རྒྱུན་བསང་།
ཀྱཻ། སངས་རྒྱས་ཀུན་གྱི་སྤྱི་མྱེས་སུ། །ཆོས་སྐུ་ཀུན་ཏུ་བཟང་པོ་བསང་། །དག་པའི་ཞིང་དུ་ལོངས་སྤྱོད་རྫོགས། །ལོངས་སྐུ་རྒྱལ་བ་རིགས་ལྔ་བསང་། མ་དག་གནས་ནས་འགྲོ་བ་འདྲེན། །སྤྲུལ་སྐུ་སངས་རྒྱས་སྟོང་རྩ་བསང་། །སྙིགས་མའི་འགྲོ་ལ་བཀའ་དྲིན་ཆེ། །ཐུབ་དབང་གནས་བརྟན་བཅུ་དྲུག་བསང་། །རྒྱུད་སྡེ་བཞི་ཡི་ཆེ་བ་བཏོན། །རྒྱ་གར་གྲུབ་ཆེན་བརྒྱད་ཅུ་བསང་། །སྐྱེ་འཆི་གཉིས་སྤང་རྡོ་རྗེའི་སྐུ། །ཨོ་རྒྱན་པདྨ་འབྱུང་གནས་བསང་། །སྔ་འགྱུར་གསང་སྔགས་ཆེ་བ་བཏོན། །རྗེ་འབངས་ཉི་ཤུ་རྩ་ལྔ་བསང་། །གངས་ཅན་བོད་ལ་བཀའ་དྲིན་ཆེ། །ཆོས་རྒྱལ་མེས་དབོན་རྣམ་གསུམ་བསང་། །ཕྱི་དར་བསྟན་པའི་ཆེ་བ་བཏོན། །ཇོ་བོ་ཁུ་རྔོག་འབྲོམ་གསུམ་བསང་། །མདོ་སྔགས་བསྟན་པའི་རྒྱལ་མཚན་བཙུགས། །ས་པཎ་འཇམ་དབྱངས་བདུན་བརྒྱུད་བསང་། །སྙིང་པོ་དོན་གྱི་བརྒྱུད་པ་འཛིན། །མཉམ་མེད་དྭགས་པོ་བཀའ་བརྒྱུད་བསང་། །ཤཱཀ་ཐུབ་བསྟན་པའི་རྨིང་རྡོ་བཙུགས། །ཤཱཀ་ཤྲཱི་ཇོ་དམ་བརྒྱུད་པ་བསང་། །གསང་སྔགས་ཆོས་ཀྱི་གཏེར་ཁ་ཕྱེས། །གཏེར་སྟོན་བརྒྱ་དང་རྩ་བརྒྱད་བསང་།
རང་སེམས་ཆོས་སྐུ་མཛུབ་ཚུགས་མཛད། །དྲིན་ཅན་རྩ་བའི་བླ་མ་བསང་། །དབང་ལུང་གདམས་ངག་ཆུ་རྒྱུན་འབེབས། །དྲིན་ཅན་རྩ་བརྒྱུད་བླ་མ་བསང་། །གཙང་སྦྲ་ཅན་ལ་དངོས་གྲུབ་སྟེར། །བྱ་བའི་རྒྱུད་ཀྱི་ལྷ་ཚོགས་བསང་། །བཟླས་བརྗོད་ཅན་ལ་དངོས་གྲུབ་སྟེར། །སྤྱོད་པའི་རྒྱུད་ཀྱི་ལྷ་ཚོགས་བསང་། །ཕྱག་རྒྱ་མཁན་ལ་དངོས་གྲུབ་སྟེར།རྣལ་འབྱོར་རྒྱུད་ཀྱི་ལྷ་ཚོགས་བསང་། །ཏིང་འཛིན་གསལ་ལ་དངོས་གྲུབ་སྟེར། །བླ་མེད་རྒྱུད་ཀྱི་ལྷ་ཚོགས་བསང་། །གདུག་པ་འདུལ་བའི་མཐུ་རྩལ་ཅན། །རྡོ་རྗེ་ཕུར་པའི་ལྷ་ཚོགས་བསང་། །སངས་རྒྱས་ཀུན་གྱི་དགོངས་པ་འདུས། །དགོངས་འདུས་དཀྱིལ་འཁོར་ལྷ་ཚོགས་བསང་། །སྔ་འགྱུར་ལྷ་ཚོགས་ཐམས་ཅད་རྫོ་གས། །སྒྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་བསང་། །རང་གི་ལུས་ལ་རྟག་ཏུ་བཞུགས། །ཞི་ཁྲོ་དམ་པ་རིགས་བརྒྱ་བསང་། །སྣང་སྲིད་ལྷ་འདྲེའི་གཉེན་གཅིག་པུ། །གུ་རུ་ཞི་དྲག་ལྷ་ཚོགས་བསང་།བེར་ནག་གུར་མགོན་ཕྱག་བཞི་དྲུག །ཕོ་རྒྱུད་མགོན་པོའི་ལྷ་ཚོགས་བསང་། །དུད་སོལ་རང་བྱུང་རེ་མ་ཏི། །མོ་རྒྱུད་ལྷ་ཚོགས་ཐམས་ཅད་བསང་། །རྣམ་སྲས་ཛཾ་ལྷ་ནོར་རྒྱུན་
མ། ནོར་ལྷ་གཏེར་བདག་ཐམས་ཅད་བསང་། །རེ་མཱན་དང་ཀུ་བེ་ར། །འདོ་བ་རྟ་ཡི་ལྷ་རྣམས་བསང་། །ཛམྦྷ་ལ་དང་གང་བ་བཟང་། །གཡང་དཀར་ལུག་གི་ལྷ་རྣམས་བསང་། །རྡོར་ལེགས་སྐྱོགས་ཆེན་གདོང་ར་སོགས། །ཚེ་རེ་ར་ཡི་ལྷ་རྣམས་བསང་། །ས་ཡི་ལྷ་མོ་བརྟན་མ་སོགས། །འབྲས་དྲུག་ཞིང་གི་ལྷ་རྣམས་བསང་། །ཏི་སེ་ཐང་ལྷ་སྤོམ་ར་སོགས། །རྗེ་ཡི་མགུར་ལྷ་བཅུ་གསུམ་བསང་། །ཚེ་རིང་མཆེད་ལྔ་ལ་སོགས་པའི། །བོད་ཁམས་བརྟན་མ་བཅུ་གཉིས་བསང་། །མ་གཅིག་དཔལ་ལྷ་ཨ་ཕྱི་སོགས། །ཆོས་འཁོར་སྲུང་མ་ཐམས་ཅད་བསང་། །ཞིང་སྐྱོང་དཀར་པོ་སྤྲུག་བཙན་སོགས། །སྒོམ་གྲྭའི་སྲུང་མ་ཐམས་ཅད་བསང་། །འཇིག་རྟེན་འདི་ན་དྲག་རྩལ་ཆེ། །དྲེགས་པའི་སྡེ་དཔོན་སུམ་ཅུ་བསང་། །རྣོ་མྱུར་ནུས་པ་ཐོགས་པ་མེད། །སྔགས་བདག་དྲེགས་ཆེན་བཅོ་བརྒྱད་བསང་། །བོད་ཁམས་བསྟན་པའི་བྱ་ར་བ། །དགེ་བསྙེན་ཉི་ཤུ་རྩ་གཅིག་བསང་། །ཙཱ་རི་ཟམ་བུ་འབྲས་མོ་སོགས། །གནས་ཆེན་བརྒྱ་རྩའི་སྲུང་མ་བསང་། །དབྱི་རྒྱལ་རབ་རྗེ་ལ་སོགས་པའི། །ཕྱོགས་བཞིའི་གཉན་ཆེན་སྡེ་
བཞི་བསང་། །གཟེ་རྒྱལ་མཆེད་གསུམ་ལ་སོགས་པའི། །གཉན་ཕྲན་བཞི་བཅུ་རྩ་གཉིས་བསང་། །ངོམ་རྒྱལ་གཏམ་རྒྱལ་ལ་སོགས་པའི། །ངོམ་གྱི་རྒྱལ་ཆེན་བཅོ་བརྒྱད་བསང་། །རྡོ་ཟེ་དབྱིས་དོ་ལ་སོགས་པའི། །ངོམ་གྱི་མཚོ་སྨན་སྤུན་གསུམ་བསང་། །རྒྱལ་མོ་བུ་དཔང་ལ་སོགས་པའི། །ངོམ་གྱི་རྒྱལ་མོ་མཆེད་བཞི་བསང་། །རིན་ཆེན་སྤུང་པ་འབྲི་རྒྱལ་སོགས། །དབྱིས་ཆུ་རྒྱུད་ཀྱི་གཞི་བདག་བསང་། །གསའ་ནེ་མ་དང་གཞེ་ཚ་སོགས། །ཡུལ་ཕྱོགས་འདི་ཡི་གཞི་བདག་བསང་། །ཐམས་ཅད་མཉེས་ཤིང་ཚིམ་གྱུར་ཅིག །ཨ་རྭགས་སོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།