Nitartha Digital Library
Tibetan
གསུང་འབུམ་པོད་དྲུག་པ།


  collapse section
   
   
   
   
   
   
   
   
   
   
   
   
   
སྤྱོད་དུ་མེད་པ་མཉམ་བཞག་གི་སྤྱོད་པ།
   
   
   
   
   
   


 
previousསྤྱོད་དུ་མེད་པ་མཉམ་བཞག་གི་སྤྱོད་པ།next

སྤྱོད་དུ་མེད་པ་མཉམ་བཞག་གི་སྤྱོད་པ།

གཉིས་པ་སྤྱོད་དུ་མེད་པ་མཉམ་བཞག་གི་སྤྱོད་པ་ལ༔ གཞི་ཡེ་གྲོལ་ཆེན་པོ་ལ་བསྐྱར་གཞི་མེད་པས༔ ལྟ་བསྒོམ་ལ་རག་མ་ལུས་པར་སྤྱད་པ༔ ལམ་རང་གྲོལ་ཆེན་པོ་ལ་གཉེན་པོ་མེད་པར༔ འབྲས་བུ་ཅིག་གྲོལ་ཆེན་པོ་ལ་ཟླ་བོ་མེད་པས་ཐབས་དང་ཤེས་རབ་ལ་རག་མ་ལུས་པར་གདེངས་འཆོས་པའི་སྤྱོད་པ་དང་གསུམ་ལས༔

དང་པོ་ལ༔ ཆོས་ཉིད་དོན་གྱི༔ རང་རིག་ཡེ་ཤེས་ཀྱིས་སྤྱོད་པ་གཉིས་ལས༔ དང་པོ་ལ༔ དེའི་གནས་ལུགས་དང་༔ དེ་ལས་མི་འདའ་བར་སྤྱད་པའི་ཚུལ་ལོ༔

དང་པོ་ནི༔ སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་སྟོང་ཞིང་བདག་མེད་པས༔ དངོས་མཚན་སྤྲོས་པའི་ཆོས་ལས་གྲོལ་བ་སྟེ༔ དེ་ཡང་དང་པོ་སྐྱེ་བའི་རྒྱུ་དང་སྐྱེ་བ༔ བར་དུ་གནས་པའི་ས་དང་གནས་པ༔ མཐར་འགག་པ་རང་གི་ངོ་བོས་སྟོང་པ་ལ༔ སེམས་ཅན་འཁྲུལ་བའི་གཞན་དབང་དུ་གྱུར་པ་རྣམས་ཀྱིས༔ དཔེར་ན་སྨིག་རྒྱུའི་ཆུ་ལ་སྣང་དང་མི་སྣང་གི་དངོས་གཞི་མེད་པ་ལ་དེ་ལྟར་སྣང་ཞིང་སེམས་པ་དང་འདྲ་བའི་ཕྱིར་ན༔ ལྟ་བསྒོམ་དང་འབད་རྩོལ་སོགས་ཀྱི་བསླད་ནས་གྲོལ་བར་བྱ་བའི་གཞི་མེད་པས༔ སྣང་ཤེས་ཐམས་ཅད་ལ་མེད་བཞིན་ཡོད་འཛིན་གྱི་བློ་ལོག་པ་ཙམ་ལས༔ དངོས་པོ་རང་ས་ནས་དགྲོལ་བར་བྱེད་མི་དགོས་སོ༔ དེས་ན་མུ་ཏིག་ཕྲེང་བ་ལས༔ འབད་པས་གྲོལ་པ་མ་ཡིན་ཏེ༔ ཡེ་ཉིད་ནས་ནི་གྲོལ་བར་གནས༔ ཞེས་དང་༔ བརྩོན་པ་དོན་ལྡན་ལས༔ ཡེ་ནས་གྲོལ་བའི་སེམས་ཉིད་ནི༔ ཕྱི་ནས་གྲོལ་རྐྱེན་ག་ལ་སྲིད༔ ཅེས་དང་༔ ཉི་ཟླ་འོད་འབར་ལས༔ སྣང་བའི་རྣམ་པ་གང་ལ་ཡང་༔ མིང་འདོགས་མེད་པར་ཐིག་ལེ་སྤྱི་བརྟོལ་ཡིན༔ དག་དང་མ་དག་མེད་པར་གཏི་མུག་ཆེན་པོར་གྲོལ༔ ཁམས་གསུམ་སྡུག་བསྔལ་མེད་པར་འདི་ཀ་ལྟ་བུར་གྲོལ༔ སངས་རྒྱས་སེམས་ཅན་འགྲོ་དྲུག་གནས་མེད་པར༔ བློས་བཏགས་མིང་འདོག་མེད་པར་གྲོལ༔ ཆོས་ཟད་བློ་སྟོར་མཚོན་བརྗོད་བསམ་ལས་འདས་པར་གྲོལ༔ ཅང་མེད་ཅིར་སྣང་མིང་མེད་ཆེན་པོར་གྲོལ༔ ཞེས་དང་༔ སྒྲོན་མ་བརྩེགས་པ་ལས༔ ཡེ་གྲོལ་ཆོས་ལས་འདས་པ་དང་༔ རྒྱ་ཆད་མེད་པའི་ངོ་བོར་གནས༔ ཞེས་སོ༔

གཉིས་པ་དེ་ལས་མི་འདའ་བར་སྤྱད་པའི་ཚུལ་ནི༔ དེའི་ཕྱིར་ན་རྣལ་འབྱོར་བ་རྣམས་ཀྱིས་ཟག་པ་མེད་པའི་ཤེས་རབ་ཆེན་པོའི་ཆོས་ཅན་སྣང་སེམས་ཀྱི་དངོས་པོ་ཐམས་ཅད་པ་རང་སྤྱིའི་མཚན་མ་བདེན་གྲུབ་དུ་མི་བལྟ་བར་རང་རིག་པའི་ཡེ་ཤེས་ཀྱི་རང་རྩལ༔ མེད་སྣང་སྟོང་པའི་རང་གཟུགས་སུ་ཤེས་པས་ཤར་གྲོལ་རིས་མེད་དུ་དྭངས་སུ་འཇུག་ནས་རྒྱུ་འབྲས་རྗེས་མེད་ནམ་མཁའ་ལྟ་བུར་སྤྱད་པ་ནི༔ ཀུན་གསལ་ལས༔ ཆོས་ཉིད་དོན་གྱི་སྤྱོད་པ་ནི༔ མཚན་མ་མེད་པའི་ནམ་མཁའ་བཞིན༔ ཆོས་ཅན་མཚན་མར་མི་ལྟ་བར༔ རྣལ་འབྱོར་ཟག་མེད་ཤེས་རབ་ཀྱིས༔ དངོས་མེད་ནམ་མཁའ་ལྟ་བུར་སྤྱོད་ཅེས་སོ༔

གཉིས་པ་རང་རིག་ཡེ་ཤེས་ཀྱིས་སྤྱོད་པ་ནི༔ གནད་གསུམ་ཀྱིས་ཡེ་ནས་གྲོལ་བར་གནས་ཏེ༔ ཕྱི་ནང་བར་གསུམ་གྱི་ལུས་ཐམས་ཅད་འབྱུང་བ་མ་བཅོས་ཡུམ་གྱི་ངོ་བོར་སངས་རྒྱས་པ་དང་༔ ངོ་བོ་ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བར་ཡེ་ནས་གྲོལ་ཟིན་པའི་རང་གནད་གཉིས་ཀྱིས་འགྲོ་དྲུག་གི་གཟུགས་སུ་སླར་མི་ལྡོག་པ་དང་༔ བརྗོད་པའི་སྒྲ་ཐམས་ཅད་ཡེ་ནས་གསུང་རྡོ་རྗེའི་ངོ་བོར་གྲོལ་ཟིན་པས་ཨཱ་ལི་ཀ་ལིའི་སྒྲ་དོན་གྱི་གནད་དང་༔ སྒྲའི་ངོ་བོ་གྲགས་སྟོང་བརྗོད་པ་དང་བྲལ་བའི་གནད་གཉིས་ཀྱིས་བརྗོད་པ་གསལ་དག་ཏུ་གྲོལ༔ སེམས་ཀྱི་རྟོག་ཚོགས་ཐམས་ཅད་གནས་ལུགས་ལ་དགོངས་པ་ཆོས་ཉིད་དང་ཡེ་ཤེས་ལས་གཡོས་པ་མེད་པར་གྲོལ་བའི་གནད་གཉིས་ཀྱིས་སླད་ནས་གྲོལ་མི་དགོས་པའོ༔ མུ་ཏིག་ཕྲེང་བ་ལས༔ ཞེན་པའི་མཐའ་ནི་བསྒོམ་པ་ཉིད༔ ཡན་ལག་མ་བསྐྱོད་ཡེ་ཕྱིན་པས༔ འགྲོ་བའི་ལམ་ཉིད་ཡེ་ནས་བགྲོད༔ སྨྲས་པའི་ངག་ནི་བརྗོད་མེད་པས༔ ཡེ་ནས་སྨྲ་བསམ་ཡུལ་ལས་འདས༔ བསམ་པའི་འཕྲོ་འདུ་ཡེ་སྟོང་བས༔ ཡེ་ནས་བསམ་གཏན་ཆེན་པོར་གནས༔ དྲི་མ་རྣམས་ནི་རང་དག་པས༔ ཞེས་སོ༔ དེའི་ངང་ལ་ཇི་ལྟར་འཇོག་ན༔ ཕྱི་ནང་སྣང་ཤེས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་རིག་པའི་ཡེ་ཤེས་ཀྱི་རང་མདངས༔ གཞི་སྣང་ལོངས་སྤྱོད་པ་སྐུའི་སྣང་བར་ཡེ་ནས་གྲོལ་ཟིན་པའི་ཚུལ་ཤེས་པས༔ ད་གདོད་འབད་པས་དགྲོལ་བ་དང་དགག་སྒྲུབ་སྤང་བླང་ལ་སོགས་པ་མི་བྱེད་པར་ཡེ་ཤེས་ཀྱི་རང་བཞིན་མ་འགགས་པ་མེ་ལོང་ལྟ་བུ་ལ༔ རང་སྣང་འཆར་ཚུལ་གྱི་རྣམ་པའི་གཟུགས་བརྙན་ཤར་བ་ཉིད་ཆགས་སྡང་དང་བྲལ་བར་བྱར་མེད་དུ་འཇོག་པ་དང་༔ རིག་པའི་ཡེ་ཤེས་ཚོགས་བརྒྱད་དང་མ་རིག་པས་བསྐྱེད་པའི་ཕུང་པོ་ལྔའི་རྣམ་སྨིན་གྱི་སྒྲིབ་པ་བག་ཆགས་དང་བཅས་པས་མ་གོས་ཤིང་༔ ཡེ་ནས་འཁྲུལ་མ་མྱོང་བའི་རང་རིག་ཡེ་ནས་འོད་གསལ་བ་ཉིད༔ ཇི་སྐད་དུ༔ དེ་ལྟར་གནས་པས་འཁྲུལ་མེད་གཞི༔ རང་རིག་ཡེ་ནས་འོད་རེ་གསལ༔ ཞེས་དང་ནམ་མཁའ་ཀློང་ཡངས་ལས༔ ཐམས་ཅད་ཡེ་གྲོལ་བསྟན་པ་ལ༔ ཡང་ཏི་ནག་པོ་འབྲུ་གཅིག་ཤར༔ བྱིན་གྱི་རླབས་ཀྱི་བྱུང་བ་ཡི༔ འབྲས་བུ་ཡེ་གྲོལ་རྒྱུད་ཆེན་ལ༔ ངང་ངམ་ཤུགས་ཀྱི་ཤར་བའོ༔ ཞེས་སོ༔ དེ་ལྟ་བུའི་ཡེ་གྲོལ་ཆེན་པོའི་རྒྱུད་ཆེན་ཉིད་ལ་བསྐྱལ་ནས་གྲོལ་བའི་བྱ་བ་བྱེད་མི་དགོས་པར་ཤེས་པའི་གདེངས་ཀྱིས༔ ཕྱི་སྣང་བ་ལ་ནང་ཤེས་པ་ཐུག་འཕྲད་དུ་ཤར་དུས༔ གཞི་མེད་དུ་ཤེས་པས་གང་ལའང་དཔྱོད་འཛིན་མེད་པར་བཞག་པས་རང་སངས་ལ་སོང་བའི་གཤིས་ཀྱི་ངང་ནས་རིག་པ་ཟང་ཀ་འཆར་བ་ངོས་ཟིན་པའི་ངང་ལ་གནས་པ་ནི༔ ཐལ་འགྱུར་ལས༔ རང་བཞིན་རྫོགས་པ་ཆེན་པོའི་མཐའ༔ ཆོས་རྣམས་རང་སར་བཞག་པ་སྟེ༔ སྣང་ཤེས་ཆོས་ཉིད་ཟུང་འཇུག་པས༔ ཡེ་གྲོལ་ཅོག་བཞག་ཉིད་ལ་ཐུག༔ དགོངས་པ་བློ་ལས་འདས་པ་དང་༔ མཚན་བཅས་རང་སར་དག་པ་དང་༔ སྟོང་དང་དངོས་པོའི་མཐའ་གྲོལ་དང་༔ འགྱུ་ཟད་རྟོག་པ་མེད་པ་དང་༔ བློ་ཟད་ཡིད་ལས་འདས་པའོ༔ ཞེས་དང་༔ མུ་ཏིག་ཕྲེང་བ་ལས༔ འབྱུང་བ་ལྔ་ཉིད་ཡེ་དྭངས་པས༔ སྣང་བ་འོད་གསལ་ཉིད་དུ་གྲོལ༔ དབང་བོ་ལྔ་ཉིད་ཅེར་བཞག་པས༔ འཛིན་པའི་ཡུལ་ལྔ་རང་སར་གྲོལ༔ ཞེས་དང་༔ ཀུན་གསལ་ལས༔ རང་རིག་ཡེ་ཤེས་སྤྱོད་པ་ནི༔ དཔེར་ན་རིན་ཆེན་མེ་ལོང་བཞིན༔ ཡེ་ཤེས་རང་བཞིན་མ་འགགས་པར༔ རང་སྣང་རང་ཤར་ཆགས་སྡང་བྲལ་བར་སྤྱད༔ ཅེས་དང་༔ ཁྱུང་ཆེན་ལས༔ མཚན་མ་ཡེ་དག་ཡོངས་སུ་གྲོལ་བའི་གཞི༔ འབད་མེད་བྱ་བྲལ་བློ་ཡི་གེགས་བསལ་ཏེ༔ ཐུག་ཕྲད་རྣམ་གསུམ་ཡུལ་ལ་རོལ་བའི་འགག༔ གང་ཤར་མ་ཡེངས་ཡུལ་སེམས་བར་དུ་བསྡམས༔ ཞེས་ཡེ་གྲོལ་ཆེན་པོ་འདི་ནི་གཞི་དངོས་པོ་གཤིས་ཀྱི་འདུག་ཚུལ་ཇི་བཞིན་པ་ལ་དེ་བཞིན་དུ་རྟོགས་པའི་གདེང་འཆོས་པ་ཙམ་ལས༔ ལྟ་བསྒོམ་གྱིས་གྲོལ་བའི་བྱ་བ་བྱེད་པ་ལ་རག་མ་ལུས་པར་བསྟན་པའོ༔

གཉིས་པ་ལམ་རང་གྲོལ་ཆེན་པོ་ལ་གཉེན་པོ་མེད་པའི་རང་བཞག་ཆེན་པོར་གདེང་འཆོས་པའི་སྤྱོད་པ་ལ༔ རང་གྲོལ་ཆེན་པོའི་གོ་དོན་སྤྱིར་བཤད༔ དགོངས་པ་རྒྱས་པར་བཤད་པ་གཉིས་ལས༔

དང་པོ་ནི༔ སྤྱིར་ཐེག་པ་ཐུན་མོང་དང་སྔགས་ཕྱི་ནང་སོགས་ལས་ཉོན་མོངས་པ་སྤོངས་པ་དང་༔ གཉེན་པོས་འདུལ་བ་དང་༔ སྦྱོང་བསྒྱུར་རང་ཞིར་གཏོང་བ་དང་རང་ལུགས་སུ་འཇོག་པ༔ ཆོས་ཉིད་དུ་བྱེད་པས་ཉོན་མོངས་དེ་དག་ཀ་ནས་ཡོད་མ་མྱོང་དུ་དག་པ་མ་ཤེས་ན་སྤོང་བས་མི་སྤོངས་ཏེ༔ དེ་སེམས་ཀྱིས་སྤོང་ན༔ སྤང་གཉེན་རྫས་གཅིག་པས་མི་རུང་ལ༔ ཡེ་ཤེས་ཀྱིས་སྤོང་ན་སྤང་གཉེན་འཕྲད་པ་མེད་པས་མི་འཐད་ལ༔ སེམས་སྔ་ཕྱིའི་དུས་འགལ་བས་མི་སྤོངས་ལ༔ རྒྱུད་གཅིག་ལ་དུས་མཉམ་དུ་འཆོལ་བར་འགྱུར་བས་མི་རུང་ཞིང༔ ཡང་སེམས་དེ་ལས་ལུས་དང་གྲིབ་མ་བཞིན་འབྱུང་བས་སྤོངས་དུས་སོགས་མེད་དོ༔ དེ་བས་ན་ཆུ་ཡི་རི་མོ་ལྟར་རང་གི་རང་གྲོལ་བའི་གནད་དུ་ཤེས་པར་བྱའོ༔ དེ་སྐད་དུའང་ཉི་ཟླ་ཁ་སྦྱོར་ལས༔ ཀྱེ་མ་ཉོན་ཅིག་ཐུབ་པ་ཆེན་པོ་ཁྱོད༔ ངས་བསྟན་པ་ཡི་ཚིག་རྣམས་ནི༔ སེམས་ཅན་ཀུན་གྱི་རྒྱུད་ལ་ཉོན་མོངས་བའི་ཚོགས་དེ་ཀུན་གནས༔ དེ་རྣམས་ཀྱིས་ནི་འཁོར་བར་བཅིངས༔ བདེ་བ་ཆེན་པོ་ཉིད་བསྒྲིབས་པས༔ འདི་དག་རྣམས་ནི་སྤང་བ་མིན༔ དེ་བཞིན་ཉིད་དུ་མ་རྟོགས་ན༔ རྣལ་འབྱོར་ལུས་དང་གྲིབ་མ་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་རིག་པ་གཉིས་བཞིན༔ དེ་ལས་དེ་ཉིད་རང་གྱུར་བས༔ སྤངས་བས་སྤང་བ་མ་ཡིན་ནོ༔ དེ་བཞིན་གཞི་དེ་སྦྱངས་པས་ཀྱང་ཤེལ་ལ་དཀར་པོ་མི་སྦྱོང་བ་ལྟར་སྦྱང་བྱ་སྦྱོད་བྱེད་ཐ་མི་དད་ནི་མིན༔ གཡུ་ཁ་དོག་མི་འགྱུར་བ་ལྟར་བསྒྱུར་བས་ཀྱང་ནི་སེམས་ཀྱི་སེམས་མི་འགྱུར་རོ༔ འགྱུར་མེད་སྙིང་པོ་མི་རྟོགས་པས༔ ཤེལ་གྱི་བྲག་གམ་གཡུ་རྡོ་བཞིན༔ སྦྱང་ཞིང་ཞི་བར་ནུས་པ་མིན༔ རང་བཞིན་གྱིས་ནི་གནས་དང་ཏུ༔ རྣལ་འབྱོར་ལྡན་པ་ཡིས་ནི་བརྟག༔ དེ་བཞིན་དེ་བཞིན་རང་ཞིར་བཏང་བས་ཞི་བ་ཉིད་ཀྱང་མིན་ཏེ་གཏོང་མཁན་རྟོག་པ་ལས་གཞན་མ་ཡིན་པས་སོ། །༔མངོན་སུམ་ལྷག་མཐོང་མ་ཤེས་པར༔ རི་རབ་རི་ཡི་རྒྱལ་པོ་བཞིན༔ སུས་ཀྱང་ཞིག་པར་ནུས་པ་མིན༔ གཉེན་པོ་ཡིས་ནི་གྲོལ་བ་མིན་ཏེ་ཆུ་དྭངས་བར་འདོད་པ་དབྱུག་པས་རྙོགས་པ་ལྟར་སྤང་གཉེན་བྱེད་པ་མཚུངས༔ མ་བཙལ་རང་དག་མ་ཤེས་པར༔ རྙོགས་མ་སངས་འདོད་ཆུ་རྙོགས་བཞིན༔ ཕྱི་ཕྱིར་སངས་པ་མ་ཡིན་ནོ༔ དེ་ཉིད་རང་ཡང་ཆོས་ཉིད་མིན༔ རང་སྣང་ལྷུག་པ་མ་ཤེས་པར༔ ཐ་མལ་བླུན་པོའི་སྣང་བ་བཞིན་ཏེ་འཁོར་བ་འདའ་མི་ནུས་པའོ། །༔ མངོན་ཞེན་བཟློག་པ་མ་ཡིན་ནོ༔ ཞེས་སོ༔ དེ་ལྟར་རང་སར་གྲོལ་བའི་གནད་ལ་བློ་རིམ་གཉིས་ལས༔ འབད་བཅས་རང་གྲོལ་གྱི་ལམ་ཐོད་རྒལ་གྱིས་ནི༔ གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོའི་དབྱིངས་དང་ཐིག་ལེ་ཡེ་ཤེས་ཀྱི་མཐོང་བ་མངོན་སུམ་དུ་བརྟོལ་ཏེ༔ དག་སྣང་འཁོར་ཡུག་ཏུ་ཤར་བས་སྣང་བ་མ་དག་པ་ལས་ཉོན་དང་བཅས་པ་རང་གྲོལ་བ་དང་༔ འབད་མེད་ཁྲེགས་ཆོད་ཀྱིས་ནི་རྟོག་པ་གང་སྐྱེས་དེ་ཚུགས་མི་ཐུབ་པར་རང་སངས་བ་ནི་ཆོས་ཉིད་ཡིན་པས༔ ཐབས་གཞན་གྱིས་གྲོལ་བར་བྱ་མི་དགོས་པར་རང་བཞིན་ཤུགས་ཀྱིས་གྲོལ་བ༔ དཔེར་ན་དུག་གིས་དུག་འཇོམས་པ་ལ་སོགས་པ་ལྟར༔ ཉོན་མོངས་པ་དེ་ཉིད་དེ་ཉིད་ཀྱིས་གྲོལ་བས་རང་གྲོལ་ཞེས་བྱའོ༔ དེ་ཡང་ཉི་ཟླ་ཁ་སྦྱོར་ལས༔ ཀྱེ་མ་ཐུབ་པ་ཡང་ཉོན་ཅིག༔ འདི་དག་བློ་རིམ་རྣམ་གཉིས་ཏེ༔ འབད་བཅས་རྣམ་དང་འབད་མེད་དོ༔ ཅེས་དང་༔ དེ་ཡང་འདིར་ཁྲེགས་ཆོད་སྟོན་པའི་སྐབས་ཡིན་པའི་ཕྱིར༔ འབད་མེད་རང་གྲོལ་གྱི་ལུགས་ནི༔ དེ་ཉིད་ལས༔ འབད་མེད་རྣམས་ནི་འདི་ལྟ་སྟེ༔ རང་གིས་གཉེན་པོ་མེད་པས་རང་གྲོལ་རང་ཉིད་ལ༔ རང་ག་མ་རིག་ཉིད་མ་རིག་པ་མལ་ནི་རང་གྲོལ་བས༔ ལྕགས་ཀྱིས་རང་གི་གཉེན་པོ་རང་ལྕགས་རྣམས་གཤོག་པ་དང་༔ རྡོ་ཡི་རྡོ་རྣམས་གཅོག་པ་བཞིན༔ རང་གི་གཉེན་པོ་རང་ཉིད་ཆེ༔ རང་བཞིན་རྫོགས་ཆེན་རྟོགས་པ་ཆེ༔ འདི་ལྟར་གོམས་པ་གང་ཡིན་པས༔ མ་བཙལ་བཞག་པས་དོན་རྣམས་རང་སྣང་རྙེད༔ མ་བསྒོམ་བར་ནི་བདེ་ཆེན་རང་བཞིན་རྒྱས༔ རང་བཞིན་ཉིད་དུ་དབྱིངས་རིག་མངོན་སུམ་རིག༔ འདི་ཉིད་སུ་དང་འཕྲད་པ་དེ༔ མཚམས་མེད་སྔར་གྱི་བག་ཆགས་ཀྱིས་མི་བསྒྲིབ་བར་སྡིག་དང་ལྡན་པ་ཡང་༔ ཀུན་རྫོབ་ཏུ་བླངས་བས་འདི་ཉིད་གོམས་པས་གྲོལ་བ་ནི༔ ཐེ་ཚོམ་ཉིད་མེད་གོམས་བྱུང་ཐབས་རང་བཞིན་དུ་ན་ར་ཀན༔ ཞེས་སོ༔

དོན་གཉིས་པ་རང་གྲོལ་ཆེན་པོའི་དགོངས་པ་རྒྱས་པར་བཤད་པ་ལ་ལྟ་བ་དོན་གྱི་སྤྱོད་པ་མཐའ་གྲོལ་ཆེན་པོ་ལྟོས་པ་དང་བྲལ་བའི་གནད༔ བསྒོམ་པ་དོན་གྱི་སྤྱོད་པ་རང་གྲོལ་ཆེན་པོ་ལ་གཉེན་པོ་མེད་པས་བླ་མའི་མན་ངག་ལ་རག་མ་ལུས་པ་དང་༔ སྤྱོད་པ་དོན་གྱི་སྤྱོད་པ་གཅེར་གྲོལ་མཐོང་ཡལ་ཆེན་པོའི་གནད་ལ་བརྟེན་ནས་རྒྱུད་ལུང་མན་ངག་ལ་རག་མ་ལུས་པར་བསྟན་པ་དང་གསུམ་ལས༔

དང་པོ་ནི༔ སྤྲོས་པའི་མཐའ་ཀུན་གཅིག་གིས་གཅིག་སེལ་བས་གང་ལ་ཡང་ལྟོས་པ་མེད་པ་སྟེ༔ གཅིག་ཐ་དད༔ གཉིས་གཉིས་མིན་བཞི་དང་༔ ཡོད་མེད་སྣང་མི་སྣང་གཉིས་གཉིས་མིན་གྱི་མུ་བཞི་འགག་པའམ༔ གང་ལའང་མི་གནས་པས་མཐའ་གྲོལ་ཞེས་བྱའོ༔ ཡང་བེམ་ཤེས་སྟོང་པའི་རིགས་མཐུན་མི་མཐུན་གཉིས་གཉིས་མེད་སོགས་མཐའ་ཀུན་ལོག་པའི་མཐའ་གྲོལ་ལམ་མཐའ་བྲལ་དབུས་མ་དམིགས་པའི་ལྟ་བ་ཞེས་བྱ་སྟེ༔ དེ་ཡང་གཞི་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་གནས་ལུགས་རང་བྱུང་གི་ཡེ་ཤེས་ཀྱི་བཞུགས་ཚུལ་ཡིན་པས་ན༔ དེའི་རྩལ་ལས་རོལ་བར་ཤར་བ་འཁོར་འདས་ཐམས་ཅད་ཀྱང་མཐའ་འམ་སྤྲོས་པ་གང་གིས་ཚུལ་དུ་སྣང་ཡང་༔ རང་དུས་དེ་ཉིད་ནས་མཐའ་གྲོལ་བསམ་བརྗོད་ལས་འདས་པའི་ཆོས་ཉིད་ལས་གཞན་དུ་གཡོས་པ་མེད་པ་ཡིན་ཏེ༔ དེ་དང་རྗེས་སུ་མཐུན་པར་རྣལ་འབྱོར་བའི་བློ་གང་ལ་ཡང་༔ འདི་ཡིན་འདི་མིན་གྱི་རྩིས་གདབ་དང་ལྟོས་པ་མི་འཆའ་བར་མཉམ་པར་འཇོག་པ་སྟེ༔ ཕྱི་ཡུལ་དང་༔ ནང་སེམས་དང་༔ བར་སྐྱེ་མེད་ཀྱི་དོན་རྣམས་ལ་མི་རྟོག་པར་རིག་པ་ཟང་ཐལ་བ་དེ་ཅར་ཕོག་ཏུ་ངོས་བཟུང་བའི་ངང་དུ་བཞག་པས་ཡུལ་ཤེས་སྣང་སྟོང་གང་ཡང་བློའི་མདུན་ན་མི་གནས་པར་གྲོལ་བས་ཀྱང་མཐའ་གྲོལ་ཞེས་བྱ་ལ༔ སོ་སོ་རང་རིག་པའི་ཡེ་ཤེས་སྨྲ་བསམ་བརྗོད་ལས་འདས་པའི་སངས་རྒྱས་ཀྱི་དགོངས་པ་རང་ལས་རྙེད་པས་ཀྱང་མཐའ་གྲོལ་ཞེས་བྱ་སྟེ༔ དེ་ནི་རྒྱལ་བ་སྲས་བཅས་ཀྱི་ལམ་ཡིན་པས་ན༔ ཡུམ་ལས༔ སྨྲ་བསམ་བརྗོད་མེད་སོགས་དང་༔ མུ་ཏིག་ཕྲེང་པ་ལས༔ མཐའ་གྲོལ་ཡིན་པས་མུ་བཞི་འགགས༔ ཞེས་དང་ཀུན་གསལ་ལས༔ གཞན་སེལ་ནི༔ རིག་པར་འདུག་པས་བེམ་པོ་སེལ༔ སྟོང་པར་འདུག་པས་དངོས་པོ་སེལ༔ གཉིས་མེད་ཡིན་པས་གཉིས་སྣང་སེལ༔ རང་བྱུང་ཡིན་པས་རྒྱུ་རྐྱེན་སེལ༔ ལྷུན་གྲུབ་ཡིན་པས་རེ་དོགས་སེལ༔ དག་པ་ཡིན་པས་དྲི་མ་སེལ༔ མེད་པའི་ཡོད་པས་ཆད་མཐའ་སེལ༔ ཡོད་པའི་མེད་པས་རྟག་མཐའ་སེལ༔ ཀྱེ་རྡོ་རྗེ་འཛིན་པ་ལེགས་པར་ཟུངས་ཤིག༔ ཡང་དག་པའི་དོན་གྱི་གཞིའི་ཕྱི་མོ་ནི༔ རང་དང་རིགས་མཐུན་པ་ལས་ཀྱང་ལོག་སྟེ༔ རིག་པ་ཙམ་དུ་མཐུན་པའི་ཚོགས་བརྒྱད་ལས་གྲོལ་བའོ༔ དེ་ཡང་ཇི་ལྟར་གྲོལ་ན༔ འཕེལ་འགྲིབ་མེད་པས་ཀུན་གཞིའི་རྣམ་པར་ཤེས་པ་ལས་གྲོལ༔ ངར་འཛིན་པ་མེད་པས་ཉོན་མོངས་པའི་ཡིད་ལས་གྲོལ༔ གཟུང་འཛིན་མེད་པས་ཡིད་ལས་གྲོལ༔ སྐྱེ་འགག་མེད་པས་སྒོ་ལྔའི་རྣམ་ཤེས་ལས་གྲོལ་ཞིང་ལོག་པའོ༔ ཀྱེ་གསང་བའི་བདག་པོ༔ སྟོང་བར་རིག་མཐུན་པ་ལས་ཀྱང་ལོག་སྟེ༔ རང་བཞིན་དག་པའི་ནམ་མཁའ་ཁ་དོག་དང་བཅས་པ༔ བག་རྡུལ་དང་བཅས་པ་འདི་མ་ཡིན་ནོ༔ ཀྱེ་སེམས་དཔའ་ཆེན་པོ༔ རིགས་མི་མཐུན་པ་ལས་ཀྱང་ལོག་སྟེ༔ རིག་པ་དང་རིགས་མི་མཐུན་པས་བེམ་པོ་མིན༔ སྟོང་པ་དང་རིགས་མི་མཐུན་པའི་ཕྱི་ནང་གི་འབྱུང་བ་བཞི་ལས་གྲུབ་ཅིང་བསྐྱེད་པའི་དངོས་པོ་མེད་པའོ༔ རིགས་ཀྱི་བུ་དོན་ཆེན་པོ་དེས་ནི༔ གཉིས་ཀ་ལས་ཀྱང་ལོག་པར་ཤེས་པར་བྱའོ༔ གཉིས་ཀ་མ་ཡིན་པའི་དངོས་པོ་འཛིན་པ་དང་བྲལ་བའོ༔ ཞེས་དང་༔ སྒྲོན་མ་བརྩེགས་པ་ལས༔ མ་གྲོལ་བ་ནི་གྲོལ་བས་བཀྲོལ༔ གྲོལ་བ་མ་གྲོལ་བ་ཡིས་བཀྲོལ༔ གཉིས་ཀ་གཉིས་སུ་མེད་པར་བཀྲོལ༔ གཉིས་ཀ་མེད་པར་གཉིས་ཀ་བཀྲོལ༔ ཞེས་དང་༔ དེ་ལྟར་གཅིག་གིས་གཅིག་བཀྲོལ་བས༔ མུ་མཐའ་མ་ལུས་རང་སར་གྲོལ༔ གྲོལ་དང་མ་གྲོལ་གཉིས་ལས་འདས༔ དམ་པ་དང་པོར་ཡེ་སངས་རྒྱས༔ ཞེས་སོ༔ འདི་ལྟར་ཆོས་ཐམས་ཅད་རིག་པ་རྗེན་པར་མཐོང་བའི་རང་རིག་དང་པོའི་སངས་རྒྱས་ཡིན་པར་ཟིན་པའི་གནད་ཀྱིས་གྲོལ་བའི་བྱ་བ་ལ་ལྟོས་མི་དགོས་པར་མཐའ་འམ་སྤྲོས་པ་གང་ལའང་མི་གནས་སུ་གྲོལ་བ་དང་༔ སྐད་ཅིག་ཆ་མེད་བྱུང་ཞིག་ཏུ་ཡོད་པའི་གནད་ལས༔ དུས་ཀྱི་མཐའ་ལ་མི་ལྟོས་པ་སྐྱེ་གྲོལ་དུ་དུས་མཉམ་རིས་མེད་པ་དང་༔ སྣང་ཤེས་གཞི་མེད་ཡིན་པའི་གནད་ཀྱིས༔ འབད་རྩོལ་ལ་མི་ལྟོས་པར་རང་བཞག་བྱར་མེད་དུ་གནས་པས་མཐའ་གྲོལ་གྱི་དོན་ཐོག་ཏུ་ཁེལ་བ་སྟེ༔ དེ་ལྟ་བུའི་ཆོས་སྐུ་ཕྱོགས་བྲལ་ཆེན་པོ་བས་རྣམ་རྟོག་གི་ཕྱོགས་འཛིན་གྱི་སྤྲོས་པ་གང་གི་གཡང་ས་ལ་མ་ལྟུང་བར་ཁྱུང་ནམ་མཁར་ལྡིང་བས་གཡང་ས་དང་རི་མཐོན་ལ་སོགས་པ་གང་ལའང་མ་ལྟུང་ཞིང་མ་རེགས་པ་ལྟར་བཞག་པས༔ མཐའ་ལ་མི་གནས་པར་མ་བཀག་རང་སར་གྲོལ་བ་སྟེ༔ ཐལ་འགྱུར་ལས༔ རང་གསལ་གནས་པའི་སེམས་དེ་ནི༔ གནད་ཀྱིས་གྲོལ་བས་ཕྱོགས་རིས་མེད༔ དུས་ཀྱིས་གྲོལ་བས་ལྟོས་གཞི་མེད༔ འབད་མེད་གྲོལ་བས་བརྩོན་འགྲུས་མེད༔ ཅེས་དང་༔ ལྟ་བའི་དོན་གྱི་སྤྱོད་པ་ནི༔ ཁྱུང་ཆེན་ནམ་མཁར་ལྡིང་བ་བཞིན༔ བྱ་བྲལ་ལྷུན་རྫོགས་ཆེན་པོ་སྤྱད༔ ཅེས་གསུངས་སོ༔

གཉིས་པ་དགོངས་པ་དོན་གྱི་སྤྱོད་པ་རང་གྲོལ་ལ་གཉེན་པོ་མེད་པས་གནད་ལ་བརྟེན་ནས་བླ་མའི་མན་ངག་ལ་རག་མ་ལུས་པར་བསྟན་པ་ནི༔ འདི་ལྟར་སྣང་གྲགས་ཀྱི་ཆོས་ཤར་གནས་གྲོལ་གསུམ་ཐམས་ཅད་བྱུང་ཡང་རང་ལས་བྱུང༔ གནས་ཀྱང་རང་གི་ངང་དུ་གནས༔ གྲོལ་ཀྱང་རང་གི་ངང་དུ་གྲོལ་བས༔ དཔེར་ན་ནམ་མཁའ་དང་སྤྲིན་བཞིན་རང་བྱུང་རང་གྲོལ་བ་ལ༔ ཤར་གནས་གྲོལ་གསུམ་གྱི་རང་དུས་དང་སྣང་སྟོང་ལ་སོགས་པ་དེ་ཉིད་རང་ལས་མ་གཏོགས་པའི་ཆོས་ཉིད་གང་ཡང་མེད་པས་རང་གི་རང་བཞིན་གྱིས་གྲོལ་པ་སྟེ༔ རང་གིས་རང་ལ་གྲོལ་བའི་བྱ་བ་བྱས་པ་ཡང་མ་ཡིན༔ རྐྱེན་གཞན་གྱིས་གྲོལ་བར་བྱས་པ་ཡང་མ་ཡིན་པར༔ སྣང་བ་སྣང་ཐོག་ལས་རང་གྲོལ་བ་མ་གཏོགས་པའི་གྲོལ་རྒྱུའམ་གྲོལ་རྐྱེན་གཞན་མེད༔ དེ་ཉིད་དེ་ཉིད་དུ་གྲོལ་བས་གནས་རྟེན་གྱི་གཞི་རྩ་མེད༔ སེམས་ཉིད་རང་ལས་མ་གཏོགས་པའི་ལྡོག་པའམ་འགྲོ་ས་མེད་པས་ན༔ སྐྱེ་མ་མྱོང་༔ གང་ནས་བྱུང་བའི་ས་མེད་ཏེ༔ དེ་ཉིད་རང་མ་ཡིན་པའི་ཆོས་ལོག་པ་མེད་པར་རང་གྲོལ་ཞེས་བྱའོ༔ གནད་བསྡུ་ན༔ དེ་ཡང་ཤར་གྲོལ་གང་གི་དུས་སུ་ཡང་དེའི་གཤིས་རང་གྲོལ་དུ་ཡོད་པའི་ཚུལ་རྟོགས་པས་གྲོལ་བའི་བྱ་བ་བྱེད་མི་དགོས་ཏེ༔ དཔེར་ན་དགྲ་རུ་འཁྲུལ་བའི་གཉེན་ངོ་ཤེས་པ་ལྟར༔ དེ་དག་གནས་ལུགས་ཀྱི་རིག་པ་ཟང་ཀ་ཆོས་སྐུའི་རང་བཞིན་དུ་གྲོལ་བར་ཡོད་པའི་དགོངས་པའི་རང་ངོ་ཤེས་ནས༔ རང་ས་བཟུང་བས་རྩལ་གྱི་རྣམ་རྟོག་སྦྲུལ་གྱི་མདུད་པ་སུས་ཀྱང་མ་བཀྲོལ་བར་རང་ཞིག་པ་བཞིན་རང་ཡལ་རྗེས་མེད་དུ་འགྲོ་བ་སྟེ༔ དགོངས་འདུས་ལས༔ གྲོལ་བ་རང་བྱུང་གཞན་ལས་མིན༔ ཞེས་དང་༔ སྔགས་སྤྱི་ལས་ཀྱང་ཉོན་མོངས་པ་དེ་ཉིད་དེ་ཉིད་ཀྱིས་གྲོལ་བར་བྱེད་པ་དང་༔ ཐལ་འགྱུར་ལས་ཀྱང་༔ དགོངས་པ་གཅིག་ལས་གཡོས་པ་མེད༔ སྣང་བ་སྣང་བའི་ཐོག་གསལ་ལས༔ བཞིན་དང་མེ་ལོང་ལྟ་བུ་ལས༔ གྲོལ་བ་དེ་དག་དེ་ཉིད་གྲོལ༔ ཤེས་པ་འགྱུ་བ་སྟོང་ཡལ་བས༔ མཐོང་ཞེས་རིག་པ་ཐ་དད་མིན༔ དེ་ཉིད་རང་གི་ཐོག་ཏུ་གྲོལ༔ གཅིག་ཤེས་པས་ནི་ཀུན་གྲོལ་ཕྱིར༔ གཉིས་དང་གསུམ་གྱི་གྲངས་མཐའ་ཟད༔ རྟོག་ཅིང་འཛིན་པའི་ཡུལ་མི་སྣང་༔ འགྱུ་དང་འཛིན་པ་ཡེ་ནས་སྟོང་༔ སྟོང་བའི་དགོངས་པ་གསལ་རྫོགས་པས༔ དུ་མའི་གྲངས་མཐའ་ཟད་པའོ༔ ཞེས་དང་༔ ནམ་མཁའ་ཀློང་ཡངས་ལས༔ རང་གྲོལ་ཆེན་པོར་གནས་པ་ཡིན༔ རྒྱུ་རྐྱེན་གཉེན་པོ་མེད་པར་གནས༔ ཞེས་དང་ཉི་ཟླ་འོད་འབར་ལས༔ དཔེར་ན་རྔ་མའི་མདུད་པ་བཞིན༔ མཚན་མ་སྣ་ཚོགས་རང་གྲོལ་ཉིད༔ ཅེས་དང་༔ སྤྲོས་བྲལ་དོན་གསལ་ལས༔ དཔེ་ནི་སྦྲུལ་མདུད་བོར་བ་དང་༔ རྔ་མ་དག་གི་མདུད་བོར་འདྲ༔ ཞེས་སོ༔ འདི་ལྟ་བུའི་རང་གྲོལ་གྱི་གནད་ཁྱད་པར་ཅན་ཟིན་ན་མཉམ་བཞག་མ་ཟད་རྗེས་ཐོབ་ཏུ་ཡང་ཤར་དུས་གྲོལ་བར་སྐྱེས་པས༔ སྤྱོད་ལམ་རྣམ་བཞི་ཐམས་ཅད་དགོངས་པ་ཆོས་ཉིད་ཀྱི་འཁོར་ལོ་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ཉིན་མཚན་ཁ་སྦྱོར་དུ་བསྒོམ་པར་རང་འཆར་བ་ནི༔ མཁའ་ཀློང་རྣམ་དག་གི་རྒྱུད་ལས༔ འགྲོ་ཡིན་འགྲོ་ཡིན་རང་སར་གྲོལ༔ སྡོད་ཀྱིན་སྡོད་ཀྱིན་རང་སར་གྲོལ༔ ཉལ་གྱིན་ཉལ་གྱིན་རང་སར་གྲོལ༔ ཟ་ཡིན་ཟ་ཡིན་རང་སར་གྲོལ༔ སྡུག་གིན་སྡུག་གིན་རང་སར་གྲོལ༔ སྐྱིད་ཀྱིན་སྐྱིད་ཀྱིན་རང་སར་གྲོལ༔ གང་ན་གནས་ཀྱང་མ་ཆགས་རང་སར་གྲོལ༔ ཅི་ལ་སྤྱོད་ཀྱང་མ་ཞེན་རང་སར་གྲོལ༔ ཞེས་དང་༔ ཀུན་གསལ་ལས༔ དགོངས་པ་དོན་གྱི་སྤྱོད་པ་ནི༔ དཔེར་ན་ཆུ་བོ་གང་གཱ་བཞིན༔ རྒྱུན་གྱི་རྣལ་འབྱོར་ཆེན་པོར་སྤྱད༔ ཅེས་སོ༔ དེས་ན་རང་གྲོལ་ཆེན་པོའི་ཡེ་ཤེས་གཅིག་ཟིན་པས་གཞི་དང་ལམ་གྱི་འཁོར་བའི་སྒོ་འཕར་ལས་བཏོན་པས་གཡུལ་ངོ་རྣམས་དུས་གཅིག་ཏུ་བཟློག་ནས་སྒོ་འཕར་གཅོད་ཅིང་དམ་པར་བསྒྲིགས་པས༔ གཟེར་བུ་བརྒྱ་དང་བརྒྱད་ཅུ་ལ་སོགས་པའི་གནད་ཀྱང་འདིར་འདུས་པ་ཡིན་ཏེ༔ ལྷ་མིན་གཡུལ་བཟློག་གི་རྒྱུད་ལས༔ འགྱུ་བ་རང་གྲོལ་གདམས་པའི་གཟེར༔ ལྷ་མིན་གཡུལ་བཟློག་དགོངས་པ་ཡོད༔ ཡེ་ཤེས་རང་ཤར་གདམས་པའི་གཟེར༔ བྱིང་རྨུག་རང་གྲོལ་དགོངས་པ་ཡོད༔ ཐིག་ལེ་རང་བྱུང་དགོངས་པའི་གཟེར༔ གཟུང་འཛིན་རང་སངས་དགོངས་པ་ཡོད༔ སྣང་སྲིད་རང་གྲོལ་གནད་ཀྱི་གཟེར༔ སྐྱེ་ཤི་ལས་གྲོལ་དགོངས་པ་ཡོད༔ ཁམས་གསུམ་རྣམ་དག་དགོངས་པའི་གཟེར༔ སྒྲིབ་སྦྱོངས་མི་དགོས་དགོངས་པ་ཡོད༔ སྲིད་གསུམ་རང་གྲོལ་དགོངས་པའི་གཟེར༔ ལམ་སྦྱོངས་མི་དགོས་དགོངས་པ་ཡོད༔ དུག་ལྔ་རང་གྲོལ་ཉམས་ཀྱི་གཟེར༔ ཚུལ་ཁྲིམས་བསྲུང་རྒྱུ་མེད་པ་ཡིན༔ ཞེས་སོ༔ དེ་ལྟ་བུའི་རང་གྲོལ་གྱི་དགོངས་པ་རང་སོར་གནས་པ་ཉིད་ངོ་སྤྲོད་པ་ཙམ་མ་གཏོགས༔ བླ་མའི་མན་ངག་གི་གཉེན་པོ་གཞན་ལ་ལྟོས་ནས་མ་གྲོལ་བ་གྲོལ་བར་བྱེད་མི་དགོས་པའོ༔

གསུམ་པ་སྤྱོད་པ་དོན་གྱི་དགོངས་པ་གཅེར་གྲོལ་མཐོང་ཡལ་ཆེན་པོའི་གནད་ལ་བརྟེན་ནས་རྒྱུད་ལུང་མན་ངག་ལ་རག་མ་ལུས་པར་བསྟན་པ་ནི༔ རིག་པ་རྒྱུན་ཆད་མེད་པའི་རྩལ་མ་འགག་པ་ཡུལ་ལ་ཤར་དུས༔ ཤར་གྲོལ་དུ་ས་ལ་ལ་ཡོད་པས་རྒྱུ་འབྲས་གསོག་ལོང་མི་སྲིད་པར་གང་སྣང་ཅེར་ས་དེར་གྲོལ་བར་རྟོགས་པའི་གདེངས་ཀྱིས་མཐོང་ཡལ་གཏད་སོ་མེད་པར་སྣང་བ་སྣང་ཐོག་འགྱུ་བ་འགྱུ་ཐོག་ཏུ་གྲོལ་བ་སྟེ༔ དེའི་གནད་ཀྱིས་ལག་ལེན་དུ་དབང་པོས་ཡུལ་མཐོང་བ་ལ་རྣམ་རྟོག་འཕྲོ་བར་རྩོམ་དུས་ཆོས་ཅན་སྤྱིའི་རྣམ་པའི་མ་སྐྱེས་པ་སོགས་ལ་ཤེས་རབ་ཀྱི་མིག་དང་དུམ་བུ་ལ་ཆུ་བུར་གྱི་མིག་གིས་སྐད་ཅིག་དང་༔ ལྟ་སྟངས་ཐོག་བབ་ཆེན་པོའི་གནད་ཀྱིས་གཟིར་ཞིང་དེར་ཆེད་དུ་གཏད་དེ༔ རིག་ཐོག་ཏུ་རྗེན་པར་བཞག་པས་སྐད་ཅིག་དང་པོ་ལ་གཟུགས་སུ་མཐོང་བས་གཟུགས་མ་ཡིན་པའི་སྤྲོས་པ་སྟོང་བ་རང་སོའི་གནད་ཀྱིས་ཆོད་དེ༔ སྣང་ཡུལ་རང་སོར་གནས་བཞིན་ཏུ༔ འཛིན་པ་གཏད་ཡལ་དུ་གྲོལ་བ་ནི༔ གསེར་གྱི་སྙིང་པོའི་རྒྱུད་ལས༔ ཅེར་གྲོལ་ཆེན་པོའི་ལྟ་སྟངས་ཀྱིས༔ སངས་རྒྱས་སེམས་ཅན་གཉིས་ཀ་གྲོལ༔ ཞེས་དང་༔ བདུད་རྩི་བཅུད་ཐིག་ལས༔ ང་ཡི་བླ་མེད་ཨ་ཏི་འདིར༔ སྣ་ཚོགས་ཅིར་ཡང་སྣང་དུས་ན༔ གང་ཡང་མ་བཀག་མ་ཞེན་པར༔ རང་དག་རང་དག་ཆེན་པོར་གྲོལ༔ ཞེས་དང་༔ ཁྱུང་ཆེན་ལས༔ ཅེར་གྲོལ་རང་དག་མཐའ་གྲོལ་ཡོངས་སུ་རྫོགས༔ གང་གི་མཐའ་བྲལ་གང་གཉིས་རང་གསལ་བས༔ བྱ་བྲལ་ཀློང་ཆེན་མ་བཙལ་ཆེན་པོའི་འགག༔ ལུས་ངག་བྱ་བྲལ་སྣང་སྟོང་བར་དུ་བསྡམས༔ ཞེས་གསུངས་པས༔ དེ་ལྟ་བུའི་གནད་ལ་བསླབ་པས་མཐར་ཐུག་སྣང་བ་ཐམས་ཅད་ཅེར་གྲོལ་དུ་དག་ནས་གཟུང་འཛིན་འཁོར་བའི་བག་ཆགས་ཀྱི་འབྲེལ་ཆད་དེ་གྲོལ་བར་འགྱུར་བའོ༔

འབྲས་བུ་དོན་གྱི་སྤྱོད་པ་གཅིག་གྲོལ་ཆེན་པོ་ལ་ཟླ་བོ་མེད་པས་ཐབས་དང་ཤེས་རབ་ལ་རག་མ་ལུས་པར་བསྟན་པ་ནི༔ འཁོར་བ་དང་མྱ་ངན་ལས་འདས་པའི་སྣང་བ་འབྱམས་ཀླས་པ་འདི་དག་ཐམས་ཅད་ནི༔ ཐིག་ལེ་ཉག་གཅིག་སྤྲོས་པ་དང་བྲལ་བའི་ཆོས་སྐུ་ཉིད་རྟོགས་མ་རྟོགས་ཀྱི་སྣང་བ་ལས་ལོགས་སུ་ཆོས་རང་མཚན་དུ་གྲུབ་པ་མེད་ཅིང་༔ དེའི་ངང་དུ་གྲོལ་བ་ཡིན་པས་དུ་མའི་གྲངས་མཐའ་ཟད་པ་སྟེ༔ དེ་ཡང་རང་རིག་གཅིག་པུ་མ་ཡིན་པའི་ཆོས་ལོགས་སུ་བ་མེད་པའི་ཕྱིར་སྐུ་གསུམ་འདུ་འབྲལ་མེད་པའི་བདག་ཉིད་རིག་པའི་ཡེ་ཤེས་ཀྱི་རྩལ་དང་རོལ་པའི་རྣམ་པ་ཐམས་ཅད་གཅིག་ཆོས་ཉིད་དུ་ངོ་ཤེས་པས་བདག་ཉིད་ཆེན་པོ་རང་བྱུང་གི་ཡེ་ཤེས་ཀྱི་ངང་མ་ཤོར་ན་སྣང་ཤེས་ཀུན་དུ་མ་རོ་གཅིག་ཏུ་གྲོལ་བས་ན༔ ལུས་ཀྱི་འགྲོ་འདུག་དང་༔ ངག་གི་སྨྲ་བརྗོད༔ སེམས་ཀྱི་དྲན་རྟོག་ཐམས་ཅད་ངོ་བོ་ལ་གྲུབ་པ་མེད་པའི་གཞི་སྣང་རིག་པ་གཅིག་གི་ངང་ལས་མ་གཡོས་པ་སྟེ༔ རིག་པའི་ངོ་བོ་ནི༔ འགྲོ་འོང་༔ སྨྲ་བརྗོད༔ དྲན་རྟོག་གི་ཡུལ་ལས་འདས་པས་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་རང་ཤར་བ་དང་༔ མ་ཟད་སངས་རྒྱས་ཀྱི་སྐུ་གསུམ་ཞིང་ཁམས་མཛད་པ་དང་བཅས་པའང་རིག་པ་ཉིད་ལས་གཞན་ན་མེད་པས་རིག་པ་གྲོལ་བས་འཁོར་འདས་ཀུན་གྲོལ་བ་འདི་འཐད་པ་དང་བཅས་པའོ༔ གསེར་གྱི་མེ་ཏོག་ལས༔ གཅིག་པུར་གྲོལ་བའི་སེམས་ཉིད་ནི་༔ དུ་མ་རོ་གཅིག་ཡིན་པའི་ཕྱིར༔ ཞེས་སོ༔ དེ་ལག་ལེན་དུ་བྱེད་ན་ཡུལ་སྣང་ཤེས་གསུམ་འཛོམ་པའི་དུས་དེར་ཡུལ་ལ་འཆར་བའི་ཤེས་ཡུལ་གཉིས་ལ་མི་བསམ་པར༔ དེ་དུས་ཀྱི་རིག་པ་རྗེན་པ་གཅིག་པུ་དེ་ངོས་བཟུང་བས་ཡུལ་སེམས་གཉིས་རྒྱ་གྲོལ་ལ་ཨར་སངས་བས་ཀྱང་གཅིག་གིས་གྲོལ་བར་མཁའ་ཀློང་རྣམ་དག་གི་རྒྱུད་ལས༔ སྟོང་པའི་ཀློང་ནས་ཀུན་འབྱུང་སྟོང་བ་ངང་དུ་གྲོལ༔ རྩལ་ཟེར་རིག་སེམས་འོད་གསལ་ཆེན་པོར་གྲོལ༔ འགྱུ་བ་དྲན་པ་བློ་དང་རྟོག་པ་ཡང་༔ ངང་དྭངས་རང་སངས་སྙིང་པོའི་ཀློང་དུ་གྲོལ༔ བློས་བཏགས་ཆོས་རྣམས་ཐམས་ཅད་ཀྱང༔ ཆེད་དུ་དགག་སྒྲུབ་རྩོལ་བས་མ་སྤངས་པར༔ ཀ་དག་དངོས་མེད་སྐྱེ་མེད་བྱར་མེད་བློ་ལས་འདས༔ གནས་ལུགས་སྙིང་པོ་ཆིག་ཆོད་བ༔ ཆོས་ཉིད་ཡང་དག་ངེས་པ་མ་ནོར་བ༔ ཆིག་ཆོད་ཆོས་སྐུ་ལྷུན་གྲུབ་ཟང་ཐལ་ཡེ་ནས་གྲོལ༔ ཡེ་དག་ཡེ་གསལ་ཡེ་གྲུབ་ཡེ་གནས་སོ༔ ཞེས་དང་༔ སྒྲོན་མ་བརྩེགས་པ་ལས༔ གཅིག་ཤེས་ཀུན་གྲོལ་ཇི་ལྟར་ལགས༔ ཞེས་ཞུས་པ་དང་༔ སྟོན་པས་འཁོར་ལ་བཀའ་སྩལ་བ༔ ཆོས་གཅིག་དེ་བཞིན་ཉིད་ཤེས་ན༔ ཆོས་རྣམས་ཐམས་ཅད་གྲོལ་བར་འགྱུར༔ ཆོས་གཅིག་བྱ་བའི་རང་བཞིན་ནི༔ གཞི་ཡི་ཀློང་ལས་མཚོན་མེད་ཀྱང་༔ རྩལ་ཟེར་ཤེས་རིག་གཅིག་ཅེས་བརྗོད༔ རིན་ཆེན་གསལ་དྭངས་ངང་དྭངས་སྟེ༔ ཡོད་པ་མ་ཡིན་དངོས་པོ་མེད༔ མེད་པ་མ་ཡིན་གསལ་ཞིང་རིག༔ དངོས་མེད་ཡེ་ཤེས་ཟང་ཀ་མ༔ མི་སྣང་གསལ་བའི་རང་བཞིན་ཅན༔ དེ་ཀ་ཉིད་ལས་གྲོལ་ཞེས་བཤད༔ དེས་ན་གཅིག་ཤེས་ཀུན་གྲོལ་ལོ༔ ཞེས་དང་༔ ཁྱུང་ཆེན་ལས༔ ཆོས་ཀུན་སྤྲོས་དང་བྲལ་ཞིང་རྙོག་མེད་པས༔ བྱས་མེད་རང་སར་གྲོལ་བའི་གནད་འདི་རབ་ཏུ་ཆེ༔ རྒྱུ་འགགས་རྐྱེན་ཡལ་འབྲས་བུ་ཟད་པའི་གནད༔ གང་ལ་མ་བརྟེན་གཅིག་གྲོལ་ཀློང་ཉིད་དོ༔ སྤྱོད་བྲལ་སྒོམ་དག་བལྟ་རུ་མེད་པའི་དོན༔ མ་བཅོས་སྣང་བ་རང་སར་བཞག་པས་གྲོལ༔ ཞེས་དང་༔ ཀུན་གསལ་ལས༔ འབྲས་བུ་དོན་གྱི་སྤྱོད་པ་ནི༔ ཉི་མ་འོད་ཟེར་བཅས་པ་བཞིན༔ སྐུ་གསུམ་འདུ་འབྲལ་མེད་པར་སྤྱད༔ དངོས་པོའི་ངང་ལས་མ་ཡེངས་པར༔ ཤེས་རབ་ཆེན་པོའི་དོན་ལ་སྤྱད༔ རྣལ་འབྱོར་ཡིད་ཀྱིས་སྤྱོད་པ་ཡིན༔ རྣལ་འབྱོར་ངག་གི་སྤྱོད་པ་ནི༔ དཔེར་ན་བྲག་ཆ་སྒྲོགས་པ་ལྟར༔ སྒྲ་རྣམས་ཞེན་པ་མེད་པར་སྤྱོད༔ ལུས་ངག་ཡིད་གསུམ་སྤྱོད་པ་ནི༔ འཇིག་རྟེན་འཁོར་འདས་ཆོས་འདི་དག༔ དཔེར་ན་མེ་ལོང་གཟུགས་བརྙན་བཞིན༔ སྣང་ལ་ཞེན་ཆགས་མེད་པར་སྤྱད༔ ཅེས་དང་༔ ཡེ་ཤེས་མཁའ་མཉམ་ལས༔ ཆོས་ཉིད་འདི་ལས་མ་གཡོས་པས༔ ལུས་ངག་ཡིད་གསུམ་ཅི་སྤྱོད་པ༔ སངས་རྒྱས་མཛད་སྤྱོད་ཡིན་པར་གསུངས༔ དེ་ཕྱིར་གང་དུ་ཅི་ལ་ཡང་༔ མ་ཆགས་ཞེན་མེད་ཤུགས་ལས་འབྱུང་༔ རིག་སྤྱོད་ལྡན་པས་མ་བརྗེད་པ༔ ཆོས་རྣམས་ཀུན་གྱི་རྩ་བར་བཤད༔ ཅེས་སོ༔ གྲོལ་ལུགས་བཞི་པོ་དེ་དག་ཀྱང་གང་ཟག་གཅིག་གི་རྒྱུད་ལ་བརྩི་བ་ནི་མ་ཡིན་ཏེ༔ དབང་པོ་དང་མཐུན་པའི་གྲོལ་ལུགས་རེས་ཀྱང་མཐར་ཕྱིན་པའི་ཕྱིར་རོ༔ མུ་ཏིག་ཕྲེང་བ་ལས༔ འགག་པ་མེད་པའི་རིག་པ་ལ༔ འཁྲུལ་རྒྱུ་མེད་པས་ལྡོག་པ་མེད༔ ཡེ་གྲོལ་ཡིན་པས་རྟེན་ལས་འཕགས༔ རང་གྲོལ་ཡིན་པས་རྒྱུ་རྐྱེན་ཟད༔ ཅེར་གྲོལ་ཡིན་པས་སྣང་བ་དག༔ མཐའ་གྲོལ་ཡིན་པས་མུ་བཞི་འགགས༔ གཅིག་གྲོལ་ཡིན་པས་དུ་མ་སྟོངས༔ ཞེས་དང་སྒྲོན་མ་བརྩེགས་པ་ལས༔ དེ་ལྟར་གཅིག་གིས་གཅིག་གྲོལ་བས༔ རང་གྲོལ་ཡེ་གྲོལ་ཡོངས་གྲོལ་དང་༔ གཅེར་གྲོལ་མཐའ་གྲོལ་བླ་མེད་པས༔ ཞེས་སོ༔ ཡང་ངོ་བོ་ཡེ་ནས་སྤྲོས་མཐའ་ལས་གྲོལ་བས་རྣམ་རྟོག་དང་དབང་བོ་ཅེར་ས་དེར་གཉེན་པོ་མེད་པར་རིག་པ་ཉག་གཅིག་ཆོས་ཉིད་ཀྱི་འཁོར་ལོར་གྲོལ་བས་གང་ཟག་གཅིག་ལའང་བརྩི་མི་རུང་བའང་མིན་པས་ཀྱང་ལུང་འདི་འབྱོར་བར་ལྡན་ནོ༔ ཐལ་འགྱུར་ལས༔ དེ་ལ་གདེངས་ཀྱིས་གྲོལ་བར་བཤད༔ ཡེ་ནས་གྲོལ་བས་བསྐྱར་གཞི་མེད༔ རང་གིས་གྲོལ་བས་གཉེན་པོ་མེད༔ ཅེར་གྱིས་གྲོལ་བས་མཐོང་སར་ཡལ༔ ཡོངས་སུ་གྲོལ་བས་འབད་མེད་དོ༔ ཞེས་སོ༔

གསུམ་པ་རྣམ་པའི་དོན་བསྡུ་བ་ནི༔ འདིར་མ་ཆགས་འཛིན་པའི་སྤྱོད་པ་སོགས་གསུམ་བསྟན་པ་ལས༔ དང་པོ་གཉིས་ནི་འདིའི་སྤྱོད་དུ་ཡོད་པའི་ཁོངས་སུ་འདུས་ལ༔ འདི་རང་གི་སྤྱོད་པ་ནི༔ ལས་དང་པོ་པ་དང་༔ གོམས་པ་འབྲིང་དང་༔ མཆོག་གི་ཁྱད་པར་གྱིས༔ གསུམ་ནི་རྗེས་ཐོབ་དང་༔ ལ་བཟླ་བ་ནི་མཉམ་བཞག་སྟེ༔ དེ་ལྟ་བུའི་སྤྱོད་དུ་ཡོད་མེད་གཉིས་པོ་གྲོགས་དང་དངོས་ཀྱི་ཚུལ་ཡིན་པས༔ ཉི་ཟླ་ཁ་སྦྱོར་ལས་གསུམ་དང་༔ ཀུན་གསལ་སོགས་ལས་སྤྱོད་དུ་ཡོད་མེད་གཉིས་སུ་བཤད་པ་དང་༔ དངོས་ནི༔ རིག་པ་རང་ཤར་ལས༔ ཆགས་ལ་འདི་ཞེས་ཞེན་མེད་སྤྱོད་པ་ནི༔ རྣལ་འབྱོར་བློ་རྩལ་དང་ལྡན་པས་ཆེན་པོའི་སྤྱོད་པའོ༔ ཡང་དག་དོན་རྟོགས་ཞེན་མེད་ས་ལ་གནས༔ སྣང་བ་དེ་ལ་ཆགས་ཞིང་ཞེན་མེད་ན་དོན་གྱི་ངོ་བོ་ཉིད་རྟོགས་ན་སྤྱོད་པ་ཆེན་པོ་ཡིན༔ འཛིན་པའི་ཡུལ་ཡུལ་བདག་ཏུ་མེད་བློ་ལ་ཞེན་པའི་ཡོད་མེད་ཀྱི་མཐའ་ལས་གྲོལ༔ འདི་ཞེས་དམིགས་པའི་ཡུལ་མེད་བཟའ་གཏད་རྟོག་པ་ཟད་ཆོས་ལས་གྲོལ༔ འཁྲུལ་བ་ཆོད་པ་མ་རིག་པ་རང་ཁ་མ་ལམ་དུ་ཁྱེར་གནས་མེད་རྣམ་རྟོག་སེམས་ལས་གྲོལ༔ ཞེས་པ་འདི་ནི་རྫོགས་པ་ཆེན་པོའི་སྤྱོད་པའི་དངོས་གཞི་ཡིན་པས༔ དེ་ཉིད་ལས༔ ཆགས་ལ་མ་ཞེན་སྤྱོད་པ་ནི༔ རྫོགས་ཆེན་ཨ་ཏིའི་སྤྱོད་པའོ༔ ཞེས་གསུངས་ནས་ངོས་འཛིན་མཛད་ཀྱང་༔ འདིར་གཞུང་རྩ་བ་ལས༔ རྒྱལ་སྲས་སྤྱི་ཡི་སྤྱོད་པ་གྲོགས༔ ཞེས་པའང་དེང་གི་དུས་ན་ཆོས་ལུགས་རྫོགས་པ་ཆེན་པོར་སྨྲ་བ་མང་ཀྱང༔ གང་ཟག་རྫོགས་པ་ཆེན་པོར་འགྲོ་བ་ཉུང་བའི་ཕྱིར༔ རྗེས་ཐོབ་སྤྱོད་དུ་ཡོད་པ་གཙོ་བོར་བཏོན་པ་དུས་ཚོད་དང་བསྟུན་པས་ཆོས་དང་གང་ཟག་འཛོལ་བ་སྤངས་ཕྱིར་ཐབས་ལ་མཁས་པ་དང་༔ འདིར་ཁོ་བོས་གདེངས་གྲོལ་ཐོག་ཏུ་བཅའ་བ་ལ་སྤྱོད་པར་བཞག་པ་ནི༔ རྫོགས་ཆེན་རང་རྐང་དང་རྒྱལ་སྲས་སྤྱིའི་མཉམ་བཞག་གི་སྤྱོད་པ་གཙོ་བོར་བཟུང་ནས༔ དེའི་ལམ་སྟེགས་སུ་དུས་ཚོད་དང་བསྟུན་ནས་གཞན་གཉིས་བཞག་པ་འགལ་བ་མེད་ཅིང་ཤིན་ཏུའང་འབྲེལ་ཞིང་དོན་ཆེན་པོ་དང་ལྡན་པ་སྟེ༔ ལྷ་མིན་གཡུལ་བཟློག་གི་རྒྱུད་ལས༔ མཆོག་གི་སྤྱོད་པ་བསྟན་པ་ནི༔ རྫོགས་པ་ཆེན་པོའི་སྤྱོད་པའོ༔ ཐབས་སུ་རང་ཤར་དེ་ལྟར་གྲོལ༔ ཤེས་རབ་རང་ཤར་སྤྱོད་བྱེད་གྲོལ༔ ཐབས་སུ་རང་བྱུང་རང་ལ་རྫོགས༔ ཤེས་རབ་རང་བྱུང་རང་ཤར་རང་ལ་རྫོགས༔ ཐབས་དང་ཤེས་རབ་དབྱེར་མེད་པས༔ གཅིག་ལ་གཅིག་རྫོགས་སྤྱོད་པའི་མཆོག༔ ཐབས་དང་ཤེས་རབ་ཟུང་འཇུག་དང་༔ ཐབས་དང་ཤེས་རབ་རང་གྲོལ་གཉིས༔ མིང་ཙམ་མཐུན་དེ་དོན་ལ་འཕགས༔ འཕགས་པའི་སྤྱོད་པ་ཞེས་སུ་བསྟན༔ ཞེས་དང་༔ སྤྲོས་གཅོད་རྩ་བའི་རྒྱུད་ལས༔ གང་ལ་མ་ཆགས་མ་ཞེན་པ༔ སྤྱོད་པའི་མཆོག་ནི་བྱར་མེད་ཡིན༔ སྤྱོད་པ་བཅོས་བྱ་མ་ཡིན་བཅོས་པ་མེད༔ གང་ཡང་བྱ་བ་བཏང་བ་ཡི༔ བྱ་བྱེད་སྤྲོས་བྲལ་ཀློང་དུ་སྤྲོས་པ་ཆོད༔ ཅེས་པ་དག་གི་དགོངས་པའོ༔

བཞི་བ་དེ་དག་རྒྱུད་སྡེ་གང་ལས་འཕྲོས་ན༔ དེ་ལྟར་མ་ནོར་བའི་དེ་ཁོ་ན་ཉིད་ལྟ་བསྒོམ་སྤྱོད་གསུམ་གྱིས་འགྲེལ་བ་འདི༔ སྒྱུ་འཕྲུལ་དང་༔ མདོ་ཆེན་པོ་དང་༔ སེམས་ཕྱོགས་ཐུན་མོང་གི་དགོངས་པ་ཡིན་པས༔ དོན་གསལ་ལས༔ ལྟ་བ་མ་ནོར་དམ་པ་ནི༔ རང་རིག་ཆོས་སྐུའི་ངོ་བོ་སྟེ༔ ཞེས་དང་༔ དེ་དོན་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས༔ ངོ་རང་ཐོག་ཏུ་སྤྲད་པ་འདི་ལྟ་བ་དང་འབྲེལ་ནས༔ དེ་ནས་རྡོ་རྗེ་སེམས་དཔའ་ཡིས༔ མ་ནོར་སེམས་ཉིད་ཇི་ལྟར་ལགས༔ ཀུན་ཏུ་བཟང་པོས་བཀའ་རྩལ་བ༔ མ་ནོར་སེམས་ཉིད་རང་བཞིན་ནི༔ བཅོས་པ་མེད་པའི་སེམས་ཉིད་དང་༔ སོ་མ་རང་ལུགས་གྱི་ནར་འདུའོ༔ ཞེས་དང་༔ ཐག་གཅིག་ཐོག་ཏུ་བཅད་པ་བསྒོམ་པ་ལ་འགྲེལ་ནས༔ དེ་ཉིད་ལས༔ བདག་འཛིན་བྲལ་བའི་སེམས་ཉིད་དེ༔ འཛིན་མེད་གསལ་དྭངས་དགོངས་པའོ༔ ཞེས་སོ༔ གདེངས་གྲོལ་ཐོག་ཏུ་བཅའ་བ་སྤྱོད་པ་དང་འགྲེལ་ནས༔ རྟག་སྣང་གྲོལ་བའི་སེམས་ཉིད་དེ༔ མ་ནོར་རྣམ་དག་ཡེ་ཤེས་སོ༔ ཞེས་མ་ནོར་སེམས་ཉིད་བསྟན་པའི་ལེའུ་ལས་གསུངས་ཤིང་༔ ཡང་མ་ནོར་ངེས་པའི་གདམས་ངག་གི་ལེའུ་ལས༔ མ་ནོར་ངེས་པའི་གདམས་ངག་ནི༔ མཚོན་དུ་མེད་པའི་བྱང་ཆུབ་སེམས༔ སྨྲ་བརྗོད་མེད་པའི་ངང་ལ་ཞོག༔ བསྟན་དུ་མེད་པའི་བྱང་ཆུབ་སེམས༔ བློ་ལས་འདས་པའི་ངང་དུ་ཞོག༔ བལྟ་རུ་མེད་པའི་བྱང་ཆུབ་སེམས༔ བལྟ་བྱ་ལྟ་བྱེད་མེད་པའི་ངང་ལ་ཞོག༔ བསམ་དུ་མེད་པའི་བྱང་ཆུབ་སེམས༔ བསྒོམ་དུ་མེད་པའི་ངང་ལ་ཞོག༔ སྤྱད་དུ་མེད་པའི་བྱང་ཆུབ་སེམས༔ བྱ་བཙལ་མེད་པའི་ངང་ལ་ཞོག༔ བསྒྲུབ་ཏུ་མེད་པའི་བྱང་ཆུབ་སེམས༔ ངང་དྭངས་རང་སངས་ངང་ལ་ཞོག༔ རེ་དོགས་བསྒྲུབ་མེད་ངང་ལ་ཞོག༔ སྤྲོས་པ་མེད་པའི་བྱང་ཆུབ་སེམས༔ སྤྲོས་བྲལ་ཆེན་པོའི་ངང་ལ་ཞོག༔ ཅེས་སོ༔


previousསྤྱོད་དུ་མེད་པ་མཉམ་བཞག་གི་སྤྱོད་པ།next