Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་གསུམ་པ། ག༽


   
   
   
   
  collapse section
   
   
   
   
   
   
   
   
   
རོ་ལངས་གསེར་དུ་སྒྲུབ་པའི་ལུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརོ་ལངས་གསེར་དུ་སྒྲུབ་པའི་ལུང་། next

རོ་ལངས་གསེར་དུ་སྒྲུབ་པའི་ལུང་།


DNG003_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨེ་དུབ་མ་བུ་རི་ཁ་མ་ཧཱ་ནི་སུ་ཁ་ནཱ་མ། བོད་སྐད་དུ། རོ་ལངས་གསེར་དུ་སྒྲུབ་པའི་ལུང་ཞེས་བྱ་བ། བཅོམ་ལྡན་འདས་དབང་ཆེན་རང་གནས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་དབང་ཆེན་གྱི་སྐུའི་སྤྱན་སྔར། བུཌྜྷ་ཧེ་རུ་ཀས། རོ་ལངས་གསེར་དུ་བསྒྲུབ་པ་འདི་སྨྲས་སོ། །ཨེ་མ་ཧོ། ཕྱོགས་བཅུའི་ལྷ་དང་ཀླུ་རྣམས་ཉོན། །རྣལ་འབྱོར་གང་ཞིག་སྟོབས་ལྡན་པས། །དབེན་པའི་གནས་སུ་རབ་སོང་ལ། །རོ་ལངས་གསེར་གྱི་སྒྲུབ་པ་བརྩམ། །ཤིན་ཏུ་དབེན་པའི་གནས་དེར་ཡང་། །དཀྱིལ་འཁོར་འདོམ་གང་གྲུ་བཞི་བྱ། །དེ་ནས་ཆག་ཆག་རབ་བཏབ་ལ། །ཕྱི་ནང་གསང་བའི་མཚམས་ཉིད་བཅད། །ཕྱི་མཚམས་གཅད་པར་བྱ་བ་ནི། །གནས་ཀྱི་ཕྱོགས་བཞི་དག་ཏུ་ཡང་། །རྒྱལ་ཆེན་དག་ལ་མཐོ་བཞི་སྟེ། །གཏོར་མ་ཆ་རེ་མཐོ་རྩར་བཏང་། །ཤོག་བུ་སོར་བཞི་པ་རེ་ལ། །རྒྱལ་ཆེན་བཞི་ཡི་སྔགས་བྲིས་ལ། །རང་རང་ཕྱོགས་ཕྱོགས་དག་ཏུ་དགོད། །དེ་ནི་ཕྱི་ཡི་མཚམས་སུ་བསྟན། །ནང་མཚམས་བཅད་པ་འདི་ལྟ་སྟེ། །ཁྲོ་བོ་བཅུ་ཡི་སྔགས་


DNG003_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བཅད། །གསད་པ་འཁོར་ལོ་མཚོན་ཆས་བཅད། །གཏོར་མ་ཆ་གསུམ་རབ་ཏུ་བཏང་། །གཏོར་མ་ཆ་གསུམ་མེད་པ་ན། །གསེར་སྐྱེམས་དག་ནི་རྒྱས་པར་བཏང་། །ཆབ་གཏོར་ནུས་ཚད་དག་ཏུ་བཏང་། །དེ་ལྟར་མཚམས་བཅད་རྫོགས་པ་དང་། །འབྲུ་ལྔའི་ཆོ་ག་རྫོགས་པར་བྱ། །མཆོད་རྟེན་བརྒྱད་ནི་གདབ་བྱ་ཞིང་། །བཤགས་པ་ཆེན་པོ་རྫོགས་པར་བྱ། །དེ་ལྟར་སྔོན་འགྲོ་རབ་རྫོགས་ནས། །དེ་ནས་ནང་དུ་འོང་བ་དང་། །དཀྱིལ་འཁོར་ཆེན་པོ་དེ་ཉིད་ལ། །ཐིག་ནི་རབ་ཏུ་གདབ་པར་བྱ། །རྣལ་འབྱོར་ཆེན་པོ་གསུམ་གྱིས་བསྒྲུབ། །རྡོ་རྗེ་སློབ་དཔོན་གསང་བ་དེས། །རྡོ་རྗེ་རྒྱལ་པོས་བུ་མཆོག་ལ། །ཐིག་སྐུད་སྣ་ནི་ལེགས་སྦྱིན་ལ། །བར་སྣང་དག་ཏུ་འཐེན་ནས་ནི། །སྲིང་སྲིང་ལན་གསུམ་རྡོ་རྗེས་བྱ། །ནུབ་ནས་ཤར་དུ་ཁ་བལྟས་ལས། །ཐིག་གཅིག་དཀྱིལ་དུ་གདབ་པར་བྱ། །དེ་ལ་སོགས་ཏེ་ཐིག་རྣམས་གདབ། །དེ་ནས་ཚོན་ཉིད་རབ་ཏུ་དགྱེ། །ཞི་བའི་དཀྱིལ་འཁོར་རབ་ཏུ་བཞེངས། །དེ་ཡི་སྟེང་དུ་རྫས་རྣམས་བསག །སྒོ་ལ་གྲི་དང་གྲ་བཞིར་མདའ། །དར་དཀར་ཡོལ་བ་དག་ཀྱང་བྱ། །དཔལ་གྱི་གཏོར་མ་བྱང་ཕྱོགས་སུ། །ལྷོ་རུ་མ་མོའི་གཏོར་མ་གཞག །ཤར་དུ་འབྱུང་པོའི་གཏོར་མ་གཞག །ནུབ་ཏུ་ཕུད་དང་རཀྟའོ། །དེ་ནི་དཀྱིལ་འཁོར་བསྟན་པའོ། །དེ་ཡང་རོ་དེ་ལེན་པའི་ཚེ། །རོ་ལངས་ལ་སོགས་གདུལ་བྱའི་ཕྱིར། །འཆི་བདག་གཤིན་རྗེ་གནས་པའི་སར། །སྔགས་དང་ལྡན་པའི་མཚོན་ཆ་བརྡེག །དེ་ནས་རོ་ཁུར་མི་དེ་ལ། །མྱོས་པའི་ཆུ་ཡིས་རབ་མྱོས་བྱ། །དེ་ནས་རོ་དེ་བསྒྲུབ་པར་བྱ། །དཀྱིལ་འཁོར་ཕོ་བྲང་དབུས་དག་ཏུ། །བརྒྱང་ཤིང་དག་དང་ལྡན་པ་སྟེ། །སྐྲ་བཅིངས་ཐོར་ཚུགས་རྣམ་གདག་གོ། །རང་རང་རྒྱན་ཆ་དག་གིས་བརྒྱན། །དང་པོ་སྤོས་ཆུ་འོ་མས་བཀྲུ། །དེ་ལྟར་དཀྱིལ་འཁོར་སྟེང་བཞག་ལ། །བསྒྲལ་བའི་ཐབས་ནི་རྣམ་གསུམ་སྟེ། །ཚེ་འདས་དོན་ཕྱིར་བསྒྲལ་བ་དང་། །མཐུ་རྩལ་དབྱུང་ཕྱིར་བསྒྲལ་བ་དང་། །ཉམས་


DNG003_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཆག་སྐོང་ཕྱིར་བསྒྲལ་བའོ། །དེ་ལྟར་བསྒྲལ་བར་བྱ་བའི་ཕྱིར། །བསྒྲུབ་པ་རབ་འབྲིང་གསུམ་དུ་བྱ། །ཚེ་འདས་དོན་ཕྱིར་བསྒྲལ་བ་ན། །དབང་བསྐུར་བྱིན་བརླབ་བྱ་བ་དང་། །རིགས་དྲུག་དྲངས་དང་ལམ་བསྟན་བྱ། །ལན་ཆགས་གཏོར་མ་རྒྱུན་དུ་བཏང་། །ཚོགས་དང་མཆོད་པ་རྒྱུན་མི་གཅད། །དུས་བཞིའི་ཚོགས་ནི་སྣ་ཚོགས་བཏང་། །མཐུ་རྩལ་དབྱུང་ཕྱིར་བསྒྲལ་བ་ན། །བསྒྲུབ་པ་ཞག་གསུམ་བྱེད་པ་ན། །ཞག་གཉིས་ཁྲོ་བོའི་ཕྲིན་ལས་བྱ། །དེ་ནས་དཀྱིལ་འཁོར་སྟེང་ཉིད་དུ། །སློབ་དཔོན་གསང་བའི་རྒྱ་བཀྲོལ་ལ། །ཐུན་དང་རལ་གྲི་མཚོན་ཆ་བསྣམས། །རྡོ་རྗེའི་ལུས་པོ་ཉིད་ལ་ཡང་། །གཡང་གཞི་དུར་ཁྲོད་རྒྱན་གྱིས་བརྒྱན། །ལག་ཏུ་མཚོན་ཆའི་དབང་བསྐུར་ལ། །སྐེ་ལ་རལ་གྲི་རབ་བཏབ་ལ། །གང་ལ་དམིགས་པའི་མིང་བྲིས་ལ། །དམིགས་པ་རབ་ཏུ་བསམ་པར་བྱ། །མ་ཉེས་རབས་རྣམས་རབ་ཏུ་བརྗོད། །དེ་ནས་མགོ་ཉིད་ཆོད་པ་དང་། །ཧ་ཧ་ཞེས་བྱའི་སྒྲ་བརྗོད་ཅིང་། །བསྟན་པ་འཇིག་པ་བསད་པ་ཡི། །ལེགས་སོ་ཞེས་བྱར་རབ་ཏུ་བརྗོད། །དེ་ཉིད་འདྲེག་པའི་སྔགས་འདིའོ། །ཨོཾ་པདྨཱནྟ་ཀྲྀཏ་ཀྲོ་ཏ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཧཱུཾ་ཧ་ཧ་ཁཱ་ཧི་ཁཱ་ཧི། སྔགས་དེ་ལན་གྲངས་བརྒྱ་རྩ་བརྗོད། །སྔགས་རྣམས་བརྗོད་ཅིང་དབང་ཆེན་བསྒོམ། །དབང་ཆེན་སྐུ་ཉིད་གསལ་བ་དང་། །རྡོ་རྗེའི་གིང་ཕོ་མཚན་ལྡན་དེས། །མཚོན་ཆའི་ཚོགས་རྣམས་རྫོགས་པ་དང་། །ཁྲོ་བོ་འགྱིང་བའི་སྟབས་ཀྱིས་ནི། །དཀྱིལ་འཁོར་རབ་ཏུ་བསྐོར་བྱ་ཞིང་། །བསྒྲལ་བའི་ལས་རྣམས་རྫོགས་པར་བྱ། །ལེགས་པར་བརྗོད་པ་གོང་བཞིན་ནོ། །རྒྱུན་དུ་བགྲང་བའི་སྔགས་འདི་བརྗོད། །ཨོཾ་པདྨཱན་ཏ་ཀྲྀཏ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་བ་ཧཱུཾ་ཧྲཱྀཿ། གསང་བའི་སྔགས་འདི་མང་དུ་བརྗོད། །དབང་ཆེན་ཡུམ་དང་བཅས་པ་སྟེ། །དེ་ནས་རྡོ་རྗེ་གིང་ཕོ་དེས། །སློབ་དཔོན་དག་ལ་མགོ་ཉིད་དབུལ། །སློབ་དཔོན་གསང་བ་དེ་ཉིད་ཀྱིས། །བདེ་གཤེགས་མཁའ་འགྲོའི་ཐུགས་དམ་བསྐང་། །དེ་ནས་ཙིཏྟ་དབྱུང་བའི་སྔགས། །འདི་སྐད་དྲག་ཏུ་བརྗོད་བྱ་ཞིང་། །སློབ་དཔོན་ཙིཏྟ་ཕྱུང་ཞེས་


DNG003_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོ། །དེ་ནས་རྡོ་རྗེ་བཤན་པ་དེས། །སྔགས་འདི་བརྗོད་ཅིང་ཙིཏྟ་ཕྱུང་། །ས་མ་ཡ་ཏ་ཧི། ཙིཏྟ་ཧཱུཾ་འདུས་ཁ་དུར་མཱ་ར་ཡ་ཧཱུཾ། སྔགས་དེས་ཙིཏྟ་དྲང་བར་བྱ། །གིང་པ་བརྟུལ་ཞུགས་ལྡན་པ་ན། །ཟ་ཞིང་སློབ་དཔོན་དེ་ལ་དབུལ། །དེ་ནས་ཚེ་འདས་སྤར་བ་དང་། །དངོས་གྲུབ་བླང་བའི་སྔགས་ཀྱང་བཟླས། །དངོས་གྲུབ་ལེན་པའི་དུས་ཉིད་དུ། །རོ་དེ་ལངས་ན་དངོས་གྲུབ་འཐོབ། །དེ་ཚེ་ལངས་པ་དེ་ཉིད་ལ། །བདག་ཉིད་དབང་ཆེན་རབ་ལྡན་པས། །མཚོན་ཆ་ཕུར་པ་དག་གིས་ཀྱང་། །གནས་དག་ཏུ་ནི་གདབ་བྱ་ཞིང་། །སྔགས་འདི་བརྒྱ་དང་རྩ་བརྒྱད་བརྗོད། །ཨོཾ་ཧྲཱྀཿཐཱ་སརྦ་སིདྡྷི་བཛྲ་ཧཱུཾ། སྔགས་དེས་དངོས་གྲུབ་འཐོབ་པའོ། །ཚེ་འདས་དེ་ཉིད་སྦར་བྱ་བའི། །སྔགས་འདིས་སྦྱོར་བའི་ལྷུམས་སུ་འཕང་། །ཨོཾ་དྷྲཾ་ཀ་ཛ་ཨེ་སྤ་ར་ཎ་ཕཊ་ཕཊ། རིགས་ལྔའི་སྲས་སུ་དབང་བསྐུར་རོ། །སྔགས་འདིས་དབང་བསྐུར་བསྟན་པའོ། །ཨོཾ་སྭ་ལམ་དུ་ཏྲིང་ཧྲི་ཏ་ཡ་སྟྭམ། སྐུ་གསུམ་རྡོ་རྗེའི་སྐུར་གྱུར་ནས། །འོད་ལྔའི་མུ་ཁྱུད་བར་དུའོ། །འོད་ཟེར་སྐུ་ལྔ་འབར་བར་བསམ། །དེ་ནས་སློབ་དཔོན་གསང་བ་དེས། །དབང་བསྐུར་བྱིན་རླབས་རྫོགས་པ་དང་། །ཤ་རྣམས་ལེགས་པར་བཤའ་བྱ་ཞིང་། །འཁོར་ན་གནས་པའི་བུ་རྣམས་དང་། །བདག་ཉིད་ལོངས་སྤྱོད་སྤེལ་བྱའི་ཕྱིར། །མཱཾ་ས་ཟ་ཞིང་སྔགས་འདིའོ། །ཨོཾ་ཨཱཿཧཱུཾ་ཧྲྀ་ད་ཡ་སི་ཏི་ཧཱུཾ་ཕཊ། དེ་ནི་ལོངས་སྤྱོད་སྔགས་སུ་བསྟན། །མཐུ་རྩལ་དབྱུང་ཕྱིར་བསྒྲལ་བའོ། །ཚེ་འདས་དོན་ཕྱིར་བསྒྲལ་བ་ན། །བསྒྲུབ་པ་ཐ་མའི་ནུབ་ཉིད་དུ། །རོ་ཡི་རྒྱན་དང་བརྒྱངས་ཕོག་ལ། །ཞི་བའི་དཀྱིལ་འཁོར་སྟེང་དག་ཏུ། །ཁ་སྦུབ་དག་ཏུ་བསྙལ་བྱས་ལ། །རྒྱབ་ཏུ་ཐིག་རྣམས་ལེགས་བཏབ་ལ། །ཁྲོ་བོའི་དཀྱིལ་འཁོར་རབ་བྲིས་ལ། །མཆོད་པའི་ཚོགས་རྣམས་རབ་རྫོགས་བྱ། །སློབ་དཔོན་ཉིད་ཀྱིས་སྣ་དྲངས་ལ། །དཀྱིལ་འཁོར་རོ་ཡི་ཐ་མ་བསྐོར། །པདྨཱནྟ་ཀྲྀཏ་དབྱངས་བླངས་ཤིང་། །དབང་མཆོག་བྲོ་ནི་རབ་ཏུ་བརྡུང་། །རྒྱབ་ཀྱི་ཚངས་ཐིག་སྟེང་ནས་བྱ། །རབ་ཏུ་བཤའ་ཞིང་དབང་རྫོགས་


DNG003_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །སྔགས་འདིའི་འོད་ཟེར་རབ་འཕྲོས་བསམ། །རུ་ལུ་གར་གྱི་མཆོད་པའི་སྔགས། །སྣ་ཚོགས་མཆོད་ཕྱིར་སྔགས་འདིའོ། །ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། སྔགས་དེའི་འོད་ཟེར་རབ་འཕྲོས་པས། །སྐུ་དང་གསུང་དང་ཐུགས་ཉིད་ལས། །འོད་འཕྲོས་སྒྲིབ་པ་སྦྱང་བར་བྱ། །དེ་ནས་བྱ་བྱེད་ཟིན་པ་དང་། །ནང་ཁྲོལ་རྣམ་ལྔ་མཆོད་པའི་རྒྱུ། །མིག་དང་རྣམ་ལྔ་མཆོད་པར་འབུལ། །དེ་ནི་ཚེ་འདས་དོན་ཕྱིར་རོ། །ཉམས་ཆག་བསྐང་ཕྱིར་བསྒྲལ་བ་ནི། །བཤའ་ལུགས་གོང་དང་མཐུན་པ་ལ། །བསྒྲུབ་པ་ནུབ་ནི་གཉིས་འདས་ནས། །ཁྲོ་བོའི་དཀྱིལ་འཁོར་བཞེངས་ནས་ནི། །མཆོད་པའི་ཡོ་བྱད་ཅི་འབྱོར་བསག །དཀྱིལ་འཁོར་ཐ་མ་རབ་ཏུ་བསྐོར། །རང་གི་ཡི་དམ་གང་ཡིན་བསྒོམ། །བསྐང་གསོའི་རྫས་རྣམས་གང་ཡོད་སྦྱར། །བཤགས་པ་བསྐང་གསོ་རྒྱས་པར་བྱ། །ལོངས་སྤྱོད་སྔགས་དང་བྱ་ཐབས་རྣམས། །གོང་དུ་སྨོས་པ་ཁོ་ན་འོ། །ཚོགས་དང་གཏོར་མ་རྒྱུན་མི་གཅད། །བར་ཆད་བགེགས་རྣམས་ཚར་གཅོད་བྱ། །གཤེད་བྱེད་དབྲལ་ཞིང་ལམ་བསྟན་བྱ། །བསྐང་བའི་རྒྱུ་དང་སྦྱར་ཏེ་བསྐང་། །ཚོགས་དང་མཆོད་པའི་ཡོ་བྱད་ལ། །འབྲུ་དང་ཏིང་འཛིན་ལྡན་པས་བརླབ། །མ་མོའི་ཐུགས་དམ་རྟག་ཏུ་བསྐང་། །དེ་ནི་ཉམས་ཆག་བསྐང་ལུགས་སོ། །དེ་ལྟར་རོ་བསྒྲུབ་རབ་ཏུ་བརྩམ། །སྔགས་འདིས་ཐམས་ཅད་འགྲུབ་པའོ། །ཨོཾ་སརྦ་ཀ་རུ་ཎ། པདྨ་བཛྲ་པཱ་ཎི། བཛྲ་སཏྭ་ས་མ་ཡ་ཨཱ་ཡཿཨ་མྲི་ཏ་ཏི་ར་ཧཱུཾ་ཕཊ་སྭཱ་ཧཱ། སྔགས་དེ་བཟླ་ཞིང་དངོས་གྲུབ་བླང་། །སྲིན་ལག་མཐེ་བོང་བར་དག་ཏུ། །དལ་གཉིས་མཉམ་ཞིང་ཙིཏྟ་བཟུང་། །དུས་བཞིའི་ཚོགས་ཀྱི་ཚེ་ན་ཡང་། །དངོས་གྲུབ་བླངས་ཤིང་གསེར་དུ་བསམ། །དེ་ལྟར་ཏིང་འཛིན་ལྡན་པ་ཡིས། །ལོ་གཉིས་བསྒྲུབ་པ་བྱས་པ་ན། །ལྕེ་ཉིད་གསེར་དུ་འགྱུར་བར་ངེས། །ལྕེ་ཉིད་གསེར་དུ་གྱུར་པ་ན། །སྲིན་ལག་ཏིང་འཛིན་ལྡན་པས་བླང་། །བླངས་ལ་སྦྲང་རྩིའི་ཆུ་དང་སྦྱར། །ཞིབ་པར་བཏགས་
ཤིང་གསང་སྔགས་བཟླས། །དེ་ནས་ཀུན་གྱིས་བགོས་ལ་བཟའ། །ཟོས་ན་སྐྱེ་མེད་བྱང་ཆུབ་ཐོབ། །ཐུན་མོང་དངོས་གྲུབ་ཐམས་ཅད་ཐོབ། །ཟས་ནི་ཡིད་ལ་དྲན་པས་ཚིམ། །ལུས་ལ་གོས་མེད་གཅེར་བུར་ཚུགས། །གཉེར་མ་མེད་ཅིང་གཞོན་ནུར་འགྱུར། །ལོ་ནི་ལྔ་བརྒྱ་གཞོན་ནུར་གནས། །དེ་ནས་ཚེ་འཕོས་ཕྱིར་མི་ལྡོག །ཡོན་ཏན་དེ་ལྟར་འབྱུང་བའོ། །ཞེས་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། ཐལ་བྱེད་རོ་ལངས་གསེར་དུ་བསྒྲུབ་པའི་ལེའུ་སྟེ་དགུ་པའོ། །རྫོགས་སོའོ།། །།


previousརོ་ལངས་གསེར་དུ་སྒྲུབ་པའི་ལུང་། next