Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


  expand section
   
   
   
   
   
   
   
   
   
   
འདྲེན་མཆོག་ཀརྨ་ཨ་རཱ་གས་རྫོགས་ཆེན་པ་སུན་དྷ་བི་དྷ་ར་ལ་འཕྲིན་ཡིག་གནང་བ།


 
previousའདྲེན་མཆོག་ཀརྨ་ཨ་རཱ་གས་རྫོགས་ཆེན་པ་སུན་དྷ་བི་དྷ་ར་ལ་འཕྲིན་ཡིག་གནང་བ།no next

འདྲེན་མཆོག་ཀརྨ་ཨ་རཱ་གས་རྫོགས་ཆེན་པ་སུན་དྷ་བི་དྷ་ར་ལ་འཕྲིན་ཡིག་གནང་བ།


CMR050_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་མཆོག་ཀརྨ་ཨ་རཱ་གས་རྫོགས་ཆེན་པ་སུན་དྷ་བི་དྷ་ར་ལ་འཕྲིན་ཡིག་གནང་བ་བཞུགས་སོ། །


CMR050_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་རྡོར་གསུང་གནམ་ཆོས་ཐུགས་གཏེར་དང་། །རིག་འཛིན་རྣམ་གསུམ་ཞལ་འཆམས་རྗེ་འབངས་སོགས། །སེམས་དཔའ་ཆེན་པོའི་སྤྲུལ་སྐུ་སྦས་པའི་ཚུལ། །སྐལ་ལྡན་སྐྱེས་བུ་ལོ་བརྒྱར་ཞབས་བརྟན་གསོལ། །འཁོར་བའི་དོན་རིག་ཞེན་པ་གཏིང་ནས་ལོག །འཆི་བ་སྙིང་ནས་གཟེར་བས་སྒྲུབ་ལ་བརྩོན། །ཐོས་བསམ་སྤེལ་མར་བྱས་པས་གོལ་ས་ཆོད། །སྒྲུབ་བརྒྱུད་བསྟན་པའི་རྒྱན་ཁྱོད་རྒྱལ་གྱུར་ཅིག། རང་དོན་ཚགས་ཚུད་ཆོས་ཉིད་བདེན་པ་རྟོགས། །མ་རྟོགས་འགྲོ་ལ་བཟོད་མེད་སྙིང་རྗེ་ཡིས། །འཆད་རྩོད་བརྩམས་ལ་ཐོགས་པ་མི་མངའ་བ། །


CMR050_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ལ་ཟབ་རྒྱས་ཆོས་ཆར་དབབ་ཏུ་གསོལ། ༈ །དེ་ལྟར་ཤིས་པ་བརྗོད་ནས་ཞུ་བའི་འབྲས། །བློ་སེམས་མི་དང་མི་མཐུན་དམ་པའི་རྟགས། །གསུང་ལྟར་ཁྱེད་ལ་བློ་བཅོས་ཚུད་དཀའ་ཞིང་། །དེ་སྔོན་གང་མཛད་བྱང་ཆུབ་ལམ་སོང་བས། །ད་ཡང་ཉིད་ཀྱི་ཐུགས་ཐག་གང་བཅད་ལ། །ཁོ་བོས་གེགས་དང་བཤོལ་འདེབས་བྱ་མི་སྤོབས། །ཉིད་ཀྱི་བཞེད་པ་གང་ཡིན་མཐར་ཕྱིན་ནས། །རང་རེ་ཕ་པད་ལུས་འདི་དངོས་མཇལ་ནས། །ཟབ་རྒྱས་ཆོས་ཀྱི་སྐྱེལ་མའང་ཞུ་བ་དང་། །སྔ་ཕྱིར་ཉིད་ཀྱི་བཀའ་ཤོག་བྱུང་རྣམས་ལ། །ཉམས་དགའི་


CMR050_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

བགྲོ་གླེང་ཞག་མང་སྦྲེལ་ཆོག་པ། །པད་འབྱུང་ཡི་དམ་ཚོགས་ལ་གསོལ་བ་འདེབས། །ཊཱཀི་བཀའ་སྲུང་རྣམས་ལ་ཕྲིན་ལས་བསྐུལ། །གེགས་མེད་འགྲུབ་པར་ཨོ་རྒྱན་ཆེན་པོ་མཁྱེན། །བསམ་ཆུང་ཁོ་བོའི་བསམ་པ་ལྟར་བྱེད་ན། །སྔར་དུས་རྒྱ་གར་ཆོས་ཀྱི་འབྱུང་གནས་ཏེ། །པཎ་གྲུབ་མཇལ་ཞིང་ཟབ་རྒྱས་གདམས་པ་ཐོབ། །ད་ནི་ཆོས་ནུབ་མུན་གླིང་མུ་སྟེགས་ཡུལ། །མ་ཧཱ་བྷོ་དྷིའི་ཞལ་ལ་སོལ་བས་བྱུག །བྱང་ཆུབ་ཤིང་མཆོག་སྟ་རེས་བརྩིགས་ཞེས་ཐོས། །གྲུབ་ཆེན་ནམ་མཁའ་འཇིགས་མེད་བྱོན་དུས་ཀྱང་། །ངན་དགུ་བྱུང་རབ་རྣམ་ཐར་ནང་ན་གསལ། །ཁྱེད་ཀྱང་དེ་ལས་ལྷག་རྒྱུ་མེད་པ་དང་། །ཁྱི་ཕག་བྱི་བ་གླང་བཞི་སྐུ་སྐག་ཆེ། །འཇམ་དབྱངས་གསུངས་ལ་བདེན་པ་མེད་མི་སྲིད། །ཐུབ་པས་མཛད་པ་སྟོན་པའི་གནས་མཆོག་ལ། །དད་པས་མཇལ་ན་སྒྲིབ་སྦྱང་ལོས་འོང་སྟེ། །ཕན་ཡོན་འདི་ཡོད་གསལ་ཁ་ངས་མ་མཐོང་། །ཙཱ་རི་མཆིམས་ཕུ་ཟབ་བུ་ལ་སོགས་ཀྱི། །ཕན་ཡོན་གུ་རུའི་གསུང་རྣམས་གསལ་ལྟར་ཡིན། །ཕལ་པས་རྒྱ་གར་འཁོར་མཁན་མང་འདུག་སྟེ། །དམ་ཆོས་ཤོ་ལོ་ཀ་གཅིག་ཐོབ་པའམ། །རྣམ་རྟོག་བོགས་སྐྱེད་བྱུང་


CMR050_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ག་ལ་ཞིག །རྨིས་ལྟས་དག་སྣང་ཙམ་ཡང་བྱུང་མཁན་དཀོན། །རང་རེའི་བློ་ཕུག་ཨོ་རྒྱན་ཆེན་པོ་ཡིན། །ཨོ་རྒྱན་སྐུ་ཚབ་སྤྲུལ་པ་གཏེར་སྟོན་ཡིན། །དེ་སྔོན་འགའ་རེ་མཇལ་ཡང་ཆོག་ཤེས་མེད། །དགེ་བའི་བཤེས་གཉེན་ཡང་ཡང་མཇལ་བ་ལ། །ཆོག་ཤེས་མེད་པར་གྱིས་ཞེས་ཐུབ་པས་གསུངས། །ཨོ་རྒྱན་གསུང་ཚབ་ཟབ་གཏེར་ལྷད་མེད་ཡིན། །ཐོས་པས་མི་ངོམས་བྱང་ཆུབ་སེམས་དཔའི་ལུགས། །རྒྱ་གར་རྒྱ་ནག་ཐམས་ཅད་འཁོར་བ་བས། །གཏེར་ཆོས་ལྷད་མེད་སྣ་ཁ་གཅིག་ཐོབ་ན། །རང་གཞན་གཉིས་དོན་ནོམ་པ་དེ་ཡི་ཆེ། །བྷི་མའི་སྤྲུལ་པ་བཟང་པོ་རྡོ་རྗེ་དེས། །གསང་གཏེར་ཐོན་ནས་གསང་ཞིང་སྤེལ་ཡོད་ཟེར། །དེ་ལ་སྣ་གཅིག་ཐོབ་ན་ཅི་མ་རུང་། །དབུས་གཞུང་དགྲ་དང་དོལ་གྱི་ཕུ་ཤེད་ན། །བེ་རོའི་སྤྲུལ་པ་འགྱུར་མེད་རྡོ་རྗེ་དེས། །གཏེར་ཁ་གསུམ་ཐོན་འགྲོ་དོན་བྱེད་སྐབས་ལགས། །པོ་ཏི་གཅིག་ནི་ཁོ་བོས་ཀྱང་ནི་མཐོང་། །ཐེ་ཚོམ་མི་འདུག་ལིས་གཅིག་འབྲེལ་པའང་ཞུས། །དེ་ཡི་གཏེར་ཆོས་མང་ཞིག་ཐོབ་ན་ཨང་། །དེ་ནས་ཁམས་སུ་ཕེབས་ན་ལེགས་མོད་ཀྱི། །ད་རུང་གནས་ཀྱི་བློ་ཁ་མ་རྫོགས་


CMR050_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཟབ་བུའི་གཏེར་ལུང་བཅུ་གསུམ་རེ་རེ་ལའང་། །ཞག་པོ་འགའ་ཟུང་གནས་འབྲེལ་མཛད་པ་ན། །ཉམས་རྟོགས་བོགས་དང་ཞལ་གཟིགས་ལུང་བསྟན་སོགས། །ངོ་མཚར་འབྱུང་ཞིང་ཟབ་བུའི་སྟོད་དེ་ན། །ཁ་བྱང་གཏེར་སྟོན་ངེས་པ་མེད་པ་ཡི། །ལས་ཅན་ལག་ཏུ་སོན་རྒྱུའི་གཏེར་ཁ་མང་། །ལུང་བསྟན་བྱུང་ན་འདོན་རུང་ཐོབ་ཀྱང་སྲིད། །ལུང་བསྟན་མེད་ན་མཐོང་ཡང་འདོན་མི་རུང་། །དེ་ནས་ཁམས་སུ་ཅིས་ཀྱང་འབྱོན་དགོས་ཏེ། །རང་དོན་གྲུབ་ནས་གཞན་དོན་མི་མཛད་པ། །ཐེག་དམན་ཉན་ཐོས་ལམ་གྱི་གོལ་ས་ཆེ། །རྫོགས་སངས་རྒྱས་ནས་འགྲོ་དོན་མ་གཏོགས་པ། །མཛད་རྒྱུ་གཞན་ནི་ཡོད་སྐད་མ་ཐོས་སོ། །དེང་སང་ཁྲིམས་ཆེན་རྫོགས་ལྡན་དུས་མཚུངས་ཡང་། །ཆས་ཀ་ལེགས་པོ་ཅུང་ཟད་འདུག་མཐོང་ནས། །བླ་མ་འགའ་ཞིག་ལྐོག་བསད་བྱས་པའང་ཐོས། །ཁྲམ་པ་གཞན་ནས་འོང་ནི་མི་དགོས་པར། །གྲོགས་ཀྱི་ཨ་ཅོའི་སྙིང་ལ་བདུད་ཞུགས་སྐད། །དེ་ཕྱིར་གྲྭ་པ་ཐམས་ཅད་མ་གཏོགས་པར། །གང་དུ་འབྱོན་ཡང་དཔོན་སློབ་མཉམ་དུ་བྱོན། །ཁམས་སུ་འབྱོན་པ་ཟང་ཟིང་དོན་གཉེར་མིན། །དབང་ལུང་རྒྱ་མཚོ་དེ་དག་སྤེལ་


CMR050_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་ན། །འགྲོ་ལ་ཆོས་སྦྱིན་ཨོ་རྒྱན་བསྟན་ལ་ཕན། །བསྟན་འགྲོའི་དོན་འགྲུབ་རང་དོན་མཆོག་དེ་ཡིན། །བླུན་བསྒོམ་ས་ཆོག་བརྒྱ་བས་དེ་ཉིད་ལྷག །རང་རེ་ཕ་པད་རྣམས་ཀྱང་ཞལ་འཛོམ་ཞིང་། །དེ་ནས་རིམ་གྱིས་འབྲི་སྨད་ཕྱོགས་སུ་ཕེབས། །རྙིང་མ་སོར་བཞག་དགོན་པ་བརྒྱ་ལྷག་དང་། །བཙུན་པ་སྟོང་ཕྲག་མང་པོ་ཡོད་འདུག་པས། །ཐམས་ཅད་དབང་ལུང་ཞུ་ལ་ཆོག་ཤེས་མེད། །ཀུན་གྱི་སྐྱབས་གནས་མི་འགྱུར་རྡོ་རྗེ་ལགས། །དེ་ཕྱིར་རང་ཚང་རྙིང་མའི་ཆོས་ལུགས་བརྩི། །དེ་ཕྱོགས་ཕེབས་ན་བསྟན་ལ་ཕན་ཐོགས་ཆེ། །ཀཾ་པོ་གངས་དང་ཉེ་བའི་ས་ཆ་ན། །སངས་རྒྱས་གླིང་པའི་སྤྲུལ་སྐུ་འཆུགས་མེད་པར། །གསང་མཚན་སྨུག་ནག་ནམ་མཁའི་རྡོ་རྗེ་སྟེ། །ཀློང་གསལ་བཱི་མ་སྙིང་ཐིག་ལ་སོགས་པ། །གཏེར་ཆེན་ཐོན་ནས་འགྲོ་དོན་བྱེད་སྐབས་ལགས། །ཆོས་སྐལ་དམ་རྫས་བརྟན་བཞུགས་གནང་སྦྱིན་བཅས། །ཕྱིར་ལ་ཡིག་འབྲེལ་མེད་ཀྱང་ཡར་ལ་བསྐུར། །གཏེར་ཆོས་གཏད་རྒྱ་གནང་ཞིང་རྟགས་བཟང་བྱུང་། །ཁྱེད་རང་དཔོན་སློབ་གཉིས་ཀྱང་ཟབ་གཏེར་གྱི། །ཆོས་སྐལ་ལེན་རིགས་རང་སྐལ་ཅིག་ལ་གཅོད། །རྒས་


CMR050_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ང་ཡི་ཉལ་བསམ་ལང་མོན་ཡིན། ༈ །ཁྱི་ལོའི་ལོ་མཇུག་སྤར་ཁ་རང་ཐོག་དང་། །བནྡེ་གིན་ཐོག་རྩུབ་པར་བཤད་པའི་ཕྱིར། །ཚེས་གྲངས་དྲུག་དང་བཅུ་བཞི་ཉེར་གཉིས་དང་། །གནམ་གང་མི་རུང་དེ་མན་གང་འདོད་ལ། །རང་ཉིད་ཀིང་ཀང་ལ་སོགས་གཤིན་རྗེར་བསྒོམ། །མདུན་དུ་གིན་རི་བཙུན་གཟུགས་གླང་ཆེན་ཞོན། །ལག་ན་པོ་ཏི་འཛིན་པ་གཅིག་གིས་ནི། །ས་ཡི་གནོད་པ་ཟློག་པར་བྱེད་བསྒོམས་ཤིང་། །ཨོཾ་གི་རིམ་ཧཱུྃ། ཅུང་ཟད་བཟླས་པས་ཁྱི་ལོའི་སྐག་འགྱུར་རོ། །ཕག་ལོ་ཟིན་ཐོག་སྤར་ཁ་དགྲ་ཐོག་རྩུབ། །ཚེས་གྲངས་ངེས་མེད་རང་ཉིད་གཤིན་རྗེར་བསྒོམ། །མདུན་དུ་བོང་བུ་ལ་ཞོན་ཟིན་ལྗང་མོ། །ལག་གཉིས་གཅུས་ཏེ་ཤིང་ལོ་བཟུང་བྱས་ནས། །ཤིང་གི་གནོད་པ་ཟློག་པར་བྱེད་བསྒོམ་ཞིང་། །ཨོཾ་ཟི་སྭཱ་ཧཱ། །ཅུང་ཟད་བཟླས་པས་སྤར་ཁའི་དགྲ་ནག་འགྱུར། །བྱི་བ་ལོ་པ་སྤར་ཁའི་དུར་མིག་རྩུབ། །སྔོན་ལྟར་རང་ཉིད་གཤིན་རྗེ་གཤེད་བསྒོམ་མདུན། །ཟོན་ནི་བུད་མེད་སེར་མོ་མཛོ་མོ་ཞོན། །ལག་ན་རླུང་རྐྱལ་རླུང་གི་བུ་ཡུག་འཛིན། །རླུང་གི་གནོད་པ་ཟློག་པར་བྱེད་བསྒོམ་ཞིང་། །ཨོཾ་ཟོན་ཡ་ཧཱུྃ་ཕཊ། ཚེས་


CMR050_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་བཅུ་དྲུག་ཉེར་བཞི་མིན་དུས་སུ། །ཅུང་ཟད་བཟླས་པས་སྤར་ཁའི་དུར་སྐག་འགྱུར། །གླང་གི་ལོ་པ་རང་ལོའི་སྐག་ཡིན་པས། །ཚེས་གཉིས་བཅུ་གཉིས་ཉེར་དྲུག་མིན་དུས་སུ། །ཨོཾ་ཉ་ཅི་སྭཱ་ཧཱ། ཅུང་ཟད་བཟླས་པས་གླང་ལོའི་རང་སྐག་འགྱུར། །སྟོང་ཉིད་རྟོགས་ཚེ་ཕྲིན་ལས་རྟེན་འབྲེལ་མཁས། །རྟེན་འབྲེལ་ཁྱད་མི་གསོད་པ་མཁས་པའི་ལུགས། ༈ །དུས་ཕྱིས་བདག་ཀྱང་ཨ་ཏིའི་ཆོས་ལ་མོས། །སྔར་མེད་ཡང་ཏིག་པོ་ཏི་ལ་སོགས་ཐོབ། །རྫོགས་ཆེན་རང་གི་ཉམས་བླངས་གཞན་ལ་སྤེལ། །རིག་པ་ཚད་ཕེབ་འདྲ་བའང་འགའ་བྱུང་སོང་། །དེ་ཕྱིར་ཐེ་ཚོམ་ལོག་ལྟ་མ་ཡིན་ཏེ། །བདག་རང་ཤེས་རབ་ཆུང་བས་མ་གོའི་སྐྱོན། །ཅོ་འདྲི་མ་ཡིན་ངེས་པར་དོགས་གཅོད་རྒྱུ། །བླ་མ་མཁས་པར་མཇལ་ཚེ་དོགས་གཅོད་མཛོད། །དཀོན་མཆོག་བརྩེ་སར་སེམས་ཅན་སོ་སོ་ཡི། །སྣང་བ་མི་མཐུན་སྣ་ཚོགས་གསུངས་མོད་ཀྱིས། །འཛམ་གླིང་མི་རྣམས་ལས་མཐུན་སེམས་ཅན་ཏེ། །བསྐལ་པ་ཆགས་འཇིག་མི་མཐུན་མཐོང་མི་སྲིད། །ཐུབ་པ་བྱམས་པ་གཉིས་ཀྱི་བསྟན་པའི་བར། །བསྐལ་པ་འཇིག་པ་གསུང་འདི་ཅི་ལ་


CMR050_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས། །འདི་ནས་རྒྱ་གར་རྡོ་རྗེ་གདན་གྱི་བར། །དཔག་ཚད་ལྔ་བརྒྱ་ཡོད་སར་ཀུན་གྱིས་བཞེད། །མངོན་དགའ་བདེ་བ་ཅན་སོགས་ཞིང་ཁམས་བཞི། །དཔག་ཚད་ལྔ་བརྒྱའི་ས་ན་ཡོད་གསུངས་ཤིང་། །བདེ་བ་ཅན་ནི་བཻཌཱུར་ས་གཞི་ལ། །མི་ཀུན་གསེར་མདོག་མཚན་དཔེས་བརྒྱན་གསུངས་ན། །ཐམས་ཅད་དམར་པོ་ཡིན་པར་བཤད་འདི་ཅི། །ལུས་ཀྱི་གནས་ཚུལ་མི་ལའང་གྲོད་པ་ཡོད། །དགའ་རབ་རྡོ་རྗེའི་གསུང་འདི་ཅི་ལ་དགོངས། །སེམས་ཀྱི་ངོ་བོ་རིག་པ་དབྱེར་མེད་པ། །སེམས་ཉིད་རྫོགས་པའི་སངས་རྒྱས་ཡིན་པ་ནི། །གུར་བརྟག་སམ་གསུམ་བླ་མེད་རྒྱུད་མཐུན་ན། །མཁའ་འགྲོ་ཀློང་གསལ་རྒྱུད་དང་མ་མཐུན་པས། །འདི་གཉིས་མཐུན་པའི་གོ་བ་ཚོལ་དགོས་སོ། །བཀའ་དང་བཀའ་གཉིས་འགལ་ཞེས་སྨྲས་ན་ནི། །དམ་ཆོས་སྤང་བའི་ལས་སུ་འགྲོ་བར་བཤད། །ཐེག་པ་སོ་སོའི་ལུགས་ཡིན་སྨྲ་མི་རུང་། །ཐུབ་པས་ཐེག་པ་གཅིག་ལས་མ་གསུངས་སྐད། །འཇིག་རྟེན་ཁམས་སུ་མདོ་སྡེ་གང་གསུངས་པ། །ཚིག་ནི་ཐ་དད་དོན་ནི་བཞི་ཞེས་གསུངས། །བསྐལ་མགོན་དྲུག་ཅུ་ཞེས་པའི་སངས་རྒྱས་རྣམས། །འདས་པའི་སངས་


CMR050_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཡིན་ནམ་མ་འོངས་ཡིན། །གདུང་འཕེལ་ཞེས་པ་འཁོར་གྱི་དགྲ་བཅོམ་མམ། །རྟོགས་པ་མཆོག་ཐོབ་ཡིན་ནམ་སངས་རྒྱས་ཡིན། །སྟོན་པ་བཅུ་གཉིས་བསྐལ་པ་འདིར་བྱོན་ན། །ཐུབ་དབང་མ་གཏོགས་བསྐལ་བཟང་སངས་རྒྱས་སུ། །མི་རྩི་བ་ཡི་དོན་དེ་ཅི་ལ་དགོངས། །སྟོན་པ་འདི་མཇུག་ཚེ་ལོ་བརྒྱ་པའི་མཐའ། །བསྟན་པའི་བཙས་གཏེར་ཞིང་ཁམས་གཞན་འཕོ་གསུངས། །བྱམས་པ་མན་ཆད་རྫོགས་ཆེན་དར་མི་དར། །ལང་ཀར་གཤེགས་པར་འོད་དང་པདྨོ་སོགས། །ཕྱི་རོལ་པ་ཡི་ལམ་ལ་ཁྲིད་བྱེད་ཅེས། །མདོ་ཡི་ཚིག་འདི་ཐོད་རྒལ་ལམ་འདི་ལ། །མི་གནོད་པ་ཡི་ལུང་རིགས་ཚོལ་གལ་ཆེ། །ཕྱི་ཡི་ཞིང་ཁམས་ནང་གི་ལུས་མཐུན་པར། །ཞི་བ་འོག་དང་ཁྲོ་བོ་སྟེང་ཡིན་པའི། །རིགས་པས་ཞི་ཁྲོའི་དཀྱིལ་འཁོར་བསྒོམ་ཚེ་ཡང་། །ཞི་བ་འོག་དང་ཁྲོ་བོའི་དཀྱིལ་འཁོར་སྟེང་། །ཁང་པའི་བརྩེགས་འདྲ་བྱས་འདུག་འཐད་མི་འཐད། །བཏགས་གྲོལ་བཏགས་ན་སྡིག་པ་འགྱུར་ཆེ་བས། །འཆི་ཁ་བར་དུ་མི་རུང་བདེན་མི་བདེན། །བུམ་སྒྲུབ་ནང་དུ་སྡིག་ཅན་མ་ཡིན་པའི། །ཤ་སྣ་སྙེད་ཚད་བསྲེ་ཟེར་རུང་མི་རུང་། །དཀྱིལ་


CMR050_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དབུས་སུ་བུམ་པ་འཇོག་པའི་དུས། །མདུན་བསྐྱེད་བུམ་བསྐྱེད་གཉིས་པོ་ཇི་ལྟར་བསྒོམ། །བུམ་པ་ལྷ་ཁང་གསེར་ཏོག་ལྟར་བསྒོམ་མམ། །བདག་མདུན་བར་དུ་རྡོ་རྭ་མེ་རི་སོགས། །སྲུང་འཁོར་གཉིས་ཀྱི་བར་དུ་ཆོད་མི་ཆོད། །དབང་བསྐུར་དུས་སུ་སློབ་མ་གང་དུ་བསྒོམ། །རྒྱལ་བ་གཅིག་གི་དཀྱིལ་འཁོར་བཤམས་ནས་ཀྱང་། །རྒྱལ་བ་ཀུན་གྱི་ལས་གཞུང་བསྲང་གསུངས་ན། །དེ་དག་སོ་སོའི་དཀྱིལ་འཁོར་གང་དུ་བསྒོམ། །མེ་ཏོག་ཕྲེང་མཛེས་ལུས་དཀྱིལ་ཡིན་གསུངས་ན། །རྩ་གནས་ལྷ་བཀོད་ཡིན་ནམ་ཇི་ལྟར་བསྒོམ། །སྒྱུ་ལུས་བཀོད་པའི་གྲོང་ཁྱེར་ལ་གནས་པའི། །ཞེས་པ་ལྷག་མའི་ཚིག་ལ་བྱུང་བ་དེ། །ལྷག་མ་རང་གི་བཟའ་བཏུང་ཡིན་ལགས་སམ། །རིག་འཛིན་སྲོག་སྒྲུབ་བསང་མཆོད་སྐབས་སུ་ནི། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བསང་ཟེར་དང་། །ངར་གླུད་དཀོན་མཆོག་གསུམ་ལ་མཆོད་ཟེར་བ། །འདི་འདྲ་བྲིས་པས་ཡི་གེ་ནོར་བའམ། གཅོད་ལུགས་ལྷ་འདྲེའི་འཛིན་པ་གཅོད་ཕྱིར་ཡིན། །རྟོགས་པ་ཡེངས་དང་མ་ཡེངས་ཁྱད་མེད་པའི། །གོ་བ་མ་ཡིན་ངེས་ཤེས་གདེང་ཐོབ་ཀྱང་། །ཡུན་རིང་ཡེངས་ནས་འཁྲུལ་


CMR050_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

པར་འབྱམས་འགྲོ་བ། །འདི་ཉིད་འཁྲུལ་པ་ཡིན་ནམ་མ་འཁྲུལ་ཡིན། །ཡེངས་པས་ངོ་བོ་ངན་དུ་མ་སོང་ཞིང་། །མ་ཡེངས་སྒྲིབ་ཀྱང་བཟང་དུ་མི་འགྲོ་བས། འདི་ལ་དྲན་པའི་གསལ་འདེབས་དགོས་མི་དགོས། །རང་བཞིན་ཡོངས་སུ་ཤེས་ན་གདེང་བཅས་ནས། །ཆོས་མེད་རོ་ཉལ་བྱས་ན་ཅི་འདྲ་འཁམ། །ཚེ་མཚམས་དམ་བཅའ་བྱས་བཞིན་རྣམ་གཡེང་ཆེ། །རང་གི་ཐུགས་ལ་དགེ་སྦྱོར་བློས་གཏོང་ནས། །བུག་སྒོའི་ནང་ནས་དབང་ལུང་ཁྲིད་ཀྱི་རྒྱུན། །ཆུ་བོའི་རྒྱུན་འདྲ་འགྲོ་བའི་དོན་ཡིན་ནམ། །བདུད་ཀྱི་བར་ཆད་མགོ་བསྐོར་གང་ཡིན་ཨང་། །ངས་ནི་ཚེ་གཅིག་སངས་རྒྱས་མ་ཐོབ་ཚར། །རྫོགས་ཆེན་ལུགས་ཀྱི་གང་ཟག་ཉེར་གཅིག་གིས། །ཡང་མཐའ་སྤྲུལ་སྐུའི་ཞིང་དུ་དབུགས་ཕྱུང་བ། །དེ་ཀ་ཙམ་ཞིག་སེམས་ལ་འཆག་ཡོད་ཀྱི། །བདེ་བ་ཅན་མ་གཏོགས་པའི་ཞིང་གཞན་དུ། །ས་ཐོབ་མིན་པ་མི་སྐྱེ་ལབ་སྒྲོན་གསུངས། །དེ་ཕྱིར་བདེ་བ་ཅན་དུ་ཕྱིན་པའི་ཐབས། །བཟང་པོ་རྡོ་རྗེ་འགྱུར་མེད་རྡོ་རྗེ་ནས། །སྣང་མཐའ་སྤྲུལ་སྐུའི་སྒྲུབ་ཐབས་བྱུང་ན་རབ། །མི་སྣང་ན་ཡང་ལོངས་སྐུ་ཚེ་དཔག་གི །སྤྲོས་མེད་དབང་ལུང་ཆ་ཚང་


CMR050_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་ཁ་རེ། །བྱང་གཏེར་འོད་དཔག་སྒྲུབ་ཐབས་ཡོད་འདུག་པ། །དེ་འདྲ་ཆོས་ཀྱི་སྐྱོལ་མ་བྱུང་ན་ཨང་། །ཉིད་ཀྱང་རབ་ཏུ་འཇའ་ལུས་རྡོ་རྗེའི་སྐུ། །ཐ་ན་རང་གཞན་དོན་གཉིས་མཐར་ཕྱིན་ཕྱིར། །དགོང་མོ་བཅུ་ཕྲག་བརྒྱད་ལྷག་བཞུགས་གནས་ཕྱིར། །བསྐྱེད་རིམ་ཡང་ཏིག་ཡི་དམ་བསྒྲུབ་པ་དང་། །རྫོགས་རིམ་བུམ་ཆེན་ནམ་མཁའི་བཅུད་ལེན་འཚལ། །སྲོག་ནི་རླུང་ཡིན་ཚེ་ནི་དྲོད་ཡིན་གསུངས། །སྐུ་ཚེ་རླུང་ཡིན་ཟེར་བ་ཧ་ཧ་ཧ། །ཁྱེད་ཀྱི་གནས་ཆེན་རི་སྟོང་བས་མཐའ་རུ། །དཀའ་ཐུབ་ཆུ་འཐུང་རྡེལ་འཆའ་བྱེད་ཟློསྐབས་སུ། །ཟང་ཟིང་སྐྱེས་ཀྱི་བབ་ཐོབ་ག་ལ་ཡོད། །གལ་ཏེ་ཡོད་ན་ཡང་དག་བྱེད་ན་ཡང་། །འབུལ་སྐྱེལ་ཐུར་དུ་བྱེད་པ་སུ་ཡི་ལུགས། །བགེགས་རིགས་སྟོང་ཕྲག་བརྒྱད་དུ་བསང་ཟེར་དེས། །ཁོ་བོ་ལོངས་སྤྱོད་ཡུལ་དུ་དཀོར་གྱི་ནུབ། །མཐུན་རྐྱེན་བསྐུར་རྒྱུ་བྱུང་ན་བབ་མོད་ཀྱང་། །རྐྱེན་ངན་མང་ཞིང་མེད་རབ་ཤེར་སྙིང་འདྲ། །གསེར་ཉག་ཡོད་ན་འོས་ཀྱང་རི་བོང་རྭ། །བྱིན་རླབས་རྟེན་དང་བཀྲ་ཤིས་ཁ་བཏགས་དང་། གཡུ་ཆེན་ཉེར་གཅིག་གཡུ་ཕྲན་ཉི་ཤུ་བཞི། །གཡུ་ཆུང་ང་དགུ་བསྡོམས་པས་བརྒྱ་དང་དགུ། །ཁྱི་ལོ་


CMR050_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ས་ག་ཟླ་བའི་ཉེར་དགུར་ཕུལ། །ཕྱིར་ལ་གནང་བའི་བཀའི་ཆ་བྱིན་རླབས་རྟེན། །མ་ཉམས་མ་གོད་ཁྲ་མ་ནང་ལྟར་འཕྲོད། །བླ་མེད་བྱང་ཆུབ་ཐོབ་པའི་རྒྱུ་རུ་།མ་མཇལ་བར་དུ་སྲུང་འཁོར་བསྒོམ་པ་དང་། །བཀའ་སྲུང་རྣམས་ལ་བཞེད་དགོངས་འགྲུབ་པ་ཡི། །དུས་མཆོད་སྐབས་སུ་ཕྲིན་ལས་བཅོལ་བར་བྱ། །དགེའོ།། །།ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousའདྲེན་མཆོག་ཀརྨ་ཨ་རཱ་གས་རྫོགས་ཆེན་པ་སུན་དྷ་བི་དྷ་ར་ལ་འཕྲིན་ཡིག་གནང་བ།no next