Nitartha Digital Library
Tibetan
གསུང་འབུམ་པོད་བདུན་པ། དྲང་ངེས་སོགས།


  collapse section
   
   
   
   
   
   
   
   
   
   
   
   
བརྒྱད་པ་མི་ཤེས་པར་ཁྲོ་བ་དགག་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབརྒྱད་པ་མི་ཤེས་པར་ཁྲོ་བ་དགག་པ།next

བརྒྱད་པ་མི་ཤེས་པར་ཁྲོ་བ་དགག་པ།

བརྒྱད་པ་མི་ཤེས་པར་ཁྲོ་བ་དགག་པ་ནི།

ཡིད་ཀྱི་ཉེས་པ་རང་བཞིན་གདུག་པ་སྟེ། །མི་རིགས་པ་ཡི་གཟུགས་ལའང་མི་རིགས་ན། །ཐེ་ཚོམ་ཟ་བས་ཆོས་ལ་སྨོས་ཅི་དགོས། །དེ་ཕྱིར་བཏང་སྙོམས་བཞག་ལེགས་ཉེས་པ་མེད། །ཅེས་ཡིད་ཀྱི་ཉེས་པ་ཁོང་ཁྲོ་བ་ནི། །ཞེ་སྡང་ལྟ་བུའི་སྡིག་པ་མེད། །ཅེས་པ་ལྟར་རང་བཞིན་གྱི་གདུག་པ་སྟེ་ཁ་ན་མ་ཐོ་བ་སྡིག་པ་ཆེན་པོ་དང་བཅས་པ་ཡིན་པས། འགལ་དུམ་མེས་ཚིག་པ་ལ་ཡང་ཁྲོ་བར་མི་བྱ་ན་སེམས་དང་བཅས་པའི་གཟུགས་ལ་ལྟ་སྨོས་ཀྱང་ཅི་དགོས། ཞེས་གསུངས་པ་ལྟར་མི་རིགས་པ་གནོད་པ་བྱེད་པའམ་སེམས་མེད་པའི་གཟུགས་ལའང་ཁྲོ་བར་མི་རིགས་ན། ཐེ་ཚོམ་ཟ་པའི་སྒོ་ནས་ཆོས་ཟབ་མོ་ལ་ཁྲོས་ན་ཉེས་པ་ཆེན་པོ་འབྱུང་བ་ལྟ་སྨོས་ཀྱང་ཅི་དགོས། དེའི་ཕྱིར་གུས་པ་མ་སྐྱེས་ནའང་བཏང་སྙོམས་སུ་བཞག་ན་ལེགས་ཏེ་ཆོས་སྤོང་བའི་ཉེས་པ་མེད་པའི་ཕྱིར་རོ། །རིན་ཆེན་ཕྲེང་བ་ལས། ཐེག་གཅིག་ཐེག་པ་གསུམ་བསྟན་པ། །བཏང་སྙོམས་ཀྱིས་ནི་བདག་བསྲུང་བྱ། །བཏང་སྙོམས་ཀྱིས་ནི་སྡིག་མི་འགྱུར། །སྡང་བས་སྡིག་འགྱུར་དགེ་མི་འགྱུར། །ཞེས་གསུངས་ཤིང་ཆོས་སྤོང་བ་ནི་མཚམས་མེད་པ་ལྔ་བྱེད་པ་ལས་ཀྱང་སྡིག་པ་ལྕི་བར་གསུངས་པས། ཐར་བ་ཐོབ་པར་འདོད་པ་རྣམས་ཀྱིས་ཆོས་ཟབ་མོ་ལ་མོས་པར་བྱ་སྟེ། རྒྱུད་བླ་མར་ཡང༌། གང་ཞིག་ཡང་ཡང་སྡིག་གྲོགས་བསྟེན་པས་སངས་རྒྱས་ངན་སེམས་ལྡན་གྱུར་དང༌། །ཕ་མ་དགྲ་བཅོམ་གསོད་པ་བྱ་བ་མིན་བྱེད་མཆོག་ཚོགས་འབྱེད་པའི་མི། །དེ་ཡང་ཆོས་ཉིད་ངེས་པར་བསམས་ན་མྱུར་དུ་དེ་ལས་ཐར་འགྱུར་གྱི། །གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་བ་ག་ལ་ཡོད། །ཅེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །ཞེས་ས་བཟང་གི་མདོ་སྡེ་རྒྱན་གྱི་རྣམ་བཤད་ཇི་ལྟ་བ་བཞིན་བཀོད་པའོ། །འཕགས་པ་ཀླུའི་རིན་ཆེན་འཕྲེང་བ་ལས། ཐེག་པ་ཆེ་ལས་སྐྱེ་མེད་བསྟན། །གཞན་གྱི་ཟད་པ་སྟོང་བ་ཉིད། །ཟད་དང་མི་སྐྱེ་དོན་དུ་ནི། །གཅིག་པ་དེ་ཕྱིར་བཟོད་པར་གྱིས། །ཞེས་སོགས་ཐེག་ཆེན་བཀའ་ཡིན་པར་སྒྲུབ་ཚུལ་ཤེས་པར་བྱའོ། །ཐེག་ཆེན་གྱི་སྡེ་སྣོད་རྣམས་བཀའ་ཁས་མི་ལེན་པའི་ལུགས་ལ་བཀའ་ལ་སྒྲ་ཇི་བཞིན་པ་ཡིན་མིན་གཉིས་མི་བྱེད་པས་བཀའ་ལ་དྲང་ངེས་གཉིས་མི་འབྱེད་པས་ཐེག་དམན་གྱི་གྲུབ་མཐའ་སྨྲ་བ་བྱེ་མདོ་གཉིས་ཀྱི་ཤིང་རྟའི་སྲོལ་འབྱེད་ཡང་རྒྱ་བོད་ཀྱི་མཁས་དབང་རྣམས་ཀྱིས་མི་བཞེད་དོ། །


previousབརྒྱད་པ་མི་ཤེས་པར་ཁྲོ་བ་དགག་པ།next