Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཨ༽


   
  expand section
   
ཡང་གསང་བླ་ན་མེད་པའི་རང་གནད་མགུར་དུ་བཞེངས་པ།
  expand section
   
   
   
   
  expand section
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡང་གསང་བླ་ན་མེད་པའི་རང་གནད་མགུར་དུ་བཞེངས་པ།next

ཡང་གསང་བླ་ན་མེད་པའི་རང་གནད་མགུར་དུ་བཞེངས་པ།

༄༅། །ཡང་གསང་བླ་ན་མེད་པའི་རང་གནད་མགུར་དུ་བཞེངས་པ་ཞེས་བྱ་བ་བཞུགས་སོ། །

༈ ན་མོ་གུ་རུ་བྷྱཿ རྒྱལ་སྲས་ཆོས་རྗེ་དེ་ཉིད་ཀྱིས་ལྷུན་གྲུབ་གླིང་གི་དབེན་གནས་སུ་དགུན་བཞུགས་(༡༧)མཛད་ནས་ཐོན་པའི་ཚོགས་ཀྱི་འཁོར་ལོ་ལ་རྣལ་འབྱོར་རྣམས་འདུས་ཏེ། སོ་སོས་ཉམས་ལེན་བྱས་ལུགས་གླེང་བ་ན། གོལ་ས་གཅོད་ཅིང་བོགས་འབྱིན་དང་རྩལ་སྦྱོང་བའི་གནད་འགག་གཅིག་ཏུ་དྲིལ་བ་གནད་དུ་བརྡེག་པ་ཅིག་མགུར་དུ་གསུང་བར་ཞུ་ཞུས་པ་ན། ཆོས་རྗེ་བླ་མས་ཡང་གསང་བླ་ན་མེད་པའི་རང་གནད་མགུར་དུ་བཞེངས་པ། རྒྱལ་བ་ཀུན་གྱི་ཡང་མེས་པོ། །གདོད་མའི་མགོན་པོ་ཀུན་ཏུ་བཟང་། །བླ་མ་ཡི་དམ་མཁའ་འགྲོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ངོ་བོ་ཀ་ནས་དག་པའི་དོན། །རིག་སྟོང་ཟང་ཐལ་ཆོས་ཀྱི་སྐུ། །རང་གསལ་རྗེན་པ་མ་གཏོགས་པ། །སེམས་འཛིན་བསྒོམ་པས་མི་བསླད་འཚལ། །རང་བཞིན་ལྷུན་གྱིས་གྲུབ་པའི་དོན། །རང་སྣང་འོད་གསལ་ལོངས་སྐུ་འདི། །གསལ་སྟོང་འཛིན་མེད་མ་གཏོགས་པ། །དགའ་བྲོད་ཞེན་པས་མི་འཆིང་འཚལ། །ཐུགས་རྗེ་ཀུན་ལ་ཁྱབ་པའི་དོན། །མ་འགགས་རང་ཤར་སྤྲུལ་སྐུ་འདི། །ཤར་གྲོལ་རྗེན་པ་མ་གཏོགས་པ། །སྐྱེ་འགགས་གྲངས་སུ་མི་གདབ་འཚལ། །ངོ་བོ་རང་བཞིན་ཐུགས་རྗེའི་དོན། །ངོ་སྤྲོད་ཐབས་ཆ་ཐ་དད་འདི། །དོན་ལ་དབྱིངས་གཅིག་མ་གཏོགས་པ། །ཐ་དད་གཞན་དུ་མི་བཟུང་འཚལ། །ངོ་བོ་བསྐྱང་ཡང་རང་བཞིན་དོན། །ཐུགས་རྗེ་མི་འགག་འཆར་ཚུལ་འདི། །ཟང་ཐལ་རིག་པ་མ་གཏོགས་པ། །སྟོང་ཆད་ཧད་པོར་མ་སོང་འཚལ། །རང་བཞིན་བསྐྱང་ཡང་ངོ་བོའི་དོན། །ཐུགས་རྗེ་འགག་མེད་ཤར་གྲོལ་འདི། །སྟོང་གསལ་འཛིན་མེད་མ་གཏོགས་པ། །རྟག་འཛིན་ཞེན་པར་མ་སོང་འཚལ། །ཐུགས་རྗེ་བསྐྱང་ཡང་ངོ་བོའི་དོན། །རང་བཞིན་ལྷུན་གྲུབ་རིག་གདངས་འདི། །ཡེ་སྟོང་རྩ་བྲལ་མ་གཏོགས་པ། །རྣམ་རྟོག་ཉིང་འཁྲུལ་མ་སོང་འཚལ། །ངོ་བོའི་དུས་ན་ཟང་ཐལ་དོན། །ལྷུན་གྲུབ་ཐུགས་རྗེ་རང་ཆས་འདི། །རིག་སྟོང་འཇོག་པ་མ་གཏོགས་པ། །སྣང་སེམས་སྤང་བློ་མི་བསྐྱེད་འཚལ། །རང་བཞིན་དུས་ན་འོད་གསལ་དོན། །ངོ་བོ་ཐུགས་རྗེ་རང་ཆས་འདི། །རང་གདངས་ལྟ་བ་མ་གཏོགས་པ། །སྟོང་སེམས་སྤོང་བློ་མི་བསྐྱེད་འཚལ། །ཐུགས་རྗེའི་དུས་ན་ཤར་གྲོལ་དོན། །ཟད་སར་སྐྱེལ་བ་མ་གཏོགས་པ། །སྟོང་གསལ་སྤོང་བློ་མི་བསྐྱེད་འཚལ། །ཇི་ལྟར་བསྒོམས་ཀྱང་རིག་པའི་དོན། །སྟོང་གསལ་མ་འགགས་འཆར་ཚུལ་འདི། །ཇི་བཞིན་འཇོག་པ་མ་གཏོགས་པ། །དམིགས་གཏད་ཞེན་པས་མི་འཆིང་འཚལ། །རིག་པ་ཆོས་ཟད་བློ་འདས་དོན། །གོམས་ན་རང་མལ་ཆོས་སྐུ་འདི། །ཡེ་ཐོབ་འབྲས་བུ་མ་གཏོགས་པ། །ཕྱི་དུས་རེ་དོགས་མི་བསྐྱེད་འཚལ། །ཡང་གསང་གནད་འདུས་རྡོ་རྗེའི་མགུར། །གོལ་ས་གཞི་ཐོག་གཅོད་པ་འདི། །ཆོས་ཉིད་ཡན་པ་བློ་བདེས་བླངས། །དགེ་བས་ཁམས་གསུམ་(༡༨)ཡོངས་གྲོལ་ཤོག །རྫོགས་པ་ཆེན་པོ་ཡང་གསང་བླ་ན་མེད་པ་གནད་འདུས་རྡོ་རྗེའི་མགུར། དབང་པོ་ཡང་རབ་རྣམས་ཀྱིས་རྟོགས་པར་བྱ་བའི་དོན། ལྟ་དགོངས་གཅིག་པའི་གནས་ལས་གཞན་དུ་གསང་བར་གདམས་པའི་གནད། ཐེག་པའི་རྒྱལ་པོའི་རྣལ་འབྱོར་པ་སྣ་ཚོགས་རང་གྲོལ་གྱིས་ལྷུན་གྲུབ་གླིང་གི་དབེན་གནས་སུ་གསུངས་པ་དགེའོ།། །།


previousཡང་གསང་བླ་ན་མེད་པའི་རང་གནད་མགུར་དུ་བཞེངས་པ།next