Nitartha Digital Library
Tibetan
བར་དོ་ཐོས་གྲོལ་ཆེན་མོའི་ཆོས་སྐོར་ཕྱོགས་བསྒྲིགས།


   
   
   
   
   
   
   
   
   
   
   
  collapse section
   
   
དྲིས་ལན་སྐོར།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདྲིས་ལན་སྐོར།next

དྲིས་ལན་སྐོར།

༈ དྲིས་ལན་སྐོར། ༈ཞི་ཁྲོ་ཀར་གླིང་ལས་བྱང་རྒྱས་པ་ལས། དུག་ལྔ་ཡེ་ཤེས་ལྔ་རུ་བསྒྲལ་བའི་ཁྲག༔ མ་ཆགས་ཆགས་བྲལ་ཆགས་པ་ཆེན་པོའི་ཁྲག༔ གཉིས་མེད་འཛིན་བྲལ་གསང་བའི་ཁྲག་ཆེན་འདི༔ ཞེས་གསུངས་པ་འདི་གསུམ་ཀ་ཧ་མ་གོ་ཞིང་། མ་ཆགས་ཆགས་བྲལ་འདི་གཉིས་དོན་མི་གཅིག་པ་གང་ཡིན་པ་དང་། གཞན་དུ་མཱུ་ལ་རཀྟ་གསུངས་པ་གང་ལགས། ཞེས་གསུངས་པ། ཁྲག་འདི་གསུམ་ལ་མཚོན་བྱེད་ཕྱི་རོལ་རྫས་ཀྱི་སྐབས་སུ་རཀྟའི་རྫས་མཆོག་སོ་ལྔ་སོགས་ཀྱི་དབྱེ་བ་དགོས་དོན་མཚན་ཉིད་སོགས་རྙིང་མའི་གཞུང་ཆེན་རྣམས་སུ་རྒྱས་པར་འབྱུང་ཞིང་། འདི་སྐབས་ཀྱི་དངོས་བསྟན་ནི་མཚོན་བྱ་དོན་གྱི་རཀྟ་ཡིན་འདུག་པས། སྤྱིར་དུག་ལྔ་དག་པའི་ཡེ་ཤེས་ལྔ་དང་བྱེ་བྲག་ཆགས་བྲལ་བདེ་བ་ཆེན་པོ་དང་། ཁྱད་པར་ཟུང་འཇུག་གི་སྙིང་པོའི་དོན་ལ་ཁྲག་གི་བརྡས་བརྗོད་ཅིང་དེ་དག་རིམ་བཞིན་དུ། ལུས་དང་བྷ་ག་སྙིང་གི་ཁྲག་གསུམ་གྱི་རྣམ་དག་དུ་འགྱུར་བ་ལགས། ཡང་མ་ཆགས་སོགས་གསུམ་གྱི་དོན་ནི། མ་ཡིན་དགག་གི་སྒྲས་བརྗོད་པས་ཆགས་པ་རང་བཞིན་མེད་པའི་ཕྱོགས་ཙམ་མཐོང་བ་དང་མེད་དགག་གི་སྒྲས་བརྗོད་པས་ཆགས་པའི་རྒྱུ་སྤངས་པ་དང་། དགག་པའི་ཡུལ་ལས་འདས་པར་བརྗོད་པས་འདོད་ཆགས་ཀྱི་དེ་ཁོ་ན་ཉིད་ཇི་བཞིན་ཤེས་པ་སྟེ་གསུམ་ལ་དགོངས་ཤིང་ཟབ་གསང་གི་གནད་གཞན་ཡང་ཡོད་མོད་ཀྱི་མ་བྲིས། མཱུ་ལ་རཀྟ་ལ་ངོས་འཛིན་མང་ཡང་འགའ་ཞིག་པདྨ་རཀྟ་དང་པོར་བྱུང་བ་ལ་ངོས་འཛིན་པ་ལེགས། ༈དྲི་བ་བཅུ་བཞི་པ། དཔེ་རྒྱུན་དུ་མ་མཐོང་ཡང་ངག་ལས་ཀུན་རིག་གི་དགུང་ཞག་

གཅིག་དང་། ཞི་ཁྲོ་ཚར་གཅིག་ཕན་ཡོན་མཉམ་སྨྲ་སྲོལ་འདུག་པ། ཞི་བ་ལྷ་རྣམ་སྣང་གཙོ་བོ་ཡིན་པ་སོགས་གཅིག་ཕྱིར་རྒྱུད་མཐོ་དམན་ནམ། བཀའ་གཏེར་བྱིན་རླབས་ཀྱི་ཁྱད་སོགས་གང་ཡིན་དང་། ཞེས་གསུངས། དབང་དམ་ཚིག་ལྷ་སྔགས་ཏིང་ངེ་འཛིན་སོགས་ཚུལ་མཐུན་ཡོད་པ་ཞིག་གིས་ཞི་ཁྲོ་དང་ཀུན་རིག་སུ་ཡི་སྒོ་ནས་འགྲོ་དོན་མཛད་ཀྱང་ཕན་ཡོན་ཆེ། དེ་ལས་ལྡོག་པའི་གང་ཟག་ཞིག་གིས་དེ་བཞིན་མཛད་ཀྱང་ཕན་ཡོན་ཆུང་བ་ལས། ལྷ་ཡི་ངོ་བོ་ལ་མཆོག་དམན་གྱི་འདམ་ག་མ་ཤེས་ལགས། ༈དྲི་བ་བཅོ་ལྔ་པ། ལར་ཞི་ཁྲོ་འདི་ས་ཀར་རྙིང་སོགས་ཀྱི་འགྲོ་དོན་གདུལ་བྱའི་སྒོ་འབྱེད་ཕྲིན་ལས་ཆེ་ནའང་། དབང་ལུང་ཙམ་ལས་བསྐྱེད་རྫོགས་ཀྱི་གོ་དོན་བསྙེན་བསྒྲུབ་ཀྱི་ཟིན་བྲིས་སོགས་ཕྱག་ལེན་ཆེར་བསྟར་བ་མ་བྱུང་བ་འདི། དེ་དག་མི་དགོས་པའི་མིང་དོན་མཚུངས་པའི་ཐོས་གྲོལ་གྱིས་ཆོག་པའི་བྱིན་རླབས་ཁྱད་འཕགས་སམ། སྤྱིར་རྙིང་ལུགས་ཀྱི་དཀྱིལ་འཁོར་རིགས་འདི་དབང་ལུང་ཐོབ་ནས་བྱུང་རྒྱལ་དུ་སྤྱོད་པ་འདི། བསྙེན་སོགས་དག་པར་མ་བྱས་པའི་རྩ་ལྟུང་འབྱུང་མིན་དང་། གོ་དོན་མ་ཤེས་ན་རང་གཞན་འདི་ཕྱིར་སྨན་༼ཕན་༽ཡོན་འབྱུང་བ་ཡོད་མེད་གང་ལགས། ཞེས་གསུངས་པ། ཞི་ཁྲོའི་སྐོར་འདི་སྔོན་དུས་སྔགས་པ་ཚད་ལྡན་རྣམས་ཀྱིས་བསྙེན་སྒྲུབ་ཕྱག་ལེན་ཇི་བཞིན་བསྟར་བས་དངོས་གྲུབ་ཐོབ་པ་མང་དུ་བྱུང་ཚོད་དང་། དེང་སང་ཡང་མེད་པའི་ངེས་པ་གར་ཡོད། འོན་ཀྱང་ཞི་ཁྲོ་གཅིག་པུར་མ་ཟད་སྔགས་གསར་རྙིང་གི་བསྐྱེད་རྫོགས་འགྲོ་དོན་ཐམས་ཅད་དུས་དབང་གིས་མིང་ཙམ་དུ་གྱུར་པས་ཚུལ་ཇི་བཞིན་མཛད་མཁན་ཤིན་ཏུ་དཀོན་པར་མངོན་སུམ་གྱིས་གྲུབ། དེས་ན་དེ་རིགས་ཀྱི་འགྲོ་དོན་ཡང་རིགས་འགྲེ་ཆོག་པ་ཞིག་ཡོད་

ཚོད་འདུག །བསྙེན་སོགས་དག་པར་མ་བྱས་པའི་རྩ་ལྟུང་གི་ཁུར་བཞེས་མཁན་ཡང་ཕལ་ཆེར་ཡིན་པ་འདྲ་སྙམ། སྤྱིར་ཐོས་གྲོལ་གྱི་མིང་ཐོས་རུང་གསང་སྔགས་ཀྱི་སྒྲ་ཐོས་ཤིང་སྤྱོད་པ་ཙམ་ཡང་སྐལ་པ་བཟང་པོར་འཁུམས་པས་མཐའ་གཅིག་ཏུ་ཕན་ཡོན་མེད་ཅེས་སྨྲ་རྒྱུ་མ་ལགས། ༈དྲི་བ་བཅུ་དྲུག་པ། སྟོད་ཕྱོགས་སུ་ཉིན་རེར་སྦྱིན་བདག་སོ་སོར་ཞི་ཁྲོ་གཉིས་གསུམ་བྱ་བར་ཆ་ལག་འདོན་རེས་བྱེད་ཟེར་བས་དེས་ཆོ་གའི་ཡན་ལག་མ་ཚང་བར་མི་འགྱུར་བ་དང་། ཆོ་ག་ཞི་ཁྲོ་གཞུང་མ་བཏོན་པར་བྱང་བུ་དབང་སོགས་མཛད་རུང་མིན་གང་ལྟར་ལགས། ཞེས་གསུངས། ཞི་ཁྲོ་ཚར་གྲངས་ཀྱི་ཆ་ལག་ཟེར་བ་དེ་སྲུང་མ་རྣམས་ཀྱི་གཏོར་བསྔོས་ལ་ཟེར་ན་ནི། འདོན་རེས་བྱས་པས་ཆོ་གའི་ཡན་ལག་ཉམས་པར་ག་ལ་གྱུར། དེ་བཞིན་བྱང་བུ་སོགས་ལའང་བྱང་བུ་བཞུ་མཁན་གྱི་གང་ཟག་དེ་ལྷ་སྔགས་ཏིང་ངེ་འཛིན་གྱི་དགོངས་པ་ལས་ནམ་ཡང་མི་གཡོ་ཤིང་དེ་ཁོ་ན་ཉིད་ཀྱི་ཚུལ་ཕྱོགས་ཙམ་རྟོགས་པ་ཞིག་ཡིན་ན་སྤྲོས་བཅས་ཀྱི་ཆོ་གའི་ཡན་ལག་ཚང་མ་ཚང་ལ་མི་ལྟོས་པར་གནས་སྐབས་དེ་ཉིད་དུ་ཏིང་ངེ་འཛིན་གྱི་གནད་ཚང་ཞིང་རྫོགས་པར་བསྒོམ་ནུས་པའི་ཕྱིར་ལྟར་སྣང་གི་ཆོ་ག་སོགས་ཚང་བར་མི་འདོན་པ་ལྟར་ཡོད་ཀྱང་བྱང་བུ་བཞུ་རུང་ཞིང་། དབང་བསྐུར་བ་ཡང་དེ་དང་འདྲ། དེ་ལྟའི་གནང་ནས་འཛིན་མི་ནུས་པ་རྣམས་ཀྱིས་ནི་ནང་གི་དམ་ཚིག་དང་ཏིང་ངེ་འཛིན་གྱི་དྲི་ཙམ་ཡང་མི་བྲོ་བའི་ཁར་ཚིག་འབྲུ་སྐམ་པོ་དེའང་ཚང་བ་ཞིག་མི་འདོན་ཕྱིན་དེ་ལས་ཐ་ཆད་པ་ཅི་ཞིག་ཡོད། ༈དྲི་བ་བཅུ་བདུན་པ། ལར་ཕྲན་ལས་ངན་སྐུ་སྐྱེའི་མིང་བཏགས་ནས་ཡི་གེ་བྱང་བ་ཙམ་ཡང་མི་ཤེས་སྐབས་ནས་ཆོ་ག་ཞི་ཁྲོའི་དཀོར་ཟན་བྱས་པ་དང་། བླ་གྲྭ་

རྣམས་སྙིང་རྗེ་དང་བསྐྱེད་རྫོགས་ཡིད་ལ་མ་འཁོར་བར་སྐད་དང་རོལ་མོ་ལ་སྐྱབས་སུ་བཅོལ་བའི་སྤྲོས་བཅས་འདིས་ཤི་གསོན་འདྲེན་ནུས་སམ། རྣམ་སྨིན་ཅི་འགྱུར་དང་། འདི་རྣམས་རང་དང་རིགས་མཐུན་ཐ་ཤལ་རེ་གཉིས་ལ་ཕན་པའི་སླད་དུ་སྤང་བླང་ཞལ་གདམས་ཞིབ་པ་ཞུ་ལགས། ཞེས་གསུངས། འདི་སྐོར་དྲི་ལན་གོང་དུ་སོང་བ་རྣམས་ལས་རྟོགས་པར་ནུས་མོད། འོན་ཀྱང་སྤྲོས་བཅས་ཀྱི་གྱེར་དབྱངས་རོལ་མོ་སོགས་དང་ལྡན་དངས་བ་འདྲེན་པའི་དམིགས་རྐྱེན་དུ་འགྱུར་ན་ལེགས་པས་འགོག་པར་མི་ནུས་ལ། གདུལ་བྱ་འདྲེན་ནུས་མི་ནུས་ནི་རབ་ཏུ་ཟུང་འཇུག་གི་རྣལ་འབྱོར་གྲུབ་པ། འབྲིང་ལྟ་བ་ངེས་ཤིང་བསྐྱེད་རིམ་བརྟན་པ། ཐ་མའང་དམ་ཚིག་མ་ཉམས་ཤིང་ཕྱག་ལེན་མ་འཁྲུལ་བ་སྙིང་རྗེ་ཅན་ཀུན་སློང་བཟང་བ་ཞིག་མེད་ཐབས་མེད་པ་ལ་དེ་ལྟ་བུའི་མཚན་ཉིད་དང་ལྡན་མི་ལྡན་ལ་རག་ལས་པ་ལགས། དེ་བཞིན་ཉིད་ལྟ་བུས་ཚུལ་བཞིན་དུ་སྤྱོད་པར་མཛད་ཕྱིར་ནོངས་པ་མི་འབྱུང་ཡང་སྙིགས་དུས་ཀྱི་དཀོར་ཟན་ལས་ངན་ཚོ་ལ་དགོངས་ནས་དྲིས་འདུག་པས་དེ་དག་ནི་སྡོམ་པ་དམ་ཚིག་དང་ཚུལ་བཞིན་མི་ལྡན་པ་གཞིར་བཞག་ནས་ཀུན་སློང་རྙེད་པ་ཐོབ་རེ་དང་སྦྱོར་བ་ཆོས་གཟུགས་བརྙན་ཙམ་ཆོས་ལྟར་བཅོས་ནས་སྤྱོད་པའི་རྣམ་སྨིན་ཤིན་ཏུ་མི་བཟད་པའི་འབྲས་བུ་ངན་པ་ཉམས་སུ་བསྟར་དགོས་པ་གོར་མ་ཆགས། འདི་སྐོར་སྤང་བླང་གི་བསླབ་བྱ་ནི་དྲི་ལན་རྣམས་ཀྱི་ཞར་ལས་འབྱུང་ཕྱིར་ལོགས་སུ་འགོད་མི་དགོས་པར་འདུག །༈དྲི་བ་བཅོ་བརྒྱད་པ། ཁམས་ཕྱོགས་འདིར་ཤི་ནས་རོ་ཆས་སམ། ས་འོག་སྦ་ཐོན་ནས་འཕོ་བ་འདེབས་སྲོལ་འདུག་པས་རྣམ་ཤེས་བུད་ནས་འཕོ་བ་མཚན་ཉིད་པ་འདེབས་རྒྱུ་མེད་ཀྱང་། སྙིང་རྗེ་སྔོན་དུ་འགྲོ་བའི་དགུག་གཞུག །བླ་མ། ཚེ་འདས།

རང་སེམས་གསུམ་གཅིག་ཏུ་བསྲེས་ནས་འཕོས་ན་ཕན་ཐོགས་སམ། གཞན་དམིགས་བྱ་ཡོད་དམ། ཞེས་གསུངས་པ། རྣམ་ཤེས་འཕོ་ཀ་མ་ལ་རླུང་སྦྱོར་དང་ཏིང་ངེ་འཛིན་དང་རྟེན་འབྲེལ་གྱིས་རྣམ་ཤེས་ཚངས་བུག་ནས་འཕོ་བར་བྱེད་པའི་མན་ངག་ལ་འཕོ་བར་གྲགས་ཤིང་རྒྱུད་དང་འབྲེལ་བའི་གདམས་པ་ཁྱད་འཕགས་ཡོད་ལགས། རྣམ་ཤེས་འཕོས་ཚར་ནས་འཕོ་བ་བྱེད་པ་རྒྱུད་སོགས་དང་འགལ་བར་མ་ཟད་མིང་ཙམ་ལའང་གཞིག་པ་མཆུག་པའི་སྐྱོན་གནས་ཤིང་། རྣམ་ཤེས་འཕོས་ཟིན་པའི་སྐད་ཅིག་དེ་ཉིད་དུ་བར་སྲིད་འགྲུབ་པར་སྒྲོན་གསལ་སོགས་ལས་བཤད་པས་ནུས་པ་ཁྱད་པར་ཅན་ཐོབ་ན་མ་གཏོགས་སླར་ཕུང་པོར་རྣམ་ཤེས་འགུགས་པའི་དམིགས་པ་བྱས་ཀྱང་འགུགས་མི་ནུས་ཕྱིར་འཕོ་འདེབས་ཀྱི་གཟུགས་བརྙན་ཙམ་བྱེད་པ་ལ་དགོས་པ་མེད་པ་དང་། ནུས་པ་ཁྱད་པར་ཅན་ཐོབ་པ་ཞིག་ཡིན་ན། རྣམ་ཤེས་སླར་འགུགས་མི་དགོས་པར་དེ་ཉིད་དུ་གནས་སྤར་བས་ཆོག་པ་དང་། གཞན་རྒྱུད་སྡེ་ནས་གསུངས་པའི་གཤིན་པོའི་སྒྲིབ་སྦྱོང་གི་སྒོ་གང་འདོད་བྱར་ཡོད་པ་ལ་མཐའ་གཅིག་ཏུ་འཕོ་བའི་གཟུགས་བརྙན་ལ་འབད་དགོས་པའང་མ་ཡིན་ནོ། །༈ དྲི་བ་བཅུ་དགུ་པ། རྒྱུན་དུ་འབྲེལ་བའི་གཤིན་པོ་རྣམས་ལ་སྙིང་རྗེ་བསྲེ་བ། བསྔོ་སྨོན་འདི་རྣམས་ལས་རྒྱུན་དུ་ཐབས་གཞན་ཡོད་མེད་དང་། ཞེས་གསུངས་པ། རྒྱུན་དུ་གཤིན་པོ་ལ་ཕན་འདོགས་པའི་ཐབས་སྙིང་རྗེ་བསྲེ་བ་བསྔོ་སྨོན་ཙམ་དུ་མ་ཟད་ལྷ་སྔགས་ཏིང་ངེ་འཛིན་གྱི་བྱེད་པ་ཁྱད་པར་ཅན་མང་དུ་ཡོད་ལགས། ཞེས་གསུངས་སོ། །སི་ཏུ་པཎ་ཆེན་ནས།


previousདྲིས་ལན་སྐོར།next