དྲུག་པ། སྒྲུབ་པ་ལ་ཡི་དམ་བཅས་པ།
ཡང་རས་ཆུང་པས། བླ་མ་རྗེ་བཙུན་འཁྲུངས་ཡུལ་དུ་ཕེབས་དུས་མནལ་ལམ་བཞིན་བྱུང་ངམ་ཡུམ་དང་མཇལ་ཞུས་པས། རྗེ་བཙུན་གྱི་ཞལ་ནས། ངན་པའི་རྨི་ལམ་མཐོང་བ་བཞིན་མ་དང་འཕྲད་པའི་སྐལ་བ་མ་བྱུང་གསུངས། ཡང་རས་ཆུང་པས། འོ་ན་རྗེ་བཙུན་གྱིས་གཟིམས་ཁང་དུ་བྱོན་ལུགས་གང་ལྟར་མཛད། ཐོག་མར་ཡུལ་མི་ཇི་འདྲ་དང་མཇལ་ཞུས་པས། ངས་ཐོག་མར་ལུང་པའི་ཕུ་དེར་རང་གི་ཁང་པ་མཐོང་ས་ཞིག་ཏུ་ཕྱུགས་རྫི་མང་པོ་འདུག་པ་ལ། ཡུལ་རྣམས་ཀྱི་མིང་དང་། དེ་ན་ཡོན་བདག་ཇི་འདྲ་ཡོད་ཅེས་འདྲི་བ་ལྟར་བྱས་པས། ཞིབ་པར་བཤད་བྱུང་། དེ་ནས་ངེད་རང་གི་ཁང་པ་ལ་གཏད་ནས། ཡུལ་མ་གི་ལ་ཅི་ཟེར། ཡོན་བདག་ཇི་སྐད་བྱ་བ་ཡོད་བྱས་པས་མ་གི་ལ་ཀ་བཞི་གདུང་བརྒྱད་ཟེར་ཏེ། ཡོན་བདག་འདྲེ་མིན་པ་ཅི་ཡང་མེད་ཟེར། མ་གིའི་མི་རྣམས་ཤི་བའམ་ཡུལ་ཐོན་ཞེས་ཞིབ་ཏུ་དྲིས་པས། མ་གིར་དང་པོ་མི་ལུང་པ་འདི་ན་ཕྱུག་པ་ཞིག་བྱུང་བ་ཡིན་པར་འདུག་སྟེ༑ བར་དུ་བུ་གཅིག་པོ་རང་ཞིག་བྱུང་བའི་ཕ་འཆི་བ་སྔས་པ་དང་། ཁ་ཆེམས་འཇོག་ལུགས་མ་བྱུང་བར། ཕ་ཤི་རྟིང་བུ་གཅིག་པོའི་ནོར་ཀུན་ཕ་ཚན་གྱིས་འཕྲོགས། བུ་གཅིག་པོ་ཆེར་སོང་ནས་
སྤྲོད་བྱས་རུང་ མ་སྤྲད་པའི་ལན་དུ་ཁོས་མཐུ་བཏང་སེར་བ་ཕབ་ནས་ཡུལ་འདི་ཕུང་དུ་བཅུག་དེས་ད་ངེད་ལུང་པའི་མི་ཀུན་ཁོའི་ཆོས་སྐྱོང་ལ་འཇིགས་དྲགས་ནས། ཞིང་ཁང་གི་ཕྱོགས་ལ་འགྲོ་བ་དག་ཨ་ཅང་ཆེ་སྟེ། མིག་ཀྱང་ལྟ་མི་ཕོད་པ་ཙམ་ཡོད། དེས་ན་ཁང་པ་མ་གིའི་ནང་ན་བུ་གཅིག་པོའི་མའི་རོ་དང་འདྲེ་སྡོད་ཅིང་ཡོད། སྲིང་མོ་ཞིག་ཡོད་པ་དེ་ཨ་མའི་རོ་བོར་ནས་ག་ཤེད་སྤྲང་དུ་སོང་ནས་མེད། ད་ཁོ་རང་ཤི་བ་ཡིན་ནམ་སྐད་ཅི་ཡང་མི་འདུག་རྣལ་འབྱོར་པ་རང་འགྲོ་ནུས་ན་ཁང་པ་མ་གིའི་ནང་ན་ཆོས་ཡོད་ཟེར་ལྟོས་ཤོག་དང་ཟེར་བས། དེ་འདྲ་བྱུང་ནས་ཅི་ཙམ་སོང་བྱས་པས། མ་ཤི་ནས་ལོ་བརྒྱད་ཙམ་སོང་། མཐུ་དང་སེར་བ་བྱུང་བ་དྲན་ཙམ་འདུག་གཞན་ཐོས་ལོ་ལས་མེད་ཟེར་བས། ཁོང་རྣམས་ངའི་ཆོས་སྐྱོང་ལ་འཇིགས་པར་ཡོད་འདུག་པས། ང་ལ་གནོད་པ་བྱེད་མི་ནུས་པར་འདུག་སྙམ་པ་དང་། མ་རྒན་ཤི་བ་དང་སྲིང་མོ་འཁྱར་བས་ཁོ་ཐག་ཆོད་ནས། ཡིད་ཤིན་ཏུ་སྐྱོ་བ་ཞིག་བྱུང་སྟེ། ཉི་མ་མ་ནུབ་བར་ལྐོག་ཅིག་ཏུ་ངུ་ཞིང་བསྡད། ཉི་མ་དམར་ཐག་ཆོད་པ་དང་ཡུལ་དུ་ཕྱིན་པས། རྨི་ལམ་དུ་ཇི་ལྟར་བྱུང་བ་ལྟར་ཕྱིའི་ཞིང་འཇག་སྐྱས་འཕྱུར། ཁང་བ་ལྷ་ཁང་འདྲ་བ་དེ་རལ། ནང་དུ་ཕྱིན་པས། དམ་ཆོས་དཀོན་མཆོག་བརྩེགས་པ་དེ་ཐིགས་པ་དང་ས་ཕུད་ཀྱིས་གདུངས། བྱ་དང་བྱི་བའི་བྲུན་དང་ཚང་
གདན་བྱས་འདུག་སྟེ། གང་ལ་བལྟས་ཤིང་བསམས་རུང་ཡིད་སྐྱོ་བ་ཞིག་བྱུང་། དེ་ནས་གོ་ཁར་ཕྱིན་པས། ལྷན་པ་དང་ས་འདྲེས་པའི་ཕུང་པོ་ཞིག་ལ་སྔོ་མང་པོ་སྐྱེས་འདུག་པ་དེ་བླངས་པས། མི་རུས་མང་པོ་སྐྱ་ཁྲོལ་ཐོན་བྱུང་བས། མའི་རུས་པ་ཡིན་པར་ཤེས་ཏེ། དྲན་དྲགས་ཡིད་སྐྱོ་བས་བཟོད་གླགས་མེད་པར་བསམ་མི་ཤེས་ཤིང་སྨྲ་མི་ཐུབ་པའི་སྙིང་རླུང་ལངས་ནས་དྲན་མེད་དུ་འགྲོ་ཚད་བྱུང་བས། དེ་མ་ཐག་བླ་མའི་གདམས་ངག་དྲན་ནས། མའི་རྣམ་ཤེས་དང་ང་རང་གི་སེམས་བསྲེས། དེ་བཀའ་བརྒྱུད་བླ་མའི་ཐུགས་ཡེ་ཤེས་དང་བསྲེས་ཏེ། ཨ་མའི་རུས་པ་ལ་སྔས་བྱས། སྒོ་གསུམ་སྐད་ཅིག་ཀྱང་མ་གཡོས་པར་འོད་གསལ་ལ་བསྡད་པས། ཕ་མ་གཉིས་ཀ་འཁོར་བའི་སྡུག་བསྔལ་ལས་གྲོལ་བའི་བདེན་པ་མཐོང་། ཞག་བདུན་སོང་བ་དང་། ཏིང་ངེ་འཛིན་ལས་ལངས་ཏེ། བསམ་བློ་ཞིག་བཏང་བས། འཁོར་བ་མཐའ་དག་ལ་སྙིང་པོ་མེད་པར་ཁོ་ཐག་ཆོད་ནས། མའི་རུས་པ་འདི་ལ་ཚ་ཚ་ཞིག་བཏབ། དེའི་ཡོན་དུ་དཀོན་བརྩེགས་འདི་ཕུལ་ལ། ང་རང་བྲག་དཀར་རྟ་སོར་ཤི་མ་ཤི་དང་ཉིན་མཚན་མེད་པར་སྒྲུབ་པ་བྱེད་དགོས། ཆོས་བརྒྱད་ཀྱི་སྣང་བ་ཤར་ན་ལྕེབས་ནས་ཤི་སྡོད། སྐྱིད་ཆོས་ཀྱི་སྣང་བ་ཤར་ན་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་ཀྱང་ངའི་སྲོག་ཆོད་ཅིག་བྱས་ཡིད་ཀྱིས་དམ་བཅའ་དྲག་པོ་ཡང་ཡང་བྱས་ནས། མའི་རུས་པ་དེ་རྣམས་
བཏུས། དཀོན་བརྩེགས་ཀྱི་ས་དང་བྱ་བྲུན་རྣམས་བསལ་ཏེ་ཞབས་ཏོག་ལེགས་པ་ཞིག་ཕུལ་བས། ཐིགས་པས་ཆེར་མ་སྐྱོན་པར་ཡི་གེ་རྣམས་ཁྲ་ལམ་མེ་འདུག་པས། དབུ་དུམ་དེ་རྒྱབ་ཏུ་ཁྱེར། མའི་རུས་པ་རྣམས་ཐུ་བར་ཁྱེར་ནས་ཡིད་སྐྱོ་བ་ལ་ཚད་མེད་པ་ཞིག་གི་ངང་ནས་འཁོར་བ་ལ་སྙིང་པོ་མེད་པར་ཁོ་ཐག་ཆོད་ནས། སྙིང་པོའི་ཆོས་བྱེད་པར་དམ་བཅའ་བ་ཕྱ་མ་ཕྱོའི་གླུ་འདི་བླངས་སོ། །རྗེ་མི་བསྐྱོད་ཀྱི་ངོ་བོ་ཐུགས་རྗེ་ཅན། །སྒྲ་སྒྱུར་མར་པའི་བཀའ་ལུང་བཞིན། །ཕ་ཡུལ་བདུད་ཀྱི་བཙོན་ར་རུ། །མི་རྟག་སྒྱུ་མའི་སློབ་དཔོན་བྱུང་། །སློབ་དཔོན་བཟང་པོ་འདི་ཉིད་ལ། །ངེས་ཤེས་འདྲོངས་པར་བྱིན་གྱིས་རློབས། །སྤྱིར་སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །མི་རྟག་མི་བརྟན་འགྱུར་ཞིང་འགྲོ། །སྒོས་འཁོར་བའི་ཆོས་ལ་སྙིང་པོ་མེད། །སྙིང་པོ་མེད་པའི་བྱ་བྱེད་པས། །སྙིང་པོའི་ལྷ་ཆོས་བྱེད་དུ་འགྲོ། །དང་པོ་ཕ་ཡོད་ཙ་ན་བུ་ང་མེད། །བུ་ཡོད་ཙ་ན་ཕ་ཡང་མེད། །གཉིས་ཀ་འཛོམ་རུང་སྙིང་པོ་མེད། །བུ་ང་སྙིང་པོའི་ལྷ་ཆོས་བྱེད། །བྲག་དཀར་རྟ་སོར་སྒོམ་དུ་འགྲོ། །མ་ཡོད་ཙ་ན་བུ་ང་མེད། །བུ་ང་སླེབས་ཚེ་མ་རྒན་གུམ། །གཉིས་ཀ་འཛོམ་རུང་སྙིང་པོ་མེད། །བུ་ང་སྙིང་པོའི་ལྷ་ཆོས་བྱེད། །བྲག་དཀར་རྟ་སོར་སྒོམ་དུ་འགྲོ། །སྲིང་མོ་ཡོད་ཚེ་མིང་པོ་མེད། །མིང་པོ་སླེབས་ཚེ་སྲིང་མོ་འཁྱར། །གཉིས་ཀ་འཛོམ་རུང་སྙིང་པོ་མེད། །བུ་ང་སྙིང་པོའི་
ལྷ་ཆོས་བྱེད། །བྲག་དཀར་རྟ་སོར་སྒོམ་དུ་འགྲོ། །དམ་ཆོས་ཡོད་ཚེ་ཞབས་ཏོག་མེད། །ཞབས་ཏོག་སླེབས་ཚེ་ཐིགས་པས་གདུངས། །གཉིས་ཀ་འཛོམ་རུང་སྙིང་པོ་མེད། །བུ་ང་སྙིང་པོའི་ལྷ་ཆོས་བྱེད། །བྲག་དཀར་རྟ་སོར་སྒོམ་དུ་འགྲོ། །ཁང་པ་ཡོད་ཚེ་བདག་པོ་མེད། །བདག་པོ་སླེབས་ཚེ་ཁང་པ་རལ། །གཉིས་ཀ་འཛོམ་རུང་སྙིང་པོ་མེད། །བུ་ང་སྙིང་པོའི་ལྷ་ཆོས་བྱེད། །བྲག་དཀར་རྟ་སོར་སྒོམ་དུ་འགྲོ། །བཤོས་ཞིང་ཡོད་ཚེ་བདག་པོ་མེད། །བདག་པོ་སླེབས་ཚེ་འཇག་སྐྱས་འཕྱུར། །གཉིས་ཀ་འཛོམ་རུང་སྙིང་པོ་མེད། །བདག་པོ་སྙིང་པོའི་ལྷ་ཆོས་བྱེད། །བྲག་དཀར་རྟ་སོར་སྒོམ་དུ་འགྲོ། །ཕ་ཡུལ་ཕ་ཁང་ཕ་ཞིང་སོགས། །འཁོར་བ་སྙིང་པོ་མེད་པའི་ཆོས། །སྙིང་མེད་སེམས་ཅན་སུ་དགའ་ཁྱེར། །རྣལ་འབྱོར་ང་ཐར་པ་སྒྲུབ་ཏུ་འགྲོ། །ཕ་དྲིན་ཅན་མར་པ་ལོ་ཙཱ་བ། །སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །ཞེས་ཡིད་སྐྱོ་བའི་གླུ་མ་དབྱངས་བླངས་ནས། དང་པོ་ཀློག་སློབ་པའི་སློབ་དཔོན་གྱི་སར་ཕྱིན་པས། སློབ་དཔོན་རང་ནི་གྲོངས་འདུག་སྲས་པོ་ལ་དཀོན་བརྩེགས་ཀྱི་དབུ་དུམ་ཕུལ་ནས། ཆོས་འདིའི་དབུ་ཞབས་ཀུན་ཁྱོད་ལ་འབུལ། ངའི་མ་རྒན་མོའི་རུས་པ་འདི་ལ་ཚ་ཚ་ཞིག་ཐོབ་ལ་སློང་བྱས་པས། ཁྱེད་ཀྱི་ཆོས་ཀྱི་རྗེས་སུ་ཆོས་སྐྱོང་འོང་བས་མི་འདོད། ཚ་ཚ་འདེབས་གྲོགས་བྱའོ་ཟེར། ང་
རང་གིས་ཕུལ་བ་ལ་ཆོས་སྐྱོང་མི་འོང་བྱས་པས། འོ་ན་ལེགས་ཟེར་ང་རང་གིས་ཀྱང་གྲོགས་བྱས་ནས་མའི་རུས་པ་ལ་ཚ་ཚ་བཏབ། རབ་གནས་ཀྱི་ཆོ་ག་བྱས་ཏེ་མཆོད་རྟེན་གྱི་ནང་དུ་གདན་དྲངས་ནས་འགྲོ་གྲབས་བྱས་པས། སྲས་པོ་ན་རེ། ངེད་ཀྱིས་ཞབས་ཏོག་ཅི་ལྕོགས་བྱེད་པས། འདིར་ཞག་འགའ་བཞུགས་ལ་གསུང་གླེང་མཛད་ཟེར། ང་གླེང་མོ་ལབ་ཁོམ་མེད། སྒྲུབ་པ་ལ་རིངས་པ་ཡོད་བྱས་པས། འོ་ན་དོ་ནུབ་བཞུགས་ནངས་པར་སྒྲུབ་རྒྱགས་མཚོན་པ་ཞིག་འབུལ་ཟེར་བསྡད། ཁོང་ན་རེ། ཁྱེད་དང་པོ་གཞོན་དུས་མཐུས་དགྲ་བཏུལ། ད་དར་ལ་བབ་ནས་ཆོས་རྣམ་དག་མཛད་པ་ངོ་མཚར་ཆེ། མ་འོངས་པ་ན་གྲུབ་ཐོབ་ཅིག་འོང་སྟེ་ཡོད། བླ་མ་གང་འདྲ་ལ་གདམས་ངག་ཇི་འདྲ་ཐོབ་ཅེས་ཞིབ་ཏུ་འདྲི་རུ་བྱུང་བས། རྫོགས་ཆེན་ཐོབ་ལུགས་དང་། ཁྱད་པར་མར་པ་དང་མཇལ་ལུགས་རྣམས་བཤད་པས། ངོ་མཚར་ཆེ་འདུག་དེ་ལྟར་ཡིན་ན་ཁྱེད་རང་ཡང་ཁང་པ་ཞིག་གསོས་བྱས། མཛེས་སེ་ཁབ་ཏུ་བཞེས་ནས། བླ་མའི་རྣམ་ཐར་སྐྱོང་བ་དྲག་ཟེར་བས། ངའི་བླ་མ་མར་པས་འགྲོ་བའི་དོན་དུ་ཡུམ་བཞེས་པར་གདའ། དེ་ལྟ་བུའི་བསམ་སྦྱོར་དང་ནུས་པ་བདག་ལ་མེད་པས། སེང་གེའི་ཕྱི་བཞིན་རི་བོང་མཆོངས་རུང་གཡང་ལ་ལྷུང་ནས་འཆི་བར་ངེས། སྤྱིར་གྱིས་ང་འཁོར་བ་ལ་ཡིད་སྐྱོ་ནས་བླ་མའི་གདམས་ངག་
དང་སྒྲུབ་པ་མིན་པ་གཞན་གང་གིས་ཀྱང་དགོས་པ་མེད་པའི་བསམ་པ་ཞིག་རྟག་ཏུ་ཡོད་ཅིང་། ང་རི་ཁྲོད་ལ་སྒྲུབ་པ་བྱེད་པ་འདི་བླ་མའི་ཞལ་ཏའི་མཐིལ་ཡང་ཡིན། རྣམ་ཐར་ཡང་དེ་ཀས་འཁྱོངས། ཐུགས་དགོངས་ཡང་སྒྲུབ་པས་རྫོགས་པ་ཡོད། བསྟན་པ་དང་སེམས་ཅན་ལ་ཡང་སྒྲུབ་པས་ཕན། ཕ་མ་ཡང་སྒྲུབ་པས་འདྲོངས། རང་དོན་ཡང་སྒྲུབ་པས་གྲུབ། ངས་སྒྲུབ་པ་མིན་པ་གཞན་ཤེས་ཡང་མི་ཤེས། འོང་ཡང་མི་འོང་། སེམས་ཡང་མི་སེམས་པར་གདའ། ཁྱད་པར་ཡུལ་དུ་སླེབས་ནས་ཕ་མས་ཁང་གཞིས་བཟུང་། ནོར་བསོགས་པའི་རྗེས་རྣམས་ཀྱི་དཔེས་གསལ་བཏབ་པས་སྒྲུབ་པ་བྱེད་པའི་བསམ་པ་དྲག་ཏུ་རང་སོང་བས་ཁོང་ན་མེ་འབར་བ་ཙམ་གདའ། གཞན་སྡུག་བསྔལ་འདི་འདྲ་ཐོག་ཏུ་མ་བབ་པ་དང་། འཆི་བ་དང་ངན་སོང་གི་སྡུག་བསྔལ་མ་དྲན་པ་རྣམས་ལ་སྐྱིད་ཆོས་ཀྱིས་ཆོག་པར་གདའ་སྟེ། བདག་ལྟོ་གོས་གཏམ་གསུམ་ལ་མ་ལྟོས་པའི་སྒྲུབ་པ་བྱེད་སྙམ་པ་རྐྱེན་འདི་དག་གིས་བསྐུལ་ཞིང་དོན་འདི་རྣམས་ལགས་བྱས། མཆི་མ་འཁྲུག་བཞིན་པའི་ངང་ནས་གླུ་འདི་བླངས་སོ། །སྐྱེས་མཆོག་མར་པའི་ཞབས་ལ་འདུད། །སྤྲང་མངོན་ཞེན་ལྡོག་པར་བྱིན་གྱིས་རློབས། །ཀྱེ་མ་ཀྱེ་མ་ཀྱི་ཧུད་ཀྱི་ཧུད་ཨང་། །འཁོར་བའི་ཆོས་ལ་བློ་གཏད་བྱེད་པ་རྣམས། །བསམས་ཤིང་
བསམས་ཤིང་ཡི་མུག་ཡང་ཡང་ལྡང་། །སྤྱད་ཅིང་སྤྱད་ཅིང་སྡུག་བསྔལ་གཏིང་ནས་འཁྲུག །བསྐོར་ཞིང་བསྐོར་ཞིང་འཁོར་བའི་གཏིང་ལ་འཕེན། །འདི་འདྲའི་སྙིང་རླུང་ལས་ཀྱིས་ཟིན་པ་རྣམས། །ཙུག་བྱེད་ཙུག་བྱེད་ཆོས་ལས་དྲག་པ་མེད། །རྗེ་མི་བསྐྱོད་ཀྱི་ངོ་བོ་རྡོ་རྗེ་འཆང་། །སྤྲང་རི་ཁྲོད་ཐུབ་པར་བྱིན་གྱིས་རློབས། །མི་རྟག་སྒྱུ་མའི་གྲོང་ཁྱེར་ན། །ཤུལ་རིངས་ཀྱི་མགྲོན་པོ་སྙིང་རླུང་ལངས། །ཡུལ་ཡ་མཚན་ཅན་གུང་ཐང་གི་སྐོར་ལུང་ལ། །ནོར་ལུག་རྣམས་བ་རའི་ཁ་ཟས་རྩྭ། །དུས་དེང་སང་འབྱུང་པོས་བདག་ཏུ་བཟུང་། །འདི་ཡང་མི་རྟག་སྒྱུ་མའི་དཔེ། །དཔེ་འདིས་ཀྱང་རྣལ་འབྱོར་ང་སྒྲུབ་པ་བྱེད། །ཚང་མང་ཀ་བཞི་གདུང་བརྒྱད་དེ། །དུས་དེང་སང་སེང་གེའི་ཡ་མགལ་འདྲ། །མཁར་ཟུར་བཞི་ལོགས་བརྒྱད་རྩེ་དང་དགུ། །དུས་དེང་སང་བོང་བུའི་རྣ་བ་འདྲ། །འདི་ཡང་མི་རྟག་སྒྱུ་མའི་དཔེ། །དཔེ་འདིས་ཀྱང་རྣལ་འབྱོར་ང་སྒྲུབ་པ་བྱེད། །བཤོས་ཞིང་འོར་མ་གྲུ་གསུམ་དེ། །དུས་དེང་སང་འཇག་མའི་ཡུལ་དུ་སོང་། །གཉེན་ཉེ་བ་ཕ་སྤུན་རེ་བ་རྣམས། །དུས་དེང་སང་དགྲ་བོར་དམག་ཏུ་ལངས། །འདི་ཡང་མི་རྟག་སྒྱུ་མའི་དཔེ། །དཔེ་འདིས་ཀྱང་རྣལ་འབྱོར་ང་སྒྲུབ་པ་བྱེད། །ཕ་བཟང་མི་ལ་ཤེས་རྒྱལ་དེ། །དུས་དེང་སང་བྱུང་བའི་རྗེས་ཀྱང་མེད། །ཨ་མ་མྱང་ཚ་དཀར་རྒྱན་དེ། །དུས་དེང་སང་རུས་ཀྲང་ཁོག་པ་
ཞིག །འདི་ཡང་མི་རྟག་སྒྱུ་མའི་དཔེ། །དཔེ་འདིས་ཀྱང་རྣལ་འབྱོར་ང་སྒྲུབ་པ་བྱེད། །བླ་མཆོད་དཀོན་མཆོག་ལྷ་འབུམ་དེ། །དུས་དེང་སང་མི་ཡི་གཡོག་པོ་བྱེད། །དམ་ཆོས་དཀོན་མཆོག་བརྩེགས་པ་དེ། །དུས་དེང་སང་བྱ་བྱིའི་ཚང་སྟན་བྱེད། །འདི་ཡང་མི་རྟག་སྒྱུ་མའི་དཔེ། །དཔེ་འདིས་ཀྱང་རྣལ་འབྱོར་ང་སྒྲུབ་པ་བྱེད། །ཁྱིམ་མཚེས་ཨ་ཁུ་གཡུང་རྒྱལ་དེ། །དུས་དེང་སང་སྡང་བའི་དགྲ་དང་སྡོང་། །སྲིང་མོ་པེ་ཏ་མགོན་སྐྱིད་དེ། །གར་སོང་རྗེས་འགྲོའི་གཏད་སོ་མེད། །འདི་ཡང་མི་རྟག་སྒྱུ་མའི་དཔེ། །དཔེ་འདིས་ཀྱང་རྣལ་འབྱོར་ང་སྒྲུབ་པ་བྱེད། །རྗེ་མི་བསྐྱོད་ཀྱི་ངོ་བོ་ཐུགས་རྗེ་ཅན། །སྤྲང་རི་ཁྲོད་ཐུབ་པར་བྱིན་གྱིས་རློབས། །ཞེས་སྐྱོ་ཤས་ཀྱི་གདུང་དབྱངས་དེ་རྣམས་བླངས་པས། ཁོང་ངོ་མཚར་ཆེ། ཤིན་ཏུ་ཡང་བདེན་ཟེར། ཤུགས་རིང་ནར་ནར་འདུག་ཡུམ་ཞིག་འདུག་པ་དེ་མཆི་མ་འདོན་ཞིང་མང་དུ་ངུ་ཞིང་འདུག་གཞན་ཡང་ངས་ཡུལ་གྱི་སྣང་ཚུལ་རྣམས་མཐོང་བས་རྐྱེན་བྱས། སྒྲུབ་པ་བྱེད་པའི་དམ་བཅའ་ངོ་ལྐོག་མེད་པར་ཁ་ནས་ཀྱང་མང་དུ་ཤོར། ཞེ་ལ་ཡང་ནར་མར་བཅངས་དོན་ལ་ཡང་སྒྲུབ་པ་མ་བྱས་པའི་འགྱོད་པ་མེད་གསུངས། སླར་ཡང་རྐྱེན་གྱིས་འཁོར་བ་ལ་སྙིང་པོ་མེད་པར་གསལ་ཐེབས་ནས་སྒྲུབ་པ་ལ་ཡི་དམ་བཅས་པའི་མཛད་པ་སྟེ་དྲུག་པའོ། །