པ་ཆོས་རྣམས་གང་ལ་ཐོགས་མེད་མཁྱེན། །བག་ཆགས་སྦུབས་སུ་རྟོགས་པ་བསྐྱེད་ལུགས་ཡིན། །རྟོགས་ལྡན་འཁྲུལ་པའི་སྣང་བ་འགགས་པའི་ཚེ། །ཆོས་ཉིད་ཀློང་དུ་ཡེ་ཤེས་འོད་དུ་གསལ། །བཅུ་རྫོགས་གནས་པས་བཅུ་གཅིག་ཀུན་ཏུ་འོད། །རང་སྣང་ཡིན་པས་མཁྱེན་པ་ཁོང་ནས་ཤར། །ཤེས་རབ་སྐྱེས་པའི་སྟོབས་ཀྱི་སྐུར་གསལ་བས། །ཚོམ་བུ་ལྔ་པ་ཆོས་ཀྱི་སྤྱན་དྲུག་ཤར། །གསལ་ལ་མི་གནས་བཅུ་གཉིས་པདྨ་ཅན། །གསུང་གི་ངོ་བོ་རང་བྱུང་ཡི་གེ་དྲུག །ལྗགས་ལས་འོད་འཕྲོས་སྤྲུལ་པའི་སྐུར་གྱུར་པ། །བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་ས། །སྤྲུལ་པ་སྐུ་ཡི་འགྲོ་དོན་རྫོགས་མཛད་པས། །རྡོ་རྗེ་འཛིན་པ་བཅུ་བཞིའི་ས་རུ་བཞག །ཡེ་ཤེས་སྦུབས་སུ་རྫོགས་སངས་རྒྱས་པ་ཡི། །ཐུགས་རྗེས་གནས་ནས་སྒྲོལ་ཞིང་གཞི་ལ་སྦྱོར། །གསང་གནས་དོན་གྱི་སྦྱོར་སྒྲོལ་ཞེས་སུ་བཏགས། །རང་བྱུང་ཚིག་ལྔས་ཞི་བ་མྱ་ངན་འདས། །རིན་ཆེན་སྦུབས་སུ་སྐུ་གསུམ་ཀློང་ནས་འཁྱིལ། །དཔེར་ན་གནམ་སྟོང་ཟླ་བ་ཡོངས་རྫོགས་ཀྱང་། །ཉི་མའི་སྟོབས་ཀྱིས་ཟླ་བ་མི་སྣང་བ། །ཚེས་གཅིག་དགོངས་ན་བཅོ་ལྔར་རྫོགས་གྱུར་ཏེ། །དེ་ལས་ཟླ་བ་སྐྱེ་རུ་མེད་པ་ལྟར། །རིན་ཆེན་སྦུབས་དང་འདུ་འབྲལ་མེད་ཀྱིས་ཀྱང་། །འཁྲུལ་པའི་སྟོབས་ཀྱིས་མངོན་དུ་གསལ་མ་ནུས། །དང་པོའི་ས་ནས་བཅོ་ལྔ་ཡོངས་རྫོགས་ཏེ། །དེ་ལས་ཡར་གཤེགས་གུང་ལ་ཤུལ་མི་མངའ། །ཉི་ཤུ་རྩ་གཅིག་སུམ་ཅུ་རྩ་རྫོགས་རྣམས། །བཅོ་ལྔའི་འདུག་ཚུལ་ཡོན་ཏན་ཟུར་ཙམ་ཡིན། །བརྩི་བ་མས་རྩི་ཤེས་རབ་ཐད་ཀར་ཆོད། །གཟིགས་པས་མ་འགགས་མཁྱེན་པས་ཡས་གཟིགས་ཏེ། །རྣམ་རྟོག་མི་མངའ་ས་ལེར་མཁྱེན་པའོ། །ཞེས་སོ། །

ལམ་ལ་ངོ་བོ། ངེས་ཚིག །དབྱེ་བ། དཔེ། བརྩི་ཚུལ་དང་ལྔ་ལས། ལམ་གྱི་ངོ་བོ་འབྲས་བུའི་སར་བགྲོད་པའི་ཐབས། ངེས་ཚིག་བགྲོད་པར་བྱེད་ལ། དབྱེ་ན་རྒྱུ་མཚན་ཉིད་ཀྱི་ལམ་དང་། འབྲས་བུ་སྔགས་ཀྱི་ལམ་གཉིས་སོ། །དཔེ་ནི་འགྲོ་བའི་ལམ་འཇིག་རྟེན་གྱི་ལམ་དང་། རྩོལ་མེད་ཀྱི་ལམ་ནམ་མཁའ་བྱའི་ལམ་དུ་གྱུར་པ་ལྟ་བུ་སྟེ། དེ་ཉིད་ལས། ལམ་གྱི་ངོ་བོ་ངེས་ཚིག་དང་། །དབྱེ་བ་མཐུན་པའི་དཔེ་རུ་བཤད། །(༢༡༩)ངས་བསྟན་ལམ་གྱི་ངོ་བོ་ནི། །འདུ་འབྲལ་མེད་པའི་རྣལ་འབྱོར་ཡིན། །ལམ་གྱི་ངེས་ཚིག་བསྟན་པ་ནི། །གཞན་དུ་བགྲོད་ཅིང་འཇུག་པ་སྟེ། །མི་འབྲལ་ལམ་པས་ལམ་ཞེས་བྱ། །དབྱེ་ན་རྣམ་པ་གཉིས་ཡིན་ཏེ། །རྒྱུ་དང་འབྲས་བུ་ངེས་ལམ་མོ། །དཔེ་ནི་འཇིག་རྟེན་ལམ་དང་མཚུངས། །རྩོལ་བྲལ་ལམ་གྱི་མཚོན་དཔེ་ནི། །མཁའ་ལ་ཁྱུང་ཆེན་ལྡིང་བ་འདྲ། །ཞེས་སོ། །བརྩི་ཚུལ་ནི། བླ་མ་དམ་པའི་དྲུང་དུ་སློབ་མ་སྣོད་ལྡན་གྱིས་བརྟེན་ནས་གདམས་ཁྲིད་ངོ་སྤྲོད་ཉམས་སུ་བླངས། མཐར་གདེང་རྙེད་པའི་བར་གྱི་ཡོན་ཏན་གྱི་ཆོས་དང་སྦྱར་ཏེ། དབྱེ་བ་ནི། དེ་ཉིད་ལས། ལམ་མེད་ལམ་དུ་འཇུག་པ་རྣམས་ཀྱི་གནད་ཆེ་བ། །ཕྱིན་པར་འདོད་པ་རི་དྭགས་སྨིག་རྒྱུ་རྙེད་པ་འདྲ། །དེ་བས་ངེས་པའི་ལམ་མ་ཡིན། །བགྲོད་མེད་ལམ་ལ་རབ་གནས་པའི། །འདུ་འབྲལ་མེད་པའི་དགོངས་པ་ལ། །མ་ནོར་ངེས་པའི་ལམ་ཆེན་གཅིག །བགྲོད་དུ་མེད་དེ་ཆོས་ཉིད་བྱང་ཆུབ་སེམས། །རྩོལ་བས་བགྲོད་པ་ཡེ་ཤེས་མཐའ་ལ་རིང་། །འཇུག་ཏུ་མེད་དོ་ཡེ་ཤེས་རང་རིག་ལམ། །འཇུག་པའི་རྩོལ་བས་སྡུག་བསྔལ་མཐའ་རུ་ལྷུང་། །འོན་ཀྱང་མ་བཤད་གོ་བར་མི་འགྱུར་བར། །བགྲོད་མེད་ལམ་གཅིག་རང་བཞིན་རྟོགས་པའི་ཐབས། །སྤྱི་དང་སྒྲ་མཐུན་དོན་དཔགས་ལམ་རྣམས་བཤད། །བླ་མའི་བསྙེན་བཀུར་ཡོངས་རྫོགས་ནས། །དམ་པའི་དྲུང་ན་གནས་པའི་ཚེ། །ཚོགས་ཀྱི་ལམ་ཞེས་དེ་ལ་བྱ། །བླ་མ་དམ་པས་དོན་བཤད་དེ། །གདམས་ངག་རྣམ་གཉིས་དོན་ལ་སྦྱོར། །སྦྱོར་བའི་ལམ་དུ་ང་ཡིས་བསྟན། །ངོ་སྤྲོད་རྣམ་པ་བཞིའི་སྒོ་ནས། །ཚེ་འདིར་ངེས་པའི་བདེན་པ་མཐོང་། །མཐོང་བའི་ལམ་དུ་བཤད་པ་ཡིན། །སྒོམ་དུ་མེད་པའི་དགོངས་པ་དང་། །སྒོམ་དུ་ཡོད་པའི་མེད་པ་གཉིས། །འདུ་འབྲལ་མེད་པར་གནས་པ་ནི། །སྒོམ་པའི་ལམ་དུ་ངས་བསྟན་པའོ། །སངས་རྒྱས་དགོངས་པ་གདོང་ཆེན་བཞི། །མི་གནས་ཚུལ་གྱི་མཐར་ཕྱིན་པས། །མཐར་ཕྱིན་ལམ་དུ་བཤད་པ་ཡིན། །ཞེས་སོ། །

ཕ་རོལ་ཏུ་ཕྱིན་པ་ལ་ངོ་བོ། ངེས་ཚིག །དབྱེ་བ། དཔེ། བརྩི་ལུགས་དང་ལྔ་ལས། ཕ་རོལ་ཕྱིན་པའི་ངོ་བོ་ནི། སྤྱོད་པ་རླབས་པོ་ཆེའི་ཆོས་སུ་གྱུར་པ། ངེས་ཚིག་ནི་འཁོར་བ་ལས་ཕ་རོལ་ཏུ་ཕྱིན་པར་བྱེད་པ། དབྱེ་ན་རྒྱུ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ། འབྲས་བུ་ཤེས་(༢༢༠)རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་སྟེ་བཅུའོ། །དང་པོ་ནི་སྦྱིན་པ་ཚུལ་ཁྲིམས། བཟོད་པ་བརྩོན་འགྲུས། བསམ་གཏན་ནོ། །གཉིས་པ་ནི་ཤེས་རབ་ནི་ངོ་བོ། ཐབས་ནི་ཁྱད་པར། སྟོབས་ནི་ཡོན་ཏན། སྨོན་ལམ་ནི་ཡན་ལག །ཡེ་ཤེས་ནི་འབྲས་བུ་སྟེ། ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་དང་དོན་གཅིག་གོ། །དཔེ་ནི། བཞོན་པ་དང་། གྲུ་དང་། མདའ་ལྟར་འདོད་པའི་སར་ཕྱིན་པ་སྟེ། བཤད་རྒྱུད་ལས། ཕ་རོལ་ཕྱིན་པའི་ངོ་བོ་དང་། །ངེས་ཚིག་དབྱེ་བ་མཐུན་དཔེ་རྣམས། །བསྡུས་ཏེ་དོན་རྣམས་གསལ་བར་བཤད། །དང་པོ་ངོ་བོ་བཤད་བྱ་བ། །རྣམ་གྲངས་ངེས་པའི་དོན་ལ་བཞག །དབྱེ་བའི་སྒོ་ནས་བསྟན་པ་ཡིན། །ངེས་ཚིག་གཏན་ཚིགས་བཅས་པ་ནི། །མི་གནས་མཐར་རྫོགས་ཕ་རོལ་ཕྱིན། །དབྱེ་ན་རྣམ་པ་གཉིས་སུ་འདུས། །རྒྱུ་ཡི་ཕ་རོལ་ཕྱིན་པ་དང་། །འབྲས་བུའི་ཕ་རོལ་ཕྱིན་པའོ། །དཔེར་ན་དོན་གཉེར་ལམ་ཞུགས་པས། །འདོད་པའི་ལམ་དུ་ཕྱིན་པ་བཞིན། །གྲུ་ལ་བརྟེན་པ་མཚོ་ལས་ཐར། །སྐྱེས་བུའི་མཐེབ་མོས་མདའ་བསྐྱོད་བཞིན། །ཞེས་སོ། །བརྩི་ཚུལ་ནི་དང་པོ་རྩོལ་བསྒྲུབས་ལས་འདས་པར་དབྱེར་མེད་ཀྱང་། ཡོན་ཏན་ཆ་ཤས་(༢༢༠)བཅུ་བརྩི་བ་ནི། ཡང་དེ་ཉིད་ལས། ཕ་རོལ་ཕྱིན་པ་ཆེན་པོ་བཅུ། །ཟིན་པས་རྩོལ་བའི་ནད་སྤངས་པ། །ལྷུན་གྱིས་གནས་པས་བཞག་པ་ཡིན། །སྙིང་པོ་ཡེ་ནས་སངས་རྒྱས་ལ། །རྩོལ་བའི་བསམ་པས་དབྱིངས་མི་བསྐྱོད། །བསམ་གཏན་ཏིང་འཛིན་སྐུ་ལ་བསྒྲིབས། །སངས་རྒྱས་སྐུ་ནི་མ་བསྒྲིབས་གསལ། །ལྷུན་གྲུབ་ཆེན་པོ་མ་གཏོགས་པ། །ངེས་པའི་ཕ་རོལ་ཕྱིན་པ་ཡིན། །ཡང་དག་ངེས་པའི་དོན་ཆེན་དེ། །ངོ་བོ་ནམ་མཁའ་ལྟ་བུ་ལ། །ཡོན་ཏན་སྣང་བ་ཕྱོགས་མེད་ཤར། །ཤར་བས་རང་རིག་རྣམ་པར་དག །སྦྱིན་པའི་ཕ་རོལ་ཕྱིན་པ་ཡིན། །དྲི་མེད་རྣམ་དག་ཚུལ་ཁྲིམས་ཕ་རོལ་ཕྱིན། །འགྲན་ཟླ་མེད་པས་བཟོད་པའི་ཕ་རོལ་ཕྱིན། །བརྗེད་པ་མེད་པས་བརྩོན་འགྲུས་ཕ་རོལ་ཕྱིན། །གཡོས་པ་མེད་པས་བསམ་གཏན་ཕ་རོལ་ཕྱིན། །འགགས་པ་མེད་པས་ཤེས་རབ་ཕ་རོལ་ཕྱིན། །གཏི་མུག་མ་རིག་མེད་པ་དེ་བཞིན་ནོ། །བྱ་རྩོལ་མེད་པས་ཐབས་ཀྱི་ཕ་རོལ་ཕྱིན། །ཡོན་ཏན་ཀུན་འབྱུང་སྟོབས་ཀྱི་ཕ་རོལ་ཕྱིན། །སྐད་ཅིག་གཅིག་གིས་བསྐྱོད་པ་དེ་བཞིན་ནོ། །ཡོན་ཏན་རང་རྫོགས་སྨོན་ལམ་ཕ་རོལ་ཕྱིན། །ཡེ་ཤེས་ཡིན་པས་ཤེས་རབ་ཕ་རོལ་(༢༢༡)ཕྱིན། །ཞེས་སོ། །

གསུམ་པ་རང་གི་གྲུབ་མཐའ་བཤད་པ་ལ་སྣང་བ། སྦུབས། སྤྱན། མཚོན་དཔེ། མུ་བཞི། བརྒལ་ལན་དང་དྲུག་ལས། དང་པོ་ལ་ངོ་བོ། ངེས་ཚིག །དབྱེ་བ། དཔེ་དང་བཞི་ལས། སྣང་བའི་ངོ་བོ་ནི་རིག་པའི་རང་གདངས་སུ་ཤར་བ། ངེས་ཚིག་འགག་མེད་ཡུལ་དུ་མཐོང་བ། དབྱེ་ན་བཞིར་དབྱེ་བ་དང་། གསུམ་དུ་དབྱེ་བ་གཉིས་སོ། །བཞིར་དབྱེ་ན་འགྲོ་དྲུག་ཞེན་པའི་སྣང་བ་བདེ་སྡུག་སྣ་ཚོགས། རྒྱུ་འབྲས་བློ་ཡི་སྣང་བ་གྲུབ་མཐའ་སོ་སོ། རྟོགས་ལྡན་དོན་གྱི་སྣང་བ་རྒྱན་ཤར། ཀུན་ཏུ་བཟང་པོའི་སྣང་བ་གཞི་སྣང་ལྷུན་གྲུབ་བོ། །གསུམ་དུ་ཕྱེ་ན་མ་དག་འཁྲུལ་པའི་སྣང་བ་རིགས་དྲུག་སོ་སོ། དག་པ་འཇིག་རྟེན་གྱི་སྣང་བ་ས་བཅུའི་རང་སྣང་། ཡང་དག་ཡེ་ཤེས་ཀྱི་སྣང་བ་ལྷུན་གྲུབ་གཞི་སྣང་། དཔེ་ནི་ཉི་མ་དང་མར་མེ་རང་གདངས་ལ་གནས་པ་ལྟ་བུ་སྟེ། བཤད་རྒྱུད་ལས། སྣང་བའི་ངོ་བོ་ངེས་ཚིག་དང་། །དབྱེ་བར་སོ་སོའི་དཔེ་རུ་བཤད། །དང་པོ་དབྱེ་བ་རྒྱས་བསྡུས་གཉིས། །རྒྱས་པ་ལ་ཡང་རྣམ་པ་བཞི། །འགྲོ་དྲུག་ཞེན་པའི་སྣང་བ་དྲུག །རྒྱུ་འབྲས་བློ་ཡི་སྣང་བ་བཅུ། །རྟོགས་ལྡན་དོན་གྱི་སྣང་བ་གཅིག །དབྱེར་མེད་ཀུན་བཟང་སྣང་བའོ། །བསྡུས་པས་སྣང་བ་རྣམ་པ་གསུམ། །མ་དག་འཁྲུལ་པའི་སྣང་བ་དང་། །དག་པ་འཇིག་རྟེན་སྣང་བ་དང་། །ཡང་དག་ཡེ་ཤེས་སྣང་བའོ། །དང་པོ་རྒྱས་པར་བཤད་བྱ་བ། །འགྲོ་དྲུག་ཞེན་པའི་སྣང་བ་དྲུག །ཤེས་བྱའི་དཀྱིལ་འཁོར་མ་འགགས་པའི། །སྣང་བའི་དངོས་པོ་འདི་ཉིད་ལ། །དམྱལ་བ་ཚ་གྲང་གཉིས་སུ་མཐོང་། །ཡི་དྭགས་གསུམ་ལ་སྣང་བ་གསུམ། །ཕྱི་ནང་སྤྱི་མཐུན་སྣང་བ་གསུམ། །ཕྱི་ནི་ཟས་ལ་རྣག་ཁྲག་དང་། །གོས་ལ་ཚེར་མ་ལྟ་བུའོ། །སྤྱི་ལ་ཟས་སྣང་སྲུང་མས་བསྲུངས། །ནང་ལ་སྲུང་མེད་ཟོས་པས་དུག །དེ་ནི་ཡི་དྭགས་གསུམ་ལ་སྣང་། །བྱོལ་སོང་གཉིས་ལ་སྣང་བ་གཉིས། །བྱིང་ལ་གནས་པ་མུན་པ་སྟེ། །ཁ་འཐོར་རྣམས་ལ་གྱེན་ཐུར་དང་། །བཟའ་བཏུང་མ་འགགས་ཐད་ཀར་སྣང་། །མི་ལ་སྣང་བ་འདི་ཉིད་དེ། །ཡུལ་དང་ས་ཕྱོགས་ཁྱིམ་ལ་སོགས། །ལྷ་མ་ཡིན་ལ་གོ་མཚོན་སྣང་། །ལྷ་ལ་རིན་ཆེན་བདུད་རྩིར་སྣང་། །བློ་སྣང་ཞེན་པའི་བག་ཆགས་ཡིན། །རྒྱུ་འབྲས་བློ་ཡི་སྣང་བ་བཅུ། །མུ་སྟེགས་རྟག་པའི་སྣང་བ་(༢༢༢)ཡང་། །རྟག་པའི་དངོས་ལས་གཞན་མི་སྣང་། །མུ་སྟེགས་ཆད་པའི་སྣང་བ་ཡང་། །འདི་ཡོད་ཕྱི་མ་མེད་པ་སྟེ། །འདི་སྣང་གློ་བུར་བྱུང་བ་ལ། །ཞིག་པས་འབྱུང་ལྔའི་ངང་དུ་ཞི། །མེད་ཆར་སྣང་ལ་གཞན་མི་སྣང་། །ཉན་ཐོས་གཡག་རྔ་ནེ་སིང་དང་། །གོང་བུ་ཆ་ཤས་མེད་པར་བལྟ། །གཟུང་འཛིན་ཆོས་ཀྱི་རྟག་ཏུ་མཐོང་། །རང་རྒྱལ་གོང་མཐུན་ཕྱོགས་གཅིག་སྟོང་། །ཕུང་པོ་ཁམས་ལ་བདག་མེད་སྟོང་། །མདོ་སྡེ་དོན་དམ་སྟོང་པ་ཉིད། །ཀུན་རྫོབ་སྒྱུ་མ་ཙམ་དུ་སྣང་། །གསང་སྔགས་ཕྱི་ནང་གཉིས་པོ་དང་། །དོན་དམ་མདོ་སྡེར་མཐུན་པ་ལ། །ཀུན་རྫོབ་སྣང་བ་སོ་སོར་མཐོང་། །ཀྲི་ཡས་རིགས་གསུམ་རྗེ་འབངས་མཐོང་། །ཨུ་པས་ལྷ་དང་དཔོན་གཡོག་མཐོང་། །ཡོ་གས་སྤུན་དང་གྲོགས་པོར་མཐོང་། །མཧཱས་བདག་དང་ལྷ་སྣང་མཐོང་། །ཨ་ནུས་དབྱིངས་དང་ཡེ་ཤེས་མཐོང་། །ཀུན་གྱིས་རྒྱུ་འབྲས་མ་སྤངས་ཤིང་། །དངོས་པོར་མི་བདེན་བློ་ལ་སྣང་། །རྒྱུ་འབྲས་བློ་ཡི་སྣང་བ་ཡིན། །སྟོབས་ལྡན་དོན་གྱི་སྣང་བ་ཡིན། །རྫོགས་ཆེན་རྟོགས་པའི་སྣང་བ་ཡིན། །ཐམས་ཅད་ཆོས་སྐུའི་ངོ་བོར་མཐོང་། །ཀུན་ཏུ་བཟང་པོའི་སྣང་བ་ནི། །གོང་མ་དང་མཚུངས་གཉིས་མེད་སྣང་། །ཐོག་མའི་གཞི་སྣང་འདུག་ཚུལ་ནི། །བསྡུས་པའི་སྣང་བ་རྣམ་པ་གསུམ། །མ་དག་འཁྲུལ་པའི་སྣང་བ་རིགས་དྲུག་ཡིན། །དག་པ་འཇིག་རྟེན་ས་བཅུའི་བྱང་སེམས་ཡིན། །ཡང་དག་ཡེ་ཤེས་གཞི་སྣང་གོང་དང་མཐུན། །སྣང་བའི་དབྱེ་བ་རྒྱས་བསྡུས་བསྟན་པའོ། །སྣང་བའི་ངོ་བོ་བསྟན་པ་ནི། །དབྱེ་བའི་ཁོང་ནས་བསྟན་པར་གྱིས། །འདི་རུ་ཟུར་ཙམ་བརྗོད་མི་ལང་། །ཡང་དག་ངེས་པའི་ངོ་བོ་ནི། །ཆོས་ཉིད་གདངས་དང་བཅས་པ་ཡིན། །སྣང་བ་དག་གི་ངེས་ཚིག་ནི། །འགག་མེད་ཡུལ་སྣང་སྣང་བར་བཏགས། །དཔེ་ནི་དབྱེ་བའི་ཁོངས་སུ་བསྟན། །འདི་རུ་ངེས་པའི་དཔེ་བསྟན་པ། །ཉི་མ་དག་ལས་ཟེར་སྣང་དང་། །མར་མེ་དག་ལས་འོད་སྣང་བཞིན། །ཅིར་སྣང་རང་གི་གདངས་ལ་བཞུགས། །དེ་ནི་ཡེ་ཤེས་ཆེན་པོ་ལ། །ཡེ་ཤེས་རང་གདངས་ཟང་ཐལ་སྣང་། །ཡེ་ཤེས་རང་གི་གདངས་ལ་བཞུགས། །ཆོས་ཉིད་དག་པའི་དཔེ་བསྟན་པ། །མེ་ལོང་ལ་སོགས་བཞིན་སྣང་ཞིང་། །ཞེས་སོ། །

གཉིས་པ་སྦུབས་ལ། ངོ་བོ། ངེས་(༢༢༣)ཚིག །དབྱེ་བ། དཔེ་དང་བཞི་སྟེ། དེ་ཉིད་ལས། སྦུབས་ཀྱི་ངོ་བོ་ངེས་ཚིག་དང་། དབྱེ་བ་མཐུན་པའི་དཔེ་ཡིས་བཤད། །རིན་ཆེན་སྦུབས་དང་འོད་ཀྱི་སྦུབས། །བག་ཆགས་སྦུབས་དང་གསུམ་དུ་བསྟན། །དང་པོ་མཚན་ཉིད་བསྟན་པ་ནི། །ཆོས་སྐུ་ཟང་ཐལ་འགྱུར་མེད་ལ། །འགགས་མེད་ཀུན་གསལ་ཡེ་ཤེས་སྐུ། །ཕྱོགས་གཅིག་མཚོན་པ་མན་ཤེལ་བཞིན། །ཞིབ་ཏུ་གོང་བསྟན་གཞི་སྣང་བཞིན། །རིན་ཆེན་སྦུབས་དེ་ཆོས་སྐུ་ཡིན། །བར་མའི་མཚན་ཉིད་བསྟན་པ་ནི། །འགགས་མེད་ཡེ་ཤེས་འོད་ཀྱི་སྐུ། །སུམ་ཅུ་རྩ་གཉིས་མཚན་འཆང་བ། །ཚོམ་བུའི་དཀྱིལ་འཁོར་ཆེན་པོ་ལྔ། །གསལ་འཚེར་ལྷུན་སྡུག་གཟི་བྱིན་ལྡན། །འགགས་མེད་ཡེ་ཤེས་འོད་ཀྱི་སྦུབས། །མཐའ་མའི་མཚན་ཉིད་བསྟན་པ་ནི། །ཆགས་ལུགས་རྣམ་བཞི་ཡོངས་རྫོགས་པ། །ཕུང་པོ་ཁམས་དང་སྐྱེ་མཆེད་བཅས། །ཚོགས་བརྒྱད་སེམས་དང་བཅས་པ་ནི། །བག་ཆགས་སྦུབས་སུ་ང་ཡིས་བསྟན། །དེ་ལ་སྦུབས་གསུམ་ངོ་བོ་ནི། །གོང་བསྟན་སྐུ་གསུམ་ཡིན་པར་བཤད། །སྦུབས་ཞེས་བྱ་བའི་གཏན་ཚིགས་ནི། །བཞུགས་པའི་ཀློང་ན་བརྟན་གྱུར་པའོ། །སྦུབས་ཞེས་བྱ་བའི་སྤྱི་ཚིག་ལ། །སོ་སོ་ངེས་པར་བསྟན་པ་ནི། །ཡོན་ཏན་ཀུན་འབྱུང་རིན་ཆེན་སྦུབས། །རང་བཞིན་མེད་པ་འོད་ཀྱི་སྦུབས། །ཆུ་ཟླ་མེ་ལོང་གཟུགས་བརྙན་དང་། །འཇའ་ཚོན་ལྟ་བུ་དཔེ་ཡིས་བསྟན། །རྣམ་རྟོག་མཐུ་བརྟས་བག་ཆགས་སྦུབས། །ཞེས་སོ། །ཆོས་འདི་ཡི་གྲུབ་མཐའ་སྦུབས་གསུམ་པོ་འདི་ལ་བཅའ་བ་གནད་གལ་པོ་ཆེའོ། །

གསུམ་པ་སྤྱན་ལའང་ངོ་བོ། ངེས་ཚིག །མཚན་ཉིད། དཔེ་དང་བཞི་སྟེ། བཤད་རྒྱུད་ལས། སྤྱན་གྱི་ངོ་བོ་དབྱེ་བ་དང་བཅས་པ་ནི། ཡེ་ཤེས་ཀྱི་སྤྱན་འབྱེད་པ་མེད་པར་རྩེ་གཅིག་ཏུ་གསལ་བ་དང་། ཆོས་ཀྱི་སྤྱན་རྟོག་པ་མེད་པར་རྣམ་པ་མཁྱེན་ཅིང་གསལ་བ་དང་། ཤེས་རབ་ཀྱི་སྤྱན་རྟོག་པ་དང་བཅས་པ་རྣམ་པར་ཆོད་ཅིང་སོ་སོར་གསལ་བ་དང་། ལྷའི་སྤྱན་རྣམ་པར་དག་པ་བག་ཆགས་ཟད་པས་ན་སྣང་བ་དང་། ཤའི་སྤྱན་རྣམ་པར་དག་པའི་ཏིང་ངེ་འཛིན་ལས་སུ་རུང་བ་ལ་གསལ་བ་དང་། ཆུ་སྦུར་གྱི་མིག་བག་ཆགས་ཀྱི་ལུས་ཅན་རྣམས་ལ་ཐུན་མོང་དུ་གསལ་བའོ། །ངེས་ཚིག་ནི་དོན་མཐོང་ཞིང་མ་འགགས་པར་གསལ་བས་ན་སྤྱན་ནོ། །མཚན་ཉིད་ནི་སོ་སོའི་སྒྲིབ་པ་དང་བྲལ་བའོ། །དཔེ་ནི་ཉི་(༢༢༤)མའི་སྙིང་པོ་ལྟ་བུའོ། །ཞེས་སོ། །

བཞི་པ་དཔེ་ལའང་། ངོ་བོ་དོན་མཚོན་པའི་བརྡའོ། །ངེས་ཚིག་ཕྱོགས་མཐུན་སྟོན་པས་དཔེའོ། །དབྱེ་ན་གཞིའི་དཔེ། རྩལ་གྱི་དཔེ། གྲོལ་བའི་དཔེ། གཉིས་མེད་ཀྱི་དཔེ་དང་བཞིའོ། །རྣམ་གྲངས་ནི་ཉི་ཤུ་རྩ་ལྔ་སྟེ། དེ་ཉིད་ལས། རིགས་ཀྱི་བུ་ངེས་པར་ཟུང་ཞིག །བག་ཆགས་སྦུབས་ན་གནས་པ་ནི། །སེང་ཕྲུག་དང་ཁྱུང་ཕྲུག་ལྟ་བུའོ། །སྦུབས་འཕོ་བའི་དཔེ་བྱེའུ་ཕྲུག་སྒོ་ང་ནས་བྱུང་བ་དང་། སྦྲུལ་སྐོགས་པ་དང་བྲལ་བ་བཞིན་ནོ། །འདིར་རྟོགས་པས་བར་དོ་ཆོད་པ་ནི། སྔར་འདྲིས་པ་ཕྱིས་ཤེས་པ་ལྟ་བུའོ། །སྦུབས་འཕོ་ཁར་ཡེ་ཤེས་དང་མི་འབྲལ་བར་འགྲོགས་པའི་དཔེ་ནི། ཚང་མང་ནས་སྒྲོན་མེ་ཕྱིར་བཏོན་པས། ཚང་མང་མུན་པར་གྱུར་ནས་མི་དེ་ལག་པ་སྒྲོན་མེ་དང་མི་འབྲལ་བར་འགྲོགས་ཏེ། འགྲོ་སར་ཕྱིན་པ་ལྟ་བུའོ། །འཁྲུལ་པ་ལྡོག་པའི་དཔེ་གཉིད་སད་པ་ལྟ་བུའོ། །རྟོགས་པ་ཅན་འཆི་ཁར་རྐྱེན་གྱིས་དཀྲུགས་ཀྱང་། མི་བརྗེད་པའི་གཟུངས་ཐོབ་སྟེ། ཤེས་རབ་ཀྱི་འཆར་བའི་དཔེ་ཆུ་ལ་རྡོ་བརྒྱབ་པས་ཆུ་འཁྲུགས་ནས་མི་གསལ་ཀྱང་། ཆུ་དྭངས་པས་ཕ་རོལ་ཏུ་གསལ་བ་ལྟ་བུའོ། །ཆོས་སྐུ་ལུས་ལས་མ་བྱུང་བར་ཡེ་ཤེས་མངོན་དུ་འཆར་བའི་དཔེ། ཉི་མ་ཤར་གྱི་ལ་ཁ་ན་འདུག་ཀྱང་འོད་ནུབ་རི་ལ་འབྱུང་བ་ལྟ་བུའོ། །སྐད་ཅིག་མའི་ཆོས་གསུམ་ན་འཛིན་པར་བྱེད་པའི་ལྕགས་ཀྱུས་འོད་ལྔ་མ་གཟུང་བའི་ཚུལ་གྱིས་བཟུང་བར་གྱུར་པ་དང་། སྡུད་པར་བྱེད་པའི་དྭངས་མ་ཆོས་ཉིད་ཀྱི་ངོ་བོར་ཡེ་ཤེས་ཤར་བའི་ངང་དུ་ཐིམ་པ་དང་། མི་བརྗེད་གཟུངས་རྒྱུན་གྱི་ཐགས་པས་བྱས་པ་དང་གསུམ་མོ། །སྐད་ཅིག་མ་ལ་གྲོལ་བའི་དཔེ་ནི་སེང་གེ་མཆོངས་པ་ལྟ་བུ་དང་། བུམ་པ་ཆག་པས་མར་མེ་གསལ་བ་ལྟ་བུའོ། །སྐད་ཅིག་གསུམ་ལ་གྲོལ་བའི་དཔེ་ནི། སྐར་མདའ་ནམ་མཁའ་ལ་རྒྱུག་པ་ལྟ་བུའོ། །ཡེ་ཤེས་ལ་མྱུར་བར་འཇུག་པ་ནི་གསེར་གྱི་ཐུར་མ་ལྟ་བུའོ། །ཆོས་ཉིད་ལ་ཡེ་ཤེས་ཀྱི་སྣང་བ་འཆར་བའི་དཔེ་ནི། ནམ་མཁའ་ལ་འཇའ་ཚོན་ཤར་བ་ལྟ་བུའོ། །ཕྱིར་མི་ལྡོག་པ་ནི་ཐོག་དང་དཔག་ཆེན་གྱི་མདའ་བཞིན་ནོ། །མངོན་པར་རྫོགས་པར་སངས་རྒྱས་པའི་དཔེ་ནི། ནམ་ལངས་པས་རི་ཀླུང་མེད་པར་གསལ་བ་ལྟ་བུའོ། །རྒྱ་མཚོ་ལ་གཟའ་སྐར་ཤར་བ་དང་ཆུ་ཟླ་ལྟ་བུའོ། །བར་དོ་ནས་སེམས་དང་ཁ་དོག་མངོན་སུམ་མེད་པ་ལས་ཕྱིས་འཆར་བ་ནི་ས་བོན་སྐྱེད་(༢༢༥)དུས་ལ་མྱུ་གུ་སྔོན་པོ་སྔོན་མེད་པར་ཕྱིས་བྱུང་བ་ལྟ་བུའོ། །སྤྲུལ་སྐུའི་དོན་བྱས་ནས་ནང་རང་གྲོལ་བ་ནི་ཆུ་བྲན་རྒྱ་མཚོར་འདུ་བ་དང་ཉི་མ་ནུབ་ཁར་ཟེར་རང་ལ་འདུ་བ་བཞིན་ནོ། །མྱ་ངན་ལས་འདས་པའི་དཔེ་ནི་འཇའ་ཚོན་ནམ་མཁར་ཐིམ་པ་ལྟ་བུའོ། །ཞིང་ཁམས་གཅིག་པ་ལ་རིག་པ་ཐ་དད་པའི་དཔེ་མར་མེ་མང་དུ་བཏང་བས། འོད་མི་ཕྱེད་པར་སྙིང་པོ་སོ་སོར་གསལ་བ་ལྟ་བུའོ། །རིག་པ་གཅིག་ལ་རྩལ་སོ་སོར་རྫོགས་པའི་དཔེ་ས་བོན་གཅིག་ལ་ལྡོང་བུ་ཡལ་ག་སོ་སོར་གྱེས་ཏེ། དེ་ལ་སྙེ་མ་སོ་སོར་བྱུང་ནས་འབྲས་བུ་མང་པོར་རྫོགས་པ་བཞིན་ནོ། །རང་ས་ནས་རང་སར་གྲོལ་ནས་དབྱེར་མེད་དུ་གནས་པའི་དཔེ་ནམ་མཁའ་གུད་དུ་བཅད་པ་སླར་བཏང་བ་ལྟ་བུའོ། །མུ་བཞིའི་དཔེ་ནི་གཅིག་དང་ཐ་དད་ལས་གྲོལ་བ། གསེར་དང་གསེར་གྱི་སེར་པོ་ལྟ་བུའོ། །མ་གྲོལ་བ་སྨིག་རྒྱུ་དང་ཆུ་ལྟ་བུ། གྲོལ་བའི་མ་གྲོལ་བ་ཁམ་དང་བུམ་པ་ལྟ་བུའོ། །མ་གྲོལ་བའི་གྲོལ་བ་ཉི་མ་དང་འོད་ལྟ་བུའོ། །ཡེ་ཤེས་རང་ལ་གནས་པའི་རྟགས་ཀྱི་དཔེ། ཆང་འཐུངས་པ་དང་ར་རོ་བ་ལྟ་བུའོ། །རྟོག་པ་མེད་པར་བསྒོམས་པས་མི་གྲོལ་བའི་དཔེ་ནི་རི་མོའམ་ལྡེར་བཟོ་ལྟ་བུའོ། །རིན་པོ་ཆེའི་སྦུབས་ན་དགོངས་པ་རང་གསལ་ལས་གཞན་མི་གསལ་བའི་དཔེ་ནི། གནས་ཁང་ཡངས་སར་མཚན་མོ་མགྲོན་པོ་སྔ་ཕྱི་ཚོགས་ནས་ཉལ་བ་ལྟ་བུའོ། །དང་པོ་རིན་པོ་ཆེའི་སྦུབས་ལས་འཁྲུལ་པ་ནི་བྱིས་པས་མེ་ལོང་དུ་རང་གི་བྱད་ཤར་བ་ངོ་མ་ཤེས་པར་གཞན་དུ་མཐོང་བ་ལྟ་བུའོ། །ཕྱིས་མི་འཁྲུལ་པའི་དཔེ་ནི། བྱིས་པ་རང་ལུས་ཀྱི་མཐའ་རྫོགས་རང་དུ་ངོ་ཤེས་པ་ལྟ་བུའོ། །ལོ་ཐོག་ནས་སུ་སྨིན་ནས་ལྗོང་པར་མི་ལྡོག་པ་བཞིན་ནོ། །རིགས་ཀྱི་བུ་དཔེའི་ངོ་བོ་ནི་སོ་སོ་མཚོན་པའི་བརྡའ་ཇི་བཞིན་པའོ། །དཔེ་ཡི་ངེས་ཚིག་ནི་ཕྱོགས་མཐུན་འདྲ་བའི་སྒོ་ནས་མཚོན་པར་བྱེད་པའི་ཕྱིར་ན་དཔེའོ། །དབྱེ་ན་གཞི་མཚོན་པའི་དཔེ་དང་། རྩལ་མཚོན་པའི་དཔེ་དང་། གྲོལ་བ་མཚོན་པའི་དཔེ་དང་། གཉིས་མེད་མཚོན་པའི་དཔེའོ། །དགོས་པ་ནི་དོན་རྟོགས་པའོ། །ཞེས་སོ། །དཔེ་སིལ་བུར་གནས་ཀྱང་དོན་རླབས་པོ་ཆེ་སྟོན་པས་གནད་གལ་པོ་ཆེའོ། །

ལྔ་པ་མུ་བཞི་ལའང་ངོ་བོ་གཅིག་ཉིད་སྐབས་ཀྱི་ཆོས་ལ་ལྟོས་ནས་གཅིག་ཐ་དད་གྲོལ་མ་གྲོལ་དུ་སྣང་བ། ངེས་ཚིག་མུ་བཞིར་དབྱེར་ཡོད་པས་མུ་བཞིའོ། །དབྱེ་ན་དུས་ཀྱི་མུ་བཞི་དང་། (༢༢༦)གྲོལ་མ་གྲོལ་གྱི་མུ་བཞི་སྟེ་གཉིས་སོ། །དཔེ་ནི་སྔར་བསྟན་པ་བཞིན་ཏེ། དེ་ཉིད་ལས། མུ་བཞིའི་ངོ་བོ་ངེས་ཚིག་དང་། དབྱེ་བ་མཐུན་པའི་དཔེ་རྣམས་ཏེ། དཔེ་ནི་གོང་བཞིན་ཤེས་པར་བྱའོ། །ངོ་བོ་ནི་དབྱེ་བ་དང་བཅས་པའི་གཉིས་ཏེ། དུས་ཀྱི་མུ་རྣམ་པ་བཞི་དང་། གྲོལ་མ་གྲོལ་གྱི་མུ་རྣམ་པ་བཞིའོ། །དུས་ཀྱི་མུ་རྣམ་པ་བཞི་ནི། མི་ལུས་གཙང་མ་ལུས་ཀྱི་མཐའ་རྫོགས་པའི་དུས་དང་། ཤེས་རབ་ཀྱི་རྩལ་རྫོགས་པའི་དུས་དང་། ལས་ཀྱི་མཐའ་ཟད་དེ་ཆེ་བའི་ཡེ་ཤེས་རང་ལ་རྫོགས་པའི་དུས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཐུགས་རྗེའི་མཐའ་ཟད་པའི་དུས་སོ། །གྲོལ་བའི་མུ་བཞི་ནི། གཅིག་དང་ཐ་དད་ལས་གྲོལ་བ་ནི་ཐིག་ལེ་དང་རང་བྱུང་ཡེ་ཤེས་སོ། །རིགས་ཀྱི་བུ་ཅི་སྟེ་ཞེ་ན། ཐིག་ལེ་ཉིད་རང་བྱུང་གི་ཡེ་ཤེས་སུ་གསལ་ལ། རང་བྱུང་ཡེ་ཤེས་ཐིག་ལེ་ལས་དབྱེར་མི་ཕྱེད་དོ། །དོན་གཉིས་སུ་མེད་པས་ནའོ། །གཅིག་པ་དང་ཐ་དད་ལས་གྲོལ་བ་ནི། ཆོས་ཀྱི་སྐུ་དང་ནམ་མཁའ་འོ། །རིགས་ཀྱི་བུ་ཅིའི་ཕྱིར་ཞེ་ན། དེ་གཉིས་ཐ་དད་པའི་ཕྱིར་ཏེ་རང་བཞིན་དག་པའི་ནམ་མཁའ་ནི་རི་རབ་དང་གླིང་བཞིའི་དབང་གིས་ཁ་དོག་བཞི་དང་དབྱིབས་བཞིའི་བདག་ཉིད་ཅན་ནོ། །འབྱུང་བ་བཞིའི་རང་བཞིན་དག་ཀྱང་བག་ཆགས་མ་བྲལ་ཏེ་ངོ་བོ་རིས་མེད་སྟོང་པ་ཡིན་པའི་ཕྱིར་རོ། །ཆོས་སྐུ་ཐིག་ལེ་ཆེན་པོ་ནི་སྟོང་པར་མཐུན་ཀྱང་དེ་རྣམས་ལས་གྲོལ་བའོ། །དེ་བས་ན་གཅིག་པ་དང་ཐ་དད་ལས་མ་གྲོལ་བའོ། །གྲོལ་བའི་མ་གྲོལ་བ་ནི་སེམས་དང་ཡེ་ཤེས་སོ། །གྲོལ་བ་ནི་གཞི་གཅིག་པའོ། །མ་གྲོལ་བ་ནི་ཡེ་ཤེས་རྟོག་མེད་དུ་གསལ་ལ། སེམས་རྟོག་པ་སྣ་ཚོགས་སུ་འཆར་བའོ། །དེ་གཞིའི་ངོས་ནས་གྲོལ་བ། རྩལ་གྱི་ངོས་ནས་མ་གྲོལ་བས་གྲོལ་བའི་མ་གྲོལ་བ་ཞེས་བྱའོ། །མ་གྲོལ་བའི་གྲོལ་བ་ནི་ཐིག་ལེ་དང་ཡུལ་ཏེ། ཐིག་ལེ་རིག་པ་འགག་པ་མེད་པས། ཡུལ་ཆོས་ཉིད་རིག་པར་འགྱུར་མེད་དུ་གནས་པས་སོ། །དཔེར་ན་གྲོལ་བ་ནི་མ་གྲོལ་ཏེ། ཆོས་ཅན་ཐ་དད་པ་ལྟ་བུ་མ་ཡིན་ཏེ། སྟོང་པ་དབྱེར་མེད་དུ་གནས་ཏེ། ཆོས་ཅན་མེད་པས་སྟོང་པར་གཅིག་པས་གཉིས་ལས་གྲོལ་ཏེ། རིག་པ་ཡུལ་ཤར། སྟོང་པ་ཡུལ་རིག་པར་གྲོལ་ཏེ། སྟོང་པ་དབྱེར་མེད། གསལ་བ་ཟང་ཐལ་མ་དེས་གྲོལ་ཏེ། དོན་དཔེ་གཅིག་པ་དང་ཐ་དད་ལས་མ་གྲོལ་བའི་གྲོལ་བ་ཞེས་བྱའོ། །ཞེས་སོ། །

དྲུག་པ་བརྒལ་ལན་ནི། རང་(༢༢༧)གི་གྲུབ་མཐའ་བརྟན་པོར་བཟུང་ཞིང་དེའི་ལོག་རྟོག་གི་གནོད་པ་སྤང་བ་དང་། ཐེག་པ་འོག་མ་སྐྱོན་ཅན་དུ་བསྟན་པས། ཐེག་པའི་རྒྱལ་པོ་རྒྱལ་མཚན་གྱི་རྩེ་མོ་ལྟར་ནུབ་པ་མེད་པའི་དཔུང་རྒྱན་དུ་མཚོན་ཏེ། ཀུན་གསལ་ལས། ངས་བསྟན་པའི་དོན་དེ་རྣམས་རྩོད་པར་གྱུར་ན། གང་རྩོད་པ་དང་རྗེ་བློན་འབངས་༼རྒྱུད་ལུང་མན་ངག་༽དང་གསུམ་དཔང་པོར་བཞག་ལ། དྲི་ལུགས་དང་དམ་བཅའ་མ་ནོར་བར་བྱས་ལ། སྒྲུབ་བྱེད་ཀྱིས་གང་ཡིན་པ་བསྒྲུབ་ཅིང་། གཞན་སེལ་གྱིས་མི་མཐུན་པའི་ཕྱོགས་ཐམས་ཅད་སྤངས་ཏེ་ཕན་པའི་རྐྱེན་ཅན་གྱིས་སྟངས་སྟབས་ལ་དོན་མི་འགྱུར་བའི་དབྱིངས་ལ་བསྐྱལ་ལོ། །ལོག་ལྟ་ཅན་གྱི་སྒྲུབ་བྱེད་མི་མཐུན་པའི་ཕྱོགས་སུ་གཏོང་ངོ་། །ཁོ་ཡི་གཞན་སེལ་ནི་མཐུན་པའི་སྒྲུབ་བྱེད་དུ་གཏང་ངོ་། །ཁོ་ཡི་ཕན་པའི་རྐྱེན་ལ་གནོད་པའི་རྐྱེན་གཏོང་ངོ་། །རང་རིག་པའི་ཡེ་ཤེས་དོན་དགག་སྒྲུབ་དང་བྲལ་བ་ནི། དབྱིངས་སུ་བཞག་སྟེ་བཙན་པོའི་ཡུལ་མཁར་ལྟ་བུའོ། །དེའི་ཕྱོགས་ནས་བསྒྲུབ་པའོ། །གཏན་ཚིགས་གསུམ་༼ངང་དང་རང་བཞིན་བདག་ཉིད་༽དང་། བཞིས་ཕན་པའི་རྐྱེན་བྱའོ། །གནོད་རྐྱེན་ཀྱང་དེ་རྣམས་གཏོང་ངོ་། །གཞི་སྣང་ལ་སོགས་པ་གང་ལ་རྩོད་ཀྱང་གྲོགས་དེ་རྣམས་ཀྱིས་བྱས་ལ། ངས་བཤད་པ་བཞིན་དོན་གྱི་གནད་དྲི་བ་དང་ལན་གདབ་པར་བྱའོ། །མཐུན་ན་སྒྲུབ་བྱེད་ཀྱིས་དབྱིངས་ལ་སྦྱོར། མི་མཐུན་ན་གཞན་སེལ་གྱིས་བསྐལ་ལོ། །དོན་ངེས་པར་བྱེད་པ་དང་། ཐེ་ཚོམ་དང་བྲལ་བར་བྱེད་པ་དང་། ཤེས་བྱ་གཏན་ལ་འབེབས་པས་གཏན་ཚིགས་ཞེས་བྱ་སྟེ། དེ་དང་རྗེས་སུ་མཐུན་པར་གཏོང་ངོ་། །དེས་སོམ་ཉི་ཐམས་ཅད་བྲལ་བར་འགྱུར་རོ། །ཞེས་སོ། །དེའང་རང་བྱུང་ཡེ་ཤེས་ལ་རྫོང་དང་གཞི་བཅས་ལ། ཐམས་ཅད་དེའི་ངང་ལ་གནས་པ་དང་། རྩལ་ལས་ཤར་བར་མཐའ་གཅད་དོ། །འོག་མ་རྣམས་སོ་སོའི་གྲུབ་མཐའ་ནང་འགལ་དུ་ཡོད་པས་མཐར་ཐུག་འཇོག་མི་ཤེས་པའི་ཕྱིར་འདིས་གནོད་དེ། སྤྱོད་འཇུག་ལས། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མས་འོག་མ་རྣམས་ལ་གནོད། །ཅེས་པ་ལྟར། ཐེག་པའང་གོང་མས་འོག་མ་ལ་གནོད་ཅིང་ཟིལ་གྱིས་གནོན་པ་རྒྱལ་པོས་རང་གི་མངའ་འོག་ལ་བྱ་བ་བཞིན་ནོ། །འདི་ནི་ངེས་པའོ།། །།


previousསྤྱི་དོན་ལྔ་པ། ཆོས་གཞན་ངེས་པའི་རྣམ་གྲངས།next