Nitartha Digital Library
Tibetan
རྟ་ནག་རྣམ་འགྲེལ།

305 occurrences of རང་རིག་
[Clear Hits]


12  collapse section
  
 
  
  
  
  
  
  
 
 
  
  
དངོས་མིང་དང་བཏགས་མིང་གི་དོན་བཤད་པ།
17  expand section
expand section
62  expand section
22  expand section
93  expand section
93  expand section


305 occurrences of རང་རིག་
[Clear Hits]

 
previousདངོས་མིང་དང་བཏགས་མིང་གི་དོན་བཤད་པ།next

དངོས་མིང་དང་བཏགས་མིང་གི་དོན་བཤད་པ།

༈ བློ་ནི་འཁྲུལ་པ་མེད་འཇུག་པ། །ཞེས་སོགས་རྐང་པ་བཞི་གང་ལས་འཕྲོས་ན། རང་རེས་གོང་དུ། སྤྱི་མཚན་དངོས་མེད་དུ་ཁས་བླངས་པ་ལ། ཁོ་ན་རེ། བུམ་འཛིན་རྟོག་པ་ལ་བུམ་པ་སྣང་བ་དེ་དངོས་པོ་ཡིན་ཏེ། དེ་བུམ་པ་ཞེས་པའི་སྒྲས་བརྗོད་པའི་ཕྱིར། ཁྱབ་སྟེ། རྗོད་བྱེད་ཀྱི་སྒྲ་རྣམས་རང་ཡུལ་ལ་དངོས་དབང་གིས་འཇུག་པའི་ཕྱིར་ཟེར་ན། འོ་ན། བུམ་པ་འདས་པ་དང་བུམ་པ་མ་འོངས་པ་གཉིས་ལ། བུམ་པ་ཞེས་པའི་སྒྲ་དངོས་སུ་འཇུག་པར་ཐལ། རྗོད་བྱེད་ཀྱི་སྒྲ་རྣམས་རང་ཡུལ་ལ་དངོས་དབང་གིས་འཇུག་པའི་ཕྱིར། འདོད་མི་ནུས་ཏེ། དེ་གཉིས་དངོས་པོར་མེད་པའི་ཕྱིར། ཞེས་འཆད་པ་ལ། འདས་པ་དང་ནི་མ་འོངས་པའི། །ཞེས་སོགས་རྐང་པ་བཞི་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། བུམ་སྤྱི་དངོས་པོ་བ་དེ། འདས་པའི་དུས་ཀྱི་བུམ་པ་དང་། མ་འོངས་པའི་དུས་ཀྱི་བུམ་པ་གཉིས་ཀྱི་ཆོས་སུ་ཉེ་བར་བཏགས་ནས། བུམ་པ་ཞེས་པའི་སྒྲ་དེ། འདས་པའི་དུས་ཀྱི་བུམ་པ་དང་། མ་འོངས་པའི་དུས་ཀྱི་བུམ་པ་གཉིས་ལ་དངོས་སུ་འཇུག་པ་ཡིན་ནོ། །ཞེས་པའི་འདོད་པ་བརྗོད་པར་བྱེད་པ་ལ། གལ་ཏེ་ཉེར་བཏགས་ལས་དེ་འདོད། །ཅེས་པ་འདི་བྱུང་། འོ་ན། བུམ་པ་ཞེས་པའི་སྒྲ་དེ། འདས་པའི་དུས་ཀྱི་བུམ་པ་དང་མ་འོངས་པའི་དུས་ཀྱི་བུམ་པ་གཉིས་ལ་འཇུག་ལ། སྣམ་བུ་ལ་མི་འཇུག་པའི་ཁྱད་པར་མི་འཐད་པར་ཐལ། བུམ་པ་ཞེས་པའི་སྒྲ་དངོས་སུ་འཇུག་པ་ལ། བུམ་སྤྱི་དངོས་པོ་བ་ཁྱད་ཆོས་སུ་ཚང་དགོས། བུམ་སྤྱི་དངོས་པོ་བ་དེ་དེ་གཉིས་ལ་ཡོད་ཅིང་། སྣམ་བུ་ལ་མེད་པའི་ཁྱད་པར་མི་འཐད་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། གང་ཞིག་སྣམ་སོགས་ལ་མེད་ལ། །ཞེས་སོགས་རྐང་པ་གསུམ་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། སྤྱི་དངོས་པོ་བ་ཡོད་པའི་དབང་གིས་དངོས་མིང་དང་། དེ་མེད་པའི་དབང་གིས་བཏགས་མིང་མི་འཇུག་ན། དངོས་མིང་དང་བཏགས་མིང་འཇུག་པའི་རྒྱུ་མཚན་གང་ཞེ་ན། དེའི་རྒྱུ་མཚན་འཆད་པར་བྱེད་པ་ལ། བློ་ནི་འཁྲུལ་པ་མེད་འཇུག་པ། །ཞེས་སོགས་རྐང་པ་བཞི་བྱུང་། དེའི་རྒྱུ་མཚན་དཔེ་དང་བཅས་ཏེ་འཆད་པར་བྱེད་པ་ལ། དོན་མེད་ན་ཡང་འགྲོ་བ་ཡིས། །ཞེས་པ་ནས། མཉན་པ་སྐྱེ་བོས་བྱས་པ་ཡིན། །ཞེས་པའི་བར་བྱུང་། དེས་ན། བློ་ནི་འཁྲུལ་པ་མེད་འཇུག་པ། །ཞེས་སོགས་ཀྱི་ངག་དོན་ནི། སེང་གེ་ཞེས་པའི་ངག་ཆོས་ཅན། རི་དྭགས་རྒྱལ་པོའི་དངོས་མིང་ཡིན་ཏེ། དེ་ལ་འདོད་རྒྱལ་དུ་ཐོག་མར་བརྡ་སྦྱར་བའི་མིང་གང་ཞིག །རང་ཉིད་ལ་བརྟེན་ནས་དེ་འཁྲུལ་མེད་དུ་གོ་ནུས་ཡིན་པའི་ཕྱིར། དེ་ཆོས་ཅན། བྲམ་ཟེ་ཁྱེའུ་ཁ་ཆེ་སྣ་ཉག་གི་བཏགས་མིང་ཡིན་ཏེ། རང་ཉིད་ལ་བརྟེན་ནས་དེ་ཐུན་མོང་མ་ཡིན་པར་གོ་མི་ནུས་པ་གང་ཞིག །དེ་ལ་རྗེས་སུ་བརྡ་སྦྱར་བའི་མིང་ཡིན་པའི་ཕྱིར། །

༈ གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། བྱས་པ་ཞེས་པའི་ངག་དེ་མི་རྟག་པའི་དངོས་མིང་དུ་ཐལ། སེང་གེ་ཞེས་པའི་ངག་དེ་རི་དྭགས་རྒྱལ་པོའི་དངོས་མིང་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། སྒྲ་བྱས་ཞེས་པའི་ངག་དེ་སྒྲ་མི་རྟག་པའི་དངོས་མིང་དུ་ཐལ། འདོད་པའི་ཕྱིར། འདོད་ན། སྒྲ་བྱས་ཞེས་པའི་ངག་ལས་སྒྲ་བྱས་པ་རྟོགས། སྒྲ་མི་རྟག་པ་མི་གོ་བའི་ཁྱད་པར་མི་འཐད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེས་ན་ཐ་དད་རྣམ་པར་གནས། །ཞེས་གསུངས་པ་མི་འཐད་པར་ཐལ་ལོ་ཟེར་ན། འོ་ན། ཁོ་རང་ལ། བྱས་པ་ཞེས་པའི་ངག་དེ་མི་རྟག་པའི་དངོས་མིང་ཡིན་པར་ཐལ། བུམ་པ་ཞེས་པའི་ངག་དེ་ལྟོ་ལྡིར་བའི་དངོས་མིང་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། ལྟོ་ལྡིར་བ་བུམ་པའི་མཚན་ཉིད་ཡིན་པའི་ཕྱིར། ཡང་ཁོ་ན་རེ། སེང་གེ་དང་རི་དྭགས་རྒྱལ་པོ་གཉིས་དངོས་མིང་ཐ་དད་ཀྱི་གོ་བྱ་སོ་སོར་གནས་པ་མ་ཡིན་པར་ཐལ། སེང་གེ་ཞེས་པའི་ངག་དེ་རི་དྭགས་རྒྱལ་པོའི་དངོས་མིང་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། ཁོ་རང་ལ། བུམ་པ་དང་ལྟོ་ལྡིར་བ་གཉིས་དངོས་མིང་ཐ་དད་ཀྱི་གོ་བྱ་སོ་སོར་གནས་པ་མ་ཡིན་པར་ཐལ། བུམ་པ་ཞེས་པའི་ངག་དེ་ལྟོ་ལྡིར་བའི་དངོས་མིང་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། དེ་གཉིས་དོན་སྤྱི་ཐ་དད་དུ་འཆར་རུང་གི་ཆོས་ཡིན་པའི་ཕྱིར། ཁོ་ན་རེ། རང་ཉིད་ལ་བརྟེན་ནས་དོན་དེ་ཐུན་མོང་མ་ཡིན་པར་གོ་ནུས་པའི་ངག་དེ། དོན་དེའི་དངོས་མིང་གི་མཚན་ཉིད་ཟེར་ན། བུམ་པ་ཞེས་པའི་ངག་ཆོས་ཅན། རང་ཉིད་ཅེས་པའི་བརྗོད་བྱའི་དངོས་མིང་ཡིན་པར་ཐལ། རང་ཉིད་ལ་བརྟེན་ནས་དེ་ཞེས་པའི་བརྗོད་བྱ་ཐུན་མོང་མ་ཡིན་པར་གོ་ནུས་པའི་ངག་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། ངག་རྣམ་དག་ཡིན་པའི་ཕྱིར། འདོད་ན། བུམ་པ་ཞེས་པའི་ངག་གི་བརྗོད་བྱ་དེ། བུམ་པ་ཞེས་པའི་ངག་དངོས་མིང་དུ་འཇུག་པའི་གཞི་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། བུམ་པ་ཡིན་པར་ཐལ། འདོད་པའི་ཕྱིར། ཁོ་ན་རེ། དོན་དེ་ལ་འདོད་རྒྱལ་ཐོག་མར་བརྡ་སྦྱར་བའི་མིང་དེ། དོན་དེའི་དངོས་མིང་གི་མཚན་ཉིད། རང་ཉིད་དངོས་མིང་དུ་འཇུག་པའི་གཞི་དང་། དོན་དང་མིང་འདྲ་བའམ་འབྲེལ་པ་གྲུབ་པ་གང་རུང་གཅིག་རྒྱུ་མཚན་དུ་བྱས་ནས། དོན་དེ་ལ་རྗེས་གྲུབ་ཏུ་སྦྱར་བའི་མིང་དེ། དོན་དེའི་བཏགས་མིང་གི་མཚན་ཉིད་ཡིན་ནོ་ཟེར་ན། དང་པོ་ལ་སྐྱོན་འཕེན་པ་ཁ་ཅིག་ན་རེ། བུམ་པ་ཞེས་པའི་ངག་ཆོས་ཅན། བུམ་པ་ལ་འདོད་རྒྱལ་ཐོག་མར་བརྡ་སྦྱར་བའི་མིང་ཡིན་པར་ཐལ། དེའི་དངོས་མིང་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ལྟོ་ལྡིར་བ་ལ་འདོད་རྒྱལ་ཐོག་མར་བརྡ་སྦྱར་བའི་མིང་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ལྟོ་ལྡིར་བའི་དངོས་མིང་ཡིན་པའི་ཕྱིར་ཟེར་ན། ཁོ་རང་ལ། བུམ་པ་ཞེས་པའི་ངག་དེ་བུམ་པ་ལ་འདོད་རྒྱལ་ཐོག་མར་བརྡ་སྦྱར་བའི་མིང་ཡིན་པར་ཐལ། དེ་ལ་དེ་ལྟར་སྦྱར་བའི་མིང་ཡོད་པའི་ཕྱིར་ཏེ། ལྟོ་ལྡིར་བ་ལ་འདོད་རྒྱལ་ཐོག་མར་བརྡ་སྦྱར་བའི་མིང་ཡོད་པའི་ཕྱིར། མཚན་ཉིད་གཉིས་པ་ལ། སྤྱི་གཙོ་བོ་དང་ཡུལ་མི་རྒན་པོ་གཉིས་ལ་འདྲ་བ་འམ་འབྲེལ་པ་གང་རུང་གཅིག་གྲུབ་པར་ཐལ། སྤྱི་གཙོ་བོ་ཞེས་པའི་ངག་དེ་ཡུལ་མི་རྒན་པོའི་བཏགས་མིང་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། ནུས་ལའང་གཙོ་བོ་ལ་སོགས་པའི། །མཉན་པ་སྐྱེ་བོས་བྱས་པ་ཡིན། །ཞེས་གསུངས་པའི་ཕྱིར། འདོད་ན། སྤྱི་གཙོ་བོ་ཡོད་པར་ཐལ། འདོད་པའི་ཕྱིར། གཞན་ཡང་། སྒྲ་ལ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཡིན་ཞེས་པའི་ངག་ཆོས་ཅན། རང་ཉིད་དངོས་མིང་དུ་འཇུག་པའི་གཞི་དང་སྒྲ་གཉིས་འདྲ་བའམ་འབྲེལ་པ་གྲུབ་པ་གང་རུང་ཞིག་ཡིན་པར་ཐལ། སྒྲའི་བཏགས་མིང་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། སྒྲ་ལ་དེ་སྒྲུབ་ཀྱི་ཕྱོགས་ཞེས་པའི་མིང་བཏགས་ནས་འཇུག་པའི་ཕྱིར་ཏེ། སྒྲ་དེ་སྒྲུབ་ཀྱི་ཕྱོགས་མཚན་ཉིད་པ་དེའི་ཕྱོགས་གཅིག་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བཏགས་ནས་འཇུག་པའི་ཕྱིར། རིགས་གཏེར་ལས། དེ་ཡི་ཕྱོགས་གཅིག་ཡིན་པའི་ཕྱིར། །ཡ་གྱལ་གཉིས་ལ་བཏགས་ནས་འཇུག །ཅེས་གསུངས་པའི་ཕྱིར། གཞན་ཡང་། རི་བོང་གི་རྭ་ཞེས་པའི་ངག་ཆོས་ཅན། རང་ཉིད་དངོས་མིང་དུ་འཇུག་པའི་གཞི་ཡོད་པར་ཐལ། རི་བོང་གི་རྭའི་བཏགས་མིང་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེའི་མིང་གང་ཞིག །དེའི་དངོས་མིང་མ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། རི་བོང་གི་རྭ་ཆོས་ཅན། ཁྱོད་ཅེས་པའི་ངག་ཁྱོད་ཀྱི་མིང་ཡིན་པར་ཐལ། ཁྱོད་བདག་མེད་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རི་བོང་གི་རྭ་ཞེས་པའི་ངག་དེ་དེའི་དངོས་མིང་དང་བཏགས་མིང་གང་ཡང་མ་ཡིན་ནོ་ཟེར་ན། རི་བོང་གི་རྭའི་མིང་ཡིན་ན། དེའི་དངོས་མིང་དང་བཏགས་མིང་གང་རུང་ཡིན་དགོས་པར་ཐལ། བྲམ་ཟེ་ཁྱེའུ་ཁ་ཆེ་སྣ་ཉག་གི་མིང་ཡིན་ན། དེའི་དེ་གང་རུང་ཡིན་དགོས་པའི་ཕྱིར་ཏེ། སེང་གེ་ཞེས་པའི་ངག་དེ། དེའི་བཏགས་མིང་དང་། བྲམ་ཟེ་ཁྱེའུ་ཁ་ཆེ་སྣ་ཉག་ཅེས་པའི་ངག་དེ་དེའི་དངོས་མིང་ཡིན་པའི་ཕྱིར། གཞན་ཡང་། སྒྲ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཡིན། ཞེས་པའི་ངག་དེ་བཏགས་མིང་ཡིན་པར་ཐལ། ཉི་མའི་འབྲས་བུར་གྱུར་པའི་འོད་ཟེར་ལ་ཉི་མ་ཞེས་པའི་ངག་བཏགས་མིང་ཡིན་པའི་ཕྱིར་ཏེ། དེ་རྒྱུ་མིང་འབྲས་ལ་བཏགས་པའི་བཏགས་མིང་ཡིན་པའི་ཕྱིར་ཏེ། དེ་འདྲའི་བཏགས་མིང་ཡོད་པའི་ཕྱིར། ཁ་ཅིག་ན་རེ། རས་ཡུག་གི་ཕྱོགས་གཅིག་ཚིག་པ་ལ་རས་ཡུག་ཚིག་ཅེས་པའི་ངག་དེ་དངོས་མིང་མ་ཡིན་ཞིང་བཏགས་མིང་ཡིན་ནོ་ཟེར་ན། རས་ཡུག་གི་ཕྱོགས་གཅིག་ཚིག་པ་དེ་རས་ཡུག་ཚིག་པ་མ་ཡིན་པར་ཐལ། དེའི་ཕྱོགས་གཅིག་ཚིག་པ་ལ་དེ་ཚིག་ཅེས་པའི་ངག་དེ་དངོས་མིང་མ་ཡིན་པའི་ཕྱིར། འདོད་ན། དེའི་གཡས་ཕྱོགས་ཚིག་པ་དེ་རས་ཡུག་གི་ཕྱོགས་གཅིག་ཚིག་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་གཡས་ཕྱོགས་ཚིག་ཅིང་གཡོན་ཕྱོགས་མ་ཚིག་པའི་ཚེ་ན། དེའི་ཕྱོགས་གཅིག་ཚིག་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་ཚེ་ན། རས་ཡུག་གི་ཕྱོགས་གཅིག་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེའི་ཚེ་ན་དེའི་གཡོན་ཕྱོགས་ཡོད་པའི་ཕྱིར། གཞན་ཡང་། དེའི་ཕྱོགས་གཅིག་ཚིག་པ་དེ། དེ་ཚིག་པ་ཡིན་པར་ཐལ། རས་ཡུག་གཅིག་གི་ཕྱོགས་གཅིག་ཚིག་པ་དེ། རས་ཡུག་གཅིག་ཚིག་པ་ཡིན་པའི་ཕྱིར་ཏེ། སྐྱེས་བུ་གཅིག་གི་ལག་པ་ན་བ་དེ། སྐྱེས་བུ་གཅིག་ན་བ་ཡིན་པའི་ཕྱིར་ཏེ། སྐྱེས་བུ་གཅིག་གི་མགོ་བོ་མཐོང་བ་དེ། སྐྱེས་བུ་གཅིག་མཐོང་བ་ཡིན་པའི་ཕྱིར་ཏེ། སྐྱེས་བུ་གཅིག་མཐོང་བའི་བློ་ཡིན་ན། སྐྱེས་བུ་གཅིག་གི་ཆ་ཐམས་ཅད་མཐོང་བའི་བློ་ཡིན་པས་མ་ཁྱབ་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རས་ཡུག་གཅིག་གི་ཁ་ཚར་ཙམ་ཚིག་པ་དེ། རས་ཡུག་གཅིག་ཚིག་པ་ཡིན་པར་ཐལ། རས་ཡུག་གི་ཕྱོགས་གཅིག་ཚིག་པ་དེ། རས་ཡུག་ཚིག་པ་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། སྐྱེས་བུ་གཅིག་གི་སྐྲ་ཉག་གཅིག་ཚིག་པ་དེ། སྐྱེས་བུ་གཅིག་ཚིག་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སྐྲ་ཉག་གཅིག་ཚིག་པའི་སྐྱེས་བུ་ཡོད་ཀྱང་། ཚིག་པའི་སྐྱེས་བུ་མེད་པའི་ཕྱིར། ཁ་ཅིག་ན་རེ། རས་ཡུག་གཅིག་གི་ཁ་ཚར་ཚིག་པ་དེ། རས་ཡུག་གཅིག་ཚིག་པ་ཡིན་པར་ཐལ། སྐྱེས་བུ་གཅིག་གི་ལག་པ་གཡས་པ་མེས་ཚིག་པ་དེ། སྐྱེས་བུ་གཅིག་གི་ལག་པ་མེས་ཚིག་པ་ཡིན་པའི་ཕྱིར་ཏེ། དེ་གཅིག་གི་ལག་པ་གཡས་པ་ན་བ་དེ། དེ་ན་བ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། འོ་ན། ཁོ་རང་ལ། ལག་པ་གཡས་པ་མེས་ཚིག་པའི་སྐྱེས་བུ་ཡིན་ན། ལག་པ་མེས་ཚིག་པའི་སྐྱེས་བུ་ཡིན་དགོས་པར་ཐལ། དེ་གཅིག་གི་ལག་པ་གཡས་པ་མེས་ཚིག་པ་དེ། དེ་གཅིག་གི་ལག་པ་ཚིག་པ་ཡིན་པའི་ཕྱིར། འདོད་ན། ལག་པ་གཡས་པ་ཆད་པའི་སྐྱེས་བུ་ཡིན་ན། ལག་པ་ཆད་པའི་སྐྱེས་བུ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ལག་པ་གཡས་པ་ཆད་ཅིང་། གཡོན་པ་མ་ཆད་པའི་སྐྱེས་བུ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། ལག་པ་དང་ལྡན་པའི་སྐྱེས་བུ་ཡིན་པའི་ཕྱིར་ཏེ། ལག་པ་གཡོན་པ་དང་ལྡན་པའི་སྐྱེས་བུ་ཡིན་པའི་ཕྱིར། གཞན་ཡང་། མིག་གཡས་པ་ལོང་བའི་སྐྱེས་བུ་ཡིན་ན། མིག་ལོང་བའི་སྐྱེས་བུ་ཡིན་དགོས་པར་ཐལ། ལག་པ་གཡས་པ་ཆད་པའི་སྐྱེས་བུ་ཡིན་ན། ལག་པ་ཆད་པའི་སྐྱེས་བུ་ཡིན་དགོས་པའི་ཕྱིར། འདོད་ན། མིག་གཡས་པ་ལོང་ལ་གཡོན་པ་མ་ལོང་བའི་སྐྱེས་བུ་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། མིག་ལྡན་གྱི་སྐྱེས་བུ་ཡིན་པའི་ཕྱིར་ཏེ། མིག་གཡོན་པ་དང་ལྡན་པའི་སྐྱེས་བུ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཉི་མའི་འོད་ཟེར་དེ་ལ་ཉི་མ་ཞེས་བརྗོད་པའི་ངག་དེ། རྒྱུ་མིང་འབྲས་ལ་བཏགས་པའི་བཏགས་མིང་ཡིན་ཟེར་ན། ཉི་མ་དེ་ཉི་མའི་འོད་ཟེར་གྱི་རྒྱུ་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེའི་རེག་བྱའི་རྒྱུ་ཡིན་པར་ཐལ། འདོད་པ་གང་ཞིག །དེའི་འོད་ཟེར་དེའི་རེག་བྱ་ཡིན་པའི་ཕྱིར། འདོད་ན། བུམ་པ་དེ་བུམ་པའི་རེག་བྱའི་རྒྱུ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་གཉིས་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། ཁ་ཅིག་ན་རེ། བུམ་པ་ཞེས་པའི་ངག་དངོས་སུ་འཇུག་པའི་གཞི་ཡིན་ན། དེ་དངོས་མིང་དུ་འཇུག་པའི་གཞི་ཡིན་པས་ཁྱབ་ཟེར་ན། གསེར་བུམ་ཆོས་ཅན། ཐལ་ཕྱིར། འདོད་ན། བུམ་པ་ཞེས་པའི་ངག་དེ་གསེར་བུམ་གྱི་དངོས་མིང་ཡིན་པར་ཐལ། གསེར་བུམ་དེ་བུམ་པ་ཞེས་པའི་ངག་དངོས་མིང་དུ་འཇུག་པའི་གཞི་ཡིན་པའི་ཕྱིར། འདོད་ན། དེ་འདྲའི་ངག་ཆོས་ཅན། གསེར་བུམ་གྱི་དངོས་མིང་མ་ཡིན་པར་ཐལ། ཟངས་བུམ་གྱི་དངོས་མིང་ཡིན་པའི་ཕྱིར། རྟགས་ཁས། བྱས་པ་ལ་ཁོ་ན་རེ། བུམ་པ་ཞེས་པའི་ངག་དེ། གསེར་བུམ་གྱི་དེ་ཡིན་པར་ཐལ། མཚོ་སྐྱེས་ཞེས་པའི་ངག་དེ་སྐམ་ལས་སྐྱེས་པའི་པདྨོའི་དངོས་མིང་ཡིན་པའི་ཕྱིར། འཇུག་པའི་ཊཱིཀ་ཆེན་ལས། སྒྲ་དངོས་སུ་འཇུག་པ་ལ། དེ་དངོས་མིང་དུ་འཇུག་པའི་རྒྱུ་མཚན་བཤད་དགོས་པས་མ་ཁྱབ་པ་ནི། དཔེར་ན། སྐམ་ལས་སྐྱེས་པའི་པདྨ་ལ་མཚོ་སྐྱེས་ཀྱི་སྒྲ་དངོས་མིང་དུ་འཇུག་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། མཚོ་སྐྱེས་ཞེས་པའི་སྒྲ་དེ་སྐམ་ལས་སྐྱེས་པའི་པདྨ་ལ་དངོས་སུ་འཇུག་པ་དེ་ལུང་དེའི་དོན་ཡིན་པའི་ཕྱིར། ཁ་ཅིག་ན་རེ། བུམ་པ་ལ་དངོས་སུ་འཇུག་པའི་མིང་ཡིན་ན། བུམ་པའི་དངོས་མིང་ཡིན་པས་ཁྱབ་ཟེར་ན། ཤེས་བྱ་ཞེས་པའི་ངག་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། བུམ་པ་ཤེས་བྱ་ཞེས་པའི་ངག་དེ་དངོས་སུ་འཇུག་པའི་གཞི་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། དེར་ཐལ། ཤེས་བྱ་ཡིན་པའི་ཕྱིར། །

༈ རང་ལུགས་ལ། མིང་གི་རྣམ་གཞག་ལ་སྤྱིར། མིང་ཚིག་ཡི་གེ་རྣམས་དོན་གཅིག་མིན་ཀྱང་། དེ་རྣམས་མི་འགལ་ལོ། །མིང་ལ་དབྱེ་ན། དངོས་མིང་དང་བཏགས་མིང་གཉིས། དང་པོ་ནི། དོན་དེའི་མིང་དུ་འདོད་རྒྱལ་ཐོག་མར་བརྡ་སྦྱར་བ་ཡང་ཡིན། རང་ཉིད་ལ་བརྟེན་ནས་དོན་དེ་འཁྲུལ་མེད་དུ་གོ་ནུས་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་མཉན་བྱ་དོན་མཐུན་དེ་དེའི་དངོས་མིང་གི་མཚན་ཉིད། དཔེར་ན། རི་དྭགས་རྒྱལ་པོ་ལ་སེང་གེ་ཞེས་བརྗོད་པའི་ངག་ལྟ་བུའོ། །རང་ཉིད་ལ་བརྟེན་ནས་དོན་དེ་འཁྲུལ་མེད་དུ་གོ་མི་ནུས་པ་ཡང་ཡིན། དོན་དེའི་མིང་ཕལ་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་མཉན་བྱ་དེ་དོན་དེའི་བཏགས་མིང་གི་མཚན་ཉིད། དེ་ལ་དབྱེ་ན་འདྲ་བ་རྒྱུ་མཚན་དུ་བྱས་པའི་བཏགས་མིང་དང་། འབྲེལ་པ་རྒྱུ་མཚན་དུ་བྱས་པའི་བཏགས་མིང་གཉིས། དང་པོ་ནི། བྲམ་ཟེ་ཁྱེའུ་ཁ་ཆེ་སྣ་ཉག་ལ་སེང་གེ་ཞེས་བརྗོད་པའི་ངག་ལྟ་བུ་ལ་བྱེད་པ་ཡིན་ཏེ། བྲམ་ཟེ་ཁྱེའུ་སྣ་ཉག་དང་། སེང་གེ་གཉིས་ཁ་ཆེ་བ་དང་སྣ་ཉག་པར་མཚུངས་པའི་ཕྱིར། གཉིས་པ་ལ། བདག་གཅིག་གི་འབྲེལ་པ་རྒྱུ་མཚན་དུ་བྱས་པའི་བཏགས་མིང་དང་། དེ་བྱུང་གི་འབྲེལ་པ་རྒྱུ་མཚན་དུ་བྱས་པའི་བཏགས་མིང་གཉིས། དང་པོ་ལ། ཡ་གྱལ་གྱི་མིང་ཚོགས་པ་ལ་བཏགས་པའི་བཏགས་མིང་དང་། ཚོགས་པའི་མིང་གིས་ཡ་གྱལ་ལ་བཏགས་པའི་བཏགས་མིང་གཉིས། དང་པོ་ནི། རས་ཡུག་གི་ཁ་ཚར་ཙམ་ཚིག་པ་ལ། རས་ཡུག་ཚིག་ཅེས་བརྗོད་པའི་ངག་ལྟ་བུ་ལ་བྱེད་པ་ཡིན་ཏེ། རས་ཡུག་གི་ཁ་ཚར་དེ་རས་ཡུག་གི་ཡ་གྱལ་དང་། རས་ཡུག་དེ་དེའི་ཁ་ཚར་ལ་སོགས་པ་ཚོགས་པའི་ཚོགས་པ་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། གཉིས་པ་ནི། སྒྲ་ལ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཞེས་བརྗོད་པའི་ངག་ལྟ་བུ་ལ་བྱེད་པ་ཡིན་ཏེ། སྒྲ་དེ་དེ་སྒྲུབ་ཀྱི་ཕྱོགས་མཚན་ཉིད་པ་དེའི་ཡ་གྱལ་གཅིག་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བཏགས་པའི་ཕྱིར། གཉིས་པ་ལ། རྒྱུ་མིང་འབྲས་ལ་བཏགས་པའི་བཏགས་མིང་དང་། འབྲས་མིང་རྒྱུ་ལ་བཏགས་པའི་བཏགས་མིང་གཉིས། དང་པོ་ནི། ཉི་མའི་འབྲས་བུར་གྱུར་པའི་ཉི་མའི་འོད་ཟེར་ལ་ཉི་མ་ཞེས་བརྗོད་པའི་ངག་ལྟ་བུ་ལ་བྱེད། གཉིས་པ་ནི། སྒྲུབ་ངག་ཡང་དག་ལ། རང་འབྲས་རྗེས་དཔག་ཅེས་བརྗོད་པའི་ངག་ལྟ་བུ་ལ་བྱེད་དོ། །

༈ རྩོད་པ་སྤང་བ་ལ། ཁ་ཅིག་ན་རེ། སྒྲ་དེ་སྒྲ་རྟག་པར་སྒྲུབ་པའི་ཕྱོགས་ཀྱི་ཡ་གྱལ་གཅིག་ཡིན་པར་ཐལ། སྒྲ་རྟག་པ་དེ་སྒྲུབ་ཀྱི་ཕྱོགས་གང་ཞིག །སྒྲ་དེ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཀྱི་ཡ་གྱལ་གཅིག་ཡིན་པའི་ཕྱིར། ཕྱི་མ་ཁྱབ་པ་ཁས་ཟེར། འདོད་ན། དེ་སྒྲུབ་ཀྱི་ཕྱོགས་ཀྱི་ཡ་གྱལ་གཅིག་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་ཕྱོགས་ཡོད་པར་ཐལ་ལོ་ཟེར་ན། མ་ཁྱབ་བོ། །ཁ་ཅིག །རྟོག་པ་ཞེས་པའི་ངག་ཆོས་ཅན། རང་ཉིད་ལ་བརྟེན་ནས་རྟོག་པ་འཁྲུལ་མེད་དུ་གོ་བའི་ངག་ཡིན་པར་ཐལ། དེའི་དངོས་མིང་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། རྟོག་པ་འཁྲུལ་མེད་དུ་གོ་བའི་ངག་ཡོད་པར་ཐལ་ལོ། །འདོད་ན། རྟོག་པ་འཁྲུལ་མེད་དུ་རྟོགས་པའི་བློ་ཡོད་པར་ཐལ་ལོ། །འདོད་ན། རྣམ་མཁྱེན་དེ་དེ་ཡིན་པར་ཐལ་ལོ། །འདོད་ན། རྣམ་མཁྱེན་ཆོས་ཅན། དེ་མ་ཡིན་པར་ཐལ། དེ་འཁྲུལ་བཅས་སུ་རྟོགས་པའི་བློ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། རྣམ་མཁྱེན་ཆོས་ཅན། ཆོས་ཐམས་ཅད་ཡང་དག་པར་རྟོགས་པའི་བློ་མ་ཡིན་པར་ཐལ། དེ་ཐམས་ཅད་ཡང་དག་པ་མ་ཡིན་པར་རྟོགས་པའི་བློ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། ཆོས་ཅན་དེ་གང་ཞིག །ཆོས་ཐམས་ཅད་ཡང་དག་པ་མ་ཡིན་པའི་ཕྱིར། དེ་ཐམས་ཅད་སྟོང་ཉིད་མ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཆོས་ཅན་དེའི་ཕྱིར། བྱས་པ་ལ་ཁོ་ན་རེ། རྟོག་པ་མ་འཁྲུལ་བར་རྣམ་མཁྱེན་གྱི་གཞལ་བྱ་ཡིན་པར་ཐལ། རྣམ་མཁྱེན་གྱིས་དེ་མ་འཁྲུལ་བར་རྟོགས་པའི་ཕྱིར་ན་མ་ཁྱབ། འདོད་ན། རྟོག་པ་མ་འཁྲུལ་བར་ཡོད་པར་ཐལ་ལོ། །འདོད་མི་ནུས་ཏེ། དེ་འཁྲུལ་ཤེས་ཡིན་པའི་ཕྱིར། ཁ་ཅིག་ན་རེ། བུམ་པ་ཞེས་པའི་ངག་ཆོས་ཅན། ལྟོ་ལྡིར་བའི་དངོས་མིང་དུ་ཐལ། དེ་ལ་འདོད་རྒྱལ་ཐོག་མར་བརྡ་སྦྱར་བའི་མིང་གང་ཞིག །རང་ཉིད་ལ་བརྟེན་ནས་དེ་ཐུན་མོང་མ་ཡིན་པར་གོ་ནུས་པའི་ཕྱིར། འདོད་ན། དེ་ཆོས་ཅན། ལྟོ་ལྡིར་བ་དངོས་སུ་བརྗོད་པའི་ངག་ཏུ་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཚིག་ཟིན་ལ་བརྗོད་པའི་ངག་ཏུ་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། ཁྱོད་ལ་ལྟོ་ལྡིར་བ་ཞེས་པའི་ཚིག་སྒྲས་ཟིན་ལ་མ་བརྗོད་པའི་ཕྱིར། ཁ་ཅིག་ན་རེ། དངོས་པོ་ཞེས་པའི་ངག་ཆོས་ཅན། རང་ཉིད་ལ་བརྟེན་ནས་དངོས་པོ་ཐུན་མོང་མ་ཡིན་པར་གོ་ནུས་ཡིན་པར་ཐལ། དངོས་པོའི་དངོས་མིང་ཡིན་པའི་ཕྱིར། ཁྱབ་པ་ཁས་ཟེར། འདོད་ན། དེ་ཐུན་མོང་མ་ཡིན་པར་གོ་ནུས་ཀྱི་ངག་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དངོས་པོ་ཁོ་ན་བརྗོད་པའི་ངག་ཡོད་པར་ཐལ་ལོ། །འདོད་ན། དེ་ཁོ་ན་འཇལ་བའི་ཚད་མ་ཡོད་པར་ཐལ་ལོ། །འདོད་ན། དེ་ཁོ་ན་ཡོད་པར་ཐལ་ལོ་ཟེར་ན། དོན་ལ་རྩ་བར་འདོད་ན་མ་ཁྱབ་བོ། །འདོད་ན། ཤེས་བྱ་དངོས་པོ་ཁོ་ན་ལ་ཡོད་པར་ཐལ་ལོ། །འདོད་ན། ཤེས་བྱ་སྒྲ་དངོས་པོར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡང་ཡོད་པའི་ཕྱིར། །


previousདངོས་མིང་དང་བཏགས་མིང་གི་དོན་བཤད་པ།next