Nitartha Digital Library
Tibetan
 
previousའབྲས་མཚུངས་ཀྱི་ལྟག་ཆོད་བཤད་པ།next

འབྲས་མཚུངས་ཀྱི་ལྟག་ཆོད་བཤད་པ།

༈ བསྒྲུབ་བྱའི་རྗེས་འགྲོ་ཕྱིར་འབྲས་བུ། །ཞེས་སོགས་རྐང་པ་བཞི་པོ་འདི་གང་ལས་འཕྲོས་ན། སྡོད་འཇུག་དབྱིབས་ཀྱི་ཁྱད་པར་དང་། །དོན་བྱེད་པ་ལ་སོགས་པ་དག། །ཅེས་པའི་སྐབས་སུ། མུ་སྟེགས་དབང་ཕྱུག་པས། དབྱིབས་ལྡན་དེ་རི་བོའི་དབྱིབས་སྐྱེས་བུས་བྱས་པར་སྒྲུབ་པའི་རྟགས་ཡང་དག་ཏུ་ཁས་བླངས་པ་དེ་འགོག་པར་བྱེད་པ་ཡིན་ལ། འདི་ལ་བསྒྲུབ་བྱ་ལ་བརྟགས་ནས་འགོག་པ་དང་། སྒྲུབ་བྱེད་ལ་བརྟགས་ནས་འགོག་པ་གཉིས། དང་པོ་འཆད་པར་བྱེད་པ་ལ། འདོད་པ་གྲུབ་པའམ་དཔེ་མ་གྲུབ། །ཅེས་སོགས་རྐང་པ་གཉིས་བྱུང་། གཉིས་པ་སྒྲུབ་བྱེད་ལ་བརྟགས་ནས་འགོག་པ་ནི། དབྱིབས་ལྡན་དེ་རི་བོའི་དབྱིབས་སྐྱེས་བུས་བྱས་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། སྐྱེས་བུས་བྱས་པའི་དབྱིབས་དེ་ཡང་དེ་ལྟར་སྒྲུབ་པའི་རྟགས་ཡང་དག་མ་ཡིན། སྐྱེས་བུས་བྱས་པའི་དབྱིབས་དང་དབྱིབས་ཙམ་དུ་མཚུངས་པ་དེ་ཡང་དེ་ལྟར་སྒྲུབ་པའི་རྟགས་ཡང་དག་མ་ཡིན། སྐྱེས་བུས་བྱས་པའི་དབྱིབས་དང་དབྱིབས་ཞེས་པའི་སྒྲ་འཇུག་རུང་དུ་མཚུངས་པ་དེ་ཡང་དེ་ལྟར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པའི་ཕྱིར། དང་པོ་མ་ཡིན་ཏེ། དེ་དེ་ལྟར་སྒྲུབ་པའི་ཕྱོགས་ཆོས་མ་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། བྱིན་རློབས་ཡོད་མེད་རྗེས་འཇུག་ཅན། །ཞེས་སོགས་རྐང་པ་བཞི་བྱུང་། གཉིས་པ་མ་ཡིན་ཏེ། དེའི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཁྱབ་པ་འཁྲུལ་བའི་ཕྱིར་ཏེ། དཔེར་ན། སྐྱ་རྫས་ཀྱི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་ཁྱབ་པ་འཁྲུལ་བ་བཞིན་ནོ། །ཞེས་དཔེ་དང་བཅས་ཏེ་འཆད་པར་བྱེད་པ་ལ། ཐ་དད་དངོས་ལ་རབ་གྲུབ་པ། །ཞེས་སོགས་རྐང་པ་བཞི་བྱུང་། ཁོ་ན་རེ། དེའི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཁྱབ་པ་མ་འཁྲུལ་བ་ཡིན་ནོ། ཟེར་ན། འོ་ན་གྲོག་མཁར་ཆོས་ཅན། རྫ་མཁན་གྱིས་བྱས་པ་ཡིན་པར་ཐལ། རྫ་མཁན་གྱིས་བྱས་པའི་རྫ་བུམ་དང་། འཇིམ་པའི་རྣམ་འགྱུར་འགའ་ཞིག་འདྲ་བར་མཚུངས་པའི་ཕྱིར། ཁྱབ་པ་ཁས། ཞེས་འཆད་པར་བྱེད་པ་ལ། དེ་ལྟ་མིན་ན་རྫ་མཁན་གྱིས། །ཞེས་སོགས་རྐང་པ་བཞི་བྱུང་། དེ་ལྟར་བྱས་པ་ལ་མུ་སྟེགས་དབང་ཕྱུག་པ་ན་རེ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། སྒྲའི་བྱས་པ་ཡང་དེ་སྒྲུབ་ཀྱི་དེ་མ་ཡིན། བུམ་པའི་དེ་ཡང་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་ཕྱིར། ཁྱབ་པ་མཚུངས་སོ། །ཞེ་ན། མི་མཚུངས་ཏེ། ཁྱོད་ཀྱིས་བུམ་པའི་བྱས་པ་ཡང་། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན། སྒྲའི་དེ་ཡང་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པས་བྱས་པ་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པར་འགྱུར། ཞེས་སུན་འབྱིན་པའི་སུན་འབྱིན་དེ་འབྲས་མཚུངས་ཀྱི་ལྟག་ཆོད་ཡིན་ལ། ངེད་ཀྱིས་སྐྱེས་བུས་བྱས་པའི་དབྱིབས་དེ་ཡང་རི་བོའི་དབྱིབས་སྐྱེས་བུས་བྱས་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན། དེ་དང་དབྱིབས་ཙམ་དུ་མཚུངས་པ་དེ་ཡང་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན། དེ་དང་དབྱིབས་ཞེས་པའི་སྒྲ་འཇུག་རུང་དུ་མཚུངས་པ་དེ་ཡང་། དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པས། དབྱིབས་ལྡན་དེ་རི་བོའི་དབྱིབས་སྐྱེས་བུས་བྱས་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་འགྱུར་རོ། །ཞེས་སུན་འབྱིན་པའི་སུན་འབྱིན་དེ། འབྲས་མཚུངས་ཀྱི་ལྟག་ཆོད་མ་ཡིན་པའི་ཕྱིར། དང་པོ་དེ་ཡིན་ཏེ། དེ་འདྲའི་སུན་འབྱིན་དེ་བསྒྲུབ་བྱ་སྒྲུབ་ནུས་ཀྱི་སྤྱི་རྟགས་སུ་བཀོད་པ་ལ་ཁྱད་པར་ལ་བརྟགས་ནས་སུན་འབྱིན་པའི་སུན་འབྱིན་ཡིན་པའི་ཕྱིར་ཏེ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། བསྒྲུབ་བྱའི་རྗེས་འགྲོ་ཕྱིར་འབྲས་བུ། །ཞེས་སོགས་རྐང་པ་བཞི་བྱུང་། གཉིས་པ་མ་ཡིན་ཏེ། དེ་འདྲའི་སུན་འབྱིན་དེ། བསྒྲུབ་བྱ་སྒྲུབ་ནུས་ཀྱི་སྤྱི་རྟགས་སུ་བཀོད་པ་ལ། ཁྱད་པར་ལ་བརྟགས་ནས་སུན་འབྱིན་པའི་སུན་འབྱིན་མ་ཡིན་པའི་ཕྱིར་ཏེ། དབྱིབས་ལྡན་དེ་རི་བོའི་དབྱིབས་སྐྱེས་བུས་བྱས་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པའི་ཕྱིར། ཞེས་ཤུགས་ལ་འཆད་པར་བྱེད་པ་ལ། བསྒྲུབ་བྱའི་རྗེས་འགྲོ་ཕྱིར་འབྲས་བུ། །ཞེས་སོགས་རྐང་པ་བཞི་བྱུང་། །

༈ མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། བསྒྲུབ་བྱ་སྒྲུབ་ནུས་ཀྱི་སྤྱི་རྟགས་སུ་བཀོད་པ་ལ། ཁྱད་པར་ལ་བརྟགས་ནས་སུན་འབྱིན་པའི་སུན་འབྱིན་དེ། འབྲས་མཚུངས་ཀྱི་ལྟག་ཆོད་ཀྱི་མཚན་ཉིད། མཚན་གཞི་ནི། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། སྒྲའི་བྱས་པ་ཡང་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན། བུམ་པའི་དེ་ཡང་དེ་སྒྲུབ་ཀྱི་དེ་མ་ཡིན་པའི་ཕྱིར། ཞེས་པའི་སུན་འབྱིན་ལྟ་བུ་ལ་བྱེད་ཟེར་ན། དེ་འདྲའི་སུན་འབྱིན་དེ་ཆོས་ཅན། སུན་འབྱིན་ལྟར་སྣང་དུ་ཐལ། འབྲས་མཚུངས་ཀྱི་ལྟག་ཆོད་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། སུན་འབྱིན་ཡང་དག་ཡིན་པའི་ཕྱིར་ཏེ། ཐལ་འགྱུར་ཡང་དག་ཡིན་པའི་ཕྱིར། ཁྱོད་ཐལ་འགྱུར་ཡང་དག་ཏུ་སོང་བའི་གང་ཟག་ཡོད་པའི་ཕྱིར། གཞན་ཡང་། བུམ་པའི་གཞལ་བྱ་ཡང་། སྒྲ་མི་རྟག་པར་སྒྲུབ་པའི་མ་ངེས་པའི་གཏན་ཚིགས་མ་ཡིན། ཀ་བའི་དེ་ཡང་དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་མ་ཡིན་པས། གཞལ་བྱ་དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་མ་ཡིན་པར་འགྱུར། ཞེས་སུན་འབྱིན་པའི་སུན་འབྱིན་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་གྲུབ་སྟེ། མ་ངེས་པའི་འབྲས་མཚུངས་ཀྱི་ལྟག་ཆོད་ཡིན་པའི་ཕྱིར། འདོད་ན། གཞལ་བྱ་དེ་སྒྲུབ་ཀྱི་བསྒྲུབ་བྱ་སྒྲུབ་ནུས་ཀྱི་གཏན་ཚིགས་ཡིན་པར་ཐལ། འདོད་པའི་ཕྱིར། ཁ་ཅིག་ན་རེ། སྒྲུབ་བྱེད་ཡང་དག་ཁས་བླངས་པ་ལ། ཁྱད་པར་ལ་བརྟགས་ནས་སུན་འབྱིན་པའི་རིགས་སུ་གནས་པའི་སུན་འབྱིན་ལྟར་སྣང་དེ། འབྲས་མཚུངས་ཀྱི་ལྟག་ཆོད་ཀྱི་མཚན་ཉིད་ཟེར་ན། སྔར་གྱི་དེ་གཉིས་ཀ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་སྒྲུབ་ཟིན། འདོད་ན། གཞལ་བྱ་སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་བྱེད་ཡང་དག་ཏུ་ཐལ། འདོད་པའི་ཕྱིར། །

༈ རང་ལུགས་བཞག་པ་ལ། བཤད་བྱའི་ལུང་འགོད་པ་དང་། ལུང་གི་དོན་བཤད་པ་གཉིས། དང་པོ་ནི། ཚད་མ་མདོ་ལས། འབྲས་ཉིད་གཞན་གྱི་ཆ་ཡི་ནི། །བསྒྲུབ་བྱ་མ་སྒྲུབ་པར་དོན་གང་། །དེས་ན་འབྲས་མཚུངས་སྨྲ་བ་པོའི། །བསམ་པ་ལ་ལྟོས་གསུམ་དུ་འགྱུར། །ཞེས་གསུངས་སོ། །གཉིས་པ་ལུང་གི་དོན་བཤད་པ་ནི། དེ་ཡང་ཚིག་རྐང་དང་པོ་གཉིས་ཀྱིས་འབྲས་མཚུངས་ཀྱི་ལྟག་ཆོད་ཀྱི་ངོ་བོ་དེ་བསྟན། དེ་ན་འབྲས་མཚུངས། ཞེས་པས། འབྲས་མཚུངས་ཀྱི་ལྟག་ཆོད་ཁོ་རང་མཚོན་བྱར་བསྒྲུབས། སྨྲ་བ་པོའི། བསམ་པ་ལ་ལྟོས་གསུམ་དུ་འགྱུར། །ཞེས་པས། དེའི་དབྱེ་བ་དེ་བསྟན། དེས་ན་འབྲས་མཚུངས་ཀྱི་ལྟག་ཆོད་ལ་མཚན་ཉིད། དབྱེ་བ། སྒྲ་བཤད་པ་དང་གསུམ། དང་པོ་ནི། ཚད་མས་གྲུབ་པའི་དོན་ཁས་བླངས་པ་ལ། ཁྱད་པར་ལ་བརྟགས་ནས་སུན་འབྱིན་པའི་རིགས་སུ་གནས་པའི་སུན་འབྱིན་ལྟར་སྣང་དེ། འབྲས་མཚུངས་ཀྱི་ལྟག་ཆོད་ཀྱི་མཚན་ཉིད། གཉིས་པ་དེ་ལ་དབྱེ་ན། སྒྲུབ་བྱེད་ལ་ལྟོས་པའི་དེ། བསྒྲུབ་བྱ་ལ་ལྟོས་པའི་དེ། བྱ་བྱེད་ལ་ལྟོས་པའི་དེ་དང་གསུམ། དང་པོ་ནི། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་ཁས་བླངས་པ་ལ། སྒྲའི་བྱས་པ་ཡང་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན། བུམ་པའི་དེ་ཡང་དེ་སྒྲུབ་ཀྱི་དེ་མ་ཡིན་པས། བྱས་པ་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པར་འགྱུར། ཞེས་སུན་འབྱིན་པའི་སུན་འབྱིན་ལྟ་བུ་ལ་བྱེད། གཉིས་པ་ནི། སྒྲ་མི་རྟག་པ་སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱ་ཡང་དག་ཏུ་ཁས་བླངས་པ་ལ། བུམ་པའི་མི་རྟག་པ་ཡང་དེ་སྒྲུབ་ཀྱི་བསྒྲུབ་བྱ་ཡང་དག་མ་ཡིན། ཀ་བའི་དེ་ཡང་དེ་སྒྲུབ་ཀྱི་དེ་ཡང་དག་མ་ཡིན་པས་སྒྲ་མི་རྟག་པ་སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱ་ཡང་དག་མ་ཡིན་པར་འགྱུར། ཞེས་སུན་འབྱིན་པའི་སུན་འབྱིན་ལྟ་བུ་ལ་བྱེད། གསུམ་པ་ལ་མཚན་མཚོན་ལ་ལྟོས་པའི་དེ་དང་། རྒྱུ་འབྲས་ལ་ལྟོས་པའི་དེ་གཉིས། དང་པོ་ལ། མཚོན་བྱ་ལ་ལྟོས་པའི་དེ་དང་། མཚན་ཉིད་ལ་ལྟོས་པའི་དེ་དང་གཉིས། དང་པོ་ནི། དངོས་པོ་དོན་བྱེད་ནུས་པའི་མཚོན་བྱར་ཁས་བླངས་པ་ལ། བུམ་པའི་དངོས་པོ་དེ་ཡང་དེའི་མཚོན་བྱ་མ་ཡིན། ཀ་བའི་དེ་ཡང་དེའི་མཚོན་བྱ་མ་ཡིན་པས། དངོས་པོ་དེའི་མཚོན་བྱ་མ་ཡིན་པར་འགྱུར། ཞེས་སུན་འབྱིན་པའི་སུན་འབྱིན་ལྟ་བུ་ལ་བྱེད། གཉིས་པ་ནི། དོན་བྱེད་ནུས་པ་དངོས་པོའི་མཚན་ཉིད་དུ་ཁས་བླངས་པ་ལ། བུམ་པའི་དོན་བྱེད་ནུས་པ་ཡང་དེའི་མཚན་ཉིད་མ་ཡིན། ཀ་བའི་དོན་བྱེད་ནུས་པ་ཡང་དེའི་མཚན་ཉིད་མ་ཡིན་པས་དོན་བྱེད་ནུས་པ་དེའི་མཚན་ཉིད་མ་ཡིན་པར་འགྱུར། ཞེས་པའི་སུན་འབྱིན་ལྟ་བུ་ལ་བྱེད། གཉིས་པ་རྒྱུ་འབྲས་ལ་ལྟོས་པའི་དེ་ལ་ཡང་། རྒྱུ་ལ་ལྟོས་པའི་དེ་དང་། འབྲས་བུ་ལ་ལྟོས་པའི་དེ་གཉིས། དང་པོ་ནི། མེ་དུ་བའི་རྒྱུར་ཁས་བླངས་པ་ལ། ཙནྡན་གྱི་མེ་ཡང་དུ་བའི་རྒྱུ་མ་ཡིན། ཤུག་པའི་མེ་ཡང་དུ་བའི་རྒྱུ་མ་ཡིན་པས། མེ་དུ་བའི་རྒྱུ་མ་ཡིན་པར་འགྱུར། ཞེས་སུན་འབྱིན་པའི་སུན་འབྱིན་ལྟ་བུ་ལ་བྱེད། གཉིས་པ་ནི། དུ་བ་མེའི་འབྲས་བུར་ཁས་བླངས་པ་ལ། ཙནྡན་གྱི་དུ་བ་དེ་ཡང་མེའི་འབྲས་བུ་མ་ཡིན། ཤུག་པའི་དུ་བ་ཡང་མེའི་འབྲས་བུ་མ་ཡིན་པས། དུ་བ་མེའི་འབྲས་བུ་མ་ཡིན་པར་འགྱུར། ཞེས་སུན་འབྱིན་པའི་སུན་འབྱིན་ལྟ་བུ་ལ་བྱེད། ཡང་འབྲས་མཚུངས་ཀྱི་ལྟག་ཆོད་ལ་དབྱེ་ན། འགལ་བའི་དེ་དང་། མ་ངེས་པའི་དེ་དང་། མ་གྲུབ་པའི་དེ་དང་གསུམ། དང་པོ་ནི། བྱས་པ་སྒྲ་རྟག་པར་སྒྲུབ་པའི་འགལ་རྟགས་སུ་ཁས་བླངས་པ་ལ། བུམ་པའི་བྱས་པ་ཡང་དེ་སྒྲུབ་ཀྱི་འགལ་རྟགས་མ་ཡིན། ཀ་བའི་བྱས་པ་ཡང་དེ་སྒྲུབ་ཀྱི་འགལ་རྟགས་མ་ཡིན་པས། བྱས་པ་དེ་སྒྲུབ་ཀྱི་འགལ་རྟགས་མ་ཡིན་པར་འགྱུར། ཞེས་སུན་འབྱིན་པའི་སུན་འབྱིན་ལྟ་བུ་ལ་བྱེད། གཉིས་པ་ནི། གཞལ་བྱ་སྒྲ་མི་རྟག་པར་སྒྲུབ་པའི་མ་ངེས་པའི་གཏན་ཚིགས་སུ་ཁས་བླངས་པ་ལ། བུམ་པའི་གཞལ་བྱ་ཡང་དེ་མ་ཡིན། ཀ་བའི་དེ་ཡང་དེ་མ་ཡིན་པས། གཞལ་བྱ་དེ་མ་ཡིན་པར་འགྱུར། ཞེས་སུན་འབྱིན་པའི་སུན་འབྱིན་ལྟ་བུ་ལ་བྱེད། གསུམ་པ་ནི། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་མ་གྲུབ་པའི་གཏན་ཚིགས་མ་ཡིན་པར་ཁས་བླངས་པ་ལ། བུམ་པའི་བྱས་པ་ཡང། སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་མ་གྲུབ། ཀ་བའི་དེ་ཡང། དེའི་སྟེང་དུ་འགོད་ཚུལ་དང་མཐུན་པར་མ་གྲུབ་པས། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་མ་གྲུབ་པའི་གཏན་ཚིགས་ཡིན་པར་འགྱུར། ཞེས་སུན་འབྱིན་པའི་སུན་འབྱིན་ལྟ་བུ་ལ་བྱེད། སྒྲ་བཤད་པ་ནི། སྔར་གྱི་དེ་རྣམས་ལ་འབྲས་མཚུངས་ཀྱི་ལྟག་ཆོད། ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་རྣམས་རང་སྨྲ་བ་པོའི་གང་ཟག་གིས་སྨྲས་པའི་འབྲས་བུའི་ཉེས་པ་དེ། རང་སྨྲ་བ་པོའི་གང་ཟག་རང་ལ་མཚུངས་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། །

༈ རྩོད་པ་སྤང་པ་ལ། ཁ་ཅིག་ན་རེ། བྱས་པ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་ཁས་བླངས་པའི་ཁས་བླངས་དེ། ཚད་མས་གྲུབ་པའི་དོན་ཁས་བླངས་པའི་དེར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། ཁས་བླངས་རྣམ་དག་ཡིན་ན་ཚད་མས་གྲུབ་པའི་དོན་ཁས་བླངས་པའི་ཁས་བླངས་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། དམ་བཅའ་ཡང་དག་ཡིན་ན། ཚད་མས་གྲུབ་པའི་དོན་ཞེན་དོན་དུ་བྱེད་པའི་དམ་བཅའ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། །


previousའབྲས་མཚུངས་ཀྱི་ལྟག་ཆོད་བཤད་པ།next