Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

1 occurrence of གཏེར་སྲུང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
པད་ནོར། བླ་མ་བཀྲ་འཕེལ་དང་རྡོར་བྲག་སྤྲུལ་སྐུ་བཅས་ནས་དྲིས་ལེན།
  
  
  
  
  
  
  
  
 


1 occurrence of གཏེར་སྲུང་
[Clear Hits]

 
previousཔད་ནོར། བླ་མ་བཀྲ་འཕེལ་དང་རྡོར་བྲག་སྤྲུལ་སྐུ་བཅས་ནས་དྲིས་ལེན།next

པད་ནོར། བླ་མ་བཀྲ་འཕེལ་དང་རྡོར་བྲག་སྤྲུལ་སྐུ་བཅས་ནས་དྲིས་ལེན།


LT36_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

པད་ནོར་ནས་དྲིས་ལེན། ལགས། དྲི་བ་འགའ་ཞིག་མཛད་པའི་ལན་ཚིག་རྒྱས་པ་ནི་ལོངས་སྐབས་མ་བྱུང་བས་དོན་མདོ་ཙམ་ཕུལ་བ། བློ་སྦྱོང་བརྒྱུད་འདེབས་སྐབས། བློས་བཏང་བ་ནི་བདག་གཅེས་འཛིན་བློས་བཏང་བ་བློ་སྦྱོང་གི་རྩ་བ་དང་། དེ་འབྱོང་ཐབས་ཀྱི་དམིགས་པའི་ཁྱད་པར། ཁེ་དང་རྒྱལ་ཁ་གཞན་ལ་སྦྱིན། གྱོང་དང་བུབ་ཁ་རང་ལ་ལེན་པ་ནི་ཟློག་སྒོམ་ལགས། དེའང་ཐོག་མེད་ནས་གོམས་པའི་རང་སྐྱིད་འདོད་ལས་ཟློག་པའི་དོན་ནོ། དོན་དམ་བྱང་སེམས་སྐབས། ཀུན་གཞི་ལ་རྣམ་གྲངས་མང་ཡང་སྐབས་འདིར་དག་པའི་ཀུན་གཞི་ངང་ངམ་རང་བཞིན་དགེ་བ། དེའང་དགེ་སྡིག་གཉིས་ཀྱི་ཟླས་ཕྱེ་བའི་དགེ་བ་ཟེར་བ་མིན་གྱི་གཤིས་ལ་གློ་བུར་གྱི་དྲི་མ་དང་མ་འབྲེལ་བས། ལུགས་སམ་ངོ་བོའི་ཚུལ་དགེ་བ། བདེ་གཤེགས་སྙིང་པོས་སེམས་ཅན་ཡོངས་ལ་ཁྱབ་ཅེས་པ་དབྱིངས་རྣམ་དག་འོད་གསལ་སྤྲོས་པའི་མཐའ་དང་བྲལ་བ་རང་ཆས་སུ་བཞུགས་པ་དེའི་ངོ་བོར་མཉམ་པར་འཇོག་པའི་དོན་ལགས། གཙང་ལ་གནས་པའི་བཙན་མང་དུ་ཡོད་པ་གཞིར་བཅས་ཀྱང་ཡོངས་གྲགས་མཚན་བཞི་དམ་ཅན་རྡོར་ལེགས་བྱེད། རྒྱུད་སྡེ་ལྔའི་བགེགས་གཟིར་སྐབས་ཐུགས་ཀའི་ཧཱུྃ་ལས་ཁྲོ་བོ་བཅུ་རིམ་བཞིན་སྤྲོ་བ་ལས་ཐོག་མར་ཧཱུྃ་རེ་སྤྲོ། དེ་ལས་ཁྲོ་བོ་བསྐྱེད་པ་ནི་འདིར་མ་གསུངས་པས་མི་དགོས། སྲུང་འཁོར་སྲུང་བ་པོའང་ཁྲོ་བཅུ་ཡིན་པ་སྲུང་འཁོར་


LT36_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཕྱི་རོལ་དུ་ཁྲོ་བཅུ་བསྒོམ། ཚོགས་ཞིང་ཕྱི་མའི་ཚོགས་བསགས་སྐབས་རང་དགྱེས་མཛད་རྡོ་རྗེ་ལས་ཐ་མལ་ལུས་གྲངས་མེད་སྤྲུལ་ནས་ཕྱག་འཚལ། མཆོད་པའི་ལྷ་མོ་སྤྲུལ་ཏེ་མཆོད་ཅིང་བསྟོད་ནས་དེ་དག་སླར་བསྡུ། བཤགས་པ་སོགས་རང་ཉིད་ཀྱིས་བྱེད་པ་ལས་བྱེད་མཁན་སྤྲོ་མི་དགོས། བསྐྱེད་ཆོག་དངོས་གཞིར་སྔགས་གཉིས་ཀྱིས་གཟུང་འཛིན་སྟོང་པར་སྦྱངས། རྟེན་དཀྱིལ་འཁོར་བསྒོམ་པའི་ཐོག་མཐའ་གང་རུང་དུ་སྔར་བསྒོམས་པའི་སྲུང་འཁོར་གསལ་འདེབས་སྐྱོར་ཙམ་ལས་གསར་དུ་ཁྲོ་བཅུ་སྤྲོ་བ་སོགས་གང་ཡང་མི་དགོས། བརྟེན་པ་ལྷའི་གཙོ་བོ་བསྐྱེད་སྐབས་དབུས་སུ་རང་སེམས་ཧཱུྃ་དང་ཨཾ་ནག་པོ། དེའི་འོག་ཏུ་མཚན་བཟང་ངོ་བོ་ཨཱ་ལི་བཅུ་དྲུག་ཚར་གཉིས་གཡོན་བསྐོར། ས་བོན་སྟེང་དུ་དཔེ་བྱད་ངོ་བོ་ཀྐ་ཁྑ་གྒ་སོགས་གསལ་བྱེད་བཞི་བཅུ་ཕྲག་གཉིས་བརྩེགས་མ་གཡས་བསྐོར་དུས་འཁོར་ལྟར་བསྒོམ་ལུགས་འདྲ། ཐམས་ཅད་རོ་གཅིག་ཏུ་འདྲེས་པ་ནི་ཡབ་ཡུམ་གྱི་ཕྱག་རྒྱ་རྡོ་རྗེ་གྲི་གུག་ཐབས་ཤེས་ཟླ་ཉི་བཅས་གཅིག་ཏུ་འདྲེས་པ་ལགས། རྒྱུ་རྡོ་རྗེ་འཛིན་པ་ཞུ་སྐབས་དུས་འཁོར་ལ་ལྷ་དགུ་རྡོ་རྗེ་བཞི་དང་བཅས་པ་ཞུ་བ་གདོད་ནས་རང་བཞིན་གྱིས་གྲུབ་པའི་ལྷ་མོ་རྣམས་ཀྱིས་གླུས་བསྐུལ་བ་དེ་ཀུན་མཁྱེན་དང་རྗེ་བཙུན་གྱི་བཞེད་པ་དམིགས་བསལ་ཡིན། རྗེ་ཆོས་འབྱུང་ཀུན་ཁྱབ་དཔོན་སློབ་ནས་དེ་ནོར་བ་འདྲ་ཞིག་གསུངས་ཀྱང་ཇོ་ནང་ཡབ་སྲས་རྒྱུད་དོན་ལ་དབང་འབྱོར་པ་ཡིན་པས་ཁོ་བོས་སྔ་མའི་རྗེས་འབྲང་མོས་པ་ཙམ་བྱེད་པ་ལས། དེ་ལས་གཞན་པའི་རྒྱུད་སྡེ་རྣམས་ལ་གཙོ་བོ་ཡབ་ཡུམ་ཞུ་བ་མ་གཏོགས་འཁོར་ཞུ་བ་ནི་མེད་པས་འདིར་ཡང་གཙོ་བོ་ཡབ་ཡུམ་ཁོ་ན་ཞུ། ཤ་བ་རི་སོགས་མཚམས་བཞིའི་ལྷ་མོས་གླུས་བསྐུལ་བ་ལགས་


LT36_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་རྡོར་འཛིན་སྐབས་རྩ་གསུམ་འཁོར་ལོ་ལྔ་དང་བཅས་པ་ཐོག་མར་སྐད་ཅིག་གི་གསལ་དགོས་པ་ནི་གཞུང་གསལ་ལྟར་ལ་ལུས་དཀྱིལ་སྐབས། སྤྱི་བོ་བདེ་ཆེན་འཁོར་ལོའི་རྩ་།།།མོས་བསྐྱེད་ཀྱི་སྟེང་དུ་གཞལ་ཡས་ཁང་དེ་ནང་གསང་འདུས་ལྷ་སོ་གཉིས་བསྒོམ་པ་སོགས་རིགས་འགྲེ། དོན་ཏུ་ལུས་དཀྱིལ་གྱི་རྟེན་བརྟེན་པ་བསྐྱེད་སྐབས་རྩ་གསུམ་འཁོར་ལོ་བཞི་བཅས་མོས་བསྐྱེད་ལས། རྣམ་པ་གསལ་བའི་དབུ་མའི་ནང་དུ་རྟེན་བརྟེན་པ་བསྒོམ་པ་དང་། རྩ་འཁོར་གཞལ་ཡས་ཀྱི་དོད་བྱས་ནས་གཙོ་བོ་དབུས་འཁོར་ལྷ་རྩ་འདབས་ལ་བསྒོམ་པ་སོགས་གང་ཡང་བྱེད་པ་མིན། དགྱེས་རྡོར་ལྷ་དགུའི་གྷསྨ་རཱིའི་མེ་ཐབ་ནི་ཧོམ་གྲུ་གསུམ་ཌོམྦི་ནཱིའི་སའི་དཀྱིལ་འཁོར་ནི་གྲུ་བཞི་སེར་པོ། མཚོ་སྐྱེས་དགྱེས་རྡོར་གྱི་ཕྱག་མཚན་ཤར་བྷ་ནི་ནམ་མཁར་འགྲོ་བའི་རི་དྭགས་མགོ་དང་ཡན་ལག་ལ་ཤ་རལ་ཡོད་པ། ཉི་མའི་ལྷ་དམར་མོ། །ཟླ་བའི་ལྷ་དཀར་པོ། ལྷ་བརྒྱད་ཀ་ཐལ་སྦྱར། གཽ་རཱིའི་ཧ་རོ་ཧི་ཏ་ཉ་དམར་པོ་ཆེ་བ། རི་ཁྲོད་མའི་གསིལ་བྱེད་འཁར་གསིལ། གཡུང་མོ་ཁ་དོག་སྣ་ཚོགས་ནི་ཕུག་རོན་སྐེ་འདྲ་བ་གསུངས་འདུག །སྐུ་ལུས་ཀྱི་ཆ་སོ་སོར་མདོག་ཐ་དད་ཚུལ་ངེས་པ་ཅན་ཀྱང་བཤད་རུང་སྔ་མས་འཐུས། གསང་འདུས་ཡུམ་རེག་བྱ་རྡོ་རྗེ་མ་ནི་ཞལ་ཕྱག་སོགས་ཡབ་དང་འདྲ་བ་ཁོ་ན་ཡིན། མ་ཧཱ་མཱ་ཡཱ་མདུན་ཞལ་སྔོ། གཡས་སེར། རྒྱབ་དམར། གཡོན་


LT36_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ལྗང་། དེས་འགྲེས་ཏེ་ཐམས་ཅད་ཞལ་བཞི་པ་ལགས། བདེ་མཆོག་ལ་བདེ་ཆེན་འཁོར་ལོ་གཙོ་བོ་དང་། མཁའ་འགྲོ་བཞིའི་གནས། ཐུགས་གསུང་སྐུའི་འཁོར་ལོ་སོ་སོར་དཔའ་བོ་ཉེར་བཞི། དམ་ཚིག་འཁོར་ལོ་སྒོ་མཚམས་མ་བརྒྱད་ཀྱི་གནས་ཏེ་དེ་དག་དེའི་བརྡ་ཁྱད་བཏགས་པ་ལ་ཐུགས་གསུང་སྐུ་མ་གཏོགས། གཞན་གཉིས་ལ་གདན་འཁོར་ལོ་བསྒོམ་དགོས་པའི་དོན་མིན་པས་བདེ་ཆེན་འཁོར་ལོ་དབུས་ཀྱི་པདྨ་འདབ་བརྒྱད། དམ་ཚིག་འཁོར་ལོ་གཞལ་ཡས་ཁང་གི་སྒོ་མཚམས་ཡིན་པར་ཤེས་དགོས། དེས་ན་དབུས་ཀྱི་ལྷ་ལྔ་བུ་མ་ཐོད་བཞི་དང་བཅས་པ་སྤྱི་ལྟར། དེ་རྒྱབ་རིམ་བཞིན་དཔའ་བོ་ཡབ་ཡུམ། སྒོ་བཞིར་སྒོ་མ་བཞི། གཞལ་ཡས་ཁང་གི་ཕྱིའི་མཚམས་བཞིར་མཚམས་མ་བཞི་བསྒོམ། མཁའ་འགྲོ་མ་བཞི། སྒོ་མ་བཞི། མཚམས་མ་བཞི་སྟེ་བཅུ་གཉིས་པོ་ཐམས་ཅད་སྐུ་མདོག་སོ་སོར་གཞུང་གསལ་ལྟར་ལ། །ཐམས་ཅད་ཕྱག་བཞི་མ། ཕྱག་མཚན་ཆས་སོགས་མཚམས་མའི་མཇུག་ཏུ་ཕྱོགས་གཅིག་བསྟན་པ་ལྟར་རོ། །འཇིགས་བྱེད་སྐབས་རོ་ལངས་བརྒྱད་བསྐོར་སོགས་ལ་གདན་ལ་རེའུ་མིག་དགུ་བྱེད་པ་ཞིག་ཀྱང་ཡོད་མོད། བཅུ་གསུམ་མའི་སྐབས་འདིར་གཞལ་ཡས་ཁང་གི་ཐོག་ཕུབ་རེའུ་མིག་དགུར་མཛད་པ་གཞུང་གསལ་ལྟར་ལགས། ཞབས་མནན་རི་སྐེག་དངོས་བོད་འདིར་མེད། ཚབ་སྐྱ་ག་ལ་བྱེད་པར་བཤད། དུར་བྱ་བཞད་ནི་བྱ་དཀར་ཤིན་ཏུ་ཆེན་པོ་གཙུག་ཕུད་འདོམ་གང་ཙམ་ཡོད་པ་དེ་ཡང་རྒྱ་གར་ལས་བོད་དུ་མེད། འཕང་མདུང་མདུང་རྩེ་གཅིག་རྐེད་པར་འཁོར་ལོ་དང་སྣེ་ཞགས་པ་བཏགས་ནས་རྒྱང་རིང་དུ་འཕེན་ལོ་ག་ཕུབ་ཟླུམ་ནི། ཕུབ་ཟླུམ་པོ་དཀྱུས་འགྲེ་


LT36_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་ཚལ་ཐོད་པའི་དུམ་བུ་ཁོ་ན་ཡིན། ཡེ་ཤེས་པ་བཅུག་སྐབས་རང་གི་ཐུགས་ཀ་ནས་གཽ་རྵི་སོགས་ལྷ་མོ་བཞི་སྤྲོས་ནས་འགུགས་གཞུག་སོགས་བྱས་ན་དམིགས་པ་རྒྱས་པར་འགྱུར། འོད་ཟེར་ཙམ་གྱིས་བྱ་བ་བྱས་ནས་སྔགས་བརྗོད་པས་ཀྱང་རུང་སྟེ་དམིགས་པ་བསྡུས་པའི་ཕྱོགས་ཡིན་པས་སོ། །འཁོར་གྱི་ལྷ་མོ་སོ་སོར་བྱས་ཀྱང་ཆོག །སྐྱེ་མཆེད་བྱིན་རླབས་སྐབས། །མཾ་ལས་གཏི་མུག་རྡོ་རྗེ་སོགས་ནི་ཕྱི་དཀྱིལ་དགྱེས་རྡོར་མཚན་ཆ་ཅན་གྱི་ལྷ་ཐམས་ཅད་ལ་གསལ་འདེབས། དཔྲལ་བར་ཨོཾ་སོགས་རྡོ་རྗེ་གསུམ་གྱི་བྱིན་རླབས་ཀྱང་དེ་དང་མཚུངས། རྡོ་རྗེ་མ་དྲུག་ལ་ནི་རྡོ་རྗེ་གསུམ་གྱི་ས་བོན་བཀོད་མི་དགོས་པ་མ་ཟད། ལུས་དཀྱིལ་ལའང་གནས་གསུམ་བྱིན་རླབས་དགོས་ན་རིགས་བདག་རྒྱས་འདེབས་ཀྱང་དགོས་པ་ལ་དེ་གཉིས་ཀ་གསལ་ཁ་བསྟན་པ་མི་འདུག་པས་ངོས་ནས་བྱེད་པ་ཡིན། རྒྱས་གདབ་དོན་བཤད་མ་ཐག་པ་ལྟར་ཕྱི་དཀྱིལ་ཁོ་ན་ལགས། ལུས་དཀྱིལ་ལ་མི་དགོས་པའི་གནད་འགའ་ཞིག་ཀྱང་ཡོད་པར་འདུག །རྡོ་རྗེ་གསུམ་ནི་དཔྲལ་མགྲིན་སྙིང་གའི་དཀྱིལ་འཁོར་རྣམས་ཀྱི་མདུན་ངོས་ཤ་ལྤགས་དང་ཉེ་བར་བསྒོམས་ན་ལེགས་པར་རྗེ་བཙུན་གྱི་རྣམ་བཤད་གཞན་རྣམས་ལས་གསལ། དེ་དག་སྐུ་མདོག་སོ་སོ་ལྟར་ཕྱག་མཚན་ཐམས་ཅད་གྲི་ཐོད་ཁ་ཊཱྭཾ་ཕྱག་རྒྱ་ལྔས་བརྒྱན་པ་ལགས། བཟླས་དམིགས་སྐབས་དགྱེས་རྡོར་ཡབ་ཡུམ་ཐུགས་སྲོག་གདན་བཅས་གསལ་འདེབས་ནས་དོ་


LT36_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ལེའི་བཟླས་པ་སྤྱི་འགྲེ་བྱ། དེའང་ཡུམ་གྱི་ཐུགས་སྦོག་ལས་སྔགས་ཕྲེང་སྤྲོས། ཞལ་ནས་ཡབ་ཞལ། ཐུགས། གསང་བ་གཉིས་ནས་ཡུམ་ཐུགས་ལ་ཐིམ་པ་གཙོ་ཆེར་དང་། ཡབ་ལས་པར་སྤྲོ་བ་སྐབས་བསྟུན་བྱེད། ལུས་དཀྱིལ་རྣམས་ལ་སོ་སོའི་ཁྱད་པར་རེ་ཡོད་འདུག་ཀྱང་སྤྱི་ཁྱབ་གཅོ་བསྡུས་ལྟར་མཛད་མཆོག་ངེས་ལགས། སྤྱི་གཏོར་སྐབས་གཞལ་ཡས་ཁང་གི་མདུན་ངོས་ཆོས་འབྱུང་སྟེང་བར་འོག་གསུམ་གཞལ་ཡས་ཀྱི་སྟེང་བར་འོག་ཐད་ཙམ་དུ་བསྒོམ། ཐོག་མར་སོ་སོའི་དབུས་ཀྱི་པདྨའི་ལྟེ་བར་རྡོ་རྗེ་གསུམ། འདབ་བརྒྱད་ལ་ཕྱོགས་སྐྱོང་རང་གཟུགས་གསལ། ཐིག་ལེར་ཞུ་རྗེས་སྟེང་ཐམས་ཅད་རྣམ་སྣང་ཁོ་ན་གཙོ་འཁོར་དགུ་སོགས་བསྒོམ། སྐྱེ་མཆེད་བྱིན་རླབས་སོགས་གསལ་འདེབས་དགོས་པ་གཞིར་བཅས་ཀྱང་ཏིང་ངེ་འཛིན་ལ་རང་དབང་མ་ཐོབ་པས་དེ་ལྟར་འབྱུང་དཀའ་བས་གཙོ་བོ་ལ་གསལ་ཅི་ཐེབས། འཁོར་རྣམས་ལ་མོས་བསྐྱེད་ལས་ཐབས་མེད་པ་ལགས། ཟིན་བྲིས་གསུང་རྒྱུན་རྣམས་རང་གཞན་ལ་མཁོ་ཆེ་བས་བརྗེད་ཐོ་བཅས་བཞག་ཡོད་ཀྱང་ཁོམས་སྐབས་མི་འདུག་པས་དེ་སྔ་ནི་མ་གྲུབ་པ་བཞེད་སྐོང་ཐུབ་བ་ཅི་ནས་སྨོན་པ་ལགས།། ༈ །།ལགས། བླ་མ་དགོངས་འདུས་བཟླས་བརྗོད་ནུས་པ་སྟོབས་འབྱིན་སྐབས། སྔགས་ནུས་དུང་ཕྱུར་དུ་འགྱུར་བ་དེ་ལྟར་དང་། རྗེས་མཐུ་ན་དགེ་སྦྱོར་འདོན་བརྗོད་རྣམས་ལ་གོ་དགོས་འདྲ། ཕྱག་དྲུག་པའི་དཔྲལ་བར་སིནྡྷཱུ་རའི་ཐིག་ལེ་འོད་ཁྱིམ་གྲུ་གསུམ་རྩེ་མོ་གྱེན་བསྟན་ལྟ་བུའི་དབུས་སུ་ཧྲཱིཿདང་མཁའ་འགྲོ་མ་རྣམས་


LT36_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་པའི་གཟུགས་སུ་གསལ་ན་བདེ། རྟ་མགྲིན་གསང་སྒྲུབ་མདུན་བསྐྱེད་ཁྱམས་ལ་ཆོས་སྐྱོང་བསྐྱེད་པ་སྤྱི་ལུགས་ཡིན་ཅིང་དེ་ལྟར་གྱི་ཚེ་སྲུང་འཁོར་བདག་མདུན་ཡི་དམ་ལ་བསྒོམ་པ་དེ་ལས་ཟུར་དུ་མི་དགོས་འོན་ཀྱང་ཡི་དམ་དཀྱིལ་འཁོར་རྒྱང་རིང་དུ་མོས་བསྒོམ་མདུན་མགོན་པོ་རྟེན་བརྟེན་པ་གསལ་བཏབ་ནའང་ལོས་ཆོག །བླ་མགོན་དབྱེར་མེད། གྲིབ་སེལ། མཁའ་འགྲོ་དབང་སྡུད་གསུམ་གྱི་བླ་མ་སྤྱི་བོའི་རིགས་བདག་མ་བསྐྱོད་པ་དེ་ཉིད་རིམ་པར་གནས་འགྱུར་དུ་གསལ་བ་ལགས། བདེ་མཆོག་ལྷ་ལྔའི་མདུན་བསྐྱེད་མཆོད་བསྟོད་སོགས་ལ་རྒྱུད་སྡེ་ལྔའི་ཚོགས་ཞིང་སྐབས་ལྟར་དང་། བདག་འཇུག་སྐབས་ཐ་མལ་གྱི་རྣམ་པར་བྱེ་བས་འཇུག་པའི་སྐོར་གྲུབ་ནས། བྱིན་འབེབས་སྐབས་ལྷར་གསལ་ནས་དབང་ལེན་པ་ཡིན། རྗེས་ཆོག་སྐབས་རང་དཀྱིལ་འཁོར་དུ་ཞུགས་པའི་བསྡུ་རིམ་མི་དགོས་ཀྱང་བདག་མདུན་ངོ་བོ་དབྱེར་མེད་དུ་ཤེས་པ་ནི་འདིའི་ཁྱད་ཆོས་སུ་སྣང་བས་ཐོག་མ་ནས་དགོས་འདུག །འཕོ་བ་སྦྱོང་སྐབས་ཀྱི་འཆར་སྒོ་དེ་རླུང་སེམས་རྩལ་འདུ་ཚུལ་ཞིག་གིས་སེམས་འཐོར་བའམ་ཡས་བ་ཟེར་བ་དེ་ཡིན་འདུག་པས་སྤྱིའི་གསལ་འདེབས་ཁྱུག་ཙམ་བྱས་ནས། བྱེ་བྲག་ཐིག་ལེ་ལྟ་བུ་ཞིག་ལ་དམིགས་བ་འཛུར་བོ་འདྲིལ་ནས་གཏད་ན་སངས་འདྲ། བླ་སྲོག་རྣམ་ཤེས་གསུམ་ལ་བཤད་པ་མང་པོ་སྣང་། བླ་ཟེར་བ་ནི་ད་ལྟའི་བླ་རྩ་འདིའི་བརྟེན་


LT36_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

པ་རང་འདྲའི་ཡིད་གཟུགས་སམ་བླ་རྟགས་གང་ཡིན་གཟུགས། ཤི་དུས་ཀྱང་ས་དམིགས་སོགས་ལ་གནས་ཤིང་མ་ཚུད་ཟེར་བ་བླ་དར་ནུད་ལས་བསོད་ནམས་སོགས་དེ་མཐུན་འགྱུར་བ་ཞིག་ཡོད་པར་བཤད། སྲོག་དང་ཚེ་གཉིས་ནི་གཅིག་པ་ཡིན་ཏེ་རྟེན་སྲོག་རྩ་དང་དབུགས་ལ་བརྟེན། སྔོན་ལས་ཀྱི་འཕེན་པ་རྫོགས་ཀྱི་བར་གནས་པའི་རྒྱུན་འདི་ཡིན། རྣམ་ཤེས་དང་ཡིད་ནི་གཅིག་པ་སྟེ་སྐྱེ་བ་ཐོག་མེད་ནས་བདག་འཛིན་གྱིས་འཁོར་བར་འཁྱམས་མཁན་འདི་ཡིན། དེ་གསུམ་ཡང་གཅིག་ལ་གཅིག་བརྟེན་པ་སྟེ། ཚེ་སྲོག་མར་ཁུ། རྣམ་ཤེས་མར་མེ། བླ་དེའི་འོད་མདངས་ལྟ་བུ་ཞིག་ལགས། ས་འོག་ས་སྟེང་གོ་སླ། ས་བླ་བར་སྣང་ཁམས་ལ་ཟེར། གནས་བརྟན་ཕྱག་མཆོད་སྤྱན་འདྲེན་ཡོད་ཀྱང་བརྟན་བཞུགས་སོགས་ལ་རྟོག་དཔྱོད་བྱེད་མཁན་མི་འདུག་པ་རྟེན་ཡོད་ན་བརྟན་བཞུགས། མེད་ན་གཤེགས་གསོལ་བཅས་ཚིག་བརྗོད་སྲོལ་མེད་རུང་དམིགས་པས་ཁྱབ་པ་དགོས་པ་གཞིར་བཅས་ལགས། ཆོས་སྐྱོང་སྐོར་ཕལ་ཆེར་ཞིག་ལ་སྒབ་འདྲེ་ཡོད་པ་ནི་ངེས་པ་ཡིན། བླ་མ་རྣམས་ལ་སྒང་འདྲེ་གསུངས་པའང་ཤཱཀ་ཐུབ་ལ་ལྷས་བྱིན་ལྟ་བུའི་ཚེ་རབས་སུ་གནོད་པར་འགྱུར་ཞིང་ལྷན་ཅིག་ཏུའང་འཚོགས་དགོས་པའི་ལོག་སྨོན་ཅན་ཇོ་ནང་པའི་སྨོན་འགྲོ་ལྟ་བུ་ཞིག་ལ་དགོངས་པར་འདུག །ཀརྨ་པ་ལ་དམ་སྲི་ལྕགས་ཕག་ནག་པོ་ཞེས་པའི་སྒབ་འདྲེ་ཞིག་ཡོད་ཚུལ་བཤད་


LT36_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། སྟག་ཤམ་གཏེར་ལུང་དུའང་སྐུ་ཕྲེང་རེ་རེར་དམ་སྲི་རེ་རེས་ཞབས་འདྲེན་ཞུ་བའི་ལུང་བསྟན་གསལ་པོར་འདུག་པས་དོན་ཏུ་ནི་ལྷ་འདྲེ་གང་ཡང་མ་གྲུབ་མོད། །རྟེན་འབྲེལ་ལས་སྣང་དུ་སོ་སོའི་སྔོན་ལས་གཟུགས་བརྙན་ཏུ་ཤར་བ་ཞིག་མེད་པའང་བསྒྲུབ་མི་ནུས་བས་ཆགས་མེད་རིན་པོ་ཆེ་ཐུགས་བདེན་འདྲ་ལགས།། ༈ །།སྐྱབས་ཆེ་བསོད་ཆོས་སྤྲུལ་སྐུ་ནས་དྲི་བར་ད་ནི་ལོ་ཟིན། འཆི་བ་ལ་ནི་ཤིན་ཏུ་ཐག་ཉེ། འཆི་ཆོས་ནི་གང་ཡང་མ་འགྲུབ་པར་ན་སོ་གཞོན་རིང་ཇི་མི་སྙམ་པར་ལུས། ཕྱིས་འདིར་དགོན་གོ་མཐུན་རྐྱེན་ལས་རློམས་པའི་དཀོར་ཉུལ་དང་ཆོས་བརྒྱད་འདུ་འཛི་ཁོ་ནས་དུས་འདས། མི་ལུས་ཐོབ་པ་ཆུད་ཟོས་ཐོན་པ་ཞེ་འགྱོད་རུང་། བསྟན་པའི་སྲི་ཞུ་ལག་རྗེས་ཐོན་ན་འགྱོད་རྒྱུ་མེད་སྙམ། བྱས་ལ་མ་བསགས་པ་འདི་ནི་རང་མགོ་རང་བསྐོར་འདུག་སྙམ་རེམ་བྱུར་ཆེ་ཚད་ལགས་ན། ས་ལམ་ལ་ཕན་ནམ་མི་ཕན་ཕན་ན་ད་དུང་ཡང་ཕོ་རུས་བྱེད་སྙམ། མ་ཕན་ན་འདོན་འབུག་ཙམ་ཨི་ཐོ་ནར་ལྟ་བ་ལས་མ་མཆིས་ཕྱིར་དེ་དོན་གསུང་གསལ་དྲིས་འདུག་པར།། ༈ །།ལགས། གཞི་ཚུལ་ཁྲིམས་རྣམ་དག་དང་། སེམས་བསྐྱེད་རང་དོན་མ་འདྲེས་པའི་སྒོ་ནས་སྤང་བ་དང་། ཀློག་པ་དང་། བྱ་བ་ལས་ཀྱི་འཁོར་ལོ་སྒྲུབ་པ་གསུམ་ཀ་སྐྱེས་བུ་དམ་པའི་སྤྱོད་པ་མཚུངས་ལྡན་རྒྱལ་བས་བསྔགས་པ་


LT36_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས། ཐུགས་བསྐྱེད་བཟང་པོས་བསྟན་པའི་སྲིད་ཞུ་ལུགས་མཐུན་བསྒྲུབས་ན་ཕུགས་ཡུལ་ས་ལམ་ཕན་པ་གཞིར་བཅས། ཞིང་བསམ་སྦྱོར་བ་རྣམ་དག་གསུམ་ཚད་ན་འཕྲལ་དུའང་ལྟར་སྣང་གི་འདོན་སྒོམ་ལས་ཆོད་ཆེ། བསྐྱེད་རྫོགས་ཚད་ལྡན་བརྩོན་འགྲུས་དྲག་པོས་འབད་པ་ནི་འདབ་ཤོག་རླབས་སུ་ཆེ་བའི་བྱ་ནམ་མཁར་འཕུར་བ་དང་། ཐོས་བསམ་བཤད་པ་དང་། བྱ་ལས་འཁོར་ལོ་རྣམས་རྟ་པ་དང་། རྐང་ཐང་འགྲོས་བཞིན་འགྲོ་ཡུལ་གཅིག་ཀྱང་ཆོད་ཆེ་ཆུང་། བར་ཆད་ཡོད་མེད་ཁྱད་པར་ཆེ། དེང་སང་ཕྱོགས་གང་དུའང་བསྟན་པ་རྣལ་མ་མེད་པ་འདི་ལ་དཔག་ན་བསྟན་པའི་བྱ་བ་ལྟར་སྣང་འདི་འདྲ་ས་སྡིག་ལས་དགེ་བའི་ཕུང་པོར་འགྱུར་དཀའ་བ་འདྲ་ཞིག་སྣང་ཡང་། བསྟན་པ་ནུབ་ཁའི་གཟུགས་བརྙན་ཙམ་ཡང་མི་ནུབ་པའི་ཐབས་ལ་འབད་ན་བསྟན་པ་རྣལ་མ་བཞུགས་དུས་ལས་ཕན་ཡོན་འགྱུར་ཁྱད་ཆེ་བ་ལུང་མང་ཞལ་མཐུན་པས། དེང་སང་སྤྱིར་ཐུབ་བསྟན་རྟགས་ཙམ་འཛིན་པ་ལ་ཐུག །སྒོས་སྒྲུབ་བརྒྱུད་ཀཾ་ཚང་གི་བསྟན་པ་ངེས་པར་ནུབ་ཏུ་ཉེ་བར་སྣང་བས་སྲིད་ཞུ་ཕྲན་བུ་རེ་བྱུང་ནའང་ཕན་ཡོན་ཆེ་སྙམ་ནས། ཁོ་བོས་ཀྱང་འདོན་སྒོམ་ཤོལ་ཡང་མར་ལུགས་རྒྱུད་སྡེ་རྣམས་ཀྱི་ཡིག་ཆ་དང་། ནང་བརྟག་རྒྱུད་གསུམ་སོགས་ཀྱི་འགྲེལ་པའི་རིགས་དབང་ལུང་གི་རྒྱུན་ཆད་དུ་ཉེ་བ་དང་། །ལུང་རྒྱུན་ཆད་ཟིན་པ་རྣམས་ལ་ཕན་རེས་དཀའ་བ་ཆེན་པོས་འབད་པ་ལགས་ཀྱང་། བདུད་དབང་བཙན། དམ་སྲི་ཐབས་མཁས། །ཆོས་ལ་དོད་གཉེར་ཆུང་བས་དཀར་ཕྱོགས་ཀྱི་བསྟན་པ་ལ་ཞབས་ཏོག་བྱས་ཚད་ཞབས་འདྲེན་ཏུ་མཐོང་བ་


LT36_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་འབྱུང་འདུག་པ་དང་། འབད་པ་ཕལ་ཆེར་ཡང་བྱ་དཀའ་རྗེས་ཆུང་ཞིག་ལ་དུས་དབང་གིས་བསམ་ཐོག་ཁེལ་བ་མི་འབྱུང་སྙམ་པ་སྣང་ལགས།། ༈ །།བླ་མ་བཀྲ་འཕེལ་དྲིས་ལེན། ལགས། དེང་སང་ངང་གཞན་ཆོས་པ་ཡིན་ཁུལ་ཕལ་ཆེར་ལྟ་སྒོམ་སྤྱོད་པ་སྣེ་གཅིག་གི་ཡང་གནད་ཚུལ་བཞིན་མ་ཟིན་པར་ཤེས་རློམ་ཧང་ཆོད་ལྟ་བུས་རང་དོན་ཕྱོགས་ཙམ་མ་གྲུབ་བཞིན་དུ་གཞན་དོན་ལྟར་སྣང་ལ་མི་ཚེ་ཟད་པ་ཤ་སྟག་ཡིན་འདུག་པས་དྲི་བ་དང་ལན་ཚུལ་ལྡན་འབྱུང་རེ་མི་སྣང་ཡང་ཉིད་ནས་དྲི་བ་དེ་རིགས་ཆོས་གནད་ཚུལ་བཞིན་གོ་བ་དང་རང་རྒྱུད་ལ་བ་རྟག་དཔྱད་ཤེས་པ་ཡིན་འདུག་པས་རྗེས་སུ་ཡི་ངང་། འདི་རིགས་གནད་དོན་ཆེའང་མཐའ་ཁྲོལ་བའི་ལན་རྒྱས་པ་ནི་ངེད་རང་དལ་སྐབས་ཅུང་ཟད་མེད་པ་མཁྱེན་མངའ་ལྟར་མ་ཟད། ད་ནི་ལོ་བབས་ཀྱིས་ཡིག་བྲིས་ཕྲན་བུ་རེ་ལའང་དཀའ་ཚེགས་ཤིན་ཏུ་ཆེ་བས་མ་ལྕོགས། མདོར་བསྡུ་ན། །ཚུལ་གནས་ཐོས་དང་བསམ་ལྡན་པས། སྒོམ་པ་ལ་ནི་རབ་ཏུ་སྦྱོར། ཅེས་གསུངས་པ་འདི་ངེས་པ་ཅན་གྱི་གོ་རིམ་ཡིན་པས་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ཕྱིན་ཆད་བསླབ་པ་ཆེ་ཆུང་གང་རུང་ངོ་ལྐོག་ཐུབ་ངེས་པའི་རྣམ་དག་ཅིག་མེད་ཐབས་མེད། དེ་མེད་ཕྱིན་ཆད་རྟོགས་ལྡན་དང་གྲུབ་ཐོབ་ཡིན་ཟེར་ཡང་རྨངས་མེད་པའི་ཁང་རུལ་དང་འདྲ་བས་ཡིད་བརྟན་མེད། དེང་སང་སྡོམ་པ་གསུམ་ཀ་


LT36_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་པ་ལ་སྲུང་སྡོམ་ཕར་ཞོག །བསྲུང་བྱའི་རྩ་བ་ཅི་ཡིན་ཙམ་ཡང་མི་ཤེས་པ་འདི་འདྲའི་རིགས་ལས་ལམ་གྱི་ཡོན་ཏན་ལྟ་ཅི། འབྲས་བུ་ཚེ་འདིར་མི་འདོད་པ་དང་ཕྱི་མར་ངན་འགྲོའི་སྐྱེ་གནས་ཐོབ་པ་གསུང་རབ་ལས་འབྱུང་བཞིན་པ་དང་། གནས་དུས་དབང་གིས་སྡོམ་གསུམ་གྱི་སྲུང་སྡོམ་ཡོངས་རྫོགས་ཉམས་སུ་མི་ལོན་ཀྱང་རྩ་བ་རྣམས་མ་ཉམས་པར་བསྲུང་ཐུབ་ན་ཐེག་པ་ཆེ་ཆུང་གི་ལམ་རིམ་ཐམས་ཅད་ཀྱི་རྩ་བ་ཚུགས་ཤིང་སྲོག་ཟིན་པ་ལགས་པས་དེ་ཁོ་ནས་ཀྱང་རིམ་པར་བྱང་ཆུབ་ཀྱི་ལམ་གོང་ནས་གོང་དུ་བགྲོད་ངེས་པར་སྣང་། བསྐྱེད་རིམ་སོགས་ཀྱི་ཐད། །ས་སྐྱ་པ་ཆེན་ཞལ་ནས། །དེས་ན་འདུལ་བའི་བསྟན་པ་ནི། །གཟུགས་བརྙན་ཙམ་ཞིག་དེང་སང་སྣང་། །རྡོ་རྗེ་ཐེག་པའི་བསྟན་པ་ནི། །གཟུགས་བརྙན་ཙམ་ཡང་མི་སྣང་ངོ། །ཞེས་དུས་དེ་ཙམ་ནས་ཐུགས་ཆད་པའི་གསུང་དེ་ཙམ་བྱོན་ན་དེང་སང་ནི་དེ་ལས་ཀྱང་བརྒྱ་སྟོང་འགྱུར་གྱིས་ཇེ་ཞན་ཏུ་སོང་བས། ཐོག་མར་བླ་མ་མཚན་ལྡན་མི་ཚལ་བར་གྲགས་རྗེས་རྒྱུག །དབང་བསྐུར་རྫས་དང་ཚིག་ཙམ་ལ་བྱེད་པས་རྒྱུད་སྨིན་པའི་རེ་བ་ཟད། དཀྱིལ་འཁོར་དུ་ཞུགས་རྗེས་དམ་ཚིག་སྲུང་ངོ་མི་ཤེས་ཤིང་རྩ་བ་ཙམ་ཡང་རས་སུ་བོར། བསྐྱེད་རྫོགས་ཀྱི་སྒོམ་པ་ཡིན་ལོ་ཁོ་ན་ལས་ཐོག་མར་རྩ་བ་ཚུགས་པ་ཙམ་ཡང་ཇི་བཞིན་མི་བྱེད། མྱོང་བ་སྣེ་གཅིག་གི་སྣ་མ་ཟིན་པར་གྲུབ་རྟགས་ཀྱི་སྐད་ཆ་


LT36_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་མཁན་མང་། ཕྲིན་ལས་རྩོམ་ཚད་གསང་སྔགས་ཁོ་ན་ཡིན་པ་ལ་མི་ནག་པའི་ཁྱིམ་ལ་བོན་ཏུ་གྱེར་ཅིང་ཐན་མཆོད་གཏོར་ཡིད་ཚིམ་པ་ཙམ་ཡང་མི་བྱེད། ཐམས་ཅད་ལ་བྱང་ཆུབ་སེམས་བསྐྱེད་ནི་ཐོག་མའི་ཚིག་ཙམ་ལས་རང་དོན་མ་གྲུབ་བཞིན་ཏུ་གཞན་དོན་ཉི་ཚེ་འགྲུབ་ཏུ་རེ་བའི་བློ་གཏད་ལོག་པར་གོལ། དེས་ན་གསང་སྔགས་ལོག་པར་སྒྲུབ་ཟེར་བའི་དུས་ལ་བབ་བར་སྣང་བས་མཁའ་འགྲོ་ཆོས་སྐྱོང་འཁྲུགས་ཤིང་རྒྱལ་ཁམས་སུའང་མེ་རུང་བའི་ལྟས་ཀྱིས་གང་། བསྙེན་སྒྲུབ་ཕྲིན་ལས་བྱས་ཚད་ལ་ནུས་པ་ཚུལ་བཞིན་མི་འབྱིན་པ་ནི་འདམ་གྱི་རྫིང་ནས་འབབ་པའི་ཆུས་བཏུང་བའི་གོ་མི་ཆོད་པ་ལྟར་སྣང་བས་མང་དུ་སྨོས་མ་དགོས། འདི་འདྲའི་རིགས་ལ་ནི་ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་བསླབ་བྱ་བློ་སྦྱོང་སོགས་གནད་དུ་འགྲོ་བ་བྱུང་ན་སྨོས་མ་དགོས། སོ་ཐར་ལུས་ངག་གི་སྡོམ་པ་ཙམ་གཙང་མ་སྲུང་ན་ཁེ་ཆེ་ལ་ཉེན་ཆུང་བ་དེ་ཀས་དགའ་བར་སྣང་། འོན་ཀྱང་གསང་སྔགས་ཀྱི་དམ་ཚིག་རྩ་བ་ཙམ་སྲུང་ཞིང་ལྷ་སྔགས་ལ་ཐེ་ཚོམ་མེད་ན་དེ་ཁོ་ནས་ཀྱང་སྐྱེ་བ་བཅུ་དྲུག་ལས་མི་འགྱང་བར་དངོས་གྲུབ་ཐོབ་པར་བཤད་པས་ཐུན་མོངས་ཐེག་པར་ཡུན་རིང་པོ་སྦྱངས་པ་ལས་ནི་འབྲས་བུ་ལ་ཆེས་མྱུར་བ་སྔགས་ཀྱི་ཁྱད་ཆོས་སུ་འདུག །བླ་སློབ་མཚན་ལྡན་འཕྲོད། བསྟེན་ཚུལ་དང་དབང་བསྐུར་ཚད་ལྡན་གྱིས་སྨིན་ནས་དམ་ཚིག་མ་ཉམས་པ་ཞིག་ཡིན་ན་ཤེས་རབ་དང་བརྩོན་འགྲུས་དམན་ཀྱང་


LT36_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

མོས་སྒོམ་ཙམ་གྱི་རྒྱུན་མདོར་ན་སྐྱེ་བ་བདུན་ལས་མི་འགྱངས་པར་མཆོག་གི་འབྲས་བུ་འགྲུབ་པར་ངེས་པས་ཐུན་མོང་གི་ཆོས་རྣམས་ལས་དགོས་པ་ཕན་ཡོན་དུ་མས་ཁྱད་པར་འཕགས། བསྐྱེད་རིམ་ཚད་ལྡན་བྱེད་ན་ཐོག་མར་ལྷ་དཔའ་བོ་གཅིག་པ་དང་དེའང་སྤྱན་རས་ལྟ་བུ་རེ་རེ་ནས་གསལ་སྣང་བསྒྲུབ། དེ་གྲུབ་ནས་ང་རྒྱལ་འཛིན་པ་དང་དག་དྲན་རྣམས་ཀྱང་རེ་རེ་བཞིན་གོམས་ངེས་པ་བྱ། སྔ་མ་ལ་བརྟན་པ་ཐོབ་ནས་འཁོར། གཞལ་ཡས་ཁང་། ལུས་ལྷ་སོགས་རིམ་པར་བསླབ་པ་ནི་དཔེར་ན། བྲིས་སྦྱང་བའི་དང་པོ་ཡི་གེ་ཀ་ལྟ་བུ་ནས་འབྲི་དབུ་བཙུགས་ཏེ་རིམ་ཅན་ཏུ་ལོབས་ན་མཐར་གོ་ཆོད་པའི་བྲིས་མཁན་ཏུ་འབྱུང་བ་ལྟར་འདུག་ནའང་། དེང་དུས་ཤིན་ཏུ་སླ་བའི་བསྐྱེད་རིམ་ཙམ་ལའང་རྐང་ཐུབ་སྦྱོང་ནུས་མཁན་དཀོན། དེས་ན་ཐུན་མོང་གི་ཕྲིན་ལས་ཙམ་ཡང་ཚུལ་བཞིན་གྲུབ་པ་མ་མཐོང་། ཕྲིན་ལས་བཤར་འདོན་སྐབས་ལམ་ཙམ་གསལ་འདེབས་ཁུལ་བྱེད་རུང་གསལ་སྣང་དང་ང་རྒྱལ་རྒྱུན་མི་བརྟན་པས་དམིགས་པ་ཕྱི་མའི་སྐབས་སྔ་མ་བརྗེད་འགྲོ་བ་འདི་གྲས་ཀྱིས་བསྐྱེད་རིམ་གྱི་གོ་ཆོད་པར་མི་འདུག །འོན་ཀྱང་སྔགས་ཀྱི་ལྷའི་བསྒོམ་བཟླས་བྱེད་ཕྱིན་ཆད་རབ་བསྐྱེད་རྫོགས་ཟུང་འཇུག །ཐ་ནའང་ལྷའི་གསལ་སྣང་ཞིག་མེད་ཐབས་མེད་པས། ཐོག་མར་ཚིག་དོན་རེ་རེ་བཞིན་མ་ཡེངས་པའི་གསལ་འདེབས་ཟ་མ་པར་གདུང་གཅིག་


LT36_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

མའི་སྟོད་ན་འགྲོ་བ་ལྟ་བུར་བྱས་ཏེ། བཟླས་པ་སོགས་ཀྱི་སྐབས་སུ་ཡི་དམ་གྱི་ང་རྒྱལ་བརྟན་པོས་ལྷ་སྐུའི་རྣམ་པ་གསལ་སྟོང་འཛིན་མེད་དེ་ལ་གཙོ་བོར་སེམས་བཟུང་སྟེ་ཡེངས་འཁྲུལ་དུ་མ་སོང་བ་ཞིག་བྱས་ན་སྒྲིབ་པ་བྱང་ཞིང་ཏིང་ངེ་འཛིན་རིམ་གྱིས་སྐྱེ་བས་དེ་ཀས་དོན་གྲུབ་པར་འདུག །རྫོགས་རིམ་མཚན་བཅས་ཀྱི་ཉམས་ལེན་རིགས་འདི་སྤྱིར་ཡང་རྟེན་དང་རྩ་ཁམས་བཟང་བ། བརྩོན་འགྲུས་མི་ཆུང་ཞིང་ལས་འཕྲོ་སྐལ་པ་ཅུང་ཟད་ཡོད་པ་ཞིག་ལས་ཕལ་མོ་ཆེས་ཅི་བྱས་ཅི་ཡང་མེད་པ་ཞིག་ལས་འོང་བ་མ་མཐོང་། མཆོག་དམན་ཀུན་ལ་ཅུང་ཟད་རེ་གོ་ཆོད་པ་ནི་མཚན་མེད་ཕྱག་རྫོགས་སྒོམ་པ་འདི་དྲག་པ་ལྟར་སྣང་མོད། །རྗེ་དབོན་ཀརྨས། སྤྱིར་དེང་སང་སྒོམ་བྱེད་པ་ནི་ཤིན་ཏུ་མང་མོད། སྒོམ་འདིའང་དད་པས་ཀུན་ནས་བསླངས་བ་མེད་ན་དགེ་བ་ཙམ་དུའང་མི་འགྲོ་བ་དང་། བདག་མེད་རྟོགས་ཤིང་འཁོར་གསུམ་མི་རྟོག་པའི་ཤེས་རབ་མེད་ན་ཐར་ལམ་དུའང་གཏན་མི་འགྲོ་བར་བཤད་པའང་ཤེས་དགོས་སོ། །ཞེས་གསུངས་པ་ལྟར་གནད་དུ་མི་འགྲོ་བའི་སྒོམ་ལོ་ཕལ་ཆེར་ལུག་ངག་གི་དགེ་བ་གཅོག་པའི་རྐྱེན་དུ་འདུག་ནའང་། སྟོང་པ་ཉིད་ལ་ཕྱོགས་ཙམ་མོས་པའི་ཕན་ཡོན་ཀྱང་མཐའ་ཡས་པར་གསུངས་པས་སྤྲོས་བྲལ་ལ་མཉམ་པར་བཞག་པའི་ཕྱོགས་འདི་ཤིན་ཏུ་ཟབ། ཕྱག་ཆེན་དངོས་སྔགས་ཀྱི་བདེ་སྟོང་ཟུང་འཇུག་ཡིན་མོད་ཀྱང་དེང་སྐབས་དབང་པོར་


LT36_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

འཚམས་པའི་ཁྲིད་ཚུལ་ཡིད་ལ་མི་བྱེད་པའི་རིགས་མང་དུ་འབྱུང་བའི་ནང་ནས་མཉམ་མེད་དྭགས་པོ་རིན་པོ་ཆེའི་ལུགས་ཀྱི་ལྷན་ཅིག་སྐྱེས་སྦྱོར་ལྟར་ནའང་སྒོམ་གྱི་མགོ་རྐང་ཚང་དགོས་པ་གཞིར་བྱས། ཞི་གནས་ལེགས་པ་ཞིག་གིས་རྩ་བ་མ་ཚུགས་ན། ཐོག་མ་ནས་ངོ་བོ་སྐྱོང་བ་ཡིན་ཟེར་ནས་རྣམ་རྟོག་རྐྱང་འདེད་སོགས་རྐྱེན་མི་ཐེག་པའི་སེམས་ངོ་བློས་བྱས་དེས་གོ་མི་ཆོད་པས་སེམས་འཛིན་གཞུང་མཐུན་ལ་སྙིང་རུས་བསྐྱེད་དགོས། འདི་སྐབས་ཡུན་ཐུང་ལ་གྲངས་མང་བ། གྲིམས་ལྷོད་རན་པ། བྱིང་རྒོད་ཀྱི་དབང་དུ་མི་བཏང་བ་སོགས་སྐྱོང་མཁས་པོ་ཞིག་མ་བྱུང་ན་གནས་པ་སྣེ་ཟིན་ཙམ་སྐྱེས་རྟིང་ཐ་མལ་དུ་ལྡོག་པ་མང་འདུག །ལར་གཡེང་བ་དང་འདྲེས་པའི་སྒོམ་ཟོལ་འདིས་ཞི་གནས་བརྟན་པོ་ནམ་ཡང་མི་འབྱུང་བས། ཡེངས་མ་ཡེངས་ཚོར་ཅིང་དྲན་ཤེས་བརྟེན་བདེ་བ་བྱུང་བའི་སྐབས་ནས། ད་ལྟའི་ཤེས་པ་སྐད་ཅིག་མ་སོ་མ་ལ་བཅོས་བསླད་མེད་པར་བསྐྱང་བཟང་ངན་གྱི་རྟོག་པ་ཇི་ལྟར་བྱུང་ཡང་བཟོ་མེད་རང་ངོ་ཤེས་ཙམ་གྱི་ངང་དུ་བཞག །ཡེངས་ན་སེམས་མི་བདེ་བ་མ་ཡེངས་ན་བདེ་བའི་དགའ་སྡུག་དང་། ཡིན་ཏུ་རེ་ཞིང་མིན་པར་དོགས་པའི་རེ་དོགས་མི་བྱ་བར་རྟག་ཏུ་དྲན་པས་ཟིན་ཅིང་། ཧ་ཅང་འཇུར་པོ་མིན་པར་ཁང་ལྷོད་དེ་བའི་ངང་ལ་བཞག །རྣམ་རྟོག་རགས་པ་ཐམས་ཅད་ཤར་ཤར་དུ་ངོས་ཟིན། ངོ་ཤེས། རང་གྲོལ་ལ་བརྟན་པ་


LT36_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པར་བྱ། རྟོག་པ་ཕྲ་མོ་ངོས་མི་ཟིན་པ་དེ་སེམས་ཀྱི་རྙོགས་མ་གཏིང་ནས་སློང་བ་ཡིན་པས་ངོ་ཤེས་པ་ཙམ་གྱིས་རིམ་པར་དྭངས་འགྲོ། ཞི་ལྷག་སོགས་སྒོམ་པ་གང་གི་དུས་སུའང་དྲན་ཤེས་ཁོ་ན་གལ་ཆེ་བས་མཉམ་བཞག་ཏུ་མ་ཟད་ཐུན་མཚམས་ཐམས་ཅད་དུ་ཐ་མལ་དུ་མ་ལུས་པ་གལ་ཆེ། ལུས་གནད་ཕྱག་ཆེན་སྐྱབས་སུ་རྣམ་སྣང་ཆོས་བདུན་གཙོ་ཆེ་བར་བཤད། དེ་གྲས་གཅིག་ལག་གཉིས་མཉམ་བཞག་རྒྱ་ལྟེ་འོག་ཏུ་བཞག་པ་དེ་ཡིན། ཁུ་ཚུར་བརླ་བཞག་ནཱ་རོ་ལུགས་ཀྱི་གཏུམ་མོའི་སྐབས་བྱེད། འདི་རིགས་མ་འཆོལ་ན་ལེགས་ཀྱང་དེ་ནས་ཐོག་མ་ནས་ཁུ་ཚུར་བརླ་བཞག་བྱེད་པ་དེ་ཆོས་དྲུག་སྐབས་ལ་བྱང་ཁྱད་ཡིན་འདྲ། ལར་དགོས་པ་ཕྱོགས་མཚུངས་པས་འགལ་འདུ་མི་སྣང་སྤྱིར་སྦྱོང་བ་གང་བྱེད་ཀྱང་རང་རང་གི་གཞུང་དང་མན་ངག་ཚད་ལྡན་ནས་བཤད་པ་དེ་ཀ་མ་ནོར་བ་བྱེད་ནས། དང་པོའི་དམིགས་རྐང་ནས་ཉམས་མྱོང་རིམ་གྱིས་སྐྱེས་པ་ཞིག་མ་བྱུང་ན། རྩེ་བཏོགས། རྐེད་འཇུས། ཧར་མཆོངས་རིགས་ཀྱིས་ཉམས་ལེན་དེ་རྒྱུད་ལ་འབྱོར་བའི་དུས་ཚོད་མི་འབྱུང་བས་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་འདི་ལའང་སྔོན་འགྲོ་རྣམས་རྒྱུད་ལ་སྦྱོར་པ་གཞིར་བཞག །དངོས་གཞི་གཞུང་འདི་ནས་གསུངས་པ་ལྟར་ཞི་གནས་ཉམས་གསུམ་པ་ཙམ་སྐྱེས་པ་ཞིག་མ་ཐོན་ཐབས་མེད་དུ་སྣང་། དེ་ཐོག་སེམས་ཚོལ་གྱི་


LT36_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱད་པ་ཕྱིན་ཆད་ཐེ་ཚོམ་མི་འབྱུང་བའི་བློ་ཐག་ཆོད་ངེས་ཞིག་བྱས་ནས་ལྷག་མཐོང་རང་ངོ་བསྐྱང་བ་ཁོ་ན་ལ་དྲིལ། སྔར་གྱི་སྒོམ་ཆེན་རྣམས་ཀྱིས་གཡེང་བ་སྤངས་ནས་ཞི་གནས་ཁོ་ན་ལམ་མཐའ་ཡང་ལོ་གསུམ་རེ་ཙམ་བསྒོམ། དེ་ཀས་མངོན་ཤེས་སོགས་ཀྱི་ཡོན་ཏན་རྒྱ་ཆེར་སྐྱེས། ཕྱིས་རྟོགས་པ་བརྟན་པོ་བྱུང་བར་སྣང་བས་དེང་སང་གཡེང་བ་དང་བསྲེས་ནས་ཡུད་ཙམ་རེ་སྒོམ་ཁུལ་བྱེད་པ་འདིས་ཉམས་མྱོང་གྲུལ་ཐུབ་ག་ལ་སྐྱེ། །འོན་ཀྱང་མཉམ་རྗེས་ཀུན་ཏུ་དྲན་པ་ཡེངས་མེད་ཀྱི་བརྩོན་འགྲུས་རྒྱུན་སྐྱོང་ནུས་ན་གཡེང་བས་ཀྱང་མི་ལྟོ་སྟེ། གོང་མ་རྣམས་ཀྱིས། སེམས་རྣམ་རྟོག་གིས་དབེན་ན་ལུས་ཚོང་དུས་ན་འདུག་ཀྱང་མི་ལྟོ་གསུངས། ད་ལྟ་སྤྲོས་མེད་ཁོ་ན་ལ་དྲིལ་ནུས་མཁན་དང་དེས་གོ་ཆོད་པའང་དཀོན་འདུག་པས་ན། རང་གི་སེམས་ལ་ཕན་པ་ཞིག་ཅི་དྲག་བྱེད་པ་ལས་ཕྱོགས་གཅིག་ཁོ་ནར་མི་ཞེན་ཅིང་ཟོམ་ཟོམ་དང་སྤོམ་འཇོག་ངང་དུ་མི་བཞག་པ་དེ་ཆོས་སྙིང་ནས་དྲན་པའི་རྟགས་ཡིན་ཅིང་དེ་འདྲས་ཉམས་ལེན་རྡོ་རུས་འགྲོ་དང་འོང་། སྤྱིར་མཉམ་བཞག་ལ་སྤྲོས་མེད་གཅོར་བཏོན། རྗེས་ཐོབ་ལ་སྤྲོས་བཅས་ལམ་དུ་ཁྱེར་ནས་གཅིག་བོགས་གཅིག་གིས་བཏོན་པའི་ཕྱག་ལེན་འདི་ཟབ་གནད་ཆེ་བས་དེ་ལྟར་རམ། ཡང་ན་སྐབས་རེར་སེམས་ངོ་ཁོ་ན་ལ་མཉམ་པར་བཞག །སྐབས་རེར་བསྐྱེད་བཟླས་དང་བསྲེ། །སྐབས་རེར་བློ་སྦྱོང་ཕུར་ཚུགས་བསྒོམ། དེ་ཐམས་


LT36_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལའང་མི་རྟག །མོས་གུས། སྒྱུ་མའི་འདུན་པ་གང་ཡང་རུང་བ་ཞིག་དང་མ་བྲལ་བ་བྱེད་ཐུབ་པ་བྱུང་ན་རང་རྒྱུད་ལ་ཕན་ངེས་པའི་ཉམས་ལེན་ལགས། གསང་སྔགས་སྤྱིར་བླ་མའི་ཟབ་ལམ་ལ་བརྟེན། སྒོས་དྭགས་པོ་བཀའ་བརྒྱུད་མོས་གུས་ཀྱི་བཀའ་བབས་སུ་གྲགས་པ་ལྟར་བརྒྱུད་པ་རྣམས་ལམ་དེ་ཀས་གྲོལ་བ་ཡིན་པར་འདུག་ནའང་ཕྲན་ལྟ་བུའི་སོ་སྐྱེ་ཐ་མལ་པ་ནི་ཚིག་བརྒྱུད་ལ་སོལ་མེད་པ་ཙམ་ལས་དོན་བརྒྱུད་བྱིན་རླབས་འཕོ་བའི་ཁུངས་སུ་མ་གྱུར་གཤིས། མཉམ་མེད་དྭགས་པོ་རིན་པོ་ཆེ་ལྟ་བུ་དང་རྩ་བའི་བླ་མ་དབྱེར་མེད་དུ་བྱས་ནས་གསོལ་བ་བཏབ་ན་སྐྱོན་ཆུང་ཞིང་ཡོན་ཏན་སྐྱེད་པ་སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱི་གསུང་ལྟར་ལགས། སྒོམ་ཐག་ལ་བཤད་པ་དང་ལག་ལེན་འདྲ་མིན་འགའ་ཞིག་སྣང་བ་ལའང་མན་ངག་གི་ཁུངས་འདྲའང་ཡོད་པར་འདུག་མོད་འཕྲལ་གྱི་རྟེན་འབྲེལ་ཙམ་ལས་དེ་ལྟར་མ་འཛོམ་ན་སྒོམ་ཐབས་མེད་པ་མིན་ཅིང་། འདི་རིགས་ཕལ་ཆེར་ཕྱིས་ནས་ཆོས་བརྒྱད་ཀྱིས་ལག་ཆར་སྒྲུབ་པའང་མང་འདུག་པས་གང་འཛོམ་གྱིས་ཆོག་འདྲ། འཕོ་བ་ཚད་ལྡན་ཐེབས་ངེས་པ་བྱུང་ན་གང་ཟག་དེང་ན་སོང་དུ་སྐྱེ་བའི་ལས་ཅན་ཡིན་ཀྱང་གསང་སྔགས་ཐབས་ཀྱི་ཆེ་བས་སྐྱེ་བ་དེར་ངན་སོང་གི་སྒོ་བཀག་ཅིང་མཐོ་རིས་ལྷ་མིའི་ལུས་ཐོབ། རྟེན་དེར་ལས་འཕྲོ་དཀར་པོ་ལ་ཞུགས་པས་སྒྲིབ་པ་རིམ་གྱིས་བྱང་སྟེ་ལམ་སྣ་ཟིན་པར་


LT36_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

བཞེད་པ་འདི་ཁུང་ཐུབ་ཡིན་འདུག་ཀྱང་། ཕྱི་ནང་གསང་རྟགས་མཚུངས་ངེས་པའི་འཕོ་བ་ཚད་ལྡན་ཐེབས་པའང་ཕལ་ཆེར་ལ་མི་འབྱུང་ངམ་སྙམ་པ་སྣང་ཞིང་། འཕོ་བའི་ལམ་གྱིས་གྲོལ་བར་འགྱུར། ཅེས་པའི་ཚིག་ལ་འཁྲུལ་ནས་འགའ་ཞིག་གིས་གྲོལ་ཟེར་བ་དེ་སངས་རྒྱས་ཐོབ་པ་ལྟ་བུ་ཞིག་ལ་གོ་བ་འདུག་མོད། སངས་རྒྱས་ལྟ་ཞོག །ཉམས་ལེན་མེད་པའི་ཐ་མལ་པ་ནི་དག་ཞིང་དང་མཁའ་སྤྱོད་ཙམ་ལའང་རེ་བ་མི་འདུག་མོད། གྲོལ་བ་ཞེས་པའི་སྒྲ་འཇུག་སྒོ་ཡངས་པས་འདིར་གནས་སྐབས་ངན་སོང་གི་སྡུག་བསྔལ་ལས་གྲོལ་བ་ལའང་གོ་དགོས་པར་སྣང་། བདེ་བ་ཅན་ཏུ་སྨོན་ལམ་བཏབ་ཚད་སྐྱེ་མི་སྐྱེའི་ཐད་རྒྱ་གཞུང་ཁུངས་གསལ་མ་མཐོང་། བོད་ཀྱི་གང་ཟག་མ་གཅིག་ལབ་སྒྲོན་དང་། ཀུན་མཁྱེན་དོལ་པོ། ཕྱིས་ཀརྨ་ཆགས་མེད་སོགས་ཀྱིས་སྐྱེ་ངེས་པའི་ཐུགས་ཐག་བཅད། ཁྱད་པར་དོལ་པོ་སངས་རྒྱས་ཀྱིས་ལུང་རིག་གི་སྒྲུབ་བྱེད་ཞལ་གདམས་བཅས་ཆེ་ཐང་དུ་གསུང་མོད། དེར་སྐྱེ་བའི་རྒྱུ་དགེ་རྩ་སྔོན་སོང་དང་ཁྱད་པར་འོད་དཔག་མེད་དང་ཞིང་གི་བཀོད་པ་རྩེ་གཅིག་ཏུ་ཡིད་ལ་བྱེད་ཅིང་སྨོན་ལམ་བར་མ་ཆད་དུ་བཏབ་པ་ཞིག་དགོས་པ་ནི་རྩ་བའི་དགོངས་དོན་ཏུ་སྣང་ལ། ཉོན་མོངས་མ་སྤངས་པའི་སོ་སྐྱེ་དག་པའི་ཞིང་དུ་སྐྱེ་བའི་སྐལ་བ་མེད་ཀྱང་སྔ་མ་དེ་དག་གིས་བར་དོར་འོད་དཔག་མེད་ཞལ་མཇལ་ཞིང་དེ་མ་ཐག་ཉོན་སྒྲིབ་སྤངས་ནས་ཞིང་ཁམས་སུ་སྐྱེ་ངེས་པ་བཞེད་གདའ། ཀུན་མཁྱེན་


LT36_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཁྱེན་དྷརྨཱ་ཀ་རས་དྲིས་ལན་ཏུ་དེང་སང་གི་གང་ཟག་སྨོན་ལམ་འདེབས་པ་ཁོ་ནའང་ཚིག་ཙམ་དུ་འགྱུར་བ་སོགས་ལ་དགོངས་ནས་སྐྱེ་དཀའ་བར་གསུངས་པ་དེའང་ཐུགས་བདེན་པར་སྣང་སྟེ། མདོ་ལས་ཀྱང་ཞིང་གི་སྨོན་ལམ་འགྲུབ་བའི་རྒྱུ་ཚོགས་སེམས་བསྐྱེད་དུ་འགྱུར་བ་བཅུ་ཚང་དགོས་པར་གསུངས་པས་དེ་ཚང་མཁན་དཀོན་པ་དང་། སངས་རྒྱས་ཀྱིས་ཞིང་འདི་ནས་བདེ་བ་ཅན་ཏུ་འགྲོ་བའི་གང་ཟག་ཉུང་ངུ་ཙམ་ལས་ལུང་མ་བསྟན་པས་སོ་སྙམ། འོན་ཀྱང་གཏེར་རྙིང་ཁུངས་ཐུབ་རྣམས་སུ་ཡིག་དྲུག་དུང་ཕྱུར་བཟླས་པས་བདེ་བ་ཅན་དུ་འགྲོ་བར་གསུངས་པ་སོགས་མདོའི་དགོངས་པ་དང་འབྲེལ་ཞིང་། ཨོ་རྒྱན་སངས་རྒྱས་གཉིས་པའི་རྡོ་རྗེའི་གསུང་དུ་ངེས་པས་དགེ་རྩ་བཟང་པོ་དང་ལྡན་པ་ཞིག་གིས་ཐེ་ཚོམ་མེད་པའི་སྨོན་ལམ་བཏབ་ན་འགྲུབ་ངེས་པ་རིགས་པས་ཀྱང་གྲུབ། སྤྱིར་སངས་རྒྱས་འོད་དཔག་མེད་ཞིང་སྦྱོང་གི་སྨོན་ལམ་ཐམས་ཅད་ཡོང་སུ་གྲུབ་པའི་མཐུས། ཐེ་ཚོམ་མེད་པའི་དད་མོས་བརྟན་པོས་སྨོན་ལམ་བཏབ་ན་ནམ་ཞིག་ཞིང་དེར་སྐྱེ་བའི་རིངས་རྒྱུ་ནི་ངེས་པར་འགྱུར་བ་ལགས། འོག་མིན་ཆེན་པོ་སངས་རྒྱས་ལོངས་སྤྱོད་རྫོགས་པ་སྐུ་སྤྱིའི་ཞིང་དུ་གྲགས་པ་སྟེ་དེ་ནི་སྤངས་རྟོགས་མཐར་ཕྱིན་ཅིང་ས་ལམ་ཡོངས་སུ་རྫོགས་པའི་སྟོབས་ལས་བྱུང་བའི་སངས་རྒྱས་རང་སྣང་གི་ཞིང་ཁམས་ཡིན་པས་ཐ་དད་ཡོད་པར་མ་བཤད། སངས་རྒྱས་སོ་སོའི་སྔོན་གྱི་ཐུགས་བསྐྱེད་


LT36_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཐུན་པའི་ཞིང་ཡོངས་སུ་སྦྱོང་བ་ནི་སྤྲུལ་པའི་སྐུ་ཕྱོགས་གཅིག་གི་གདུལ་བྱ་འདུལ་བའི་ཡུལ། འོད་དཔག་མེད་ཀྱི་བདེ་བ་ཅན་དང་བདག་ཅག་གི་སྟོན་པའི་འདུལ་ཞིང་མི་མཇེད་འཇིག་རྟེན་གྱི་ཁམས་ལྟ་བུ་ལ་བཟུང་དགོས་པར་འདུག །ལྟ་བའི་ཐད་བོད་ཀྱི་མཁས་པ་རྣམས་ཀྱི་བཞེད་པ་མང་ཡང་ཕལ་མོ་ཆེས་དབུ་མ་དང་གསང་སྔགས་གཉིས་ཀ་ཡུལ་སྟོང་ཉིད་སྤྲོས་བྲལ་གྱི་ངོ་བོར་གཅིག་པ་ཙམ་ལ་དགོངས་ནས་དབུ་མ་ལས་ལྷག་པའི་ལྟ་བ་མེད་ཅིང་ཡུལ་ཅན་ག་རྟན་ལ་འབེབས་པའི་ཐབས་གསང་སྔགས་ཀྱིས་ཟབ་པས་རྟོགས་ཚུལ་ཁྱད་པར་ཡོད་པར་བཤད་པ་འདི་བརྗོད་ཚུལ་ལེགས་པས་རྩོད་པའི་སྐབས་མི་ཕྱེད་པ་ལ་བརླིང་བར་སྣང་། །དོན་ཏུ་ལུང་རིག་གིས་དཔྱད་པའི་བློ་གྲོས་ཀྱིས་ལྟ་བ་གཏན་ལ་ཕེབས་པར་བྱས་ཕྱིན་ཆད་བློའི་ཡུལ་ལས་མ་འདས་པས་སྔགས་ཀྱི་རྣམ་ཀུན་མཆོག་ལྡན་ལྟ་ཅི་སྨོས། མདོ་ལུགས་ཐུན་མོང་བའི་ཤེར་ཕྱིན་ལའང་ཇི་བཞིན་པར་མི་རིག་པ་སྡུད་པ་སོགས་གསུང་རབ་དང་། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། ཅེས་སློབ་དཔོན་མཁས་པའི་ལུང་རྣམས་ཀྱིས་དཔང་པོར་བྱས། དེར་མ་ཟད་སྒོམ་པ་ཕྱག་རྫོགས་ལྟ་བུའི་སྐབས་སུའང་བློ་དང་མ་བྲལ་ཕྱིན་ཇི་ཙམ་རྟོགས་པ་མཐོ་བར་རློམས་ཀྱང་གནས་ལུགས་མངོན་སུམ་གྱི་དོན་རྟོགས་པ་མ་ཡིན་ཏེ། །ཇི་སྲིད་ཚིག་གིས་བརྗོད་པ་དེ་སྲིད་དུ། །ཇི་ཙམ་ལེགས་པར་གོ་ཡང་


LT36_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལུགས་མིན། །ཇི་སྲིད་བློ་ཡིས་སྒོམ་པ་དེ་སྲིད་དུ། །ཇི་ཙམ་ཟབ་པར་རྟོགས་ཀྱང་གནས་ལུགས་མིན། ཅེས་སོ། དེས་ན་མཐར་ཐུག་གི་ལྟ་བ་གདོད་མའི་གཤིས་ལུགས་ཆོས་ཀྱི་དབྱིངས་དེ་ནི་ཐུན་མོངས་ལྟར་ན། རྒྱུ་ཐོས་བསམ་གྱི་ལྟ་བ། རྐྱེན་ཚོགས་བསགས་སྒྲིབ་སྦྱོང་། ཐུན་མིན་སྔགས་ལམ་ལྟར་ན་རྒྱུ་མཉམ་བཞག་གི་སྒོམ་པ། རྐྱེན་བླ་མའི་བྱིན་རླབས་ལ་རང་ཤར་བ། གོ་བ་དང་བློའི་ཡུལ་ལས་འདས་པའི་གནས་ལུགས་སྨྲ་བསམ་བརྗོད་བྲལ་སོ་སོ་རང་གི་རིག་པའི་སྤྱོད་ཡུལ། རང་བཞིན་གྱིས་འོད་གསལ་བའི་དོན་མངོན་སུམ་དུ་ཉམས་སུ་མྱོང་ཞིང་ཆོས་ཉིད་ཀྱི་རང་ཞལ་ནང་དུ་མཇལ་བའི་ཚེ་ཇི་བཞིན་གཏན་ལ་ཕེབས་པ་སྟེ། ཇི་སྐད་དུ། །དོན་དམ་ལྷན་ཅིག་སྐྱེས་བའི་ཡེ་ཤེས་ནི། །ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བསྟེན་པ་རྨོངས་པ་ཤེས་པར་བྱ། ཞེས་གསུངས། ཕྱག་རྒྱ་ཆེན་པོའི་གནས་ལུགས་གཞིའི་ཕྱག་ཆེན་དང་། རྫོགས་ཆེན་ཀ་དག་གི་ཆོས་སྐད་རྣམས་ངོ་བོ་སྤྲོས་བྲལ་ཙམ་དུ་གཅིག་པ་ལ་བསམས་ནས་དབུ་མའི་ལྟ་བ་དང་གནད་གཅིག་པར་བརྗོད་དུ་རུང་གི། རྣམ་པ་ཐམས་ཅད་དུ་མཚུངས་པར་ཁས་བླང་དུ་མི་བཏུབ་སྟེ་ཕྱག་རྒྱ་ཆེན་པོ་དངོས་ནི་སྔགས་ཀྱི་དབང་ལས་སྐྱེས་བའི་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་དང་། བླ་མའི་བྱིན་རླབས་ལས་བྱུང་བའི་རང་


LT36_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་གི་ཡེ་ཤེས་ཡིན་ཅིང་བྲམ་ཟེ་ཆེན་པོ་སོགས་ཀྱིས་དབུ་མའི་ལྟ་བ་སྒྲིབ་བྱེད་དུ་གསུངས་པ་དང་། རྫོགས་ཆེན་རྒྱུད་ལུང་དུ་མ་ནས་ཐེག་བརྒྱད་ཨ་ནུ་ཕྱིན་ཆད་ཀྱི་ལྟ་བ་ཐམས་ཅད་རྫོགས་པ་ཆེན་པོའི་གོལ་སར་འགྱུར་བའི་གནད་མང་དུ་བཤད་པས་ཀ་དག་གི་དགོངས་པ་མཐར་ཐུག་པ་དེ་རྣམས་དང་མཚུངས་པའི་སྐབས་མེད་ཅིང་ཁྱད་པར་འཕགས་པ་གོ་དགོས་སོ། གང་ལྟར་དད་མོས་བརྩོན་འགྲུས་ཐང་ལྷོད་མེད་པས་ཁ་ནང་བལྟས་ཀྱི་སྒོམ་པ་མཐར་འཁྱོལ་བ་ཞིག་བྱུང་ན་གནས་ལུགས་ཕྱིན་ཅི་མ་ལོག་པ་རྟོགས། དེ་ཙ་ན་བློས་བཞག་གི་གྲུབ་མཐའ་ཙམ་དུ་མ་ཟད་འཁོར་འདས་རོ་མཉམ་དུ་གྲོལ་བར་འདུག་ཁ་ཕྱིར་བལྟས་ཀྱི་ལྟ་སྒོམ་དེ་ལ་ཇི་ཙམ་འབད་དུ་ཟིན་ཀྱང་གནས་ལུགས་ཇི་བཞིན་པའི་ཆར་ཡང་མི་ཉེ་བས་ལྟ་བའི་ཁྱད་པར་ཡང་དེ་ཀས་འབྱེད་པ་ལགས། ཆོས་འཁོར་དང་པོ་དྲང་དོན་ཡིན་པ་ཐམས་ཅད་མཐུན། དེའང་དྲང་དོན་ཟེར་བ་གདུལ་བྱ་དབང་པོ་དམན་པ་ཐར་པ་ལ་ཁ་དྲང་བའི་དོན་ཡིན་གྱི་བདེན་པ་མེད་པ་མ་ཡིན། དབུ་མ་རང་སྟོང་ལུགས་ལྟ་བ་མཐར་ཐུག་ཏུ་བཞེད་པ་རྣམས་བར་པ་ངེས་དོན་ཐ་མ་དྲང་དོན་ཏུ་འདོད། བྱམས་ཆོས་དང་སྔགས་ལ་མཐར་ཐུག་བྱེད་པ་ཐམས་ཅད་བར་པ་དྲང་དོན། ཐ་མ་ངེས་དོན་ཏུ་བཞེད། གཉིས་ཀ་ལུང་རིག་གི་སྒྲུབ་བྱེད་སོ་སོར་སྣང་ཡང་འཁྱོགས་བཤད་ཀྱི་རིགས་པས་བསྒྲུབ་མི་དགོས་པར་སངས་རྒྱས་དང་བྱང་སེམས་གསུང་ངོ་མ་དེ་དབང་པོར་


LT36_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཆོག་པ་ནི་ཕྱི་མ་བཙན་པར་སྣང་། དེར་མ་ཟད་སྔ་མ་སྔ་མ་ལ་ཕྱི་མའི་ས་བོན་རེ་བཞུགས་པ་ལ་ཕྱི་མ་མཆོག་ཏུ་གྲུབ་པའི་དབང་དུ་བྱས་ནའང་། འཁོར་ལོ་དང་པོར་མཐའ་གཉིས་སྤངས་པའི་ལམ་བསྟན་ཅིང་ཟབ་ཞི་སྤྲོས་བྲལ་མིང་ཙམ་བསྟན་པས་བར་པའི་ས་བོན་བཞུགས། བར་པ་ནས་འོད་གསལ་བ་དང་། སྟོང་པ་མ་ཡིན། མི་སྟོང་པའང་མ་ཡིན་སོགས་ཐ་མའི་ས་བོན་མང་པོ་གསུངས། ཐ་མ་ནས་རྟག་བརྟན་པ་དེ་བ་བདག་དམ་པ་སོགས་སྔགས་བླ་མེད་ཀྱི་རྒྱུད་ནས་གསུངས་པའི་དོན་རྣམས་ཆེས་གསལ་བར་བསྟན་པས། སྔགས་དེ་མདོ་ལས་ཁྱད་པར་འཕགས་པ་ཁས་བླངས་ཕྱིན་འཁོར་ལོ་ཐ་མ་ངེས་དོན་ཏུ་ཤུགས་ཀྱིས་གྲུབ་པར་སྣང་། སྤྱིར་དེང་སང་སྙིགས་མ་ལྔ་བདོ་བའི་ནང་ཚན་གཅིག་ནི་ལྟ་བའི་སྙིགས་མ་ཡིན་པ་དང་། མདོ་ལས་ལྟ་བ་ངན་པ་ཉི་ཤུ་རྩ་བརྒྱད་འབྱུང་བར་གསུངས་པ་ཕལ་ཆེར་དེང་སྐབས་བྱུང་ཡོད་པ་འདྲ་སྟེ། དེ་མེད་ན་དེང་དུས་ལྟ་བ་ཕྱིན་ཅི་མ་ལོག་པར་རྟོགས་པའི་གང་ཟག་གིས་ས་སྟེང་གང་བས་དུས་སྐལ་ཤིན་ཏུ་བཟང་དུ་སོང་དགོས་པ་ལ་མངོན་སུམ་དང་འགལ་བ་དང་། སངས་རྒྱས་ཀྱི་ལུང་བསྟན་ཐོག་ཏུ་མ་ཕེབ་པའི་སྐྱོན་སྣང་བས་སོ་སྙམ་མོ། གཤེགས་སྙིང་དང་སྔགས་ཀྱི་ལྟ་བ་གཅིག་ཡིན་མིན་ཐད་སྤྱིར་བདེ་གཤེགས་སྙིང་པོ་དྲང་དོན་ཏུ་འདོད་པ་དང་། སྟོང་རྐྱང་ལ་གཤེགས་སྙིང་དུ་འདོད་པ་སོགས་རང་འདོད་ཀྱི་རིགས་པས་


LT36_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་གསུང་རབ་དབང་ཆེའི་ལམ་དུ་སྒྲུབ་བ་མང་བ་དང་། སྔགས་ཀྱི་ལྟ་བའི་དགོངས་པ་གཅིག་ཀྱང་ཕ་མའི་རྒྱུད་ལ་ཆོས་སྐད་ཀྱི་རྣམ་བཞག་དང་མཚུངས་པའི་འདོད་པ་རྒྱ་ཆེ་ཆུང་མང་རུང་། བླ་མེད་མ་རྒྱུད་ཀྱི་མཐར་ཐུག་དཔལ་དུས་ཀྱི་འཁོར་ལོ་ནས་གསུངས་པའི་ཕྱག་རྒྱ་ཆེན་མོ་རྣམ་ཀུན་མཆོག་ལྡན་དེ་དང་། འཁོར་ལོ་ཐ་མའི་མདོ་སྡེ་རྣམས་ཀྱི་དགོངས་དོན་རྒྱུད་བླ་མར་དྲང་ཐད་དུ་བཤད་པ་དེ་གཉིས་དགོངས་པ་གཅིག་པ་ཁོ་ན་ལགས། སངས་རྒྱས་ཀྱི་སར་ཡེ་ཤེས་མེད་པར་འདོད་པ་ནི་འཕགས་ཡུལ་དུའང་སློབ་དཔོན་ཟླ་བ་གྲགས་པ་སོགས་མང་དུ་བྱུང་ཞིང་བོད་དུ་དེའི་རྗེས་འབྲང་ཤིན་ཏུ་མང་མོད། སངས་རྒྱས་ཀྱིས་ན་ཡོད་པའི་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་ཕྱོགས་ཙམ་འཕགས་པ་དང་ཇི་བཞིན་པ་ནི་ས་བཅུ་པ་ཡན་ཆད་ཀྱི་སྤྱོད་ཡུལ་ལས་སོ་སྐྱེའི་བློས་བསམ་པའི་ཡུལ་ལས་འདས་པ་ཞིག་ཡིན་པར་སྣང་བས་ཐ་སྙད་ཀྱི་བློ་ངོར་གྲུབ་པའི་འཐད་འཐད་འདྲ་བའི་རྣམ་བཞག་ལ་ཡིད་བརྟན་ཅི་ཡོད། དོན་ཏུ་ཀུན་མཁྱེན་རང་བྱུང་ཞབས་ཀྱིས་རྣམ་ཤེས་ཡེ་ཤེས་འབྱེད་པའི་བསྟན་བཅོས་སུ་གསུངས་པ་དེ་རྒྱལ་ཚབ་བྱམས་པ་དང་ཐོགས་མེད་སྐུ་མཆེད་ཀྱི་དགོངས་པར་གནས་པ་ལགས། དྲི་བ་རྣམས་ལ་མཐའ་ཆོད་པའི་ལན་རྒྱས་པར་སྤྲོ་བ་ནི་མ་ལྕོགས་པས་ཐད་ཀའི་ལན་མདོ་ཙམ་ཕུལ་བ་ལགས། །སྔོན་དུས་དགའ་ལྡན་ཆོས་གྲྭ་འདིར། །བྱམས་མགོན་གཉིས་པའི་


LT36_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འཁོར་བྱུང་། །དེང་སང་གཏི་མུག་གཉིད་ལོག་སྐབས། །བླ་བརྡོ་ལ་འདི་ཙམ་བྱུང་པའང་མཚར། །དེས་ན་མང་དུ་སྨྲ་འོས་ཀྱང་། །བློ་ལྡན་བདུད་རྩིའི་ཟེགས་མས་ཚིམས། །ཡི་དྭགས་ཆུ་ཀླུང་གིས་ཀྱང་ཅི། །མཚམས་བོའི་བརྗོད་པས་གཞན་ཕན་ཤོག །ཅེས་སྒྲུབ་བླ་མ་ལྔ་རིག་སྨྲ་བ་མངྒ་ལཾ་དྷརྨ་ཝརྡྷའི་དྲིས་ལན་ཏུ་བློ་གྲོས་མཐའ་ཡས་ཀྱིས་གང་དྲན་ཆལ་ཆོལ་དུ་སྤེལ་བ་དགེ་ལེགས་འཕེལ།། ༈ །།རྡོར་བྲག་སྤྲུལ་སྐུའི་དྲིས་ལེན། ལགས། ཇི་གསུང་མངོན་སྤྱོད་ཀྱི་ཕྲིན་ལས་སྒྲུབ་པའི་སློབ་དཔོན་རྣམས་ལ་དཔའ་གསུམ། གདེང་གསུམ། ངར་གསུམ་གསུངས་པ་རྒྱུད་རྡོ་རྗེ་གཙུག་ལག་གི་དགོངས་པ་སོགས་འཆད་ཚུལ་འགའ་ཞིག་ཡོད་ཀྱང་སྤྱི་ཙམ་དུ། མཚན་མེད་ཀྱི་རྟོགས་པ་ཟབ་མོས་མཚན་འཛིན་གཅོད་པ་ལ་དཔའ་བ། རིམ་གཉིས་ཀྱི་ཏིང་ངེ་འཛིན་བརྟན་པོས་གདོན་བགེགས་འདུལ་བ་ལ་དཔའ་བ། དྲག་སྔགས་ཀྱི་ནུས་མཐུ་རྣོན་པོས་བརྟན་དགྲ་འཇོམས་པ་ལ་དཔའ་བ་སྟེ་དཔའ་བ་གསུམ། ལྟ་བ་ཆོས་ཉིད་ཀྱི་དོན་རྟོགས་པས་ཆོས་ཅན་མཚན་མས་མི་འཁྲུལ་བའི་གདིང་། སྒོམ་པ་ལྷའི་གསལ་སྣང་ཐོན་པས་འཁྲུལ་སྣང་སྒྱུ་མས་མི་ཚུགས་པའི་གདིང་། སྤྱོད་པ་སྡོམ་གསུམ་ཚུལ་དང་མཐུན་པས་ཚུལ་མིན་འཆལ་བས། མི་གཡོ་བའི་གདིང་སྟེ་གདིང་ཆེན་གསུམ། སེམས་ཅན་རྗེས་སུ་འཛིན་པ་རྩོལ་མེད་སྙིང་རྗེའི་ངར། སངས་རྒྱས་བསྟན་བསྲུང་བ་གཡོ་མེད་སེམས་བསྐྱེད་ཀྱང་ངར། ཞིང་བཅུའི་


LT36_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བགེགས་སྒྲོལ་བ་ཟླ་མེད་ནུས་མཐུའི་ངར་སྟེ་ངར་ཆེན་གསུམ་བཅས་ཁྱད་ཆོས་དགུ་ལྡན་ཅེས་བྱ་བའོ། ཡང་མདོས་ཀྱི་སྐབས་སུ་ལྟ་བའི་མིག་ཅེས་པ་མེ་ལོང་ལ་བྱེད་པ་དང་མར་མེ་ལ་བྱེད་པའི་ལུགས་གཉིས་ཡོད་པ་ཁྱད་མེད་ཀྱང་ཕུར་པའི་དབལ་མདོས་ལྟ་བུའི་མདོས་ཆེན་ལ་མེ་ལོང་བཏགས། དེའང་བཞི་དགོས་དུས་ཕྱོགས་བཞི་དང་གཉིས་ཟེར་བ་ལ་གཡས་གཡོན་གཉིས་སུ་བཏགས་པ་ལགས། །འགྲོ་བའི་རྐང་པ་ནི་དུར་ཁྲོད་ཀྱི་རྡོ་ནག་ལ་བྱེད་པས་ཕྱོགས་བཞིར་མདོས་ཀྱི་རྨངས་སུ་འདེགས་ཚུལ་དུ་བཏགས། སྙན་པའི་ལག་པ་བྱ་ནག་གི་གཟུགས་བཞིའམ་གཉིས་བཅོས་ནས་ཟུར་བཞིའམ་མདུན་ཟུར་གཉིས་ལ་བཙུགས་པ་ལགས།། ༈ །།སྲི་རབས་ཐོད་པའི་སྐབས། རྒྱ་མོ། ཧོར་མོ། མོན་མོ་གསུམ་མིང་དོན་མཚུངས་པར་བྱེད་པར་འདུག །ཡང་དེ་གསུམ་བརྡར་བཏགས་པ་ལས་དོན་གཞན་ཏུ་བཀྲལ་བ་དག་མིང་མ་ཤེས་པའི་མཆན་བུ་ཅན་ཞིག་མཐོང་རུང་ད་ལྟ་དེའི་དཔེ་མེད་པས་ཡིད་ལ་མ་གསལ་ལགས།། ༈ །།ཤེས་བྱའི་གནས་ལ་མཁྱེན་དཔྱོད་རྒྱས་པ་ཀརྨ་དགའ་བའི་ཕྱག་ཏུ། ཉིད་ཀྱི་གསུང་བྲིས་དེ་ཉིན་ནས་འབྱོར་ཡང་འབུམ་འགྱུར་དང་ཐུག །ཐུན་བར་ཕྲན་ཚེགས་ལའང་ཡིག་ལེན་སོགས་དགོས་བྱ་མང་བས་ལོངས་


LT36_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཁོམས་མ་བྱུང་བས་ལན་འགྱང་སོང་བ་ལས་གལ་ཆུང་མ་བྱས་ལགས། བདག་མེད་གཉིས་རྟོགས་པ་ཙམ་གྱིས་སྒྲིབ་གཉིས་གཏན་སྤང་དུ་མི་འགྱུར་ཏེ་ཤེས་བྱའི་སྒྲིབ་པ་ཕྲ་ཞིང་ཕྲ་བ་རྒྱུན་མཐའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྤང་དགོས་པས་སོ། །སྤྱིར་ཤེས་བྱ་ཐམས་ཅད་ལ་གོ་མྱང་རྟོགས་པའི་རིམ་པ་ཡོད་པས་བདག་མེད་གཉིས་པོའང་ཚོགས་ལམ་སྐབས་སུ་ཐོས་བསམ་ལ་བརྟེན་ནས་དོན་སྤྱིའི་ཚུལ་དུ་གོ། །སྦྱོར་ལམ་སྐབས་སྒོམ་པའི་ཉམས་མྱོང་ལ་བརྟེན་ནས་རང་མཚན་ཇི་བཞིན་པ་མྱོང་། མཐོང་ལམ་སྐབས་སུ་ཆོས་ཉིད་ཀྱི་བདེན་པ་མཐོང་བས་རང་བཞིན་མངོན་སུམ་དུ་རྟོགས་པ་ཡིན་འདུག །ཐེག་པ་ཐུན་མོང་བའི་ལུགས་ལ་ཉན་ཐོས་མཐོང་ལམ་སྐབས་ཉེར་ལེན་གྱི་ཕུང་པོ་ལྔའི་རྒྱུན་ལ་གང་ཟག་ཏུ་བཏགས་པའི་བདག་མེད་ཙམ་རྟོགས། རར་རྒྱལ་གྱིས་གང་ཟག་དང་ཆོས་ཀྱི་བདག་གི་ཕྱེད་གཟུང་བ་རང་བཞིན་མེད་པར་རྟོགས། ཐེག་ཆེན་པས་བདག་མེད་གཉིས་ཀ་རྫོགས་བར་རྟོགས་པར་འདོད། འཕགས་པ་ཡབ་སྲས་ཀྱིས། ཡུམ་ལས། ཉན་ཐོས་ཀྱི་ས་ལ་སློབ་བར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབ་པར་བྱའོ། །ཞེས་སོགས་བཀའ་རྒྱས་འབྲིང་བསྡུས་གསུམ་ལས་འབྱུང་བའི་དགོངས་པས། ཉན་ཐོས་བྱང་སེམས་གཉིས་ཀ་སྦྱོར་ལམ་དུའང་ཐབས་དང་ངེས་འབྱེད་


LT36_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་དམིགས་པ་གསལ་མི་གསལ་གྱི་ཁྱད་པར་མ་གཏོགས་བདག་མེད་ཀྱི་དོན་ལ་གསལ་སྣང་ཐོབ་ཚུལ་ཁྱད་པར་མེད་པ་དང་། མཐོང་ལམ་དུའང་རིགས་ཅན་གསུམ་ཀས་བདག་མེད་རྟོགས་པ་ལ་ཁྱད་པར་མེད་པར་བཞེད་དེ། དེར་གནས་པ་དེ་ཆོས་ཀྱི་དབྱིངས་བདག་གཉིས་ཀྱིས་སྟོང་པར་རྟོགས་པས་ལྟ་བ་རྣམ་པར་དག་པའི་གང་ཟག་ཅེས་པའང་ཁྱད་པར་མེད་པའི་ཕྱིར་རོ། །དེའང་ཐོག་མར་ཇི་བཞིན་པར་རྟོགས་པའི་འགོ་བརྩམས་ཙམ་ཡིན་དགོས་ཏེ་གཉིས་འཛིན་གྱི་ཆོས་ཐམས་ཅད་ཤེས་བྱའི་སྒྲིབ་པའི་ཁོངས་སུ་འདུས་པས་དེ་ཉིད་མཐར་ཐུག་སྤོང་ཚུལ་གོང་སྨོས་ལྟར་ལགས། བུམ་པ་སྟོང་པའོ་སྙམ་པ་དེ་སྤྲོས་བྲལ་དོན་སྤྱི་རྟོགས་པའི་ཕྱོགས་སུའང་ག་ལ་འགྲོ་སྤྲོས་བྲལ་ཅེས་པ་ཡུལ་ཆོས་ཐམས་ཅད་ཀྱི་གནས་ལུགས་གདོད་ནས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ལ། ཡུལ་ཅན་ཤེས་པས་སྤྲོས་བྲལ་ལོ་སྙམ་པའི་འཛིན་པས་ཀྱང་མ་བསླད་པ་དབྱིངས་དང་ཡེ་ཤེས་དབྱེར་མེད། བློའི་འཛིན་སྟངས་ཐམས་ཅད་དང་བྲལ་བའི་ཆོས་ཉིད་ནམ་མཁའ་ལྟ་བུའི་དོན་མངོན་ཏུ་གྱུར་ཏེ་རྟོགས་མ་རྟོགས་ཀྱི་བློ་ལས་འདས་པ་ལ་སྤྲོས་བྲལ་རྟོགས་པའི་ཐ་སྙད་ཙམ་དུ་བཞག་པ་ལས། བུམ་པ་བཅུད་ཀྱིས་སྟོང་པ་ནི་མེད་བའམ་ཆད་པའི་མཐའ། དེ་སྟོང་པའོ་སྙམ་པའི་འཛིན་པ་ནི་ལོག་ཤེས་འཁྲུལ་པ་ཁོན་ལགས། གཤེགས་སྙིང་སྟོང་རྐྱང་དུ་འདོད་བརྒྱ་བོད་ཀྱི་རང་སྟོང་སྨྲ་བ་མགྲིན་གཅིག་པ་སྟེ་དེ་


LT36_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས་ཐུབ་བྱམས་གཉིས་ཀའི་གསུང་རྣམས་དྲང་དོན་ཏུ་བཀྲལ་ཅིང་དོན་དམ་བློ་ཡི་སྤྱོད་ཡུལ་མིན། བློ་ནི་ཀུན་རྫོབ་ཡིན་པར་འདོད། ཅེས་པའང་ལོག་པའི་གདམས་ངག་ཏུ་ཁས་ལེན་བར་སྣང་། ཀླུ་སྒྲུབ་ཀྱང་རྒྱབ་བརྟེན་དུ་ཁྱེར་མོད་འཕགས་ཞབས་ཀྱི་དགོངས་པ་དངོས་བསྟོད་ཚོགས་སོགས་དང་ཨཱརྻ་དེ་བའི་བཞི་བརྒྱ་པ་རྣམས་ཐོགས་མེད་དང་བཞེད་དོན་མཚུངས་པ་ཁོ་ན་ལགས། དགོངས་པ་ངེས་འགྲེལ་ནི་མདོ་མང་། ཅ། པོད་དུ་བཞུགས། འཕགས་པ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་ངེས་པར་བསྟན་པ་ཞེས་བྱ་བ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ཞེས་པ། པ། ནང་བཞུགས། ཆོས་ཀྱི་མེ་ལོང་ཟེར་བ་ངེས་པ་མ་རྙེད་བསྟོད་ཚོགས་བསྟན་འགྱུར། ག །པ་ལ་པཱོད་ཡོད་པའི་སྔོན་མ་དེ་ཡིན་འདུག །རྟེན་བཅས་ཡང་ཁྲོད་རྒན་བུས་ཕུལ།། །།


previousཔད་ནོར། བླ་མ་བཀྲ་འཕེལ་དང་རྡོར་བྲག་སྤྲུལ་སྐུ་བཅས་ནས་དྲིས་ལེན།next