Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་བརྒྱད་པ།


  expand section
   
   
   
   
   
   
   
  expand section
  expand section
  collapse section
   
   
   
   
  expand section
  expand section
  expand section
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section


 
previousལས་ཀྱི་བྱ་བ་སྣ་ཚོགས་ལ་དཀྱིལ་འཁོར་དང་རི་མོ་དང་བརྟུལ་ཞུགས་མི་ལྡན་པའི་བསྒྲུབ་པ་བཤད་པ།next

ལས་ཀྱི་བྱ་བ་སྣ་ཚོགས་ལ་དཀྱིལ་འཁོར་དང་རི་མོ་དང་བརྟུལ་ཞུགས་མི་ལྡན་པའི་བསྒྲུབ་པ་བཤད་པ།

སྔགས་ཀྱི་བཟླས་བརྗོད་བཤད་པ།


DTG048_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ལས་རྣམས་སྣ་ཚོགས་དག །མཁས་པས་བསྒྲུབ་པར་བྱ་བ་ལ།། དཀྱིལ་འཁོར་དག་དང་མི་ལྡན་ཞིང༌། །རི་མོ་ལ་སོགས་ཆོ་ག་དང༌། །བརྟུལ་ཞུགས་དྲག་པོ་མེད་ཀྱང་རུང༌། །ལེགས་པར་བསྒོམ་དང་ཟླས་པ་དང༌། །སྤྱིན་སྲེག་འཁོར་ལོའི་སྦྱོར་བ་ལ། །སོགས་པའི་སྦྱོར་བ་ཕྲ་མོ་ལ། །བརྟེན་ནས་མཆོད་ལ་བརྩོན་པ་ཡིས། །ལས་རྣམས་སྣ་ཆོགས་འགྲུབ་འགྱུར་བ། །མདོར་བསྡུས་ནས་ནི་བཤད་པར་བྱ། །ཁྲོ་བོའི་རྒྱལ་པོའི་གསང་སྔགས་གང༌། །རྒྱུད་གཞན་དག་དུ་སྦས་བྱས་པ། །གཤིན་རྗེ་གཤེད་པོ་མཉེས་བྱེད་ཅིང༌། །ཐུགས་ཡིན་ཐུགས་ལས་བྱུང་བ་སྟེ། །འདི་ནི་བཀླགས་པ་ཙམ་གྱིས་ཀྱང༌། །ཕྲ་མོའི་


DTG048_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་རྣམས་སྐྲག་བྱེད་ན། །གང་ཞིག་བཟླས་བརྗོད་བརྩོན་པ་ཡིས། །གདུག་པ་འདུལ་བ་ལ་སོགས་པའི། །ལས་རྣམས་གྲུབ་པ་སྨོས་ཅི་དགོས། །དེ་བས་སྔགས་ཀྱི་བཟླས་བརྗོད་ཀྱི། །ཆོ་ག་ཚུལ་བཞིན་བཤད་པར་བྱ། །ཐོག་མར་རྡོ་རྗེའི་དཀྱིལ་འཁོར་དག །སྔ་མ་བཞིན་དུ་བསྒོམ་བྱས་ནས། །སྙིང་གར་ཉི་མའི་དཀྱིལ་འཁོར་ལ། །ས་བོན་བཅུ་བདུན་གྱིས་གང་བའི། །དཀྱིལ་འཁོར་འཁོར་ལོ་འདྲ་བ་དག །སྔ་མའི་བག་ཆགས་ཀྱིས་བསྒོམ་བྱ། །དེ་ནས་ཡ་ལ་ང་དམིགས་ནས་ནི། །རང་གི་སྔགས་ཀྱིས་བསྐུལ་བ་ཡིས། །ཁྲོ་བོ་རྡོ་རྗེ་ཟུང་ཞེས་པ། །འཇིག་རྟེན་ཁྱབ་པར་སྤྲོས་བྱས་ཏེ། །རྒྱལ་བ་སྲས་བཅས་སྤྱན་དྲངས་ཏེ། །གཤིན་རྗེ་གཤེད་དུ་གྱུར་ནས་ནི། །འཁོར་ཡུག་ཡོངས་སུ་གང་བར་བསམ། །དེ་ནས་ཎ་ཡོ་ནི་ར་ཡི། །ཡི་གེ་བཞི་ལ་དམིགས་བྱས་ཏེ། །རང་རང་སྔགས་ཀྱིས་བསྐུལ་བ་ཡིས། །གཟུགས་སོགས་ལྷ་མོ་སྤྲོས་ནས་ནི། །ལ་ལ་གཤིན་རྗེ་གཤེད་པོ་ཡི། །དབང་པོ་རྣམས་ལ་ཐིམ་པར་གྱུར། །ལ་ལ་ཕྱོགས་བཅུ་ཐམས་ཅད་ན། །མཆོད་པ་ལ་སོགས་ཆོ་ག་བྱེད། །ལ་ལ་མེ་ཏོག་བདུག་པ་དང༌། །མར་མེ་དྲི་དང་ཞལ་ཟས་དང༌། །སིལ་སྙན་རྫས་ལ་ཐིམ་པར་གྱུར། །སྤྱི་རུ་བྱིན་གྱིས་བརླབས་བྱས་ནས། །ཁྱད་པར་དག་ཏུ་བྱིན་བརླབ་པར། །མེ་ཏོག་དང་ནི་མར་མེ་ལ། །གཟུགས་ཀྱི་རྡོ་རྗེ་ཐིམ་བྱས་ཏེ། །གཟུགས་ཀྱིས་ཁྱད་པར་ཕྱེ་བར་བྱ། །དེ་བཞིན་བདུག་པ་བྱུག་པ་ལ། །དྲི་ཡི་རྡོ་རྗེས་ཕྱེ་བ་ཡིས། །ཡོན་ཆབ་བཤོས་དང་གཏོར་མ་རྣམས། །དེ་བཞིན་རོ་ཡི་རྡོ་རྗེས་ཕྱེ། །སིལ་སྙན་རྣམ་པ་སྣ་ཚོགས་ནི། །སྒྲ་ཡི་རྡོ་རྗེས་ཕྱེ་བའོ། །སྤྱི་དང་བྱེ་བྲག་དབྱེ་བ་ཡིས། །རྫས་དང་དེ་བཞིན་ཤེས་བྱ་སྟེ། །ལྷ་མོའི་ལུས་ཉིད་ཕུལ་བ་ཡིས། །རེག་བྱའི་མཆོད་པར་གྱུར་པའོ། །དེ་ལྟར་ཏིང་འཛིན་ས་བོན་དང༌། །སྔགས་དང་རྫས་དང་ལྡན་པ་ཡིས། །གཤིན་རྗེ་གཤེད་པོ་མཉེས་བྱས་ཏེ། །རྡོ་རྗེ་དཔྱོད་པའི་སྦྱོར་བ་ཡིས། །བདག་གི་ལུས་ལ་འཇུག་པར་བྱ། །དེ་ནས་རྡོ་རྗེའི་ངེས་ཚིག་གི །སྦྱོར་བས་ཤིན་ཏུ་བརྟན་པར་བྱ། །རྡོ་རྗེ་རྡུལ་བྲལ་སྦྱོར་བ་ཡིས། །ཤིན་ཏུ་དབང་དུ་གྱུར་བྱས་ཏེ། །བཟླས་པ་ལ་ནི་འཇུག་པར་བྱ། །དེ་ནས་


DTG048_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གའི་ས་བོན་རྣམས། །རབ་ཏུ་གསལ་བར་དམིགས་ནས་ནི། །ཇི་སྲིད་བརྟན་པར་མ་གྱུར་ཚེ། །གསང་སྔགས་སྤྲོ་བར་མི་བྱ་ཞིང༌། །ཏིང་འཛིན་འབད་དེ་བཟླས་པ་བརྩམ། །གསང་སྔགས་ཡི་གེ་སུམ་ཅུ་གཉིས། །ཐོག་མར་ཨོཾ་དང་ལྡན་བྱས་ཏེ། །ཐ་མར་ཕཊ་གཉིས་ལྡན་བྱས་པ། །གསང་སྔགས་ཀུན་གྱི་རྒྱལ་པོ་སྟེ། །མ་ཡེངས་པ་ཡི་ཡིད་ཀྱིས་བཟླས། །དམིགས་པ་བརྟན་པར་མ་གྱུར་ཚེ། །ལྷ་དང་ཡི་གེ་ཞེས་བྱ་བ། །དམིགས་པ་གཉིས་ལས་མ་གཏོགས་པ། །རྟོག་པ་ཐམས་ཅད་སྤང་བར་བྱ། །དེ་ལྟར་ཅི་ནུས་བཟླས་ནས་ནི། །བཟླས་པ་བཏོང་བར་འདོད་པ་ན། །གཤིན་རྗེ་གཤེད་པོ་ཞེས་བྱ་བ། །བདག་གི་ལུས་ལས་ཕྱུང་ནས་ནི། །མདུན་ན་དགྱེས་བཞིན་བཞུགས་པ་ལ། །བཤགས་དང་སྨོན་ལམ་བཏབ་བྱས་ཏེ། །དེ་ཉིད་དུ་ནི་མི་སྣང་གྱུར། །དེ་ནས་རང་ལུས་ལ་བལྟས་ཏེ། །ཆོས་ཀུན་སྐྱེ་མེད་དྲན་བྱས་ནས། །བདག་ཀྱང་དེ་བཞིན་མི་སྣང་གྱུར། །ཡང་ན་ལྷ་དང་མི་དབྱེ་བར། །བཟོད་པ་ཡིད་ཀྱིས་གསོལ་ནས་ནི། །ལྷན་ཅིག་མི་སྣང་གྱུར་པར་བྱ། །དེ་ནས་སྟོང་ཉིད་དྲན་པ་ཡིས། །ལངས་ཏེ་རང་གི་སྤྱོད་ལམ་བྱ། །སྟོང་ཉིད་བློ་དང་ལྡན་པ་ན། །སྲུང་བ་དག་ཀྱང་བྱ་མི་དགོས། །དངོས་གྲུབ་དག་ཀྱང་མྱུར་དུ་འབྱུང༌། །བྱང་ཆུབ་མཆོག་ལ་ཉེ་བར་འགྱུར། །གལ་ཏེ་སྔོན་གྱི་བག་ཆགས་ཀྱིས། །ཐ་མལ་ལུས་སུ་མཐོང་གྱུར་ན། །གསང་སྔགས་ཡི་གེ་བཅུ་བདུན་པོ། །སྙིང་ག་མཚོག་མ་ལ་སོགས་པར། །འོད་འབར་གདན་དང་བཅས་པ་དང༌། །རང་རང་གནས་སུ་བསམ་བྱས་ཏེ། །རྡོ་རྗེ་འབར་བའི་མིག་གིས་ཀྱང༌། །བསྲུང་བའི་བསམ་པ་ལྡན་བྱས་ཏེ། །ལུས་དང་གནས་དང་གྲོགས་པོ་དང༌། །རྫས་ལ་བལྟས་ནས་བསྲུང་བར་འགྱུར། །དེ་ལྟར་ཉིན་རེ་ཆོ་ག་བཞིན། །ཡང་ན་དུས་བཞིར་སྦྱོར་བ་བྱ། །འདི་ལྟ་བུ་ཡི་སྦྱོར་བ་ཡིས། །གཤིན་རྗེ་གཤེད་པོ་མཉེས་པར་འགྱུར། །དེ་ཡི་བཀའ་ཉན་ཐམས་ཅད་ཀྱང༌། །སྒྲུབ་པ་པོ་ལ་དགའ་བར་འགྱུར། །གལ་ཏེ་འཆག་གམ་ཁྲུས་བྱེད་དམ། །ཁ་ཟས་ཟ་དང་ཉལ་བ་དང༌། །དེ་བཞིན་སྤྱོད་ལམ་ཀུན་དུ་ཡང༌། །ཇི་སྲིད་གཡེང་འགྱུར་ཐམས་ཅད་ལ། །སྟོང་པ་ཉིད་དམ་བསྲུང་བའི་


DTG048_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཤུགས། །ནམ་ཀྱང་བཏང་བར་མི་བྱ་སྟེ། །ཤུགས་བཏང་ན་ནི་སྲུང་བ་ཉམས། །གལ་ཏེ་ཤུགས་དང་ལྡན་པ་ན། །གློ་པུར་ཡིད་ནི་གཡེང་གྱུར་ཀྱང༌། །སྲུང་བ་བྲལ་བ་མ་ཡིན་ནོ། །ནམ་ཞིག་ཡིད་ནི་བརྟན་གྱུར་ན། །ལྷ་དང་ཡིག་འབྲུ་གསལ་བའི་ཚེ། །དེ་ཚེ་གཡོ་བ་བརྩམ་པར་བྱ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །འོད་ཟེར་ཡི་གེ་འམ་མཚན་མ་འམ། །སྐུ་ཡི་ཚུལ་གྱིས་སྤྲོས་བྱས་ཏེ། །རྒྱལ་བ་སྲས་དང་བཅས་པ་ཀུན། །བསྡུས་ནས་བདག་ལ་ཐིམ་པར་བྱ། །གལ་ཏེ་བསོད་ནམས་མཆོག་འདོད་ན། །ཁམས་གསུམ་གནས་པའི་སེམས་ཅན་ཀུན། །འོད་ཟེར་ཚུལ་དུ་བསྡུས་པ་ནི། །སངས་རྒྱས་ཀུན་ལ་ཐིམ་བྱས་ཏེ། །སྐུ་གསུམ་རྡོ་རྗེར་གྱུར་པར་ནི། །འདོད་ན་གཉིས་ཀའང་ལྷན་ཅིག་ཏུ། །འདི་ལྟ་བུ་ཡི་སྦྱོར་བ་ཡིས། །ཡི་དམ་བཅས་པ་རྫོགས་པར་བྱ། །གལ་ཏེ་སྒྲུབ་པར་བྱེད་པ་སྟེ། །བཟླས་པའི་གྲངས་ལ་མོས་པ་ན། །རྟོག་བ་ལས་གསུངས་ཇི་བཞིན་དུ། །ཡི་དམ་བཅས་པ་རྫོགས་བྱས་པ། །དེ་ནས་སྒྲུབ་ལ་འཇུག་པར་བྱ། །གལ་ཏེ་དུས་ལ་དགའ་བ་ན། །དེ་བཞིན་ལོ་གྲངས་ཇི་ནུས་པར། །དམ་བཅས་ནས་ནི་སྒྲུབ་ལ་འཇུག །གལ་ཏེ་སྒྲུབ་པར་བྱེད་པ་སྟེ། །ཤིན་ཏུ་བརྩོན་དང་ལྡན་པ་ན། མཚན་མ་ཐོབ་ལ་དམ་བཅས་ནས། །ཏིང་འཛིན་ཤིན་ཏུ་གསལ་བ་ཡིས། །མཚན་མ་ཐོབ་པར་གྱུར་པའམ། །གལ་ཏེ་ལྷ་ཡིས་ལུང་བསྟན་པ། །རིགས་པ་དང་ལྡན་ཐོབ་པའམ། །མཚན་མ་རབ་འབྲིང་བྱེ་བྲག་རྣམས། །རྟོག་ལས་གསུངས་པ་ཇི་བཞིན་དུ། །སྒྲུབ་པ་ལ་ནི་འཇུག་པར་བྱ། །སྔགས་པས་བཟླས་བརྗོད་བྱ་བའི་ཚུལ། །ལེགས་པར་ཕྱེ་བ་བཤད་ཟིན་ཏོ། །

དངོས་གྲུབ་ཀྱི་ཆོ་ག་བཤད་པ།


DTG048_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ལས་རྣམས་སྣ་ཚོགས་ཀྱི། །དངོས་གྲུབ་ཆོ་ག་བཤད་པར་བྱ། །ཐོག་མར་ཤེས་རབ་ཆོ་ག་ནི། །མདོར་བསྡུས་ནས་ནི་བཤད་པར་བྱ། །སྔགས་པས་བསྙེན་པ་རྫོགས་བྱས་པས། །གཙང་མའི་གནས་སུ་སོང་ནས་ནི། །རས་དཀར་གཙང་མའི་གོས་བྱས་ནས། །རིན་ཆེན་འབར་འདྲའི་གནས་ལ་འདུག །ཁྲུས་ཀྱང་ལེགས་པར་བྱས་ནས་ནི། །མངར་གསུམ་ལྡན་པའི་ཁ་ཟས་དང༌། །སྨན་དང་ལྡན་པའི་མར་དག་ཀྱང༌། །སྔགས་དང་ལྡན་པས་ཅི་རན་བཟའ། །མཆོད་པ་དག་


DTG048_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བྱས་ནས་ནི། །སྙིང་གར་ཤེས་རབ་འཁོར་ལོ་དག །ཟླ་བ་འདྲ་དང་ཤེལ་འདྲ་དང༌། །དེ་བཞིན་ཉི་མ་འདྲ་ཡང་རུང༌། །རྩིབས་བཞི་འམ་ཡང་ན་རྩིབས་བཅུ་གཉིས། །བཅུ་དྲུག་སུམ་ཅུ་གཉིས་ཀྱང་རུང༌། །དེ་ལ་རང་གི་ས་བོན་ནི། །གསང་སྔགས་ཡི་གེ་སུམ་ཅུ་གཉིས། །དཀར་པོ་ཅུང་ཟད་རྩ་དམར་བ། །འོད་དང་ལྡན་པ་བསྒོམ་པར་བྱ། ཨཱ་ལུ་ཀཱ་ལི་ཕྲེང་བ་ཡང༌། །འཁོར་ལོའི་ཚུལ་དུ་བསྒོམ་པར་བྱ། །དེ་ཡང་འཕྲོ་དང་ག་ཡོ་བ་དང༌། །མྱུར་དུ་རབ་ཏུ་འཁོར་བ་རྣམས། །ཅི་དགའ་བར་ནི་བསྒོམ་པར་བྱ། །དེ་ལྟར་ཟླ་དྲུག་ཟླ་བ་གསུམ།། གཅིག་དང་ཕྱེད་དུ་བསྒོམ་བྱས་ནམས། །བློ་གྲོས་རབ་ཏུ་རྒྱས་པར་འགྱུར། །

སྲུང་བའི་ཆོ་ག་བཤད་པ།


DTG048_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྲུང་བའི་ཆོ་ག་ཡང༌། །མདོར་བསྡུས་ནས་ནི་བཤད་པར་བྱ། །ཤེས་རབ་ཆོ་ག་ཇི་བཞིན་དུ། །སྦྱོར་བ་ལེགས་པར་བྱས་པ་ལས། །ཡི་གེ་ཡ་དང་ནི་བསལ་ནས། །ལྷག་མའི་ཡི་གེ་བསྒོམ་པར་བྱ། །ཟླ་བའི་དཀྱིལ་འཁོར་འདྲ་བ་ཡི། །མཎྜལ་བྱས་ནས་དེ་སྟེང་དུ། །བུམ་པ་ལྔ་ནི་གཞག་པར་བྱ། །དེ་བཞིན་གསང་སྔགས་བཟླས་པའི་མཐར། །ཆེ་གེ་མོ་ཞེས་བྱ་བ་ལ། །རཀྵ་རཀྵ་ཞེས་པ་དང༌། །སྭཱ་ཧཱ་ལྡན་པ་བཟླས་པ་ཡི། །བུམ་པ་ཡིས་ནི་སྤྱི་བོར་ཡང༌། །བསྲུང་བར་འདོད་ལ་དབང་བསྐུར་བྱ། །དེ་ལྟར་ལན་ཅིག་ལན་གསུམ་མམ། །ལན་བདུན་གྱིས་ནི་སྲུང་བར་འགྱུར། །

འབྱུང་ཆེན་བཞི་ཡི་དཀྱིལ་འཁོར་གྱི་ལས་བཤད་པ།


DTG048_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཤད་པར་བྱ་བ་ནི། །འབྱུང་ཆེན་བཞི་ཡི་དཀྱིལ་འཁོར་གྱིས། །ལས་རྣམས་སྣ་ཚོགས་གྲུབ་འགྱུར་བ། །མདོར་བསྡུས་ནས་ནི་བཤད་པར་བྱ། །གང་ཞིག་དབང་དུ་བྱེད་འདོད་ན། །ཆུ་བ་གྲམ་དག་དུ་སོང་ནས་ནི། །ཟླ་བ་ཕྱེད་པ་འདྲ་བ་ཡི། །ཁ་དོག་དམར་པོའི་གནས་ལ་འདུག །ཟླ་བ་ཕྱེད་པའི་དུས་དག་ལ། །སྔགས་པས་སྦྱོར་བ་བརྩོམ་པར་བྱ། །རྡོ་རྗེའི་དཀྱིལ་འཁོར་བསྒོམ་པར་བྱ། །དེ་བཞིན་མཆོད་པ་བྱས་ནས་ནི། །སྙིང་གར་ཡ་ལས་བྱུང་བ་ཡི། །རླུང་གི་དཀྱིལ་འཁོར་བསྒོམ་བྱ་བ། །ཁ་དོག་སྔོ་ལ་རྩ་དམར་པོ། །དེ་ཡི་སྟེང་དུ་པདྨ་ནི། །སུམ་ཅུ་རྩ་གཉིས་འདབ་ལྡན་པ། །རྩེ་ལ་བ་དན་གཡོ་བ་དག །ལེགས་པར་བསམ་པར་བྱས་ན་ནི། །དེ་ཡི་སྟེང་དུ་ཡི་གེ་ཡང༌། །སུམ་ཅུ་རྩ་གཉིས་གོ་རིམས་བཞིན། །ཁ་དོག་དམར་སྐྱར་བསྒོམ་


DTG048_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། །དེ་ནས་བསྒྲུབ་བྱ་མདུན་གནས་པ། །ཁ་དོག་དམར་ཞིང་གོས་ཀྱང་དམར། །མྱོས་བཞིན་ཐལ་མོ་སྦྱོར་བྱེད་པ། །འདི་ལྟར་བསམ་པ་བྱས་ནས་ནི། །དེ་ནས་རང་གི་ཡི་གེ་ལས། །མེ་ཏོག་ལ་ནི་གྲུབ་པའི་མདའ། །རླུང་གི་ཤུགས་ཀྱིས་འཕངས་ནས་ནི། །བསྒྲུབ་བྱའི་དཔྲལ་བ་མགུལ་བ་དང༌། །སྙིང་ག་ལྟེ་བ་གསང་གནས་སུ། །རྒྱུན་མི་འཆད་པར་ཕོག་པར་བསམ། །བུད་མེད་ལ་ནི་ཁྱད་པར་དུ། །གསང་བའི་གནས་ལ་ཕོག་པར་བསམ། །འདི་ལྟར་སྦྱོར་བ་བརྟན་པ་ཡིས། །བརྒྱ་བྱིན་དབང་ཆེན་གྲགས་པ་ཡང༌། །དེ་ལ་དགའ་ཞིང་དབང་དུ་གྱུར། །དེ་བཞིན་ལྷ་དང་བདུད་ལ་སོགས། །བྲམ་ཟེ་རྒྱལ་པོ་བློན་པོར་བཅས། །ཀུན་ནས་དབང་དུ་བྱེད་པར་འགྱུར། །ལྷ་མོའམ་ནི་གནོད་སྤྱིན་མོ། །མངོན་པར་ཤེས་པ་ལྡན་པ་དག །དབང་དུ་བྱ་བ་སྒྲུབ་བ་ནི། །རིང་པོར་མི་ཐོགས་འགྲུབ་པར་འགྱུར། །མཐུ་ཆེན་བསྒྲུབ་པར་དཀའ་བ་དང༌། །རང་གི་འདོད་པ་མི་ལྡན་དང༌། །རགས་ལས་གྲུབ་པའི་གཟུགས་ཅན་དང༌། །མངོན་པར་ཤེས་པ་མི་ལྡན་པ། །དབང་དུ་བྱ་བར་དཀའ་བར་བཤད། །ལྷ་མོ་གནོད་སྤྱིན་མོ་ལ་སོགས། །ཕྲ་བའི་ལུས་ཅན་མངོན་ཤེས་ལྡན། །རང་གི་འདོད་པ་ལྡན་པ་དང༌། །མཐུ་ཆེ་བ་ཡང་དབང་འགྱུར་བར། །རབ་ཏུ་དཀའ་བ་མ་ཡིན་ནོ། །གལ་ཏེ་བསྒྲུབ་པར་བྱ་བ་དག །སྔགས་པས་དགུག་པར་འདོད་པ་ནི། །སྦྱོར་བ་དེ་ཉིད་བསྒོམ་བྱས་ཏེ། །ལྕགས་ཀྱུ་རླུང་དང་ལྡན་པ་དག །ས་བོན་རྣམས་ལས་ངེས་སྤྲོས་ཏེ། །སྒྲུབ་པར་བྱ་བའི་སྙིང་གནས། །དྲངས་ཏེ་དགུག་པའི་སྦྱོར་བ་བྱ། །གལ་ཏེ་བསྐྲད་པར་འདོད་ན་ཡང༌། །སྦྱོར་བ་དེ་ཉིད་བསྒོམ་བྱས་ཏེ། །རླུང་དང་ལྡན་པའི་རྔ་མོ་དག །རབ་ཏུ་གང་ཅིང་མགྱོགས་པ་ནི། །རང་གིས་བོན་གནས་ལས་འཐོན། །དེ་ལ་བསྒྲུབ་བྱ་བསྐྱོན་བྱས་ཏེ། །མྱུར་དུ་ལྷོ་ཕྱོགས་བདའ་བར་བྱ། །གལ་ཏེ་དབྱེ་བར་འདོད་པ་ན། །སྦྱོར་བ་དེ་ཉིད་བསྒོམ་བྱས་ཏེ། །སྦྲུལ་དང་ནེའུ་ལེ་མང་པོ་དག །རང་གི་ས་བོན་གནས་ལས་འཐོན། །དེ་དག་བསྒྲུབ་བྱ་གཉི་ག་ཡི། །སོ་སོར་ལུས་ལ་ཞུགས་པར་བྱ། །དེ་ནས་སྒྲུབ་བྱ་དེ་དག་ཀྱང༌། །སྦྲུལ་དང་སྲེ་མོའི་རང་བཞིན་དུ། །གྱུར་ནས་ཕན་ཚུན་འཐབ་པར་བསམ། །སྦྱོར་བ་འདི་ནི་


DTG048_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པ་ཡིས། །བསྒྲུབ་བྱ་དབྱེ་ཞིང་འཐབ་པར་འགྱུར། །དེ་ནས་བསྒྲུབ་པར་བྱ་བ་དག །གནོན་ཅིང་རྨོངས་པར་བྱེད་འདོད་ན། །རྡོ་རྗེ་དཀྱིལ་འཁོར་བསྒོམས་པ་ཡི། །སྙིང་གར་ས་ཡི་དཀྱིལ་འཁོར་ནི། །གྲུ་བཞི་སེར་པོ་མ་ལས་བྱུང༌། །དེ་སྟེང་སྣ་ཚོགས་རྡོ་རྗེ་ནི། །རྩེ་མོ་སུམ་ཅུ་གཉིས་དང་ལྡན། །དེ་ལ་རང་གི་ས་བོན་ཡང༌། །ཁ་དོག་སེར་པོ་ལྡན་པ་དག །སུམ་ཅུ་རྩ་གཉིས་ཚང་བར་བསྒོམ། །དེ་ནས་དེ་འདྲ་སྤྲོ་བྱ་སྟེ། །བསྒྲུབ་བྱ་གང་ན་གནས་པ་ཡི། །སྟེང་དུ་ཡང་དང་ཡང་མནན་ན། །སྐྱེ་འགྲོ་མནན་ཅིང་རྨོངས་པར་འགྱུར། །གལ་ཏེ་རྒྱས་པར་བྱེད་འདོད་ན། །སྦྱོར་བ་དེ་ཉིད་བསྒོམ་པ་ལས། །དེ་ལས་ཅུང་ཟད་མི་འདྲ་བ། །རྡོ་རྗེ་གནས་སུ་རིན་ཆེན་བསྒོམ། །དེ་ལ་འོད་ཟེར་འཕྲོ་བ་ཡིས། །རིན་ཆེན་ལྟ་བུས་འོད་ཟེར་དག །བསྒྲུབ་བྱ་ལ་ནི་ཐིམ་པ་ཡིས། །བསོད་ནམས་ཡོངས་སུ་རྒྱས་པར་བྱ། །གཞན་ཡང་དྲག་པོའི་སྦྱོར་བ་ལ། །མེ་ཡི་དཀྱིལ་འཁོར་ར་ལས་བྱུང༌། །རྡོ་རྗེ་རྩེ་གསུམ་འོད་འབར་བ། །རང་གི་ཡི་གེས་མཚན་པ་ཡིས། །རྡོ་རྗེ་མེ་ལྟར་འཕྲོ་བ་དག །གང་དང་གང་དུ་བསམས་པ་དེར། །གསད་པའི་ལས་ལ་སྔགས་པ་ཡིན། །གཞན་ཡང་ཞི་བར་བྱ་འདོད་ན། །ཆུ་ཡི་དཀྱིལ་འཁོར་ཛ་ལས་བྱུང༌། །ཟླུམ་ཞིང་དཀར་ལ་བུམ་པ་ནི། །ཤེལ་དང་འདྲ་བ་ཉི་ཤུས་བརྒྱན། །དེ་ཡི་ནང་དུ་ཡི་གེའི་ཚོགས། །ཡ་ནི་གསལ་བ་ཉི་ཤུ་བསམ། །ཡི་གེ་དག་ལ་བདུད་རྩི་ཆུ། །འཛགས་པས་བུམ་པ་གང་བར་བསམ། །དེ་ནས་མ་རུངས་པ་བགེགས་ལ་སོགས། །རབ་ཏུ་གདུག་པའི་སེམས་ལྡན་ལ། །དེ་ལ་བདུད་རྩི་འོད་ཟེར་དག །ཀུན་ནས་ཐིམ་པར་གྱུར་པ་ཡིས། །གདུག་པའི་ཚོགས་ནི་ཞི་བར་འགྱུར། །འབྱུང་ཆེན་བཞི་ཡི་དཀྱིལ་འཁོར་གྱི། །ཏིང་ངེ་འཛིན་གྱི་སྦྱོར་བ་ཡིས། །ལས་ཀྱི་སྦྱོར་བ་གང་སྒྲུབ་པ། །སོ་སོར་ཕྱེ་སྟེ་བཤད་པ་ཡིན། །

དྲག་པོའི་སྦྱོར་བ་བསྟན་པ།

གདུག་པ་འདུལ་བའི་ཐབས་ཀྱི་ཆོ་ག་རྣམ་པ་བདུན་བསྟན་པ།

༡ སྦུ་གུ་རིག་པ་ཞེས་བྱ་བའི་ཐབས་ཀྱི་ཆོ་ག་སྦྱོར་བ་དང་བཅས་པ་བསྟན་པ།

གདོན་ཆེན་པོ་བཞིས་ཟིན་པར་བྱ་བའི་སྦྱོར་བ་སོ་སོར་བསྟན་པ།

བསྒྲུབ་བྱ་ཀླུའི་གདོན་གྱིས་ཟིན་པར་བྱ་བའི་སྦྱོར་བ་བསྟན་པ།


DTG048_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་བ་དང་ནི་བཟླས་བ་དག །གལ་ཏེ་འབད་ནས་བྱས་པ་ཡང༌། །སྐལ་དང་མོས་པ་དམན་པ་ཡིས། །ལས་རྣམས་གྲུབ་པར་མ་གྱུར་བའི། །སྒྲུབ་པ་པོ་ལ་ཕན་གདགས་ཕྱིར། །སྦྱོར་བ་ལ་ནི་བརྟེན་པར་བཤད། །སངས་རྒྱས་བསྟན་ལ་གནོད་བྱེད་པའི། །རྒྱལ་པོ་ངན་བ་བྱུང་


DTG048_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཏམ། །བློན་པོ་ལ་སོགས་དེ་བཞིན་ཏེ། །སྐྱེ་བོ་ངན་པའི་ཚོགས་བྱུང་ནས། །ཐབས་གཞན་དག་གིས་མ་དུལ་ན། །བསྟན་པ་ཡོངས་སུ་བསྲུང་བའི་ཕྱིར། །སངས་རྒྱས་རྣམས་ཀྱི་བཀའ་བཞིན་དུ། །བྱང་ཆུབ་སེམས་དང་ལྡན་བྱས་ཏེ། །དེ་ཚེ་དྲག་པོའི་སྦྱོར་བ་བརྩམ། །གདུག་པ་གཞིག་པར་བྱ་བའི་ཐབས། །དྲག་པོའི་སྦྱོར་བ་གང་གསུངས་པ། །རྒྱལ་བའི་བཀའ་ཉིད་བསྲུང་བའི་ཕྱིར། །མདོར་བསྡུས་ནས་ནི་བཤད་པར་བྱ། །སྦུ་གུ་རིག་པར་བྱ་བ་དང༌། །གནད་ཀྱི་གནས་རྣམས་གཟིར་བ་དང༌། །བྱུག་དང་གཏོར་བ་ལ་སོགས་ཀྱིས། །རུལ་སོགས་མ་རུངས་བྱ་བ་དང༌། །བསྐམ་ཞིང་སྲེག་པའི་ཆོ་ག་དང༌། །ལུས་ཀུན་ཡོངས་སུ་གཞོམ་པ་དང༌། །བྱད་ཀྱིས་ཕོག་པར་བྱ་བ་དང༌། །འཁྲུགས་ཤིང་མྱོས་པར་འགྱུར་བ་ཡིས། །གདུག་པ་བརླག་པར་འགྱུར་བ་ཡི། །ཆོ་ག་མདོར་བསྡུས་འདི་ཞེས་བྱ། །དེ་ལ་སྦུ་གུ་རིག་པ་ཡི། །ཆོ་ག་དག་ཀྱང་བཤད་པར་བྱ། །རྡོ་རྗེའི་དཀྱིལ་འཁོར་བསྒོམ་བྱས་ཏེ། །སྲོག་དང་ཡི་གེ་གཉིས་མེད་པར། །ཁ་དོག་ལྔ་རུ་གྱུར་བྱས་ཏེ། །སྦྲང་བུ་ཏྲཻ་ལའི་མཆུ་འདྲ་བ། །བདག་གི་སྣ་ནས་དབྱུང་བར་བྱ། །བསྒྲུབ་བྱའི་ལྟེ་བའི་པདྨ་ལས། །སྐུད་པ་འདྲ་བའི་སྦུ་གུ་ནས། །སྲོག་གི་ཡི་གེ་དྲང་བར་བྱ། །དེ་ནས་བསྒྲུབ་བྱའི་རྡུལ་དག་དང༌། །རྗེས་དང་དྲི་མ་སྣ་ཚོགས་དང༌། །གྲོག་མཁར་ས་སོགས་སྦྱར་བྱས་ཏེ། །ཁ་སྦྱར་ལྡན་པའི་གཟུགས་བརྙན་བྱ། །གཞན་ཡང་ཆུའམ་དུར་ཁྲོད་དམ། །འབྱུང་པོ་གནས་པའི་ས་དག་ལས། །ཀླུ་འམ་ས་ཡི་བདག་པོ་འམ། །མ་མོའི་ཚོགས་སམ་འབྱུང་པོ་དག །ཁ་དོག་བཞིར་ལྡན་གཟུགས་བྱས་ཏེ། །རང་རང་གནས་སུ་སྦས་བྱས་ནས། །ཆུ་ཡི་ཧོམ་དང་དེ་བཞིན་དུ། །ས་དང་མེ་ཡི་ཧོམ་དག་གིས། །ཚིམ་པར་བྱས་ནས་དེས་གཟུང་འགྱུར། །དེ་ལ་སྦུ་གུ་རིག་པའི་ཐབས་ཀྱི་ཆོ་ག་ནི་འདི་ཡིན་ཏེ། ཐོག་མ་ཉིད་སྦུ་གུ་རིག་པའི་ཆོ་ག་གང་གིས་བསྒྲུབ་བྱ་ཀླུ་ཡིས་ཟིན་པར་འགྱུར་བའི་ཐབས་ཀྱི་ཆོ་ག་བཤད་པར་བྱའོ། །དེ་ལ་དང་པོར་སྔགས་པས་རྡོ་རྗེ་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བསྒོམས་ཏེ། རང་གི་སྙིང་གར་ཡི་གེའི་ཚོགས་ཇི་ལྟ་བ་བཞིན་དུ་བསྒོམས་པ་དག་སྲོག་ཅེས་བྱ་བའི་རླུང་དང་འདྲེས་པར་


DTG048_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་བས་འོད་ཟེར་ཁ་དོག་ལྔ་པའམ་བཞི་པ་སྦྲང་བུ་ཏྲཻ་ལའི་མཆུ་ལྟར་བཅུད་ཐམས་ཅད་འབྱིན་པར་ནུས་པ་རབ་ཏུ་རྣོ་བ་གདུག་པ་སྣའི་བུ་ག་གཉིས་ནས་བྱུང་བར་བསམ་མོ། །དེ་བཞིན་དུ་དམིགས་པ་བྱས་པས་རང་གི་སྣས་དེའི་རེག་པ་མྱོང་བར་འགྱུར་རོ། །དེ་ནས་ཏིང་ངེ་འཛིན་དེ་དབང་དུ་གྱུར་ན་ནི་དང་པོར་རྫི་རྣོ་བར་འགྱུར་རོ། །དེ་ནས་དབུགས་རྡུབ་ཅིང་དྲངས་པས་གཞན་གྱི་རོ་དག་ཀྱང་ཉམས་སུ་མྱོང་བར་འགྱུར་རོ། །དེ་ནས་ཏིང་ངེ་འཛིན་དེ་ཤིན་ཏུ་དབང་དུ་གྱུར་ན་ནི་བསྒྲུབ་བྱའི་ལྟེ་བའི་གནས་ན་པདྨ་ཁ་སྦྱོར་གྱི་དབུས་སྲོག་གནས་པའི་རྩ་སྐུད་པ་འདྲ་བ་འདུས་པའི་རྩ་ན་སྲོག་གི་རང་བཞིན་ཡི་གེ་ཨའི་དབྱིབས་སུ་གནས་པ་ནི་རྩ་ཁ་དོག་དམར་སྐྱར་གནས་པ་ཞིག་ཡོད་དེ། །དེ་བཞིན་དུ་གསལ་བར་བསྒོམས་ནས་དེ་ནས་བདག་གི་སྣ་ནས་དབུགས་ཀྱི་འོད་ཟེར་རབ་ཏུ་རྣོ་བ་དེ་དག་ཕྱུང་སྟེ་བསྒྲུབ་བྱའི་ལྟེ་བའི་བ་སྦུའི་བུ་ག་ནས་ཞུགས་ནས། སྦུ་གུ་སྐུད་པ་འདྲ་བའི་ནང་དུ་ཞུགས་ཏེ་སྲོག་གི་རང་བཞིན་གྱི་ཡི་གེ་ལ་ཟུག་ནས། ཡི་གེ་དེ་དག་ཐམས་ཅད་གཞིབས་ཏེ། ཡི་གེ་ཉིད་ཀྱང་བླངས་ནས་དྲངས་པས། དཔེར་ན་པགས་པ་རློན་པ་ལས་བྱས་པའི་སྣོད་ཞབས་ནས་ཐོན་ནས་སློག་པ་བཞིན་དུ་སྲོག་གི་གནས་པདྨ་ཁ་སྦྱར་ཏེ་ནང་ཕྱིར་བཟློག་པར་གྱུར་པར་བྱས་ནས་རབ་ཏུ་དྲངས་པར་བྱས་ན་སྦྱོར་བ་དེ་འབའ་ཞིག་གིས་ཀྱང་གང་སུ་ཡང་རུང་སྟེ་དེ་འཆི་བར་འགྱུར་རོ། །ཏིང་ངེ་འཛིན་མ་ཐོབ་པ་རྣམས་ཀྱིས་ནི་སྦྱོར་བ་དང་བཅས་པ་བརྩམ་པར་མི་བྱ་སྟེ། ཐོག་མ་ཉིད་དུ་ཏིང་ངེ་འཛིན་དེ་ཉིད་ཀྱང་འབད་པས་གོམས་པར་བྱས་ནས་གསང་སྔགས་ཀྱི་བཟླས་བརྗོད་ཀྱང་བྱས་ལ། དེ་ནས་བསྒྲུབ་བྱ་དེའི་རྐང་རྗེས་ཀྱི་ས་དང༌། ཕྱི་ས་ཆེ་ཆུང་གི་རྗེས་དག་དང༌། །གཞན་ཡང་མཆིལ་མ་དང་སྐྲ་དང་གོས་ཀྱི་དུམ་བུ་དག་དང༌། གཞན་ཡང་དེའི་ཁྱིམ་གྱི་ས་དང༌། །ཐེམ་པ་རྩའི་ས་དག་ཇི་ལྟར་རྙེད་པ་བླངས་ཏེ། གྲོག་མཁར་གྱི་ས་དང༌། འབྲུ་སྣ་ཚོགས་ཀྱི་ཕྱེ་དང༌། ས་བཟང་པོ་གཞན་དག་དང་སྦྱར་ཏེ་ལེགས་པར་བཏགས་ནས་བསྒྲུབ་བྱའི་གཟུགས་བརྙན་སོར་བརྒྱད་པ་ཞིག་བྱའོ། །དེ་ནས་གྲོ་ག་འམ། འདབ་མ་གང་ཡང་རུང་བ་ལ་པདྨ་ཁ་སྦྱོར་དོང་ཙེ་ཙམ་གྱི་དབུས་སུ། །ཨ་དམར་པོས་


DTG048_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་པ་ཁ་དོག་དམར་པོ་ཞིག་བྱའོ། །དེ་ནས་ཚོན་སྣ་ལྔ་འམ། །སྣ་བཞིའི་སྐུད་པ་མཐོ་དོ་པའི་ཚད་བྱ་སྟེ་དེ་དག་གི་རྩེ་མོ་གཅིག་ཏུ་བསྒྲིལ་ནས་ཟངས་ཀྱི་སྦུ་གུ་སོག་མའི་མགྲིན་པ་ཙམ་ཞིག་བྱས་ཏེ། དེའི་ནང་ནས་སྐུད་པ་དེ་དག་ཕྱུང་ནས་པདྨ་ཁ་སྦྱོར་གྱི་སྙིང་པོའི་ཡི་གེ་ཨ་ལ་ཕུག་སྟེ་གདགས་པར་བྱའོ། །དེ་ནས་པདྨ་དེ་བསྒྲུབ་བྱའི་གཟུགས་བརྙན་གྱི་ལྟེ་བའི་དཀྱིལ་དུ་ལུས་ཇི་ལྟར་གནས་པ་བཞིན་དུ་གཞུག་པར་བྱའོ། །ཟངས་ཀྱི་སྤུ་གུ་དེ་ཡང་ལྟེ་བ་ལ་ཟུག་པར་གཟིར་བར་བྱའོ། །དེ་ནས་གཟུགས་བརྙན་དེ་བ་ལང་གི་པགས་པ་ཞིག་ཏུ་དྲིལ་ཏེ་སྐུད་པ་དེ་དག་ཕྱིར་ཕྱུང་ནས་དེ་ཅུང་ཟད་བསྐམ་པར་བྱའོ། །དེ་ནས་བསྐམས་པར་གྱུར་པ་དང་གཟུགས་བརྙན་དེ་ཁྱེར་ཏེ་བསྒྲུབ་བྱའི་ཁང་པ་མཐོང་བའི་ས་ཕྱོགས་བསྒྲུབ་བྱའི་ཁང་པ་ལ་ཟུག་པའི་ལམ་ཡོད་པ་ཞིག་ཏུ་དོང་བརྐོས་ཏེ་དེའི་ནང་དུ་སྦས་ནས་ས་སྐམ་པོས་བཀང་སྟེ་གཞག་གོ །དེ་ནས་རང་གི་ཁྱིམ་དུ་འོངས་ཏེ་ཏིང་ངེ་འཛིན་སྔ་མ་བཞིན་དུ་བསྒྲུབ་བྱའི་སྲོག་རེངས་ནས་གཟུགས་བརྙན་ལ་ཐིམ་པར་བྱའོ། །དེ་ལྟར་སྦྱོར་བ་འདི་ཞག་གཅིག་གམ་གཉིས་སམ་གསུམ་དུ་བྱས་ནས། དེ་ནས་སྒྲུབ་པ་པོས་དགུག་པའི་སྦྱོར་བ་ཇི་ལྟར་ནུས་པ་བྱས་ཏེ། སྒྲུབ་པའི་གྲོགས་མཆོག་དག་གིས་ལྷའི་ཏིང་ངེ་འཛིན་དང་ལྡན་པས་ལྷའི་ཆ་ལུགས་བཟུང་སྟེ། བསྒྲུབ་བྱའི་གཟུགས་བརྙན་བླངས་ལ་རང་གི་གནས་སུ་འོང་བར་བྱའོ། །དེ་ནས་སྟེགས་བུའི་སྟེང་དུ་བཙག་གམ་རྡོ་རྒྱུས་སམ་སོལ་བ་དག་གིས་རླུང་གི་དཀྱིལ་འཁོར་ཟླ་གམ་བསྒྲུབ་བྱའི་ཕྱོགས་སུ་བལྟ་བ་ཞགས་པ་དང་ལྕགས་ཀྱུ་མང་པོས་མཚན་པ་ཞིག་བྲིས་ལ། །དེའི་སྟེང་དུ་བཞག་ལ་ཞག་བདུན་གྱི་བར་དུ་དགུག་པའི་སྦྱོར་བ་བྱ་ཞིང་གཟུགས་བརྙན་ལ་བསྟིམས་ཏེ། སྐུད་པ་ནག་པོ་ལ་རང་གི་གསང་སྔགས་བཟླས་པས་ཤིན་ཏུ་བསྡམས་པར་བསམ་ཞིང༌། ཚོན་སྐུད་ལག་པས་བཟུང་སྟེ་བཟླས་པ་ལ་བརྩོན་པར་བྱའོ། །དེ་ནས་ཞག་བདུན་ལོན་པ་དང་རྒྱ་མཚོའི་ས་འམ། །དེ་བཞིན་དུ་ཆུ་ཆེན་པོའི་འགྲམ་དང༌། །ལྟེང་ཀ་དང་རྫིང་ཆེན་པོ་དང༌། །ཆུ་མིག་སྣ་ཚོགས་ནས་ས་དང་ཆུ་བླངས་ཏེ། དེ་ནས་ས་དེ་དག་དང༌། སྨན་དང་སྤོས་དང༌། མེ་ཏོག་བཟང་པོ་དག་དང་ལེགས་པར་བཏགས་ཏེ་འབྲས་


DTG048_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

སམ་གྲོའི་ཕྱེ་མ་དག་དང་ཡང་སྦྱར་ནས་ཀླུ་ཆེན་པོའི་གཟུགས་བྱས་ནས། འདི་ལྟར་སྤྲུལ་རབ་ཏུ་འབར་བའི་ཁ་གདངས་པ་བཞི་བྱས་ཏེ། དེ་དག་གི་སྙིང་གར་ཨོཾ་ཕུ་ཞེས་བྱ་བའི་སྙིང་པོ་བྲིས་ལ་གཞུག་གོ །ཁར་ཁཾ་ནག་པོ་བྲིས་ལ་གཞུག །སྤྲུལ་དེ་དག་ཀྱང་གཙུག་ན་ནོར་བུ་ཡོད་པ་ལྕེ་གཉིས་པ་སོ་ཕྲེང་བ་འདྲ་བར་གནས་པའོ། །ཁ་དོག་ནི་དང་པོར་གུ་གུལ་དཀར་པོ་དང་བའི་མར་བསྲེས་ཏེ་བསྐོལ་ནས་བྱུག་པར་བྱའོ། །དེ་ནས་ཚོན་སྣ་བཞིས་ཁ་དོག་བསྒྱུར་བར་བྱ་སྟེ། གཅིག་ནི་དཀར་པོའོ། །གཅིག་ནི་སེར་པོའོ། །གཅིག་ནི་དམར་པོའོ། །གཅིག་ནི་ནག་པོའོ། །དེ་དག་གི་ལྕེ་གཉིས་གཉིས་པོ་དེ་དག་ཀྱང་ཚོན་སྐུད་ལེགས་པར་བསྒྲིལ་བ་མཐོ་རེ་བ་གཉིས་གཉིས་ལ། ཨོཾ་པ་ན་ནཱ་ག་བི་ཥ་ཁཾ། ཞེས་བྱ་བའི་གསང་སྔགས་བཟླས་ཏེ་རྩ་བ་སྤྲུལ་གྱི་ཁར་བཅུག་ལ། དུག་འབར་བའི་ལྕེར་གྱུར་པར་བསམ་པར་བྱའོ། །དེ་ནས་ས་ཕྱོགས་གཙང་མ་ཞིག་ཏུ་རས་སམ་གོས་གཙང་མའི་གུར་ཕུབ་ལ། དེར་མཎྜལ་བའི་རྣམ་ལྔ་དང་ལྡན་པ་ཞིག་བྱས་ཏེ། དེར་པདྨ་འདབ་མ་བཞི་པ་ཞིག་བྲིས་ནས་གེ་སར་སྔོན་པོར་བྱས་ནས་དེའི་སྟེང་དུ་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོ་ཉིད་ཁམས་གསུམ་རྣམ་པར་རྒྱལ་བའི་གཟུགས་སུ་གཞག་པར་བྱའོ། །ཤར་ཕྱོགས་ཀྱི་འདབ་མ་དཀར་པོར་བྱ་སྟེ། དེར་སྤྲུལ་དཀར་བོ་གཞག་གོ །དེ་བཞིན་དུ་ལྷོ་སེར་པོར་བྱ་སྟེ། སྦྲུལ་སེར་པོ་གཞག་གོ །ནུབ་ཀྱི་དམར་པོར་བྱ་སྟེ་སྦྲུལ་དམར་པོ་གཞག་གོ །བྱང་གི་ནག་པོར་བྱས་ཏེ་སྦྲུལ་ནག་པོ་གཞག་གོ །སྦྲུལ་དེ་དག་ཀྱང་མགོ་དབུས་སུ་བལྟ་བར་བྱའོ། །དེ་ནས་སྔགས་པ་བདག་ཉིད་ཁྲུས་ལེགས་པར་བྱས་ནས་གོས་གཙང་མ་བགོས་ཏེ་ལག་པ་དྲི་བཟང་པོས་བྱུགས་ནས་ནུབ་ཕྱོགས་ཀྱི་སྒོར་འདུག་སྟེ། རང་གི་ལྷའི་ཏིང་ངེ་འཛིན་དུ་ཞུགས་ནས། མཎྜལ་གྱི་དབུས་སུ་བཅོམ་ལྡན་འདས་སྤྱན་དྲངས་ཏེ། ལེགས་པར་བསམས་ནས། ཨརྒྷ་དང་མེ་ཏོག་ལ་སོགས་པའི་མཆོད་པས་མཉེས་པར་བྱའོ། །དེ་ནས་སྦྲུལ་ཆེན་པོ་བཞིའི་མདུན་དུ་ས་ལས་བྱས་པའི་སྣོད་གཙང་མ་བཞིའི་ནང་དུ་རྒྱ་མཚོའི་ཆུ་ལ་སོགས་པ་ཆུ་སྣ་ཚོགས་དང༌། བའི་འོ་མ་


DTG048_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

དང། །མེ་ཏོག་དྲིང་བ་མེད་པ་རྣམས་བླུགས་ཏེ་བཞག་ལ། དེར་ཆུའི་ཧོ་མ་བྱས་ཏེ་ཀླུ་རྣམས་ཚིམ་པར་བྱའོ། །དེ་ལ་ཆུའི་ཧོམ་བྱ་བའི་ཆོ་ག་ནི་འདི་ལྟ་སྟེ། དེ་ལྟ་བུའི་ཆུའི་གཞི་བཤམས་ནས་གཞན་ཡང་མཆོད་པའི་རྫས་སུ་གྱུར་པ། བ་ལས་བྱུང་བའི་དཀར་གསུམ་དང༌། མངར་གསུམ་དང༌། ཁྲེ་དཀར་པོ་དང༌། ཏིལ་དཀར་པོ་དང༌། འབྲས་དཀར་པོ་ལ་སོགས་པ་འབྲུ་ཁ་དོག་དཀར་པོ་སྣ་ཚོགས་དང༌། རིན་པོ་ཆེ་སྣ་ཚོགས་དང༌། ག་པུར་དང་ཙནྡན་དཀར་པོ་ལ་སོགས་ཏེ་སྤོས་དང་སྨན་སྣ་ཚོགས་དང༌། གཞན་ཡང་ཆུ་དག་དཀར་པོ་ལ་སོགས་པ་དེ་དག་དང་མཐུན་པའི་རྫས་ཇི་སྙེད་པ་དང༌། མེ་ཏོག་དྲིང་བ་མེད་པ་རྣམས་དང༌། འོ་མ་དང་འབྲས་ཆན་དང༌། ཤ་ཁ་ར་གསུམ་དུ་སྦྱར་བའི་ཁ་ཟས་ཀྱང་གཞག་པར་བྱའོ། །དེ་ནས་སྔགས་པ་ལྷའི་ང་རྒྱལ་དང་ལྡན་པས་སྣོད་ཀྱི་ཆུ་རྣམས་ཀྱི་ནང་དུ་ཡི་གེ་པ་ལས་བྱུང་བའི་པདྨའི་སྟེང་དུ། ཡང་ཡི་གེ་པ་རང་རང་གི་ཁ་དོག་ཅན་བསམས་པ་ལས་དེ་ཡོངས་སུ་གྱུར་པའི་ཆུ་ལྷ་རང་རང་གི་མདོག་ཅན། སྦྲུལ་མགོའི་གདེངས་ཀ་དང་ལྡན་པ། ལག་ན་ཞགས་པ་དང་ཨུཏྤལ་བསྣམས་པ་རེ་རེ་བསམ་པར་བྱའོ། །དེ་ནས་བདག་གི་སྙིང་ག་ནས་སོ་སོའི་ཕྱོགས་དང་མཐུན་པའི་འོད་ཟེར་འཕྲོས་པས། ཕྱོགས་བཞི་ནས་ཆུའི་ལྷ་ཚུལ་སྔ་མ་དང་མཐུན་པ་དག་སྤྱན་དྲངས་པར་བསམ་ཞིང༌། ཨོཾ་བ་རུ་ཎ་དེ་བ་དཱདྟ་ཨཱ་ཀཪྵ་ཡ་ཛཿཧཱུཾ་བཾ་ཧོཿ། ཞེས་བརྗོད་ནས། མཆོད་སྣོད་དུ་མེ་ཏོག་གཏོར་ནས། ཆུ་ལྷ་དེ་དག་སྔར་བསམས་པའི་ཆུ་ལྷ་དང་གཉིས་སུ་མེད་པར་གྱུར་ནས་འོ་མའི་རྒྱ་མཚོའི་ནང་དུ་པདྨའི་གདན་ལ་བཞུགས་པར་བསམ་མོ། །དེ་ནས་དྲི་བཟང་པོའི་སྤོས་རྣམས་བསྲེགས་པ་ཡང་ཕྱོགས་བཞིར་བཏང༌། །བའི་མར་སར་ལས་བྱས་པའི་མར་མེ་ཡང་ཕྱོགས་བཞིར་བལྟམས་ཏེ། ཙནྡན་དཀར་པོ་དང་སྦྱར་བའི་དྲི་ཆབ་ཀྱང་ཕྱོགས་ཀུན་དུ་གཏོར་ནས། དེ་ནས་དང་པོར་མེ་ཏོག་གཏོར་ཏེ། །ཨོཾ་བ་རུ་ཎ་དེ་བ་དཱ་ཏྟཱ་ཡ་སྭཱ་ཧཱ། ཞེས་བྱ་བའི་གསང་སྔགས་ཀྱིས་ཕུལ་བས། འོ་མའི་རྒྱ་མཚོ་ལ་མེ་ཏོག་གི་ཚལ་ཆེན་པོ་ཆགས་པར་བསམ་མོ། །གསང་སྔགས་དེ་ཉིད་ཀྱིས་སྤོས་ཕུལ་བས། །གནས་དེར་རིན་པོ་ཆེའི་རང་བཞིན་གྱི་སྤྲིན་ཆགས་པར་བསམ་མོ། །དེ་ནས་གསང་


DTG048_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་དེ་ཉིད་ཀྱིས་ཕྱུགས་ལ་གཏོར་ཏེ། སྤྲིན་དེ་ལས་བདུད་རྩིའི་ཆར་བབ་པས། དེ་དག་ཤིན་ཏུ་དགའ་བ་དང་རངས་པ་སྐྱེས་པར་བསམ་མོ། །དེ་བཞིན་དུ་མར་མེ་ཕུལ་བས་སྤྱི་བོ་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འོད་འབར་བ་གནས་པར་གྱུར་ཏེ། ནམ་མཁའ་ལྡིང་གི་འཇིགས་པ་དང་བྲལ་བར་བསམ་མོ། །དེ་བཞིན་དུ་དཀར་གསུམ་དང༌། མངར་གསུམ་ལ་སོགས་པའི་རྫས་རྣམས་ལ་གསང་སྔགས་དེ་ཉིད་ཀྱིས་ཕུལ་བས། རང་རང་གི་རྫས་དང་མཐུན་པའི་འདོད་པའི་ཡོན་ཏན་གྱི་ཚོགས་སུ་གྱུར་ཏེ་མཉེས་པར་གྱུར་པར་བསམ་མོ། །དེ་ནས་མེ་ཏོག་ཆུ་ལ་གཏོར་ཏེ། ཆུའི་ལྷ་ཆེན་པོ་ཁྱོད་མཁྱེན་པར་མཛོད་ཅིག །ཆུ་ཐམས་ཅད་ཁྱེད་ཀྱི་རང་བཞིན་ལགས་ཏེ། བདག་གིས་ཆུ་ལ་ཅི་མཆོད་པ་ཐམས་ཅད་ཁྱེད་ཀྱི་འཁོར་དུ་བཅས་པ་ཐམས་ཅད་མཉེས་པར་གྱུར་ནས། བདག་ཅག་ལ་ཡང་དགྱེས་ཤིང་དངོས་གྲུབ་གསོལ་བར་མཛོད་ཅིག་ཅེས་བརྗོད་དོ། །དེ་ནས་ཡང་རང་གི་སྙིང་ག་ནས་ཡེ་ཤེས་ཀྱི་འོད་ཟེར་འཕྲོས་པས་ཕྱོགས་བཞི་ནས་ཀླུའི་ཚོགས་བཀུག་སྟེ། དེ་ཡང་ཤར་ཕྱོགས་སུ་རྒྱལ་པོ་ཕྲུ་གུ་འདྲ་བ་ཁ་དོག་དཀར་པོ་ཕོ་དང་མོའི་ཆ་བྱད་འཛིན་པ་མང་པོ་འདུས་པར་འགྱུར་བར་བསམ་མོ། །དེ་བཞིན་དུ་ལྷོ་ཕྱོགས་སུ་ནི་ཁ་དོག་སེར་སྐྱ་བྲམ་ཟེའི་ཆ་བྱད་ཅན་ནོ། །ནུབ་ཕྱོགས་སུ་ནི་ཁ་དོག་དམར་སྐྱ་བྱིས་པ་གཞོན་ནུའི་ཆ་བྱད་ཅན་ནོ། །བྱང་ཕྱོགས་སུ་ནི་དུད་འགྲོའི་ཆ་བྱད་ཅན་དེ་འདི་ལྟར་སྤྲུལ་ནག་པོ་དང་སྦལ་བ་ནག་པོ་དང༌། གླང་ནག་པོ་ལ་སོགས་པ་འདུས་པར་བསམ་ཞིང༌། ཨོཾ་སརྦ་པན་ནཱ་ག་ཕུཿ་ཕུཿ་ཨཱ་ཀཪྵ་ཡ་ཛཿཧཱུཾ་བཾ་ཧོཿ། ཞེས་བརྗོད་ཅིང་ལག་པ་ཐལ་མོ་སྦྱར་བ་ལས་གུང་མོ་གཉིས་གཤིབས་ཏེ་བསྒྲེང༌། ལྷག་མ་ཕྱིར་བཀྱེད་དེ་ཨུཏྤལ་ལྟར་བྱས་པ་འདི་ནི་ཀླུ་ཐམས་ཅད་དགའ་བར་བྱེད་པའི་དམ་ཚིག་གི་ཕྱག་རྒྱ་སྟེ། འདིས་སྤྱན་དྲངས་པས་ཕྱོགས་བཞིའི་འོ་མའི་མཚོ་ཆེན་པོ་བཞིའི་ནང་དུ་འདུས་པར་བསམ་མོ། །དེ་ནས་དེ་དག་ཆུ་ལྷ་དང་རང་བཞིན་གཅིག་པར་ཡང་གྱུར་ཅིང་འཁོར་དང་གཙོ་བོའི་ཚུལ་དུ་འདུག་པར་ཡང་དམིགས་ལ། དྲི་ཆབ་ཀྱིས་གཏོར་ཏེ་ཕྱོགས་ཤིན་ཏུ་གཙང་བར་གྱུར་པར་བསམས་ལ། དེ་ནས་ཆུ་ལྟ་


DTG048_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པའི་རིམ་པ་ཇི་ལྟ་བ་བཞིན་དུ་མཆོད་པར་བྱ་ཞིང་ཕྱག་རྒྱ་དེ་ཉིད་དང་ལྡན་པས། ཨོཾ་སརྦ་པན་ནཱ་ག་ཕུཿ་ཕུཿ་སརྦ་པཱུ་ཛ་མེ་གྷ་ས་མ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་སྔོན་དུ་བརྗོད་པའི་བསམ་རྒྱུད་དང་ལྡན་པས་མཉེས་པར་འགྱུར་བར་བྱའོ། །དེ་ནས་གཤེགས་སུ་མི་གསོལ་བར། དེ་བཞིན་དུ་ཞག་གསུམ་མམ་ལྔ་འམ་བདུན་གྱི་བར་དུ་བྱས་ལ། དེ་ནས་སྒྲུབ་པའི་གྲོགས་མཆོག་ཞིག་གིས་སྔོན་གྱི་རང་གི་གནས་སུ་སོང་སྟེ། གྲོ་ག་འམ་ཤོག་བུ་ལ་བསྒྲུབ་བྱའི་མིང་རུས་བྲི་བར་བྱའོ། །འདི་ལྟར་ཡུལ་ཆེ་གེ་མོ་ན་གནས་པའི་མི་ཆེ་གེ་མོ་ཞེས་བྱ་བ་འདི། རང་བཞིན་ངན་པ་བསྟན་པ་ལ་གནོད་པ་ང་རྒྱལ་ཅན་ཞིག་སྟེ། སྔོན་ཡང་འདིས་བདག་ཅག་ལ་བར་ཆད་བྱས། །ད་ལྟར་ཡང་བདག་ཅག་ཀླུ་ཆེན་པོ་ཁྱེད་རྣམས་མཆོད་པ་ལ་བར་ཆད་བྱེད་དེ། འདི་ནི་བདག་ཅག་ལ་བརྙས་པར་མ་ཟད་ཀྱི། །ཁྱེད་ཅག་ལྟ་བུ་མཐུ་དང་ལྡན་པ་རྣམས་ལ་ཡང་བརྙས་པར་བྱེད་ཁྱད་དུ་གསོད་པར་བྱེད་འཚེ་བར་བྱེད་པས། དེ་བས་ན་མི་འདི་ཁྱེད་རྣམས་ཀྱིས་གཟུང་བར་རིགས་སོ་ཞེས་བྱ་བ་བྲིས་ལ་ཟང་སམ་ལྕགས་ཀྱི་སྦུ་གུ་ཞིག་ལ་དྲིལ་ཏེ་སྐུད་པ་ནག་པོས་དཀྲིས་ནས། དེ་ནས་གུ་གུལ་ནག་པོ་དང་རྒྱ་སྐྱེགས་སུ་སྦྱར་བའི་མེ་ལ་བཞུ་བས་དྲིལ་ཏེ། བསྒྲུབ་བྱའི་ཚོན་སྐུད་ལ་གཞུག་པར་བྱའོ། །དེ་ནས་གཟུགས་བརྙན་དེ་བླངས་ནས་ཀླུ་མཆོད་པའི་གནས་སུ་ཁྱེར་ཏེ་མཎྜལ་གྱི་ལྷོ་ཕྱོགས་སུ་བཞག་ནས། སྒྲུབ་པ་པོ་དང་གྲོགས་མཆོག་རྣམས་ཀྱིས་མེ་ཏོག་མང་པོ་ཐོགས་ཏེ། མཆོད་སྣོད་དང་ཕྱོགས་ཐམས་ཅད་དུ་གཏོར་ལ་ཐལ་མོ་སྦྱར་ཏེ། སྔོན་དུ་བྲིས་པའི་ཚིག་སྔ་མ་དེ་ལན་བདུན་ནམ། །ཉི་ཤུ་རྩ་གཅིག་གི་བར་དུ་བརྗོད་པར་བྱའོ། །དེ་ནས་ཆུ་དེ་དག་སྣོད་གཙང་མ་ཅིག་གི་ནང་དུ་བསྡུས་ལ་སྦྲུལ་དེ་རྣམས་ཀྱང་རིམ་པ་བཞིན་དུ་ཕྱོགས་གཅིག་ནས་བསྡུས་ནས། སྦྲུལ་གྱི་ལྕེའི་ཚོན་སྐུད་རེ་རེ་དང༌། བསྒྲུབ་བྱའི་ལྟེ་བའི་ཚོན་སྐུད་རེ་རེ་ཁ་དོག་མཐུན་པར་སྤྲེལ་ཏེ་དེ་ནས་སྣོད་བཟང་པོ་སྦྲུལ་གྱི་གཟུགས་བརྙན་ཆག་པར་མི་འགྱུར་བ་ཞིག་གི་ནང་དུ་བཅུག་སྟེ། ཀླུ་ཆེན་པོ་མ་རུངས་པ་ཞིག་ཡོད་པའི་ས་ཕྱོགས་ཞིག་ཏུ་ཁྱེར་ཏེ་དོང་ཁྲུ་གང་ཙམ་པ་གཉིས་བྲུས་ནས་དེའི་བར་ཡང་འབྲེལ་མར་བྲུས་ཏེ། བསྒྲུབ་བྱའི་ངོས་སུ་བསྒྲུབ་བྱའི་གཟུགས་བརྙན་གཞག་


DTG048_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་སྦྲུལ་གྱི་གཟུགས་བརྙན་བཅུག་སྟེ། དེར་ཆུ་ཡང་བླུགས་ཏེ་ལེགས་པར་ཁ་བཅད་ལ་སྦས་ཏེ་གཞག །དེ་ནས་དེ་ཕན་ཆད་ས་ཕྱོགས་དེར་སོང་སྟེ་སྦྲུལ་གྱིས་ཕྱོགས་ཀྱི་སྟེང་དུ་སྣོད་གཙང་མའི་ནང་དུ་སྔ་མ་བཞིན་དུ་ཆུའི་ཧོམ་བྱས་ཏེ། སྔ་མའི་ཚིག་གིས་དེ་བཞིན་དུ་བསྒོ་བ་བྱས་ནས་ཀླུ་རྣམས་ནི་ཕྲ་མ་ལ་དགའ་བ་དང༌། སྔོན་དུ་འདྲིས་པ་གཙོར་བྱེད་པ་ཡིན་པས་བསྒྲུབ་བྱ་དེ་དག་ཀླུ་རྣམས་ཀྱིས་འཛིན་པར་འགྱུར་རོ། །དེ་ཡང་སྒྲུབ་པ་པོ་རབ་རྣམས་ཀྱིས་ནི་རྗེས་སུ་བསྐུལ་བས་ཞག་བདུན་བྱས་པས་འཛིན་པར་འགྱུར་རོ། །ཐ་མ་རྣམས་ཀྱིས་ཀྱང་རྗེས་སུ་བསྐུལ་བ་ཟླ་བ་དྲུག་བྱས་པས་འཛིན་པར་འགྱུར་རོ། །སྔོན་དུ་གཏང་པའི་ཆོ་ག་ནི་བྱེ་བྲག་མེད་དོ། །སྦུ་གུ་རིག་པར་བྱ་བ་ཞེས་བྱ་བའི་ཆོ་ག་ལས་བསྒྲུབ་བྱ་ཀླུའི་གདོན་གྱིས་ཟིན་པར་བྱ་བའི་སྦྱོར་བ་རྫོགས་སོ། །།།ད་ནི་སྦུ་གུ་རིག་པར་བྱ་བའི་ཐབས་ཀྱི་ཆོ་ག་ལས། བསྒྲུབ་བྱ་སའི་བདག་པོས་ཟིན་པར་བྱ་བའི་སྦྱོར་བ་བཤད་དེ། དེ་ལ་ཐོག་མར་སྔོན་དུ་བརྗོད་པའི་ཏིང་ངེ་འཛིན་དང་ལྡན་པས་བསྒྲུབ་བྱའི་གཟུགས་བརྙན་སྔ་མ་བཞིན་དུ་བྱའོ། །དེ་ལས་ཅུང་ཟད་བྱེ་བྲག་ཏུ་ན་བསྒྲུབ་བྱའི་ཁང་པ་ལས་ས་བླངས་ཏེ། གྲོག་མཁར་གྱི་ས་དང་ས་གཞན་དུ་ཡང་སྦྱར་ནས། །བསྒྲུབ་བྱའི་ཁང་པའི་གཟུགས་བརྙན་སོར་བཅུ་དྲུག་པ་ཆུ་ཞེང་གབ་པ་ཞིག་བྱའོ། །གཟུགས་བརྙན་དེ་གཉིས་ཀ་ལ་ཡང་སྲོག་ཆགས་སྐྱེ་བས་ཐོབ་པའི་དགྲར་གྱུར་པ་རྣམས་ལས་མཐུ་རྩལ་ཆུང་བ་རྣམས་ཀྱི་སྤུ་རྣམས་ཇི་ལྟར་རྙེད་པ་བླངས་ཏེ་སྦྱར་བར་བྱའོ། །དེ་ནས་བསྒྲུབ་བྱའི་གཟུགས་བརྙན་དེའི་སྙིང་གར་བསྒྲུབ་བྱ་སྐྱེས་པ་དང་བུད་མེད་དང་ཁྱེའུ་དང་བུ་མོ་ལ་སོགས་པ་འཁོར་དང་བཅས་པའི་མིང་དང་རུས་དག་བྲིས་ཏེ་གཞུག་པར་བྱའོ། །དེ་ནས་བསྒྲུབ་བྱ་དེ་ཁང་པའི་དཀྱིལ་དུ་གཞུག་པར་བྱའོ། །ཁང་པ་དེ་ཡང་གློ་སྐར་བཞི་དང་བཅས་པ་མདའ་ཡབ་དང་བཅས་པར་བྱའོ། །སྒོ་ངོས་ཀྱི་གློ་སྐར་གྱི་ནང་ནས་ལྟེ་བའི་ཚོན་སྐུད་དྲངས་ཏེ། སྔ་མ་བཞིན་དུ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་བཞག་ནས། བསྒྲུབ་བྱ་དགུག་པའི་སྦྱོར་བ་ཡང་ནས་ཡང་དུ་བྱའོ། །དེ་ཚེ་སའི་བདག་པོ་མ་རུངས་པ་གནས་པའི་གནས་སྣ་ཚོགས་ནས་ས་བླངས་ལ་ཆ་གསུམ་དུ་བཅད་དེ། ཆ་གཅིག་དངས་བཟང་པོ་


DTG048_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་སྦྱར་ནས་བུམ་པ་བཟང་པོ་ཁྲུ་གང་བའི་ཚད་ཙམ་ཞིག་བྱའོ། །ཆ་གཅིག་ལས་སྡིག་པའི་གཟུགས་བརྙན་ཁྲུ་གང་གི་ཚད་ཙམ་ཞིག་བྱས་ཏེ། དེ་ཡངས་བཟང་པོ་གཞན་དང་གྲོག་མཁར་གྱི་དང་ཡང་སྦྱར་བར་བྱའོ། །ཆ་གཅིག་ལས་དུམ་བྲུག་གསུམ་དུ་བགོས་ཏེ། དུམ་བུ་གཅིག་ལས་ཕག་གི་གཟུགས་བརྙན་བྱའོ། །དུམ་བུ་གཅིག་ལས་བུད་མེད་སྐྲ་ལྷུག་པར་བཤིག་པ་ཞིག་གི་གཟུགས་བརྙན་བྱའོ། །དུམ་བུ་གཅིག་ནི་ས་ཉིད་དུ་གཞག་གོ །དེ་ལ་བུམ་པ་ནི་ཁ་དོག་སེར་པོ་བྱའོ། །སྡིག་པ་ནི་ནག་པོ་ལ་སྔོན་པོའི་ཐིག་ལེ་ཅན་དུ་བྱའོ། །ཕག་ནི་སེར་པོ་ལ་ནག་པོའི་ཐིག་ལེ་ཅན་དུ་བྱའོ། །བུད་མེད་ནི་སེར་པོ་ལ་སྔོན་པོའི་ཐིག་ལེ་ཅན་དུ་བྱའོ། །དེ་ནས་ཕག་དང་བུད་མེད་ཀྱི་གཟུགས་གཉིས་བུམ་པའི་ནང་དུ་གཞག་གོ །གཟུགས་བརྙན་གསུམ་པོ་དེ་དག་ལ་ཡང་སྲོག་ཆགས་སྐྱེ་བས་ཐོབ་པ་དང་ནང་མི་མཐུན་པ་རྣམས་ལས་གཉེན་པོར་གྱུར་པ་རྣམས་ཀྱི་སྦུ་ཇི་ལྟར་རྙེད་པ་དང་ཡང་ལྡན་པར་བྱའོ། །གཞན་ཡང་འབྱུང་ཁུངས་སྣ་ཚོགས་པ་འདི་ལྟ་སྟེ། གསེར་གྱི་འབྱུང་ཁུངས་ཀྱིས་དང༌། གསེར་དང་དེ་བཞིན་དུ་དངུལ་དང༌། ཟངས་དང་ལྕགས་ལ་སོགས་པ་རྣམས་ཀྱི་འབྱུང་ཁུངས་ཀྱིས་དང༌། དེ་དག་གི་རྒྱུ་རྡོ་རྗེ་ཉིད་དང༌། སྔར་གྱི་སའི་དུམ་བུ་གཅིག་བཞག་པ་རྣམས་ལེགས་པར་བཏགས་ཏེ། དེའི་ནང་དུ་བྱུ་རུ་དང་ཤེལ་དང་དུང་ལ་སོགས་ཏེ་རིན་པོ་ཆེ་སྣ་ཚོགས་ཇི་ལྟར་རྙེད་པ་དང་སྦྱར་ནས་བུམ་པའི་ནང་དུ་བླུགས་པར་བྱའོ། །དེ་ནས་རང་གི་གནས་ནས་མི་མཐོང་བའི་ས་ཕྱོགས་ཤིག་ཏུ་དོང་ཞིག་བརྐོས་ཏེ། དེར་བུམ་པ་དེ་བཅུག་ནས་དེའི་མདུན་དུ་སྡིག་པའི་གཟུགས་བཞག་སྟེ། བུམ་པ་དང་མཉམ་པ་ཙམ་དུ་དེ་ཁ་གཅད་པར་བྱའོ། །དེའི་སྟེང་དུ་མཎྜལ་པདྨ་དང་འདྲ་བ་བྱས་ནས། དབུས་ཀྱི་སྙིང་པོ་ཁ་ཅུང་ཟད་ཙམ་ཕྱེ་སྟེ། བུམ་པའི་ནང་སྣང་བར་གྱུར་པ་ཙམ་དུ་བྱའོ། །དེའི་སྟེང་དུ་གུར་ནག་པོ་ཞིག་ཕུབ་སྟེ་དེར་འདུག་ནས། སའི་ཧོམ་གྱི་སའི་བདག་པོ་རྣམས་ཚིམ་པར་བྱའོ། །དེའི་ཆོ་ག་འདི་ཡིན་ཏེ། མཆོད་པའི་རྫས་སྔོན་དུ་བརྗོད་པ་རྣམས་དང༌། ཁྱད་པར་དུ་ཡང་རིན་པོ་ཆེའི་སྣ་ཚོགས་འབྱུང་ཁུངས་ཀྱི་རྡོ་རྣམས་དང་སྦྱར་བ་དང༌། འབྲུ་སྣ་ཚོགས་དང་གོས་ཁ་དོག་མི་མཐུན་པ་སྣ་ཚོགས་པ་བསག་པར་བྱའོ། །དེ་ནས་སྔགས་བ་བདག་ཉིད་ཤར་ཕྱོགས་སུ་འདུག་སྟེ། དྲི་སྣ་ཚོགས་


DTG048_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ལག་པ་བྱུགས། ཁ་དོག་སྣ་ཚོགས་ཀྱི་གོས་གྱོན་ནས་རང་གི་ལྷའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །དེ་ནས་བུམ་པའི་ནང་དུ་ཡི་གེ་བ་ཁ་དོག་སེར་པོ་ཞིག་ལས་སའི་བདག་པོ་ཕག་ཆེན་པོ་ཞེས་བྱ་བ་ཕག་སེར་ཁྲ་ལ་ཞོན་པ། ཁ་དོག་སེར་ཁྲ་ཕག་གི་མགོ་ཅན་ལག་ན་ལྕགས་ཀྱུ་དང་ཕག་གི་མཆེ་བ་ཐོགས་པ་བསམ་མོ། །དེའི་གཡོན་ངོས་སུ་ཡང་སའི་བདག་མོ་པདྨ་ལི་ཞེས་བྱ་བ། མདོག་དམར་སེར་ལ་རིས་བཀྲ་བ་ལག་ན་གསེར་གྱི་བུམ་པ་ཐོགས་པ་ཞིག་བསམ་མོ། །དེ་དག་གི་མདུན་དུ་དུས་ཐམས་ཅད་ཀྱི་སྲུང་མ་བྲྀཙྪི་ཀ་ཞེས་བྱ་བ། ལུས་ལྕགས་ཀྱི་སྡིག་པ་ཆེན་པོ་རྭ་དང་ཡན་ལག་དང་མཇུག་མ་རྣམས་ཀྱང་གནམ་ལྕགས་འབར་བ་ལས་གྲུབ་པ་རྣོ་བ་གདུག་པ་ས་ཐམས་ཅད་བདག་གིར་བྱེད་ཅིང་སྲུང་བ་ཞིག་ཡི་གེར་བྲིས་ལ་བསམ་པར་བྱའོ། །དེ་ནས་བདག་གི་ཡེ་ཤེས་ཀྱི་འོད་ཟེར་འོག་གི་ཕྱོགས་སུ་འཕྲོས་པས། འོག་གི་ཕྱོགས་ནས་སའི་བདག་པོ་རྣམས་ཇི་ལྟར་བསམས་པ་དེ་འདྲ་བ་སྤྱན་དྲངས་པར་བསམ་ཞིང༌། ཨོཾ་བྷུ་ཨ་དྷི་པ་ཏི་མ་ཧཱ་བཱ་རཱ་ཧཱ་པདྨ་མཱ་ལི་ནི་ཙ་ཨཱ་ཀཪྵ་ཡ་ཛཿ་ཧཱུཾ་བཾ་ཧོཿ། ཞེས་བརྗོད་ཅིང༌། ལྕགས་ཀྱུའམ་བུམ་པའི་ཕྱག་བརྒྱ་བཅས་ཏེ་སྤྱན་དྲངས་པས། སྔར་བསྐྱེད་པ་དང་གཉིས་སུ་མེད་པར་འགྱུར་བར་བསམ་མོ། །དེ་ནས་ཨརྒྷ་ལ་སོགས་པ་མཆོད་པའི་རྫས་རྣམས་ལ་བུམ་པའི་ཕྱག་རྒྱས་བཟུང་སྟེ། གསང་སྔགས་གོང་མ་ཉིད་ལས། ཨཱ་ཀཪྵ་ཡ། ལ་སོགས་པའི་གནས་སུ་མ་ཧཱ་པཱུ་ཛ་མེ་གྷ་ས་མ་ཡེ་སྭཱ་ཧཱ། ཞེས་བྱ་བའི་གསང་སྔགས་ཀྱིས་བསྐུལ་བར་བྱའོ། །དེ་ལྟར་མཆོད་པས་བུམ་པ་དེ་ཉིད་རིན་པོ་ཆེ་གཏེར་གྱི་ས་གཞི་ཆེན་པོ་ལ། འདོད་པའི་ཡོན་ཏན་སྣ་ཚོགས་ཀྱིས་ཕུན་སུམ་ཚོགས་པར་ལྡན་པའི་གནས་ན། སའི་བདག་པོ་རྣམས་ཤིན་ཏུ་ལོངས་སྤྱོད་པར་བསམ་མོ། །འདི་ལྟར་ཞག་གསུམ་མམ་ལྔ་འམ་བདུན་གྱི་བར་དུ་བྱས་ན་དེ་ནས་བུམ་པ་དང་སྡིག་པའི་གཟུགས་སུ་བཅས་པ་དེ་ནས་བླངས་ཏེ། སྔོན་གྱི་བསྒྲུབ་བྱའི་གཟུགས་བརྙན་དང་བཅས་པ་ཁྱེར་ནས། ས་བདག་མ་རུངས་པ་ཡོད་པའི་གནས་ཤིག་ཏུ་ངོང་རིང་པོ་བྲུས་ཏེ། དང་པོར་བུམ་པ་བཅུག་ལ་བུམ་པ་དང་མཉམ་པོ་ཙམ་དུ་སས་ལེགས་པར་དགང་བར་བྱའོ། །དེའི་སྟེང་དུ་སྡིག་པའི་གཟུགས་བསྒྲུབ་བྱའི་


DTG048_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཕྱོགས་སུ་ཁ་བསྟན་ཏེ་བཞག་ལ། དེའི་རྭ་བར་དུ་བསྒྲུབ་བྱ་མཁར་དང་བཅས་པ་བཅུག་ནས། བསྒྲུབ་བྱའི་ལྟེ་བའི་ཚོན་སྐུད་རྣམས་སྡིག་པའི་ཁར་བཅུག་སྟེ་གཞག་གོ །དེའི་བར་དུ་བསྒྲུབ་བྱའི་ཕ་དང་མ་དང་མེས་པོ་ལ་སོགས་པ་རྣམས་ཀྱི་མིང་དང་རུས་པ་ལ་སོགས་པ་རྙེད་ཀྱང་རུང༌། དེ་དག་རས་ཀྱི་ནང་དུ་དྲིལ་ཏེ། ཆེ་གེ་མོ་རྣམས་ཀྱི་གནས་རྟག་ཏུ་འདིར་འཆའ་བ་ཡིན་ནོ་ཞེས་བྱ་བའི་ཡི་གེ་ཡང་བྲིས་ལ་དེ་དག་དེའི་རྭ་བར་དུ་ལྷན་ཅིག་ཏུ་བཅུག་སྟེ། ལེགས་པར་སྦས་ཏེ་གཞག་པར་བྱའོ། །དེ་ནས་རང་གིས་ཁྱིམ་དུ་འོངས་ཏེ་སྲོག་ཆགས་སྐྱེ་བས་ཐོབ་པའི་ནང་མི་མཐུན་པ་གཉིས་ཀྱི་གཟུགས་ཁ་སྤྲོད་དུ་བྲིས་ཏེ། དེའི་བར་དུ་ཐབ་ཁུང་གཅན་གཟན་ཁྲོ་བོའི་ཁ་འདྲ་བ་བྱས་ནས། དེའི་ནང་དུ་ཤིང་རྩུབ་པ་བརྫངས་ཏེ་མི་ནང་མི་མཐུན་པ་གཉིས་ཀྱི་ཁྱིམ་ནས་མེ་བླངས་ནས། སྲོག་ཆགས་སྐྱེ་བས་ཐོབ་པའི་ནང་མི་མཐུན་པ་རྣམས་ཀྱི་ཤ་དང་ཁྲག་དང་རུས་པ་དང༌། སྤུ་དང་པགས་པ་རྣམས་ལ་རྩ་བའི་སྔགས་བསྐུལ་བ་དང་བཅས་པ་བཟླས་ཤིང་སྤྱིན་སྲེག་བྱས་ན། སྙིང་སྟོབས་ཅན་ཁ་ཅིག་གིས་ཞག་བདུན་རྗེས་སུ་བསྐུལ་བས་བསྒྲུབ་བྱ་སའི་བདག་པོས་གཟུང་བར་འགྱུར་རོ། །ཐ་མ་ཡང་ཟླ་བ་དྲུག་རྗེས་སུ་བསྐུལ་བ་བྱས་པ་ས་དེ་བཞིན་དུ་གཟུང་བར་འགྱུར་རོ། །དེ་ལ་བསྐུལ་བའི་སྔགས་ནི་འདི་ཡིན་ཏེ། ཆེ་གེ་མོ་དང་ས་བདག་རྣམས་དེ་ཤ་ཡ་ཛུ་ད་ཡ་ཕཊ་ཅེས་བྱ་བ་འདི་རྩ་བའི་སྔགས་ཀྱི་རྗེས་སུ་བསྐུལ་བས། དེ་དག་ཤིན་ཏུ་འཁྲུག་པས་འཐབ་པར་བསམ་པར་བྱའོ། །སྦུ་གུ་རིག་པར་བྱ་བ་ཞེས་བྱ་བའི་ཆོ་ག་ལས། བསྒྲུབ་བྱ་སའི་བདག་པོས་ཟིན་པར་བྱ་བ་ཞེས་བྱ་བའི་སྦྱོར་བ་བསྟན་པ་རྫོགས་སོ།། །།

སྒྲུབ་བྱ་མ་མོའི་གདོན་གྱིས་ཟིན་པ་བྱ་བའི་སྦྱོར་བ་བསྟན་པ།


DTG048_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་སྦུ་གུ་རིག་པར་བྱ་བའི་ཆོ་ག་ལས། བསྒྲུབ་བྱ་མ་མོའི་གདོན་གྱིས་ཟིན་པར་བྱ་བའི་སྦྱོར་བ་བཤད་པར་བྱ་སྟེ། དང་པོ་ཉིད་དུ་གང་ཡང་རུང་བའི་གནས་སུ་རྡོ་རྗེའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བསྒོམས་ནས་རྩ་བའི་གསང་སྔགས་བཟླས་བརྗོད་བྱེད་ཅིང་སེམས་བརྟན་པར་གྱུར་པར་བྱའོ། །དེ་ནས་མ་མོའི་གནས་སུ་སོང་ནས། ཐབ་ཁུང་ཟླ་གམ་དུ་ཤིང་དམར་པོ་ལ་མེ་སྤར་ཏེ་རྫས་ཁ་དོག་དམར་པོ་རྣམས་ཀྱིས་ཉི་མ་རེ་རེ་སྤྱིན་སྲེག་བརྒྱ་རྩ་བརྒྱད་བྱའོ། །དེ་ལྟར་ཉི་མ་བརྒྱ་རྩ་བརྒྱད་ཀྱི་བར་དུ་བྱས་ནས། དེ་ནས་བསྒྲུབ་བྱའི་གཟུགས་བརྙན་སྔ་མ་བཞིན་དུ་


DTG048_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཏེ། གྲོ་ག་འམ་ཤོག་ཤོག་ལ་བུད་མེད་ཀྱི་གཟུགས་ཁྲོས་པ། ཁ་དོག་དཀར་པོ་དང༌། དམར་པོ་དང༌། སེར་པོ་དང༌། ནག་པོ་དང་བཞི་བྱས་ལ་ལྟེ་བའི་ཚོན་སྐུད་དང༌། ཁ་དོག་མཐུན་པར་གུ་གུལ་གྱིས་བུད་མེད་ཀྱི་ཁ་དང་སྦྱར་ཏེ་གཞག་གོ །དེ་ནས་བུད་མེད་ཀྱི་ཐོད་པ་བཀྲ་མི་ཤིས་པ་ཞིག་གི་ནང་དུ་བསྒྲུབ་བྱའི་གཟུགས་བརྙན་བཅུག་སྟེ། དེའི་སྟེང་ནས་བུད་མེད་ཀྱི་གཟུགས་བརྙན་བཞག་ནས། དུག་སྣ་ཚོགས་དང་ཁྲག་ཀྱང་བླུགས་པར་བྱའོ། །སྐྱེ་ཚེ་འམ་ཡུངས་ཀར་ནག་ལ་རྩ་བའི་སྔགས་བསྐུལ་བ་དང་བཅས་པ་ཅི་ནུས་བཟླས་ཏེ་ཡང་བླུགས་པར་བྱའོ། །དེ་ནས་རྡོ་ལེབ་ལ་རྡོ་རྗེ་རྒྱ་གྲམ་བྲིས་པས་ཁ་བཅད་ནས་ལེགས་པར་སྦས་ཏེ། དེའི་སྟེང་དུ་ཐབ་ཁུང་གྲུ་གསུམ་དུ་འདུག་པའི་ཤིང་ལས་མེ་སྦར་ལ། ཤ་སྣ་ཚོགས་ཀྱི་སྤྱིན་སྲེག་ཉི་མ་ཉི་ཤུ་རྩ་གཅིག་ཏུ་བྱའོ། །དེ་ནས་ཤ་ཆེན་པོའི་སྤྱིན་སྲེག་ཉི་མ་བདུན་དུ་བྱའོ། །གསང་སྔགས་ནི་ཆེ་གེ་མོ་གྲྀཧྞཱ་མ་མི་ཧཱ་མཱ་ཏྲི་ག་ཎེ་ན་ཧཱུཾ་ཕཊ། ཅེས་བྱ་བ་རྩ་བའི་གསང་སྔགས་ཀྱི་རྗེས་སུ་བརྗོད་པ་ནི་ཤའི་སྤྱིན་སྲེག་གི་གསང་སྔགས་སོ། །མཱ་ཏྲི་ག་ཎ་བ་ཤཾ་མཱ་ནཱ་ཡ་སྭཱ་ཧཱ། ཞེས་བྱ་བ་རྩ་བའི་གསང་སྔགས་ཀྱི་རྗེས་སུ་བརྗོད་པ་ནི་དབང་དུ་བྱ་བའི་སྔགས་སོ། །འདི་ནི་སྔོན་དུ་མ་མོ་དབང་དུ་བྱ་བའི་སྤྱིན་སྲེག་ལ་སྦྱར་བར་བྱའོ། །དེ་ནས་མ་མོའི་གདོན་གྱིས་ཟིན་པར་འགྱུར་རོ། །གལ་ཏེ་དེས་ཀྱང་འཛིན་དུ་མ་བཏུབ་ན་སྔགས་པ་གཅེར་བུར་བྱུང་སྟེ། སྐྲ་ལྷུག་པར་བཤིག་ནས། ལུས་ཁྲག་སྣ་ཚོགས་ཀྱིས་བསྐུས་ཏེ། གདོང་ཤིན་ཏུ་བསྒྱུར་བས་གསང་སྔགས་ཟློས་ཤིང་གཡོན་བརྐྱང་བའི་སྟབས་ཀྱིས་ཐོད་པ་མནན་ཏེ། །སེམས་རབ་ཏུ་ཁྲོས་པས་གཤིན་རྗེ་གཤེད་པོའི་སྐུར་བསྒོམས་ནས། འདི་ལྟ་བུའི་སྦྱོར་བ་ཉི་མ་བདུན་གྱིས་དེ་མ་མོའི་གདོན་གྱིས་ཟིན་པར་འགྱུར་རོ། །ཐ་མ་རྣམས་ཀྱང་ཟླ་བ་དྲུག་གིས་ཟིན་པར་འགྱུར་རོ། །ཕྱིས་ལས་གྲུབ་པར་གྱུར་ནས་དེ་དག་ཕྱུང་སྟེ་འོ་མས་བཀྲུ་བར་བྱའོ། །སྦུ་གུ་རིག་པའི་ཆོ་ག་ལས། བསྒྲུབ་བྱ་མ་མོའི་གདོན་གྱིས་ཟིན་པར་བྱ་བའི་སྦྱོར་བ་རྫོགས་སོ།། །།

བསྒྲུབ་བྱ་མ་མོའི་གདོན་གྱིས་ཟིན་པ་བྱ་བའི་སྦྱོར་བ་བསྟན་པ།


DTG048_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་སྦུ་གུ་རིག་པར་བྱ་བའི་ཆོ་ག་དང༌། བསྒྲུབ་བྱ་སྨྱོ་འདྲེས་ཟིན་པར་བྱ་བའི་སྦྱོར་བ་བཤད་དེ། དང་པོ་སྔགས་པ་བདག་ཉིད་ཀྱིས་རྡོ་རྗེ་དཀྱིལ་འཁོར་ལེགས་པར་བརྟན་པར་བསྒོམས་ཤིང་


DTG048_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་ལེགས་པར་བཟླས་ཏེ་དྲོད་ཐོབ་པར་བྱས་ནས་དེ་ནས་བསྒྲུབ་བྱའི་ལིངྒ་སྔ་མ་བཞིན་བྱས་ཏེ། འབྱུང་པོ་སྨྱོ་འདྲེ་གནས་པའི་སར་སོང་ནས་ཤིང་ལེབ་དཀར་པོ་བཟང་པོ་ཞིག་ལ། རྩེ་མོ་ངོས་སུ་སྨྱོ་འདྲེ་ཁ་དོག་དཀར་པོ་ལ་ལག་ན་ཤིང་རིང་རི་མོ་སྣ་ཚོགས་པ་ཐོགས་ཤིང་གར་བྱེད་པ་བཞིན་མཚལ་གྱིས་བྱུགས་ཤིང་བརྐོས་པ། སྙིང་ག་ནས་ཡི་གེ་བྷུ་ཞེས་བྱ་བ་གནས་པ་ཞིག་བྲིའོ། །སྦ་བའི་རྩར་བསྒྲུབ་བྱའི་གཟུགས་བརྙན་སྐུད་པ་ནག་པོས་ཤིང་ལེབ་དང་བཅིང་བར་བྱའོ། །བསྒྲུབ་བྱའི་ལྟེ་བའི་ཚོན་སྐུད་འབྱུང་པོའི་རྐང་པ་ལ་གུ་གུལ་གྱིས་སྦྱར་བར་བྱའོ། །དེ་ནས་ཤིང་ལེབ་དེ་དོང་དུ་བཅུག་སྟེ་ལེགས་པར་ཁ་གཅད་པར་བྱའོ། །དེའི་སྟེང་དུ་ཐབ་ཁུང་ཟླ་གམ་བྱས་ཏེ། ཤིང་སྣ་ཚོགས་ལ་མེ་སྤར་ནས་ཁ་ཟས་སྣ་ཚོགས་ཀྱི་སྤྱིན་སྲེག་བྱས་ཏེ། གསང་སྔགས་ཧེ་མ་ཧཱ་བྷཱུ་ཏ་ཆེ་གེ་མོ་ཞེས་བྱ་བ་ཨི་དཾ་དུ་ཥྚཱཾ་གྲྀཧྞ་ཧཱུཾ་ཕཊ། ཅེས་བྱ་བ་རྩ་བའི་གསང་སྔགས་ཀྱི་རྗེས་སུ་བསྐུལ་བས་སྤྱིན་སྲེག་བྱའོ། །འདི་ཡང་སྔ་མ་བཞིན་དུ་ཞག་བདུན་ནམ་ཟླ་བ་དྲུག་གིས་འཛིན་པར་འགྱུར་ཏེ། གལ་ཏེ་སྒྲུབ་པ་པོ་སེམས་སྟོབས་ཆུང་བའི་དབང་གིས་དེས་འཛིན་དུ་མ་བཏུབ་ན་དེ་ཕྱིན་ཆད་ཀྱང་འཛིན་པར་མི་བྱེད་དོ། །སྒྲུབ་པ་པོ་ཉིད་ཀྱང་བཀྲ་མི་ཤིས་པར་བྱེད་དོ། །སྦུ་གུ་རིག་པར་བྱ་བ་ཞེས་བྱ་བའི་ཆོ་ག་ལས། བསྒྲུབ་བྱ་འབྱུང་པོ་སྨྱོ་འདྲེས་ཟིན་པར་བྱ་བའི་སྦྱོར་བ་རྫོགས་སོ།། །།

དེ་དག་བསྡུས་ཏེ་བསྟན་པ།


DTG048_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་ཆེན་པོ་བཞི་པོ་འདི་དག་ཀྱང་སྒྲུབ་པ་པོས་སྤྱིན་སྲེག་དང་མཆོད་པ་ལ་སོགས་པའི་སྒོ་ནས་མགུ་བར་གྱུར་པས་སྒྲུབ་པ་པོ་ལ་ཕན་འདོགས་པ་འབའ་ཞིག་ཏུ་མ་ཟད་ཀྱི། འདི་ལྟར་ཀླུའི་གདོན་ནི་ཕྲ་མོའི་སྒོ་ནས་གཞན་ལ་གནོད་པའི་ལས་བྱེད་དོ། །སའི་གདོན་ནི་བརྣབ་སེམས་དང་ཕྲག་དོག་གི་སྒོ་ནས་གཞན་ལ་གནོད་པའི་སྦྱོར་བ་བྱེད་དོ། །མ་མོའི་གདོན་ནི་ཆགས་སེམས་ཀྱི་སྒོ་ནས་གཞན་ལ་གནོད་པའི་སྦྱོར་བ་བྱེད་དོ། །འབྱུང་པོའི་གདོན་ནི་གནོད་སེམས་ཀྱི་སྒོ་ནས་གཞན་ལ་གནོད་པའི་སྦྱོར་བ་བྱེད་དེ། དེ་བས་ན་གདོན་ཆེན་པོ་འདི་དག་ལས་མྱུར་བར་བྱེད་པ་ཡིན་ཡང་ལས་རྟག་ཏུ་བརྟན་པར་བྱེད་པ་ཡང་མ་ཡིན་ལ། སྒྲུབ་པ་པོ་བཀྲ་ཤིས་པར་བྱེད་པ་ཡང་མ་ཡིན། འོན་ཀྱང་བྱེ་བྲག་ནི་ཡོད་པ་ཡིན་ཏེ། འབྱུང་པོ་ནི་བློ་སྣ་ཚོགས་ཅན་ཏེ་དེས་ལེགས་པ་བརྟན་པར་མི་བྱེད་དོ། །ས་བདག་ནི་རང་འཛིན་ཅན་ཏེ་འགྲོགས་ན་བདེ་


DTG048_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་པ་མ་ཡིན་ནོ། །ཀླུ་ནི་བླུན་ཞིང་རྒྱུད་གཅིག་པ་སྟེ། ཐོག་མར་འདྲིས་ཤིང་དགའ་བར་འགྱུར་བ་དཀའ་བའོ། །མ་མོ་ནི་དགའ་ཆེ་བ་སྟེ། རྟག་ཏུ་དེའི་སེམས་གཟུང་བར་དཀའོ། །དེ་བས་ན་སྒྲུབ་པ་པོ་རྣམས་ཀྱིས་རང་གི་ནུས་པ་དང་སྦྱར་ཏེ་ཆོ་ག་རྣམས་ལ་སྦྱར་པར་བྱའོ། །སྦུ་གུ་རིག་པ་ཞེས་བྱ་བའི་ཐབས་ཀྱི་ཆོ་ག་སྦྱོར་བ་དང་བཅས་པ་བསྟན་པ་རྫོགས་སོ།། །།

༢ གནད་ཀྱི་གནས་རྣམས་ཡོངས་སུ་གཟིར་བ་གདུག་པ་འདུལ་བའི་སྦྱོར་བ་བསྟན་པ།


DTG048_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གནད་རྣམས་གཟིར་བ་ཡི། །ཆོ་ག་ཡང་ནི་བཤད་པར་བྱ། །རྡོ་རྗེའི་དཀྱིལ་འཁོར་བསྒོམ་བྱས་ཏེ། །གསང་སྔགས་ཚུལ་བཞིན་བཟླས་བྱས་ནས། །ཡི་དམ་བཅས་པ་རྫོགས་ནས་ཀྱང༌། །དུར་ཁྲོད་ལ་སོགས་སོང་ནས་ནི། །ཕུར་བུ་དཔལ་རྩེ་མདུང་ལ་སོགས། །ཁྲག་ཆེན་གྱིས་ནི་བསྐུས་ནས་ཀྱང༌། །གུ་གུལ་ནག་པོས་བདུག་པར་བྱ། །རུས་པ་དག་གི་རྒྱན་ཡང་གདགས། །མཎྜལ་ཁྲག་གིས་བྱུགས་པ་ཡི། །སྟེང་དུ་ལེགས་པར་གཟུགས་པར་བྱ། །མི་ཡི་ཚིལ་ལས་བྱས་པ་ཡི།། མར་མེ་དག་ཀྱང་ཕུལ་ནས་ནི། །མེ་ཏོག་ནག་པོ་གཏོར་ནས་ཀྱང༌། །དེ་ནས་གསང་སྔགས་བཟླས་པ་བརྩམ། །གལ་ཏེ་གྲུབ་པར་གྱུར་ན་ནི། །དེ་ནི་དངོས་གྲུབ་ཅན་དུ་འགྱུར། །གྲུབ་པ་དག་ཏུ་མ་གྱུར་ཀྱང༌། །མནན་རྣམས་གཟིར་བར་གདོན་མི་ཟ། །མནན་དང་གཟིར་བའི་ཐབས་ཀྱི་ཆོ་ག་ནི་འདི་ཡིན་ཏེ། དང་པོར་སྔགས་པས་བསྙེན་པའི་ཆོ་ག་ཇི་ལྟར་ནུས་པ་བཞིན་དུ་བྱས་ཏེ། ཇི་ལྟར་རང་གི་དམ་བཅས་པ་རྫོགས་པར་གྱུར་པ་དང༌། ནག་པོའི་ཕྱོགས་ཀྱི་ཚེས་བརྒྱད་དམ་བཅུ་བཞི་ལ་དུར་ཁྲོད་ལ་སོགས་པའི་གནས་སུ་སོང་སྟེ། ཁྲག་གིས་བསྒོས་པའི་མཎྜལ་གྲུ་གསུམ་ཞིག་བྱས་ནས། དེར་ཕུར་བུ་འམ་རྩང་ཆེན་ནམ། མདུང་ཐུང་རྣམས་བཟོ་བོ་མཁས་པས་ལེགས་པར་བྱས་པ་གང་ཡང་རུང་བ་ལྔ་འམ་དགུ་གཞག་པར་བྱའོ། །དེའི་ཕྱི་རོལ་དུ་ལྕགས་ཀྱི་ཚེར་མ་འམ། པོ་སོན་ཆའི་ཚེར་མ་འམ་གདུག་པ་རྣམས་ལ་དུག་དང་ཁྲག་གིས་བསྒོས་པའང་གཞག་པར་བྱའོ། །ཕུར་བུ་ལ་སོགས་པ་གང་ཡོད་པ་དེ་ལ་ཁྲག་ཆེན་པོས་བསྐུས་ཏེ། མི་རུས་ཀྱི་རྒྱན་ཡང་གདགས་ཤིང༌། གུ་གུལ་ནག་པོའི་སྤོས་ཀྱིས་ཀྱང་བདུགས་ཏེ་གཞག་གོ །ཕྱོགས་རྣམས་སུ་ཡང་ཚིལ་ཆེན་པོའི་མར་མེ་དང༌། མེ་ཏོག་དུག་གིས་བསྒོས་པ་དང༌། ཆང་དང་མིའི་ཁྲག་སྦྱར་པའི་ཨརྒྷ་དང༌། ཁྲག་


DTG048_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་དང་སྦྱར་བའི་གཏོར་མ་རྣམས་ཀྱང་གཞག་གོ །དེ་ནས་སྔགས་པ་བདག་ཉིད་གོས་ནག་པོ་གོན་སྐྲ་ལྷུག་པར་བཤིག་སྟེ། ལག་པ་ཁྲག་གིས་བསྐུས་ནས་རྡོ་རྗེའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་བསྒོམ་པར་བྱའོ། །དེ་ནས་ཁྲོ་བོ་གཤིན་རྗེ་གཤེད་པོ་ཡང་མཚོན་ཆ་ལ་སྤྱན་དྲངས་ཏེ་མཆོད་པར་བྱའོ། ཡང་ན་མཚོན་ཆ་དེ་དག་ལ་སྤྱིན་སྲེག་གིས་ཀྱང་མཆོད་པར་བྱའོ། །དེ་ནས་མཚོན་ཆ་དེའི་སྤྱི་བོར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཡི་གེ་ཡ་འོད་འབར་བ་ཁ་དོག་ནག་བོ་ཞིག་བསྒོམ་པར་བྱའོ། །དེའི་རྐེད་པ་ལ་ཤར་ཕྱོགས་སུ་ཀྵ་དཀར་པོ། ལྷོ་ཕྱོགས་སུ་མ་སེར་པོ། ནུབ་ཕྱོགས་སུ་མེ་དམར་པོ། བྱང་ཕྱོགས་སུ་ད་ལྗང་གུ། དེ་དག་ཀྱང་ཉི་མའི་དཀྱིལ་འཁོར་ལ་གནས་པ་འོད་འབར་བའོ། །རྩེ་མོའི་ཆ་ལ་ཤར་ཕྱོགས་སུ་ཡ་དཀར་པོ། ལྷོ་ཕྱོགས་སུ་ཙྪ་སེར་པོ། ནུབ་ཕྱོགས་སུ་ནི་དམར་པོ། བྱང་ཕྱོགས་སུ་ར་ལྗང་གུ། དེ་དག་ཀྱང་ཉི་མའི་དཀྱིལ་འཁོར་ལ་གནས་པ་འོད་འབར་བའོ། །རྩེ་མོ་ཉིད་དུ་ཕཊ་ནག་པོ་འོད་འབར་བ་བསམ་སྟེ། མཚོན་ཆ་དེ་དག་ཀྱང་ཤིན་ཏུ་གཟི་བྱིན་དང་ལྡན་པར་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་སྔགས་པ་བདག་ཉིད་རྩ་བའི་གསང་སྔགས་ཇི་ལྟ་བ་བཞིན་དུ་བརྗོད་པས་བསྐུལ་བས། རང་གི་སྙིང་གའི་ཡི་གེའི་ས་བོན་ལས་འོད་ཟེར་ལས་མཚོན་ཆ་ཇི་འདྲ་བ་དེ་ལྟ་བུར་གྱུར་ཏེ། ཕྱོགས་ཐམས་ཅད་དུ་འཕྲོས་པས་སངས་རྒྱས་རྣམས་ལ་ཕོག་སྟེ། འོད་དུ་གྱུར་ནས་མཚོན་ཆ་ལ་འདུས་ཏེ་སླར་འདུས་ནས། མདུན་གྱི་མཚོན་ཆ་ལ་ཐིམ་པར་བྱའོ། །འདི་ལྟ་བུ་དང་ལྡན་པའི་བཟླས་བརྗོད་ཇི་ལྟར་དམ་བཅས་པ་བཞིན་དུ་བྱེད་པ་ནི་མཚོན་ཆ་སྒྲུབ་པའི་ཆོ་གའོ། །གལ་ཏེ་མཚན་མ་བྱུང་ན་ནི་རང་གི་ལྷ་ལ་འདུད་པའི་བསམ་པས་མཚོན་ཆ་དེ་ལག་ཏུ་བླངས་པས་དངོས་གྲུབ་ཅན་དུ་འགྱུར་རོ། །གལ་ཏེ་མཚན་མ་མ་བྱུང་ན་ཡང་ཐ་མལ་བར་མི་གཞག་པར་ཇི་ལྟ་བ་བཞིན་དུ་བླངས་ཏེ། སྣོད་བཟང་པོར་སྦས་ལ་ཕྱིས་ལས་ལ་སྦྱར་བར་བྱའོ། །གལ་ཏེ་དེ་ཉིད་ཀྱི་ཚེ་ལས་ལ་སྦྱོར་བར་འདོད་ན། མཚན་མ་ཐོབ་པ་རྣམས་ཀྱིས་ནི། མཚོན་ཆ་གཟས་པ་ཙམ་གྱིས་ལས་གྲུབ་པར་འགྱུར་རོ། །མཚན་མ་མ་ཐོབ་པ་རྣམས་ཀྱིས་བྱ་བའི་ཆོ་ག་ནི་འདི་ཡིན་སྟེ། བསྒྲུབ་བྱའི་རྗེས་དང་དྲི་མ་ལ་སོགས་པ་ཇི་ལྟར་རྙེད་པའི་རྫས་རྣམས་དང༌། དུར་ཁྲོད་ཀྱི་ས་དང་ཐལ་བ་རྣམས་སུ་སྦྱར་ཏེ། བསྒྲུབ་བྱའི་གཟུགས་བརྙན་སོར་བརྒྱད་པ་ཞིག་བྱའོ། །དེའི་


DTG048_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་ཡང་དུག་དང་སྐྱེ་ཚེ་དང༌། ལན་ཚྭ་དང༌། མི་དང་ཁྱིའི་ཁྲག་རྣམས་སྦྱར་ཏེ་བླུགས་པར་བྱའོ། །མིང་དང་རུས་ཀྱང་གྲོ་བའམ་ཤོག་ཤོག་ལ་བྲིས་ཏེ་གཞག་པར་བྱའོ། །ཕྱི་རོལ་དུ་འང་དུར་ཁྲོད་ཀྱི་སོལ་བ་དང་དུག་དང་ཁྲག་གིས་བསྐུ་བར་བྱའོ། །དེ་ནས་གཟུགས་བརྙན་དེ་སྐུད་པ་ནག་པོ་ས་བཏགས་ཏེ་མཎྜལ་གྱི་དབུས་སུ་གན་རྐྱལ་དུ་མགོ་ལྷོར་བསྟན་ཏེ་བཞག་ལ་དགུག་པའི་སྦྱོར་བ་ཇི་ལྟར་ནུས་པས་བསྒྲུབ་བྱ་བཀུག་སྟེ། གཟུགས་བརྙན་ལ་ཕབ་སྟེ་གཞུག་པར་བྱའོ། །དེ་ནས་དབུས་ཀྱི་མཚོན་ཆ་བླངས་ཏེ་སྙིང་གར་གདབ་པར་བྱའོ། །དེ་བཞིན་དུ་ཤར་ཕྱོགས་ཀྱི་བླངས་ཏེ་དཔྲལ་བར་གདབ་བོ། །ལྷོ་ཕྱོགས་ཀྱི་བླངས་ཏེ་ལྟེ་བར་གདབ་བོ། །ནུབ་ཕྱོགས་ཀྱི་བླངས་ཏེ་མགྲིན་པར་གདབ་པོ། །བྱང་ཕྱོགས་ཀྱི་བླངས་ཏེ་གསང་གནས་སུ་གདབ་པོ། །གལ་ཏེ་དགུ་ཡོད་ན་ནི་ལྷག་མ་བཞི་ཡན་ལག་བཞི་ལ་གདབ་པོ། །ཚེར་མའི་ཚོགས་ཐམས་ཅད་ནི་དབང་པོའི་གནས་ཐམས་ཅད་དང༌། ཚིགས་ཆེན་པོ་རྣམས་ནས་བརྩམས་ནས་ཚིགས་ཕྲ་མོ་ཐམས་ཅད་དང་མཐར་ལུས་མ་ལུས་པར་ཡོངས་སུ་གང་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་དབུས་སམ་ཕྱི་རོལ་གྱི་གྲྭའམ། ཡང་ན་ཇི་ལྟར་བདེ་བའི་གནས་ཤིག་ཏུ་དོང་གྲུ་གསུམ་ཞིག་བརྐོས་ཏེ། དེའི་ནང་དུ་བུད་མེད་ཀྱི་བྷནྡྷ་བཀྲ་མི་ཤིས་པ་ཞིག་གི་ནང་དུ་བཅུག་ནས། སྐྱེས་པའི་བྷནྡྷ་བཀྲ་མི་ཤིས་པ་ཞིག་གིས་སྟེང་ནས་བཀབ་སྟེ། དོང་དེ་ཡང་མགལ་དུམ་དང་ཚེར་མ་དང་སོལ་བ་དང༌། རུས་པ་སྣ་ཚོགས་བརྡུངས་པའི་དུམ་བུ་དང༌། དུག་གི་ལོ་མ་དང༌། སྨད་འཚོང་མའི་སྨད་དཀྲིས་དང༌། ལམ་པོ་ཆེའི་རྡུལ་རྣམས་གྱིས་བཀང་ནས། ལེགས་པར་སྦས་པའི་སྟེང་དུ་སྣ་ཚོགས་རྡོ་རྗེ་ཞིག་བྲིས་ཏེ། དེའི་འོག་ཏུ་སྔགས་པ་གཡས་བརྐྱང་བའི་སྦྱོར་བ་གནས་ནས་གཟིར་ཅིང་གསང་སྔགས་དེ་ཉིད་བཟླས་ན་གནད་ཀྱི་གནས་ཡོངས་སུ་གཟིར་བར་འགྱུར་ཏེ། གང་དང་གང་གི་མི་ལྡན་པ་དེ་དང་དེ་ཐམས་ཅད་བརླག་པར་འགྱུར་རོ། །ཇི་སྲིད་ལས་གྲུབ་པར་མ་གྱུར་པ་དེ་སྲིད་དུ་སྦྱོར་བ་གཏང་བར་མི་བྱའོ། །ལས་གྲུབ་པར་གྱུར་ནས་དེ་དག་སླར་ཕྱུང་སྟེ། ཕུར་བུའམ་རྩང་ལ་སོགས་པའི་མཚོན་ཆ་རྣམས་ནི་ཕྱུང་ལ་འོ་མས་བཀྲུས་ཏེ། སྤྱིན་སྲེག་གིས་མཆོད་ནས་གཞག་གོ །ལིངྒ་ནི་འོ་མས་བཀྲུས་ལ་སྡིག་པ་སྲེག་པའི་སྤྱིན་སྲེག་གམ། ཡང་ན་ཆུ་ཀླུང་དུ་དོར་ཏེ་བསོད་ནམས་


DTG048_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ་པའི་ལས་བྱའོ། །ཐོད་པ་དང་སོལ་བ་ལ་སོགས་པའི་རྫས་གཞན་རྣམས་ནི་ཕྱི་རོལ་གྱི་གནས་ཤིག་ཏུ་སྦས་ཏེ། དུས་ཕྱིས་དགོས་ན་དེ་ཉིད་ནས་བླང་བར་བྱའོ། །དོང་དེ་ཉིད་ས་བཟང་པོས་བཀང་སྟེ་གཞག་གོ །སྦྱོར་བ་འདི་ལྟ་བུ་ལེགས་པར་བྱས་ཀྱང་རྗེས་སུ་བསྐུལ་བ་ཟླ་བ་དྲུག་གིས་ཀྱང་ལས་གྲུབ་པར་མ་གྱུར་ན། སྒྲུབ་པ་པོའི་དད་པ་དང་རྩོལ་བ་ལ་ཉེས་པ་ཡོད་པའམ། ཡང་ན་བསྒྲུབ་བྱའི་རྒྱུད་ལ་བསོད་ནམས་ཀྱི་ནུས་པ་ཡོད་པ་སྟེ། དེ་ལྟ་བུ་དག་ལ་ཟླ་བ་དྲུག་ཅིང་སྦྱོར་བ་འདི་ལྟ་བུ་རེ་བསྣན་པར་བྱའོ། །གསང་སྔགས་ནི་རྩ་བའི་གསང་སྔགས་ཉིད་ཀྱི་རྗེས་སུ་ཆེ་གེ་མོ་མཱ་ར་ཡ་ཕཊ་ཕཊ། ཅེས་བྱ་བ་བསྐུལ་བ་འབའ་ཞིག་མཚོན་ཆ་ཐམས་ཅད་ལ་ཐུན་མོང་དུ་འགྱུར་རོ། །ལས་འདིའི་དུས་སུ་ཡང་དུས་དྲུག་དང་བཞིའམ་རེ་རེར་ཡང་མཆོད་པ་དང་གཏོར་མ་སྤྱིན་པ་དང༌། དཀོན་མཆོག་ལ་ཐུགས་དམ་བསྐུལ་ཞིང་སྤྱི་དང་ཁྱད་པར་གྱི་སྲུང་མ་རྣམས་ལ་ཕྲིན་ལས་བཅོལ་བ་ནི་ལས་ཀྱི་གྲོགས་སུ་འགྱུར་ཏེ་ལས་མྱུར་དུ་གྲུབ་པར་བྱེད་པའོ། །གནད་ཀྱི་གནས་རྣམས་ཡོངས་སུ་གཟིར་བ་ཞེས་བྱ་བའི་ཆོ་གས་གདུག་པ་འདུལ་བའི་སྦྱོར་བ་བསྟན་པ་རྫོགས་སོ།། །།

༣ བྱུག་པ་དང་གཏོར་ཞིང་འཕང་བའི་སྦྱོར་བ་གདུག་པ་འདུལ་བའི་ཐབས་བསྟན་པ།


DTG048_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

བྱུག་དང་གཏོར་བ་ལ་སོགས་ཀྱིས། །རུལ་སོགས་མ་རུང་བྱ་བ་ཡིས། །སྦྱོར་བ་བསྟན་པ་གང་ཡིན་དེ། །བདེ་བར་འདིར་ནི་བསྟན་པར་བྱའོ། །དུག་དང་མ་མོའི་གདོན་ལ་སོགས། །ཕྲ་མེན་ལ་སོགས་ཁ་ཅིག་ནི། །དུག་དང་ཁ་རླངས་དྲི་མ་སོགས། །བསྒོས་པའི་རྫས་ཀྱིས་རེག་བྱས་ན། །རུལ་སོགས་ཡན་ལག་མ་རུང་བྱེད། །བསྒྲུབ་པ་གསང་སྔགས་མཐར་ལྡན་པ། །དེ་དག་བསྐུལ་བའི་སྦྱོར་བ་ཡིས། །ཡན་ལག་མ་རུང་བྱེད་པར་འགྱུར། །དེ་ཡི་ཆོ་ག་བསྡུས་པ་དག །བདེ་བར་འདིར་ནི་བསྟན་པར་བྱ། །ཁྲག་དང་དུག་ཏུ་ལྡན་པ་དག །མཎྜལ་དབུས་སུ་གཞག་པར་བྱ། །ཡི་གེ་རུ་དང་ཁ་ལྡན་པའི། །རྫས་ནི་རབ་ཏུ་གཞག་པར་བྱ། །གླང་པོ་ཕག་དང་མ་ཧེ་ཡི། །མཆིན་པ་དུག་དང་སྦྱར་བ་ལ། །ནག་པོའི་འབྲུ་དང་སྦྱར་བྱས་ནས། །དུར་ཁྲོད་སོལ་བས་བསྐུ་བར་བྱ། །གཞན་ཡང་ཡུངས་ཀར་དག་ལ་ཡང༌། །དུག་གིས་བསྒོས་པ་གཞག་པར་བྱ། །ཁྲག་དང་དུག་དང་སྐེ་ཚེ་དང༌། །ལྕགས་ཕྱེ་རྡོ་རྗེ་ལ་སོགས་དང༌། །ནག་པོའི་འབྲུ་དང་སྦྱར་བ་ཡི། །གཏོར་མ་དག་ཀྱང་གཞག་པར་བྱ། །སེང་གེ་སྟག་དང་ཝ་ལ་སོགས། །


DTG048_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་རྒོད་འུག་པ་ལ་སོགས་པའི། །སྤུ་འམ་འདབ་མ་ལྡན་པའི་མདའ། །བཅུ་དྲུག་དག་ཀྱང་གཞག་པར་བྱ། །ཁྲོ་བོའི་སྔགས་ཀྱིས་གཟིར་བྱས་པའི། །དུ་ག་དང་མ་མོའི་སྔགས་དག་དང༌། །ཕྲ་མན་སྔགས་དང་སྦྱར་བྱས་ཏེ། །གདུ་ག་པ་གང་ན་གནས་པ་དེར། །གཏོར་ཞིང་འཕངས་ན་མ་རུང་འགྱུར། །དེ་ལ་བྱུག་པ་དང་གཏོར་བའི་རྫས་ཀྱིས་བསྒྲུབ་བྱའི་ལུས་འདྲུལ་བ་ལ་སོགས་པ་དང༌། སྒོ་ཀུན་ནས་མ་རུང་པར་འགྱུར་བའི་ཐབས་ཀྱི་ཆོ་ག་བཤད་པར་བྱ་སྟེ། དང་པོར་བསྒོམ་པ་དང་བཟླས་པའི་སྒོ་ནས་སྔོན་དུ་ལེགས་པར་བསྙེན་པ་བྱས་ལ། མར་གྱི་ངོ་ལ་དུར་ཁྲོད་ལ་སོགས་པར་སོང་སྟེ། དེར་མཎྜལ་གྲུ་གསུམ་ཞིག་བྱས་ནས་ཁྲག་སྣ་ཚོགས་དང་དུག་གིས་བྲན་པར་བྱའོ། །དེའི་དབུས་སུ་ཁྲག་སྣ་ཚོགས་དང༌། བོད་བུ་དང་བ་ལོང་གི་དྲི་ཆུ་དང༌། དུག་སྣ་ཚོགས་དང་སྦྱར་བའི་ཆུ་དང་དེ་རྣམས་གཅིག་ཏུ་སྦྱར་བ་བྲེ་བདུན་ནམ་བཅུ་བཞི་འམ་ཉི་ཤུ་རྩ་གཅིག་ཟངས་ཀྱི་སྣོད་དུ་བླུགས་ཏེ་དེའི་ཁར་བལ་སྔོན་པོ་དང་དམར་པོ་བསྲེས་པས་ཁ་རབ་རིབ་ཙམ་དུ་གཅད་པར་བྱའོ། །དེའི་ཕྱི་རོལ་དུ་གླང་པོ་ཆེའི་མཆིན་པ་དང༌། ཕག་གི་མཆིན་པ་དང༌། མེ་ཧེའི་མཆིན་པ་དང༌། དུག་སྣ་ཚོགས་དང་སྦྱར་བ་དང༌། འབྲུ་ནག་པོ་ལེགས་པར་བཏགས་པའི་ཕྱི་དང་སྦྱར་ནས་དེ་ལས་གྲུ་གསུམ་སོར་བཞི་པ་བརྒྱ་རྩ་བརྒྱད་བྱས་ཏེ། དུར་ཁྲོད་ཀྱི་སོལ་བས་ནག་པོར་བསྐུལ་ལ་འོག་ངོས་སུ་ཡི་གེ་རུ་དམར་པོ་བྲིས་ཏེ། དུག་ཐམས་ཅད་ཀྱི་རྟེན་ཁྲག་མེ་ལོང་ཙམ་རེར་འགྱུར་བར་བསྒོམ་མོ། །སྟེང་གི་དབུས་སུ་དུག་ཐམས་ཅད་ཀྱི་སྙིང་པོ་ཡི་གེ་ཁ་ནག་པོ་བྲིས་ཏེ་དུག་ནག་པོ་མེ་ལྟར་འབར་བར་བསྒོམ་མོ། །གྲུ་གསུམ་དུ་དུག་གི་མིང་གི་སྔགས་བི་ཥ་ཞེས་བྱ་བ་རེ་རེ་བྲིས་ལ་གཞག །དེའི་ཕྱི་རིམ་དུ་ཡུངས་ཀར་དུག་དང་ཁྲག་གིས་བསྒོས་པ་བྱ་གག་གི་སྒོ་ང་ཙམ་གྱིས་ཁམ་པའི་སྣོད་ཀྱི་ནང་དུ་བླུགས་ཏེ་བརྒྱ་རྩ་བརྒྱད་ཀྱིས་བསྐོར་ཏེ་གཞག །དེའི་ཕྱི་རིམ་དུ་དྲག་པོའི་གཏོར་མ་བརྒྱད་འབྲུ་ནག་པོའི་ཆན་དང་དུག་དང་སྐེ་ཚེ་དང་ལན་ཚྭ་དང༌། ལྕགས་ཕྱེ་དང་རྡོ་ཕྱེ་རྣམས་བླུགས་ཏེ་དུག་གི་ལོ་མས་ཁ་བཅད་ལ་གཞག །དེའི་ཕྱིར་རིམ་དུ་གཤིན་རྗེའི་རྒྱལ་པོ་འཁོར་གྱི་ཕྲ་མེན་མ་བཅུ་དྲུག་ཏུ་བྱིན་གྱིས་བརླབས་པའི་མདའ་བཅུ་དྲུག་རང་རང་གི་པགས་པ་སྤུ་དང་བཅས་པ་དང༌། འདབ་གཤོག་གིས་བསྒྲོན་པ་མདེའུའི་སྦུ་གུར་ཡུངས་ཀར་


DTG048_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དུག་གི་སྔགས་དང༌། ཕྲ་མེན་མ་རང་རང་གི་སྙིང་པོ་བཟླས་པ་བླུགས་ཏེ་ཤིང་གདུག་པ་ལས་བྱས་པའི་མདེའུ་དབྱིབས་གྲུ་གསུམ་དུག་དང་ཁྲག་གིས་བསྐུས་པ་བཅུག་སྟེ་ཕྱོགས་མཚམས་བརྒྱད་དུ་གཞག །ཕྱོགས་བཞིར་གཞུ་བཞི་དང་མི་རོའི་སྐྲ་ལས་བྱས་པའི་འཁྲུལ་འཁོར་བཞི་ཡང་གཞག་གོ །སྲོག་ཆགས་ཀྱི་པགས་པ་འམ་འདབ་མ་མ་རྙེད་པ་དག་ནི་ཤིན་ཤུན་ལ་སོགས་པ་ལ་ཕྲ་མེན་མའི་མིང་བྲིས་ཏེ་སྔ་མ་བཞིན་དུ་བསྒྲོན་པར་བྱའོ། །དེ་ནས་སྔགས་པ་བདག་ཉིད་གོས་ནག་པོ་གྱོན་སྐྲ་ལྷུག་པར་བཤིག །ལག་པ་ཁྲག་གིས་བྱུགས་ཏེ་ཁ་ལྷོ་ཕྱོགས་སུ་བལྟས་ནས། སྔ་མ་བཞིན་དུ་དཀྱིལ་འཁོར་གྱི་རྣལ་འབྱོར་བསྒོམས་ཏེ། དང་པོར་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོ་སྔོན་བཞིན་དུ་ལེགས་པར་མཆོད་ནས། དེ་ནས་དུག་དང་མ་མོ་དང་ཕྲ་མེན་མ་རྣམས་ལ་ཡང་གཏོར་མ་བཟང་པོ་བྱིན་ཏེ་དགའ་བར་བྱའོ། །དེ་ནས་བདག་གི་མདུན་དུ་མི་ཐོད་ཀྱི་ནང་དུ་ཡུངས་ཀར་དང་སྐེ་ཚེས་དཀང་སྟེ་བཞག་ནས་བདག་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས་ཁྲོས་ཏེ་རྩ་བའི་གསང་སྔགས་བཟླས་པའི་ཡུངས་ཀར་གྱིས་རྫས་དེ་དག་ཐམས་ཅད་ལ་གཏོར་བར་བྱའོ། །དེ་ནས་རྩ་བའི་གསང་སྔགས་ཀྱི་རྗེས་སུ་དུག་ཐམས་ཅད་ཀྱི་རྟེན་གྱི་སྙིང་པོ་ཡི་གེ་རུ་ཞེས་བྱ་བ་དང༌། དུག་ཉིད་ཀྱི་སྙིང་པོའི་ཡི་གེ་ཁ་ཞེས་བྱ་བ་དང༌། དུག་གི་མིང་གི་སྔགས་སོ་སོར་བྱས་ཏེ། དུག་གཞུག་པའི་སྙིང་པོ་དང་བཅས་ཏེ་སྤེལ་ནས་ཡུངས་ཀར་ལ་བསྔགས་ཏེ་རྫས་དེ་དག་ཐམས་ཅད་ལ་གཏོར་བར་བྱའོ། །དེ་ནས་མ་མོ་དང་ཕྲ་མེན་མའི་སྔགས་ཀྱང་རྩ་བའི་གསང་སྔགས་ཀྱིས་གཟིར་ཅིང་བཟླས་ཏེ་གཏོར་བར་བྱའོ། །དེ་ཡང་ཁྲག་གི་སྣོད་དུ་ནི་མ་མོ་རྣམས་ཀྱི་སྙིང་པོ་རྩ་བའི་སྔགས་ཀྱིས་གཟིར་བ་ཡུངས་ཀར་ལ་བཟླས་ཤིང་བླུགས་པར་བྱའོ། །ཕྲ་མེན་མའི་སྙིང་པོ་རྩ་བའི་སྔགས་ཀྱིས་གཟིར་བ་ནི་མདའ་རྣམས་ལ་བསྔགས་པ་བྱའོ། །ཡུངས་ཀར་དང་གཏོར་མ་ལ་ནི་རྩ་བའི་གསང་སྔགས་འབའ་ཞིག་བཟླས་པར་བྱའོ། །དུག་ནི་རྫས་ཐམས་ཅད་ལ་ཁྱབ་པར་བཟླ་བར་བྱའོ། །དེ་ལ་རྩ་བའི་སྔགས་ཀྱིས་གཟིར་བར་བྱ་བའི་དུག་གི་སྔགས་ནི་འདི་ཡིན་ཏེ། རྩ་བའི་སྔགས་ཀྱི་རྗེས་སུ་བི་ཥ་རཱུ་པཱི་ཤ་ཁ་པྲ་བེ་ཤ་ཡ་ཕཊ་ཕཊ། ཅེས་བྱ་བ་འདི་ཡིན་ནོ། །རྩ་བའི་སྔགས་ཀྱིས་གཟིར་ཅིང་བསྐུལ་བའི་མ་མོའི་སྔགས་ནི་འདི་ཡིན་ཏེ། རྩ་བའི་


DTG048_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་རྗེས་སུ་མཱ་ཏྲི་ག་ཎ་བྷྱོ་རུ་ལུ་རུ་ལུ་ཕཊ་ཕཊ། ཅེས་པ་འདི་ཡིན་ནོ། །རྩ་བའི་སྔགས་ཀྱིས་ཕྲ་མེན་མ་རྣམས་ཀྱི་སྙིང་པོ་གཟིར་ཅིང་བསྐུལ་བ་ནི་རྩ་བའི་གསང་སྔགས་ཀྱི་རྗེས་སུ། ཧེ་ཧེ་སིཾ་ཧ་མུ་ཁཱ་ཛྫ་ཛྫ་རུ་ལུ་རུ་ལུ་ཕཊ་ཕཊ། ཅེས་བྱ་བ་འདི་ཡིན་ནོ། །དེ་བཞིན་དུ་བྱཱགྷྲ་མུ་ཁཱ། སྲི་ལ་མུ་ཁཱ། ཤྭ་ན་མུ་ཁཱ། གྲྀཧྞ་མུ་ཁཱ། ཀངྐ་མུ་ཁཱ། ཀཱ་ཀ་མུ་ཁཱ། ཧུ་ལུ་མུ་ཁཱ། ཞེས་བྱ་བས་སྔ་མ་བཞིན་དུ་སྤེལ་ཏེ། མདའ་ཟུང་རེ་ལ་ཕྲ་མེན་མ་རེ་རེའི་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟ་བུ་ཞག་བདུན་ནམ་བཅུ་བཞི་འམ་ཉི་ཤུ་རྩ་གཅིག་གམ་ཇི་ལྟར་ནུས་པར་བྱས་ཏེ། ཐ་མ་གཟའ་དང་རྒྱུ་སྐར་རམ་དུས་ཚོད་བཀྲ་མི་ཤིས་པ་ཞིག་གི་ནུབ་མོ་བསྒྲུབ་བྱའི་གཟུགས་བརྙན་སྔ་མ་བཞིན་དུ་བྱས་ཏེ། སྟེགས་བུའི་སྟེང་དུ་བཞག་ལ་ད་གུག་པའི་སྦྱོར་བ་ཇི་ལྟར་ནུས་པ་བྱས་ཏེ། དེ་ནས་མདའ་རྣམས་ཐོགས་ཏེ་ཡང་ལག་པ་ཁྲག་གིས་བྱུགས་ནས། ཕྲ་མེན་མའི་གསང་སྔགས་ཟློས་ཤིག །ཕྱོགས་བཞིར་བརྒྱུག་པའི་ཚུལ་སྟོན་ཅིང་ཕྱོགས་བཞི་ནས་གཟུགས་བརྙན་ལ་མདའ་བརྡེག་གོ །དེ་ནས་མདའ་དེ་དག་དང་གཟུགས་བརྙན་དེ་བསྡུས་ཏེ། གཟུགས་བརྙན་ཕྱེ་མར་བྱས་ལ་ཁྲག་དང་གཏོར་མར་བླུགས་སོ། །མདེའུ་དེ་དག་ཕྱུང་ལ་ཨེའི་ཁ་རྣམས་ལ་བཞག །མདའ་ནི་གུད་དུ་བཞག་སྟེ་ཕྱིས་དགོས་པ་ལ་ཡང་སྦྱར་བར་བྱའོ། །དེ་ནས་རྫས་དེ་དག་ཁྱེར་ཏེ་བསྒྲུབ་བྱའི་ཡུལ་མཐོང་བའམ་དེའི་ཕྱོགས་སུ་ཁྱེར་ཏེ། དང་པོ་ཡུངས་ཀར་རྣམས་མི་རོའི་སྐྲ་ལས་འཁྲུལ་འཁོར་གྱི་ནང་དུ་བཅུག་སྟེ། ཁྲོ་བོའི་གསང་སྔགས་བཟླས་ཤིང་འཕང་བར་བྱའོ། །དེས་གནམ་ལྕགས་ཀྱི་རྡོ་རྗེ་འབར་བ་འདྲ་བ་བསྒྲུབ་བྱའི་གནས་སུ་བབ་སྟེ་གནས་དང་བཅས་ནས་རྡུལ་བཞིན་བཤི་ག་ཅིང་བསྲེགས་པར་བསམ་མོ། །དེ་ནས་དུག་གི་ཨེ་ཁ་མདེའུ་དང་བཅས་པ་འཁྲུལ་འཁོར་གྱིས་འཕངས་ལ་དུག་གི་གསང་སྔགས་དང་ཕྲ་མེན་མའི་གསང་སྔགས་ཀྱིས་སྔ་མ་བཞིན་དུ་བཟླས་པས། དེ་དག་དུག་གིས་ཕོག་ཅིང་ཕྲ་མེན་མ་རྣམས་ཀྱང་དེའི་རྗེས་སུ་བརྒྱུག་ཅིང་སོང་བར་བསམ་མོ། །དེ་ན་ས་ཁྲག་ལ་དུག་གི་སྔགས་དང་མ་མོའི་སྔགས་སྔ་མ་བཞིན་དུ་བཟླས་ཤིང་མི་ཐོད་ཀྱིས་གཏོར་བསམ་མོ་རྣམས་ཀྱིས་དུག་སྣ་ཚོགས་དང་ལྡན་པའི་ཁྲག་གི་རྗེས་སུ་ཞུགས་ཏེ། ནད་


DTG048_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་ཁྱེར་ནས་རང་རང་གི་བཞོན་པ་ལ་ཞོན་ཏེ་བརྒྱུ་ག་ཅིང་སོང་བར་བསམ་མོ། །དེ་ནས་གཏོར་མ་གཏོར་བས་ན་བུན་འདྲ་བ་དེ་ཕྱོགས་ཐམས་ཅད་དུ་ཁྱབ་སྟེ་ཤིན་ཏུ་མ་རུང་བར་གྱུར་ནས། སླར་གསོར་མི་རུང་བར་གྱུར་པར་བསམ་མོ། །སྦྱོར་བ་འདི་ལྟ་བུ་ལ་ནི་ཕྱོགས་དེ་དག་ན་གནས་པའི་ཞིང་སྐྱོང་དང་ལམ་སྲུང་དང༌། གློ་བུར་དུ་རྒྱུ་བའི་མི་མ་ཡིན་པ་དག་ཀྱང་མི་དགའ་བས་ལེགས་པར་བསྒོ་བར་བྱ་སྟེ་འཕང་བར་བྱའོ། །མཎྜལ་གྱི་སྟེང་དུ་ཡུངས་ཀར་ལ་སོགས་པའི་རྫས་ལྷག་མ་རྣམས་ལུས་ན་བཀྲ་མི་ཤིས་པས་ལེགས་པར་ཕྱགས་ཏེ་དང་པོ་ཉིད་དུ་ཁྲག་དང་གཏོར་མའི་ནང་དུ་བླུགས་པར་བྱའོ།། ས་གཞི་ལ་ཡང་སངས་རྒྱས་སྤྱན་གྱི་སྙིང་པོ་བཟླས་ཤིང་འོ་མ་དང་སྦྱར་བའི་ཆུས་བཀྲུ་བར་བྱའོ། །བདག་ཉིད་ཀྱང་ལེགས་པར་ཁྲུས་བྱས་ཏེ། གནས་དེར་གཞན་དག་འོངས་ན་དལ་གྱིས་ཕོག་པར་འགྱུར་བས་བསྲུང་བར་བྱའོ། །སྦྱོར་བ་འདི་ནི་སྤྱིའི་སྦྱོར་བ་ཡིན་ཏེ། འདོད་ན་གང་ཡང་རུང་པ་རེ་རེ་ཡང་སྦྱར་བར་བྱའོ། །མ་མོ་འམ་ཕྲ་མེན་མ་གང་དག་བདག་ཉིད་དགའ་བར་འགྱུར་བའི་རིགས་དག་ཡོད་ན། དེ་དག་རེ་རེ་འམ་གཉིས་སམ་གསུམ་ལ་སོགས་པ་ཇི་ལྟར་འདོད་པའི་རང་རང་གི་སྙིང་པོ་དག་ཁྲོ་བོའི་སྔགས་ཀྱིས་གཟིར་ཏེ་བཟླས་པས་སྦྱོར་བ་འདི་ལྟ་བུ་དག་ལ་སྦྱར་བར་བྱའོ། །སྦྱོར་བ་འདི་ནི་ཇི་ལྟར་བསྒྲུབ་བྱ་ལ་ཉེ་བར་ཕོག་པ་དེ་ལྟར་ལས་གྲུབ་པར་འགྱུར་རོ། །འདི་ཡང་ལན་ཅིག་གིས་གྲུབ་པར་མ་གྱུར་ཀྱང་སྔ་མ་བཞིན་དུ་བྲང་པའི་སྦྱོར་བའོ། །བྱུག་པ་དང་གཏོར་ཞིང་འཕང་པའི་སྦྱོར་བས་གདུག་པ་འདུལ་བའི་ཐབས་བསྟན་པ་རྫོགས་སོ།། །།

༤ བསྒྲུབ་བྱ་བསྐམ་ཞིང་བསྲེག་པའི་ཆོ་ག་བསྟན་པ།

གདུག་པ་བསྐམ་པའི་ཆོ་ག་བསྟན་པ།


DTG048_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གདུག་པ་བསྐམ་པ་དང༌། །བསྲེག་པའི་ཆོ་གའང་བཤད་པར་བྱ། །དེ་ལ་བསྐམ་པ་མདོར་བསྡུས་པ། །ཆོ་ག་བསྟན་པ་འདི་ཡིན་ནོ། །རྡོ་རྗེའི་དཀྱིལ་འཁོར་བསྙེན་བྱས་ཤིང༌། །རྡོ་རྗེ་མཁའ་འགྲོ་མ་ཀུན་ལ། །གཏོར་མའི་ལས་རྣམས་རྟག་ཏུ་བྱ། །དུག་སོགས་ཚ་བའི་རྫས་ཀུན་གྱིས། །བསྒྲུབ་བྱའི་གཟུགས་བརྙན་དགང་བར་བྱ། །དུར་ཁྲོད་མེ་ལ་བསྐམ་བྱས་ཏེ། ཁྲོ་བོའི་གསང་སྔགས་ཟློས་བྱེད་ཅིང༌། །རྐང་པ་གཡོན་པས་མནན་ནས་ནི། །ལུས་ཀུན་རྡོ་རྗེ་འབར་བས་དགོང༌། །རྡོ་རྗེ་མཁའ་འགྲོ་མ་ཡང་བསྐུལ། །འདི་ལྟར་རྟག་ཏུ་བསྒོམ་བྱས་ན། །འདོད་པ་བཞིན་དུ་བསྐམ་པར་འགྱུར། །དེ་ལ་བསྒྲུབ་བྱ་བསྐམ་པའི་ཆོ་ག་ནི།


DTG048_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་རྡོ་རྗེ་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བསྒོམ་ཞིང་རྩ་བའི་སྔགས་ལེགས་པར་བསྙེན་པ་བྱས་ཏེ། རྡོ་རྗེ་མཁའ་འགྲོ་མ་རྣམས་ལ་ཡང་རྟག་ཏུ་གཏོར་མ་སྤྱིན་པར་བྱའོ། །དེ་ལ་མཁའ་འགྲོ་མ་ལ་གཏོར་མ་སྤྱིན་པའི་ཚུལ་ནི་འདི་ཡིན་ཏེ། དང་པོར་པདྨ་འདབ་མ་བཞི་པ་ཞིག་ཡི་གེ་བ་ལས་བསྐྱེད་དེ། དེའི་དབུས་སུ་ཤྲཱི་ཡ་མཱནྟ་ཀ་བསྒོམ། དེའི་མདུན་དང་འདབ་མ་བཞི་ལ་ཡི་གེ་དི་ཁ་དོག་མཐིང་ག་དང༌། དཀར་པོ་དང་སེར་པོ་དང་དམར་པོ་དང༌། ལྗང་གུ་རྣམས་ལས་རྡོ་རྗེ་མཁའ་འགྲོ་མ་ཆེན་པོ་ལྔ་གཟུགས་སྐེམ་བག་རྡོ་རྗེའི་མཆུ་ཅན། བསྒྲུབ་བྱ་རྣམས་ཀྱི་ཁྲག་གཞིབས་ནས་ལུས་སྐམ་པར་བྱེད་པ། ཕྱག་གཡས་དང་པོ་ན་རྡོ་རྗེ་དང་འཁོར་ལོ་དང༌། རིན་པོ་ཆེ་དང་པདྨ་དང༌། རལ་གྲི་རྣམས་འཛིན་པ། གཡས་འོག་མ་གྲི་ཐོགས་པ། གཡོན་དང་པོ་ན་བསྒྲུབ་བྱ་འཛིན་པ། འོག་མ་ན་གཞོང་པ་ཐོགས་པ་འདི་ལྟ་བུ་དག་བསམས་ཏེ། གཏོར་མ་བྱིན་གྱིས་བརླབ་པ་བྱས་ནས། དེ་ནས་ལག་པ་ཐལ་མོ་སྦྱར་བ་ལས་མཛུབ་མོ་གཉིས་མདུད་པར་བཅིངས་ཏེ། གུང་མོ་དང་མཐེ་བོང་རྩེ་སྤྲད་ལྷག་མ་འོད་ཟེར་ལྟར་བཏང་བ་འདི་ནི། དཔལ་རྡོ་རྗེ་མཁའ་འགྲོ་དང་མཁའ་འགྲོ་མ་རྣམས་དགུག་ཅིང་ལས་ལ་བསྐུལ་བའི་ཕྱག་རྒྱ་སྟེ། འཁོར་ལོའི་ཚུལ་དུ་དཔྲལ་བར་ལན་གསུམ་བསྐོར་ཞིང་བཞག་ནས་གསང་སྔགས་འདིས་མཁའ་འགྲོ་མའི་དཀྱིལ་འཁོར་དགུག་ཅིང་གཏོར་མ་སྤྱིན་པར་བྱའོ། །ཨོཾ་ཤྲཱི་ཡ་མཱནྟ་ཀ །ཨཱ་ཀཌྜྷྱ། ཨཱ་ཀཌྜྷྱ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བནྦྷ་ཡ། བནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། བཛྲ་ཌཱ་ཀི་ནཱི་ནཱཾ་ཧྲྀ་ད་ཧཱུཾ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་པྲ་ཏཱིཙྪ་མན་བ་ལིཾ་ཧཱུཾ་ཕཊ། ཨོཾ་བུདྡྷ་ཌཱ་ཀི་ནཱི། པྲ་ཏཱིཙྪ་མན་བ་ལིཾ་ཧཱུཾ་ཕཊ། ཨོཾ་རཏྣ་ཌཱ་ཀི་ནི་པྲ་ཏཱིཙྪ་མན་བ་ལིཾ་ཧཱུཾ་ཕཊ། ཨོཾ་པདྨ་ཌཱ་ཀི་ནི་པྲ་ཏཱིཙྪ་མན་བ་ལིཾ་ཧཱུཾ་ཕཊ། ཨོཾ་བི་ཤྭ་ཌཱ་ཀི་ནི་པྲ་ཏཱིཙྪ་མན་བི་ལིཾ་ཧཱུཾ་ཕཊ། ཅེས་བྱ་བ་བརྗོད་དེ། པདྨའི་ལག་གིས་དང་པོར་རང་གི་ལྕེ་ལ་བཞག་སྟེ། དེ་ནས་ལྷག་མ་རྣམས་མཁའ་འགྲོ་མའི་ཚོགས་ཚིམ་པར་བསམ་མོ། །འདི་ནི་བསྐམ་པ་འབའ་ཞིག་ཏུ་མ་ཟད་ཀྱི་གང་དུ་སྦྱར་ཡང་ཉེས་པ་མེད་དོ། །དེ་ནས་སྐམ་པའི་ལས་ལ་སྦྱོར་བ་ན། བསྒྲུབ་བྱའི་རྗེས་དང་དྲི་མ་ལ་སོགས་པ་ཇི་ལྟར་རྙེད་པ་ལས་གཟུགས་བརྙན་བྱས་ཏེ། དུག་དང་སྐེ་ཚེ་དང་ལན་ཚྭ་ལ་སོགས་པ་ཚ་བའི་རྫས་ཀྱིས་


DTG048_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ཡོངས་སུ་བཀང་སྟེ་མིང་དང་ལྡན་པར་བྱས་པ་ལ། ཡུངས་ཀར་ལ་ཁྲོ་བོའི་གསང་སྔགས་ལྡན་པས་བརྡེག་ཅིང་རྐང་པ་གཡོན་པས་མནན་ཏེ། རྡོ་རྗེ་མཁའ་འགྲོ་མ་ཡང་བསྐུལ་བར་བྱའོ། །དེ་ནས་དྲུ་ཁྲོད་མེ་འབར་བའི་སྟེང་དུ་བཞག་སྟེ་ཡུངས་ཀར་ལ་གསང་སྔགས་བཟླས་ཤིང་རྗེས་སུ་བསྐུལ་བར་བྱའོ། །འདི་ཡང་ཡུངས་ཀར་རྡོ་རྗེ་འབར་བས་རྩ་བའི་གནས་ཐམས་ཅད་གང་ནས་བསྐམ་ཞིང་མཁའ་འགྲོ་མ་རྣམས་ཀྱི་རྡོ་རྗེ་མཆུ་ཡིས་ཀྱང་ཁྲག་རྣམས་གཞིབས་ནས་སྐམ་པ་བྱས་པར་འགྱུར་རོ། །

གདུག་པ་བསྲེག་པའི་ཆོ་ག་བསྟན་པ།


DTG048_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བསྲེག་པའི་ཆོ་ག་ཡང༌། །ལེགས་པར་རབ་ཏུ་བཤད་པར་བྱ། །དུར་ཁྲོད་ལ་སོགས་སོང་ནས་ནི། །དུར་ཁྲོད་མེ་ནི་འབར་བ་ལ། །གདུག་པའི་ཡིད་ཅན་མ་རུངས་པས། །བསྒྲུབ་བྱ་བསྲེགས་ནམ་རུང་འགྱུར། །དེ་ལ་འདིར་བསྲེགས་པའི་ཆོ་ག་བཤད་པར་བྱ་སྟེ། དང་པོ་སྔོན་དུ་བསྙེན་པའི་ཆོ་ག་ལེགས་པར་བྱས་ནས་ཕྱིས་ལས་ལ་སྦྱོར་བའམ། ནག་པོའི་ཚེས་བརྒྱད་དམ་བཅུ་བཞི་ལ་དུར་ཁྲོད་ལ་སོགས་པའི་གནས་སུ་སོང་སྟེ། དེར་ཐབ་ཁུང་གྲུ་གསུམ་དུ་བྱས་ནས། དུག་ཤིང་དང་དུར་ཁྲོད་ཀྱི་ཤིང་དག་ལ་མེ་སྦར་ཏེ་བདག་ཉིད་ལྷའི་བརྟུལ་ཞུགས་དང་ལྡན་པས་ལྷོ་ཕྱོགས་སུ་བལྟས་ཏེ་རབ་ཏུ་འཁྲུགས་པའི་ཡིད་ཀྱིས་སྤྱིན་སྲེག་གི་ལས་བརྩམ་པར་བྱའོ། །དེ་ལ་བསྒྲུབ་བྱའི་གཟུགས་བརྙན་ནི་སྔོན་དུ་བརྗོད་པའི་རྫས་ལ་ཆོ་ག་བཞིན་བྱས་ཏེ། བདག་གི་མདུན་དུ་མཚོན་ཆ་དང་བཅས་ཏེ་གཞག་པར་བྱའོ། །གཞན་ཡང་དམར་ཆེན་དང་ཆང་དུ་སྦྱར་བའི་ཨརྒྷ་དང༌། དེ་བཞིན་དུ་ལྷ་བཤོས་དང་གཏོར་མ་དང༌། བདུག་པ་དང་མར་མེ་དག་ཀྱང་ཤ་ཆེན་པོ་དང་ལྡན་པ་དང། མེ་ཏོག་དང་བྱུག་པ་དག་ཀྱང་ཁྲག་ཆེན་པོ་དང་ལྡན་པར་བྱས་ཏེ། །གཞན་ཡང་བདུད་རྩི་རྣམ་པ་ལྔ་དང༌། ཤ་རྣམ་པ་ལྔ་ལ་སོགས་པ་ཇི་ལྟར་འབྱོར་པའང་བཤམ་མོ། །དེ་ནས་སྔགས་པ་བདག་ཉིད་བདུད་རྩི་ལྔས་ལུས་ལ་བྱུག་ཅིང་དྲི་དང་ལྡན་བའི་གོས་གྱོན་ནས་ཁ་ལྷོ་ཕྱོགས་སུ་བལྟས་ཏེ། ནག་པོའི་ཚེས་བརྒྱད་དམ་བཅུ་བཞིའི་ནམ་ཕྱེད་ན་སྤྱིན་སྲེག་གི་ལས་བརྩམ་པར་བྱ་སྟེ། དང་པོར་རང་གི་ལྷའི་རྣལ་འབྱོར་དུ་སྔོན་བཞིན་དུ་བསྐྱེད་ལ། དེ་ནས་ཐབས་ཀྱི་དབུས་སུ་ཡི་གེ་རཾ་ནག་པོ་ལས་མེའི་པདྨ་གྲུ་གསུམ་ཞིག་གི་སྟེང་དུ་མེ་ལྷ་ཅི་དགའ་བར་བསྐྱེད་དོ། །ཡང་ན་ལག་པ་བཞིན་


DTG048_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

བགྲང་ཕྲེང་དང་དབྱུག་པ་དང༌། རིལ་བ་སྤྱི་བླུགས་དང༌། མཆོག་སྤྱིན་པར་བྱེད་པ་དྲང་སྲོང་གི་ཆ་བྱད་རྒྱན་མེད་པ་ཤིན་ཏུ་ཁྲོས་ཤིང་འཁྲུགས་པ་ཞིག་ཏུ་བསམ་མོ། །དེ་ནས་ཨོཾ་ཀྲོ་དྷ་ཨགྣ་ཡེ་མ་ཧཱ་རྀ་ཥི་མ་ཧཱ་བྷཱུ་ཏ། པྲ་ཏཱིཙྪ་ཛཿ་ཧཱུཾ་བཾ་ཧོཿ། ས་མ་ཡ་སྟྭཾ། ཞེས་བརྗོད་ཅིང་མེ་ཏོག་ཐབ་ཁུང་དུ་གཏོར་བས་བདག་གི་བསམ་པ་དང་མཐུན་པའི་ཡེ་ཤེས་ཀྱི་ལྷ་ཞིག་བྱོན་ཏེ། དེ་ཉིད་དང་གཉིས་སུ་མེད་པར་གྱུར་པར་བྱའོ། །དེ་ནས་མཆོད་པའི་ཚོགས་རྣམས་རང་རང་གི་མིང་གི་ཐོག་མར་ཨོཾ་ཞེས་བྱ་བ་དང་ལྡན་པའི་རྗེས་སུ་མཧཱ་པཱུ་ཛ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་བརྗོད་དེ། མཆོག་སྤྱིན་བའི་ཕྱག་རྒྱས་དབུལ་བར་བྱའོ། །དེ་ནས་དེར་ཁྲོ་བོའི་རྒྱལ་པོ་བསམས་ནས་སྔོན་དུ་བརྗོད་པའི་སྔགས་སམ། རྟོག་པ་གཞན་ལས་གསུངས་པའི་གསང་སྔགས་གང་ཡང་རུང་བའམ། རྩ་བའི་གསང་སྔགས་ཉིད་ཀྱིས་སྤྱན་དྲང་བར་བྱའོ། །དེ་ནས་རྩ་བའི་གསང་སྔགས་དེ་ཉིད་ཀྱིས་ཨརྒྷ་ལ་སོགས་པའི་མཆོད་པ་ཐམས་ཅད་དབུལ་བར་བྱའོ། །དེ་ནས་བསྒྲུབ་བྱ་དགུག་པའི་སྦྱོར་བས་བཀུག་སྟེ་གཟུགས་བརྙན་ལ་བསྟིམ་པར་བྱའོ། །དེ་ཡང་རང་གི་ཏིང་ངེ་འཛིན་གྱི་སྦྱོར་བ་ཇི་ལྟ་བ་གོམས་པར་བྱས་པ་དང༌། སངས་རྒྱས་ལ་མངོན་པར་དགའ་བའི་འབྱུང་པོ་གང་དག་མངོན་པར་ཤེས་པ་དང་རྫུ་འཕྲུལ་དུ་ལྡན་པ་རྣམས་ལ་བཀའ་དང་དམ་ཚིག་གི་འཁོར་ལོས་བསྐུལ་བ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་གང་དག་རང་གིས་ལྷག་པར་བསྙེན་པ་བྱས་པ་རྣམས་བསྐུལ་བའི་སྦྱོར་བས་དགུག་པ་ལ་སོགས་པ་བྱའོ། །ཚུལ་འདི་ནི་གང་དག་ལ་ཡང་སྦྱར་བར་བྱའོ། །བཀའ་དང་དམ་ཚིག་གི་འཁོར་ལོ་ནི་སྐབས་ཉིད་ལས་རིག་པར་བྱའོ། །དེ་ནས་གཟུགས་བརྙན་དེ་དག་རྐང་པ་ནས་གཏུབ་ཅིང་རྩ་བའི་སྔགས་རིག་པས་ལན་བརྒྱ་འམ་སྟོང་ལ་སོགས་པ་ཇི་ལྟར་ནུས་པས་བསྲེག་པར་བྱའོ། །དེ་ནས་ལྷ་གཤེགས་སུ་གསོལ་བ་བྱས་ཏེ་ཐལ་བ་དེ་དག་བསྡུས་ནས་གདོན་གང་དག་སྲོག་ཆགས་རྣམས་མེའི་ནད་ཀྱིས་འཛིན་པར་བྱེད་པ་དེ་དག་གི་གནས་སུ་བསྐྱལ་ན། བསྒྲུབ་བྱ་དེ་དག་མེའི་ནད་ཀྱིས་ཟིན་ཏེ་བརླག་པར་འགྱུར་རོ། །དེ་ལ་གསང་སྔགས་ནི་རྩ་བའི་གསང་སྔགས་ཀྱི་རྗེས་སུ་ཆེ་གེ་མོ་ད་ཧ་ད་ཧ། པ་ཙ་པ་ཙ། མཱ་ར་ཡ་མཱ་ར་ཡ་ཕཊ་ཕཊ། ཅེས་བྱ་བ་འདི་ཡིན་ནོ། །བསྒྲུབ་བྱ་བསྐམ་ཞིང་བསྲེག་པའི་ཆོ་ག་བསྟན་པ་རྫོགས་སོ།། །།

༥ ལུས་ཀུན་ཡོངས་སུ་འཇོམས་པའི་ཆོ་གས་གདུག་པ་འདུལ་བ་བསྟན་པ།


DTG048_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ལུས་ཀུན་གཞོམ་པ་ཡི། །ཆོ་ག་དག་ཀྱང་བཤད་པར་བྱ། །བེ་ཅོན་རྡོ་རྗེ་གཏུན་ཤིང་ལས། །སྔར་བསྙེན་ཆོ་ག་ལེགས་བྱས་ཏེ། །སྒྲུབ་པ་དག་ཀྱང་བརྩམ་བར་བྱ། །དེ་ནས་ལས་ལ་སྦྱོར་བ་ན། །བསྒྲུབ་བྱའི་གཟུགས་བརྙན་ལེགས་བྱས་ཏེ། །དེ་བཞིན་བཀུག་བཅུག་བཅིངས་ནས་ཀྱང༌། །བེ་ཅོན་རྡོ་རྗེ་ལ་སོགས་པས། །རྡུལ་བཞིན་དུ་ནི་གཞོམ་བྱས་ན། །དེ་དག་མྱུར་དུ་མ་རུང་འགྱུར། །དེ་ལ་བསྒྲུབ་བྱ་ཡོངས་སུ་འཇོམས་པའི་ཆོ་ག་ནི། །དང་པོར་བེ་ཅོན་ནམ། རྡོ་རྗེ་འམ། གཏུན་ཤིང་ངམ། རྡོ་རྗེ་ཐོ་བ་ལ་སོགས་པ་ལེགས་པར་བྱས་ཏེ་མཎྜལ་གྱི་སྟེང་དུ་བཞག་ནས་བསྒོམ་པ་དང༌། མཆོད་པ་དང༌། བཟླས་པ་དག་གི་སྔོན་དུ་བསྙེན་པ་དང༌། བསྒྲུབ་པའི་ཆོ་ག་དག་ཇི་ལྟར་དམ་བཅས་པ་བཞིན་བྱས་ནས། དེ་ནས་ལས་ལ་སྦྱོར་བར་འདོད་པ་ན། བསྒྲུབ་བྱའི་གཟུགས་བརྙན་ཇི་ལྟ་བ་བཞིན་དུ་བྱས་ནས། ཆོ་ག་བཞིན་དུ་བཀུག་སྟེ། དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱ་བའི་ཆོ་ག་རྣམས་བྱས་པའི་རྗེས་སུ་བེ་ཅོན་ལ་སོགས་པའི་མཚོན་ཆས་རྡུལ་བཞིན་དུ་གྱུར་པ་དེ་སྲིད་དུ་བརྡུང་བར་བྱ་ཞིང༌། རྩ་བའི་གསང་སྔགས་བསྐུལ་བ་དང་བཅས་པ་བརྗོད་པར་བྱའོ། །དེ་ལ་བསྐུལ་བ་ནི་བེ་ཅོན་དག་ལ་ནི། ཧ་ན་ཧ་ན་དནྟེ་ན་ཙཱུརྞ་ཡ་ཆེ་གེ་མོ་ཕཊ་ཕཊ། ཅེས་བསྐུལ་བར་བྱའོ། །རྡོ་རྗེ་དག་ལ་ནི་ཧ་ན་ཧ་ན་བཛྲེ་ཎ་ཆེ་གེ་མོ་ཧཱུཾ་ཕཊ་ཅེས་བྱའོ། །གཏུ་ན་ཤིང་དག་ལ་ནི་མུ་ས་ལེ་ན་ཙཱུརྞ་ཡ་ཆེ་གེ་མོ་ཕཊ་ཕཊ་ཅེས་བྱའོ། །རྡོ་རྗེ་ཐོབ་དག་ལ་ནི་ཨཱ་ཀོ་ཊ་ཡ་མུངྒ་རཱ་ཀོ་ཊ་ཡ་ཆེ་གེ་མོ་ཕཊ་ཕཊ་ཅེས་བརྗོད་པར་བྱའོ། །འདི་རྣམས་གང་ཡང་རུང་བ་རྩ་བའི་སྔགས་ཀྱི་རྗེས་སུ་བརྗོད་པ་ནི་ཡོངས་སུ་གཞོམ་པའི་གསང་སྔགས་སོ། །ལུས་ཀུན་ཡོངས་སུ་འཇོམས་པའི་ཆོ་གས་གདུག་པ་འདུལ་བ་བསྟན་པ་རྫོགས་སོ།། །།

༦ བསྒྲུབ་བྱ་བྱད་ཀྱིས་ཟིན་པར་བྱ་བའི་ཆོ་ག་བསྟན་པ།


DTG048_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

བྱད་ཀྱིས་ཟིན་པའི་ཆོ་ག་ཡང༌། །བྱེ་བྲག་གྱུར་པར་བཤད་པར་བྱ། །སྐུད་པ་དཀར་པོ་ནག་པོ་དག །ལོག་པར་དྲིལ་བའི་དྲུ་བུ་ནི། །དུག་དང་ཁྲག་གིས་བསྒོས་བྱས་ཏེ། མཎྜལ་གྲུ་གསུམ་སྟེང་དུ་གཞག །བྱད་སྟེམས་ཞེས་བྱ་གདོན་གྱི་རྣམས། །བུད་མེད་སྐྱེས་པའི་གཟུགས་འཛིན་པ། །སྔགས་ཀྱིས་བཀུག་སྟེ་དེ་ལ་བསྟིམ། །གཏོར་མ་ཡང་ནི་རྟག་ཏུ་སྤྱིན། །ནམ་


DTG048_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་མཚན་མ་བྱུང་བ་དང༌། །དེ་ཡིས་གང་དག་བཅིངས་པ་ནི། །མིང་དང་གཟུགས་སོགས་སྦྱར་བྱས་པ། །དེ་དག་བྱད་ཅེས་བྱ་བ་ནི། །རིགས་ཀྱི་གདོན་གྱིས་གཟུང་བར་འགྱུར། །དེ་ལ་འདིར་བྱད་ཀྱིས་ཕོག་པར་བྱ་བའི་ཆོ་ག་ནི། །གཞན་གྱིས་བསྐུལ་ཞིང་སྤོད་གཏོང་བྱས་བས་གཞན་འཛིན་པར་འགྱུར་བ་ལས། ཁྱད་པར་དུ་ཡང་བྱད་ཅེས་བྱ་བའི་གདོན་གྱི་རིགས་སྐྱེས་པ་དང་བུད་མེད་ཀྱི་གཟུགས་འཛིན་པ། སྐུད་པ་བཀྲ་མི་ཤིས་པ་དག་ལ་ཞུགས་ནས་གཞན་དག་ལ་འཛིན་པར་བྱེད་པའི་གདོན་ཡོད་དེ། འདི་དག་བསྐུལ་བའི་སྦྱོར་བས་བྱད་ཅེས་བྱ་བའི་གདོན་གྱིས་ཟིན་པར་འགྱུར་རོ། །དེའི་སྦྱོར་བ་ནི་འདི་ཡིན་ཏེ་སྔོན་དུ་ལེགས་པར་བསྙེན་པ་བྱས་པའི་རྣལ་འབྱོར་པས། བལ་ནག་པོ་དང་དཀར་པོ་ལོག་པར་བསྒྲིལ་བའི་སྐུད་པ་གྲོའི་མགྲིན་པ་ཙམ་གྱི་ཚད་དུ་བཀལ་བ་སྲང་གསུམ་ཙམ་ཞིག་བྱས་ཏེ། གྲོ་ག་འམ་ཤོག་ཤོག་ལ་གསང་སྔགས་སྤེལ་བ་བྲིས་ནས། སྐུད་པ་དེ་དུག་དང་ཁྲག་གིས་བསྒོས་ཏེ་གསང་སྔགས་ཀྱིས་སྙིང་པོ་བྱས་ནས་དེ་ལ་དྲིལ་ཏེ། ཁྲིག་གི་མཎྜལ་གྲུ་གསུམ་གྱི་སྟེང་དུ་གཞག་པར་བྱའོ། །དེ་ནས་བདག་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས་མཆོད་པ་བྱས་ནས། དེ་ནས་མདུན་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་ལྕགས་ཀྱུའི་འཁོར་ལོ་དང་ལྡན་པ་བསྒོམས་ནས་གསང་སྔགས་ཀྱིས་བསྐུལ་བས། དེ་ལས་དེ་དང་མཐུན་པའི་འོད་ཟེར་ཕྱུང་སྟེ། འོད་ཟེར་དེ་དག་གིས་ཕྱོགས་བཅུ་ནས་བྱད་མ་ཞེས་བྱ་བའི་མ་མོ་བུད་མེད་ཀྱི་ཆ་བྱད་ཁ་དོག་ནག་མོ་ལག་ན་ཚོན་སྐུད་ཀྱི་དྲུ་བུ་ཐོགས་པ་དང༌། གཞན་ཡང་བྱད་ཅེས་བྱ་བའི་གདོན་ཁ་དོག་སྣ་ཚོགས་ལག་ན་ཚོན་སྐུད་ཀྱི་དྲུ་བུ་ཐོགས་པ་རྣམས་བཀུག་སྟེ་ཚོན་གྱི་དྲུ་བུ་ལ་ཐིམ་པར་བྱའོ། །དེ་ནས་བཟླས་པ་གཏོང་བར་འདོད་པ་དང༌། གདོན་དེ་དག་ལ་གཏོར་མ་བྱིན་ཏེ། བཅོམ་ལྡན་འདས་ཀྱི་བཀས་བྱད་ཅེས་བྱ་བའི་གདོན་ཁྱེད་རྣམས་འདིར་བརྟན་པར་འདུག་ལ། ངའི་གཏོར་མ་ཡང་བླངས་ཏེ་དགའ་བར་གྱིས། ངའི་འདོད་པའི་ལས་ཀྱང་ལེགས་པར་སྒྲུབས་ཤིག་ཅེས་བྱའོ། །དེ་བཞིན་དུ་ཇི་ལྟར་ནུས་པ་བཞིན་བྱས་པས་ནམ་རྨི་ལམ་མམ། བདག་གམ་གཞན་དག་གིས་ཤེས་པ་ལ་དེར་སྲོག་ཆགས་གདུག་པ་དག་ཞུགས་པ་དག་མཐོང་ངམ། གཞན་ཡང་ལྷག་པར་སྣང་བ་


DTG048_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

དག་བྱུང་ན། དེའི་ཚེ་བསྒྲུབ་བྱའི་གཟུགས་བརྙན་སྔ་མ་བཞིན་དུ་བྱས་ཏེ་དགུག་པའི་སྦྱོར་བ་དག་ཀྱང་ལེགས་པར་བྱས་ནས། དེ་ནས་གཟུགས་བརྙན་དེ་སྐུད་པ་དེས་དྲ་བའི་ཚུལ་དུ་ཡོངས་སུ་དྲིལ་ཏེ། བསྒྲུབ་བྱའི་གྲོང་ངམ། སྲང་ངམ། སྒོ་འམ། ཡང་ན་དེར་འཇུག་པའི་ལམ་དག་ཏུ་སྦ་བར་བྱའོ། །འདིས་སེམས་བསྒྱུར་དང༌། གཡེང་བྱེད་དང༌། གཞན་ཡང་སྦོད་གཏོང་སྣ་ཚོགས་ལ་སྦྱར་ཡང་ཉེས་པ་མེད་དོ། །གསང་སྔགས་ནི་རྩ་བའི་སྔགས་ཀྱི་རྗེས་སུ་སརྦ་ཀ་ཁོརད། ཨཱ་ཀཪྵ་ཡ། ཨཱ་ཀཪྵ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བནྡྷ་ཡ། བནྡྷ་ཡ། ཏོཥ་ཡ། ཏོཥ་ཡ་ཕཊ་ཕཊ་ཅེས་བྱ་བས་བྱད་ཅེས་བྱ་བའི་གདོན་ཚོན་གྱི་དྲུ་བུ་ལ་གཞུག་པར་བྱའོ། །དེ་ནས་དེས་གཟུགས་བརྙན་བཅིང་བར་བྱ་བའི་གསང་སྔགས་ནི། རྩ་བའི་སྔགས་ཀྱི་རྗེས་སུ་བྷྱོ་བྷྱོ་སརྦ་ཀ་ཁོརད་ཆེ་གེ་མོ་གྲྀཧྞ་མི་ཕཊ་ཕཊ། ཅེས་བརྗོད་པར་བྱའོ། །ཆོ་ག་འདིས་ལེགས་པར་བསྐུལ་བ་གང་ལ་བྱས་བ་དེ་བྱད་ཀྱིས་ཟིན་པར་འགྱུར་རོ། །གདུག་པ་ཅན་འདུལ་བའི་ཆོ་ག་ལས་བསྒྲུབ་བྱ་བྱད་ཀྱིས་ཟིན་པར་བྱ་བའི་ཆོ་ག་བསྟན་པ་རྫོགས་སོ།། །།

༧ འཁྲུགས་ཞིང་མྱོས་པར་འགྱུར་བས་གདུག་པ་རྣམས་བརླག་པར་འགྱུར་བའི་འཁོར་ལོའི་སྦྱོར་བ་བསྟན་པ།

ཉི་ཚེ་བའི་འཁོར་ལོ་ལས་རྩ་བའི་འཁོར་ལོ་འབྲིང་དུ་བསྟན་པ།


DTG048_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་འཁྲུགས་ཤིང་མྱོས་པ་ཡིས། །གདུག་པ་རྣམས་ནི་བརླག་འགྱུར་པའི། །འཁོར་ལོའི་སྦྱོར་བ་ཞེས་བྱ་བ། །ལས་རྣམས་གྲུབ་པར་བྱེད་པ་ལ། །སྦྱོར་བ་རྣམས་ཀྱི་མཆོག་འགྱུར་བ། །ལེགས་པར་རབ་ཏུ་བཤད་པར་བྱ། །རྩ་བ་ཡན་ལག་སྔགས་རྣམས་ལས། །སྤྱི་དང་ཁྱད་པར་འཁོར་ལོ་དང༌། །ཁ་སྦྱོར་དག་དང་ཡ་བྲལ་དང༌། །སྙིང་པོ་ཕན་ཚུན་སྦྱོར་བ་དང༌། །ལས་རྣམས་སྣ་ཚོགས་སྒོ་ནས་ནི། །འཁོར་ལོའི་དབྱེ་བ་ཤེས་པར་བྱ། །རྩ་བའི་སྔགས་ཀྱི་འཁོར་ལོ་ཡང༌། །རྒྱས་དང་འབྲིང་དང་བསྡུས་པ་ཡིས། །ཡི་གེ་སུམ་ཅུ་གཉིས་པ་དང༌། །ཡི་གེ་བཅུ་བདུན་དེ་ལས་གཞན། །ཡི་གེ་ལྔ་པ་དག་ཏུ་བཤད། །དེ་ལས་རྒྱས་པའི་འཁོར་ལོ་ནི། །ཚངས་ཐིག་ལ་སོགས་དབྱེ་བ་ཡིས། །ཕྱོགས་མཚམས་ཐིག་གིས་ཕྱེ་བྱས་ཏེ། །རིམ་པ་བཞིར་ནི་བསྐོར་བྱས་ནས། །རེ་མིག་ཉི་ཤུ་བཞིར་ལྡན་པའི། །ལྟེ་བ་དང་ཡང་བཅས་པར་འགྱུར། གྲྭ་བཞིར་འཁོར་ལོ་བཞི་བྱས་པས། །རེ་མིག་སུམ་ཅུ་རྩ་གཉིས་འགྱུར། །དང་པོར་ལྷོ་ཡི་ཆ་དག་ལ། །ཚངས་ཐིག་གི་ནི་ངོས་གཉིས་སུ། །ཡི་གེ་ཡ་གཉིས་བསྐྱེད་ལ་དགོད། །དེ་ནས་རིམ་པ་གཉིས་


DTG048_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། །ཡི་གེ་མ་གཉིས་དབུས་སུ་དགོད། །དེ་ནས་རིམ་པ་གསུམ་ཕ་ལ། །ཡི་གེ་ར་གཉིས་བསྒྲིལ་ཏེ་དགོད། །དེས་ནི་འཁོར་ལོ་འདྲ་བར་འགྱུར། །དེ་བཞིན་ནུབ་ཀྱི་ཕྱོགས་དག་ཏུ། །དང་པོར་ཨ་གཉིས་བསྐྱེད་བྱས་ཏེ། །གཉིས་པར་མེ་གཉིས་དབུས་སུ་བྲི། །གསུམ་པར་དོ་གཉིས་བསྒྲིལ་བར་བྱ། །དེ་ནས་བྱང་གི་ཕྱོགས་དག་ཏུ། །དང་པོར་ཡ་སྟེ་གཉིས་པར་ད། །སྔ་མ་བཞིན་དུ་བྲི་བར་བྱ། །གསུམ་པར་ཡོ་ཞེས་བྱ་བ་དང༌། །སྔ་མ་བཞིན་དུ་བྲི་བར་བྱ། །ཤར་ཕྱོགས་སུ་ཡང་དེ་བཞིན་དུ། །དང་པོར་ཡ་སྟེ་གཉིས་པར་ཀྵེ། །གསུམ་པར་ཡ་ཞེས་བྱ་བ་ཡང༌། །སྔ་མ་བཞིན་དུ་བྲི་བར་བྱ། །ལྷོ་ནུབ་མཚམས་ཀྱི་འཁོར་ལོའི་རྩེར། །ཡི་གེ་ཛ་ས་བསྒྲིལ་ཏེ་དགོད། །དེ་བཞིན་ནུབ་བྱང་རྩེ་མོ་ལ། །ཡི་གེ་རུ་ན་དགོད་པར་བྱ། །བྱང་ཤར་འཁོར་ལོའི་རྩེ་མོ་ལ། །ཡི་གེ་ནི་རཱ་དེ་བཞིན་དགོད། །དེ་བཞིན་ཤར་ལྷོའི་རྩེ་མོ་རུ། །ཡི་གེ་ཙྪ་ནི་བྲི་བར་བྱ། །ལྷོ་ནུབ་མཚམས་ཀྱི་ནང་གི་གྲྭར། །ལྟེ་བའི་ཆ་ལ་བརྟེན་ནས་ནི། །ཡི་གེ་ཡ་གཉིས་བར་དག་ཏུ། །འཁོར་བར་བྱེད་པའི་བསྐུལ་ཚིག་དག །ཕྱིར་ལ་འཁྱིལ་བ་ལྟ་བུར་བྲི། །ནུབ་བྱང་མཚམས་སུའང་དེ་བཞིན་དུ། །ཡི་གེ་ཡ་གཉིས་པར་དག་ཏུ། །ཁྲག་འབྱུང་པ་ཡི་བསྐུལ་ཚིག་དག །ཕྱིར་ལ་འཁྱིལ་བལྟ་བུར་བྲི། །བྱང་ཤར་དུ་ཡང་དེ་བཞིན་དུ། །བརྒྱལ་བར་བྱེད་པའི་བསྐུལ་ཚིག་དག །ཕྱིར་ལ་འཁྱིལ་བ་ལྟ་བུར་བྲི། །ཤར་ལྷོ་མཚམས་སུའང་དེ་བཞིན་དུ། །གསོད་པར་བྱེད་པའི་བསྐུལ་ཚིག་བྲི། །ལྷོ་སྟོད་ནས་ནི་ནུབ་སྨད་དུ། །ཡི་གེ་འཁོར་བའི་ལས་རྣམས་ལ། །ན་བུན་ཁ་དོག་འདྲ་བ་ཡི། །ལམ་གྱི་ཁ་དོག་བྲི་བར་བྱ། །དབུས་ནས་ཕྱིར་ལ་བསྐོར་ནས་ནི། །ནུབ་སྟོད་ནས་ནི་བྱང་སྨད་དུ། །ཁྲག་དང་འདྲ་བའི་ལམ་བྲིའོ། །བྱང་སྟོད་ནས་ནི་ཤར་སྨད་དུ། །ཡི་གེ་འཁོར་བའི་ལམ་རྣམས་ལ། །ཁ་དོག་སེར་པོ་སྤྲིན་འདྲ་བྲི། །ཤར་སྟོད་ནས་ནི་ལྷོ་སྨད་དུ། །ཡི་གེ་འཁོར་བའི་ལམ་རྣམས་ལ། །དུར་ཁྲོད་སོལ་བས་ནག་པོར་བྲི། །དབྱངས་དང་མིང་གི་ཡི་གེ་དག །འཁོར་ལོའི་ཚུལ་དུ་ཕྱི་རོལ་དུ། །བྲིས་ན་ཡང་ནི་རུང་བར་བཤད། །མ་བྲིས་ན་ཡང་ཉེས་པ་མེད། །གཞི་ནི་དུར་ཁྲོད་རས་ལ་བྱ། །དུག་དང་ཁྲག་དང་སྐེ་ཚེ་དང༌། །གསེར་ཤིང་ཞེས་བྱའི་ཁུ་བ་དང༌། །དུར་ཁྲོད་སོལ་བ་དག་གིས་ཀྱང༌། །རས་ལ་བསྒོ་ཞིང་སྣག་ཚ་བྱ། །


DTG048_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

སྨྱུ་གུ་མི་ཡི་རུས་པ་དང༌། །ལྕགས་སམ་སྒྲོ་རྩ་དག་གིས་བྲི། །ཁ་སྦྱོར་རམ་ནི་རེ་རེ་དག །ཇི་ལྟར་དགའ་བ་བཞིན་དུ་བྱ། །གལ་ཏེ་རེ་རེ་བྱེད་པ་ན། །བསྒྲུབ་བྱའི་སྙིང་གར་གཞུག་པར་བྱ། །ཡང་ན་འཁོར་ལོའི་སྙིང་པོ་རུ། །བསྒྲུབ་བྱ་ལེགས་པར་གཞུག་པར་བྱ། །གལ་ཏེ་ཁ་སྦྱོར་བྱེད་འདོད་ན། །འཁོར་ལོའི་སྙིང་པོ་བསྒྲུབ་བྱ་གཞུག །ཐོད་པ་དག་དང་ལྡན་བྱས་ནས། །མཐར་བྱེད་ལྟོར་ཡང་སྦྱར་བར་བྱ། །རྩ་བའི་འཁོར་ལོ་རྒྱས་པ་དག །ལེགས་པར་རབ་ཏུ་བཤད་པ་ཡིན། །དེ་ལ་འཁོར་ལོའི་སྦྱོར་བ་ཞེས་བྱ་བ། ནུས་མཐུ་ཐམས་ཅད་ཡོངས་སུ་རྫོགས་པའི་སྒོ་ནས་སྦྱོར་བ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་བ་འཁྲུགས་ཤིང་སྨྱོས་པས་གདུག་པ་འདུལ་བའི་ཐབས་གཙོ་བོར་གྱུར་པ། འཕགས་པ་འཇམ་དཔལ་གྱི་རྟོག་པ་རྣམས་སུ་བསྔགས་པ། རྟོག་པ་གཞན་དུ་མ་བསྟན་པ། གསང་བ་བས་ཀྱང་ཆེས་གསང་བ། བཅོམ་ལྡན་འདས་གཤིན་རྗེ་གཤེད་པོ་ཉིད་ཀྱི་སྐུ་དང་མཚུངས་པར་བསྟན་པའི་ལས་ཀྱི་འཁོར་ལོ་འདི་ཡང་སྤྱིའི་འཁོར་ལོ་ཞེས་བྱ་བ་དང༌། ཉི་ཚེ་བའི་འཁོར་ལོ་ཞེས་བྱ་བའི་དབྱེ་བས་རྣམ་པ་གཉིས་སོ། །ཉི་ཚེ་བའི་འཁོར་ལོ་དེ་ཡང་རྩ་བའི་འཁོར་ལོ་དང༌། ཡན་ལག་གི་འཁོར་ལོ་ཞེས་རྣམ་པ་གཉིས་སུ་ཤེས་པར་བྱའོ། །དེ་ལ་ཡན་ལག་གི་འཁོར་ལོ་དེ་ཉིད་ཀྱང་སྙིང་པོའི་འཁོར་ལོ་དང༌། ཞལ་གྱི་འཁོར་ལོ་དང༌། གོ་ཆའི་འཁོར་ལོ་དང༌། མཚོན་ཆའི་འཁོར་ལོའོ། །དེ་དག་རང་རང་གི་འཁོར་ལོ་གཞན་དང་མ་འདྲེས་པ་ནི་ཉི་ཚེ་བའི་འཁོར་ལོ་ཞེས་བྱའོ། །རྩ་བ་དང་ཡན་ལག་གཉི་ག་འདྲེས་པ་དང་ལྡན་པའི་འཁོར་ལོ་ནི་སྤྱིའི་འཁོར་ལོ་ཞེས་བྱའོ། །དེ་ལས་འདིར་ཉི་ཚེ་བའི་འཁོར་ལོའི་ཁོངས་སུ་གཏོགས་པ་རྩ་བའི་འཁོར་ལོ་ལས་བརྩམས་ཏེ། དེ་ཡང་རྒྱས་པར་བསྟན་པ་དང་འབྲིང་དུ་བསྡུས་ཏེ་བསྟན་པ་དག་ལས། དང་པོར་རྩ་བའི་འཁོར་ལོ་རྒྱས་པར་བསྟན་པ་ཞེས་བྱ་བ་བཤད་པར་བྱའོ། །དང་པོ་སྔགས་པ་བདག་ཉིད་རྡོ་རྗེ་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བསྒོམས་ཤིང་མཆོད་པ་དང༌། རྩ་བའི་གསང་སྔགས་ཀྱི་བཟླས་བརྗོད་ལེགས་པར་བྱས་པ། རང་གི་དམ་བཅས་པ་རྫོགས་ནས་རྩ་བའི་འཁོར་ལོ་རྒྱས་པའི་སྒོ་ནས་གདུག་པ་འདུལ་བའི་ལས་ལ་སྦྱར་བར་འདོད་པ་ན། དུར་ཁྲོད་ལ་སོགས་པའི་གནས་སུ་ནག་པོའི་ཚེས་བརྒྱད་དམ་བཅུ་བཞི་ལ་སོང་སྟེ་དུར་ཁྲོད་ཀྱི་རས་ལ་དུག་དང་ཁྲག་དང་སྐེ་ཚེ་དང༌། ལན་ཚྭ་


DTG048_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་དང༌། ཤིང་ནིམ་པ་དང༌། ཤིང་ཀ་ན་ཀ་ཞེས་བྱ་བའི་ཁུ་བ་དང༌། དུར་ཁྲོད་ཀྱི་སོལ་བ་རྣམས་སྦྱར་བས་བསྒོས་ཤིང༌། དུར་ཁྲོད་ཀྱི་སོལ་བ་ཤས་ཆེར་བྱས་པའི་སྣག་ཚ་དང༌། མི་རུས་སམ་ལྕགས་སམ། བྱ་རོག་དང་འུག་པ་ལ་སོགས་པའི་ཤ་ལ་དགའ་བའི་བྱ་རྣམས་ཀྱི་སྒྲོ་རྩ་འམ། དེ་དག་གང་ཡང་རུང་བ་ལས་སྨྱུ་གུ་བྱས་ཏེ། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་གྱིས་ཁ་ལྷོ་ཕྱོགས་སུ་བལྟས་ཏེ་འཁྲུགས་པས་བྲི་བར་བྱའོ། །དེ་ལ་དང་པོར་ཚངས་པའི་ཐིག་གདབ། །དེ་ནས་གྲྭའི་ཐིག་གདབ་སྟེ་དེས་ཕྱོགས་ཆ་བརྒྱད་དུ་འགྱུར་རོ། །དེ་ནས་རིམ་པ་བཞི་ཟླུམ་པོར་བསྐོར་ནས། རིམ་པ་དང་པོ་དབུས་ཀྱི་ལྟེ་བར་བྱ་སྟེ། དེ་ཡང་གྲྭའི་ཐིག་བཞག་ལ་ཚངས་ཐིག་ཕལ་ཆེར་བགྱི་བར་བྱའོ། །ལྷག་མ་རིམ་པ་གསུམ་ལ་རེ་མིག་ཉི་ཤུ་རྩ་བཞིར་འགྱུར་རོ། །དེ་ཡི་ཕྱི་རོལ་དུ་ཚངས་ཐིག་ནས་གྲྭ་བཞིར་དྲངས་ལ། གྲྭ་བཞིར་འཁོར་ལོ་རྩིབས་བཞིའི་ཚུལ་དུ་བྱའོ། །དེ་ལ་གྲྭའི་ཐིག་གིས་གཉིས་གཉིས་སུ་ཕྱེ་བས་བརྒྱད་དུ་འགྱུར་ཏེ་སྤྱིར་སུམ་ཅུ་རྩ་གཉིས་སུ་འགྱུར་རོ། །དེ་ལ་ཡི་གེ་དགོད་པ་ནི་རིམ་པ་དང་པོ་ལ་ཕྱོགས་བཞི་ཆར་དུ། ཚངས་ཐིག་གི་གཡས་གཡོན་གཉིས་སུ་ཡི་གེ་ཡ་རེ་རེ་བྲི་བར་བྱའོ། །དེ་ཡང་ཚངས་ཐིག་གི་ངོས་ལས་ཕྱིར་བསྐྱེད་དེ། གྲྭའི་ཐིག་གི་རྩ་བའི་ཕྱོགས་ལ་དབུས་ངོས་ཀྱི་གྲྭར་བྲི་བར་བྱའོ། །དེ་ནས་ལྷོ་ཕྱོགས་སུ་རིམ་པ་གཉིས་པ་ལ་རེ་མིག་གཉིས་ཀྱི་དབུས་སུ་ཡི་གེ་མ་རེ་རེ་བྲི་བར་བྱའོ། །དེའི་ཕྱིའི་རིམ་པ་ལ་ཚངས་ཐིག་ངོས་ལས་ཕྱིར་རོལ་གྱི་གྲྭར་ཡི་གེ་ར་གཉིས་མིག་གི་ཚུལ་དུ་བསྒྲིལ་མར་བྲི་བར་བྱའོ། །འདིས་འཁོར་ལོའི་ཚུལ་དུ་འགྱུར་ཏེ་གྲུ་གསུམ་གྱི་དབྱིབས་སུ་འགྱུར་རོ། །གཞན་ཡང་ཡི་གེ་ཡ་གཉིས་ནི་སྐྱེས་བུ་རྐང་པ་བགྲད་པའི་རྐང་པ་ལྟ་བུའོ། །ཡི་གེ་མ་གཉིས་ནི་དཔུང་མགོ་ལྟ་བུའོ། །ཡི་གེ་ར་གཉིས་ནི་མིག་ལྟ་བུའོ། །དེ་ནས་འཁོར་ལོའི་རྩིབས་ལ་བསྒྲུབ་བྱ་བརྒྱངས་ནས་ཡི་གེ་རྣམས་ཀྱིས་གཟེར་བཏབ་སྟེ། དྲག་ཏུ་འཁོར་ཞིང་ལམ་སྤྱིར་འཁོར་བ་དང་ཁྱད་པར་དུ་འཁོར་བ་རྣམས་སུ་འཁོར་བར་བྱེད་པར་འགྱུར་རོ། །དེར་ཕྱོགས་ཐམས་ཅད་དུའང་རིམ་པ་དང་པོའི་ཡི་གེ་རྣམས་ཀྱིས་ནི་འཁོར་ལོའི་རྩ་བའི་གྲྭ་གཉིས་སུ་བསྒྲུབ་བྱའི་རྐང་པ་གཟེར་བཏབ་པ་བཞིན་དུ་འགྱུར་རོ། །རིམ་པ་གཉིས་པའི་ཡི་གེ་རྣམས་ཀྱིས་ནི་འཁོར་ལོའི་དཀྱིལ་དུ་བསྒྲུབ་བྱའི་དཔུང་པ་གཟེར་


DTG048_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པ་བཞིན་དུ་འགྱུར་རོ། །རིམ་པ་གསུམ་པའི་ཡི་གེ་རྣམས་ཀྱིས་ནི་འཁོར་ལོའི་རྩེ་མོར་བསྒྲུབ་བྱའི་མིག་གཟེར་བཏབ་པ་བཞིན་དུ་འགྱུར་རོ། །མཚམས་ཀྱི་ཡི་གེ་རྣམས་ཀྱིས་ནི་དེ་དག་གཅིག་ཀྱང་མི་གནས་པར་རྣམ་པ་གསུམ་གྱི་ཚུལ་གྱིས་འཁོར་བར་འགྱུར་རོ། །དེ་ལ་རྣམ་པ་གསུམ་གང་ཞེ་ན། རང་འཁོར་བ་དང༌། ལམ་འཁོར་བར་འཇུག་པ་དང༌། ལམ་ལྷག་པར་འཁོར་བར་འཇུག་པའོ། །དེ་ལ་རིམ་པ་དང་པོའི་ཡི་གེ་ནི་ཕྱོགས་ཐམས་ཅད་དུ་ཡ་འབའ་ཞིག་གོ །རིམ་པ་གཉིས་པའི་ཡི་གེ་ནི་ལྷོ་ཕྱོགས་སུ་མ་གཉིས་སོ། །ནུབ་ཕྱོགས་སུ་མེ་གཉིས་དང༌། བྱང་ཕྱོགས་སུ་ད་གཉིས་སོ། །ཤར་ཕྱོགས་སུ་ཀྵེ་གཉིས་སོ། །རིམ་པ་གསུམ་པའི་ཡི་གེ་ནི་ལྷོ་ཕྱོགས་སུ་ར་གཉིས་སོ། །ནུབ་ཕྱོགས་སུ་དོ་གཉིས་སོ། །བྱང་ཕྱོགས་སུ་ཡོ་གཉིས་སོ། །ཤར་ཕྱོགས་སུ་ཡ་གཉིས་སོ། །གྲྭ་བཞིའི་འཁོར་ལོ་བཞིའི་རྩེ་མོ་ལ། ཐིག་རྐང་གི་གཡས་གཡོན་གཉིས་སུ་ཡི་གེ་ཟུང་རེ་བསྒྲིལ་ཏེ་བྲི་བར་བྱ་བ་ནི། ལྷོ་ནུབ་ཏུ་ཛཱ་དང་ས་བྲིའོ། །ནུབ་བྱང་དུ་རུ་དང་ན་བྲིའོ། །བྱང་ཤར་དུ་ནི་དང་ར་བྲིའོ། །ཤར་ལྷོར་ཙྪ་དང་ནི་བྲིའོ། །གྲྭ་བཞིའི་དབུས་ཀྱི་ལྟེ་བ་ལ་བསྐུལ་བའི་སྔགས་ཀྱིས་ཡ་དང་ཡའི་བར་དུ་ཕྱིར་བསྐོར་ཞིང་འཁྱིལ་བ་ལྟར་བྲི་བར་བྱ་བ་ནི། །གྲྭའི་ཐིག་ངོས་སུ་ཡི་གེ་རྣམས་ཀྱི་མགོ་བསྟན་ནས་བྲིས་པས་ཕྱིར་བསྐོར་བ་ལྟར་འགྱུར་ཏེ། དེ་ལ་དང་པོ་ཡ་མ་རཱ་ཛཱ་ས་དོ་མེ་ཡ་ཞེས་ལྷོ་སྟོད་ནས་ནུབ་སྨད་དུ་བསྐོར་བའི་རྗེས་སུ་ཆེ་གེ་མོ་བྷྲ་མ་ཡཾ་ཀུ་རུ་ཧཱུཾ་ཕཊ། ཅེས་བྱ་བའི་སྔགས་དབུས་ངོས་སུ་མགོ་བསྟན་ཏེ་ཕྱིར་འཁྱིལ་པའི་ཚུལ་དུ་བྲིས་པས་ནུབ་སྨད་ནས་ནུབ་སྟོད་དུ་འབྱོར་པར་བྱའོ། །འདི་ནི་འཁོར་བར་བྱེད་པ་ཞེས་བྱ་བའི་བསྐུལ་ཚིག་གོ །དེ་ནས་ཡ་མེ་དོ་རུ་ཎ་ཡོ་ད་ཡ་ཞེས་བྱ་བ་ནུབ་སྟོད་ནས་བྱང་སྨད་དུ་བསྐོར་བའི་རྗེས་སུ་ཆེ་གེ་མོ་རཀྟ་ཅར་པ་ཡ་ཧཱུཾ་ཕཊ། ཅེས་བྱ་བ་སྔ་མ་བཞིན་དུ་མགོ་ལྟེ་བའི་དབུས་སུ་བསྟན་ཏེ་བྱང་སྟོད་ནས་ཤར་སྨད་དུ་བསྐོར་བའི་རྗེས་སུ་ཆེ་གེ་མོ་མུར་ཙ་ཡ་བ་ཧཱུཾ་ཕཊ། ཅེས་ཤར་སྨད་ནས་ཤར་སྟོད་དུ་སྔ་མ་བཞིན་དུ་འཁྱིལ་བར་བྲིའོ། །དེ་ནས་ཡ་ཀྵེ་ཡ་ཙྪ་ནི་རཱ་མ་ཡ། ཞེས་ཤར་སྟོད་ནས་ལྷོ་སྨད་དུ་འཁོར་ལོའི་ཚུལ་དུ་བྲིས་པའི་རྗེས་སུ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་བྱ་བ་སྔ་མ་བཞིན་དུ་ལྷོ་སྟོད་དུ་འཁྱིལ་བ་བྲི་བར་བྱའོ། །ཕྱི་རོལ་གྱི་མཚམས་ཀྱི་ཡི་གེ་དག་


DTG048_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནང་གི་བསྐུལ་ཚིག་དག་ནི་ལས་རྣམ་བཞི་ལ་སྐུལ་བར་བྱེད་པའི་ས་བོན་གྱི་ཡི་གེ་དང་ལེགས་པར་བསྐུལ་བའི་ཚིག་དག་སྟེ། དེ་ལ་ལས་རྣམ་བཞི་ནི་དང་པོས་དབང་དུ་བྱས་ཤིང་མྱོས་པར་འགྱུར་རོ། །གཉིས་པས་ནི་སྲོག་གི་གནས་ནས་ཁྲག་འདྲེན་པར་འགྱུར་རོ། །གསུམ་པས་ནི་དྲན་པ་ཤིན་ཏུ་ཉམས་ཏེ་བརྒྱལ་ནས་སྲོག་ཟད་ལ་ཁད་པར་འགྱུར་རོ། །བཞི་པས་ནི་སྲོག་ཟད་ནས་འཆི་བར་འགྱུར་རོ། །དེ་ལྟར་འཁོར་ལོ་ལེགས་པར་བྲིས་པའི་ཕྱི་རོལ་དུ་དབྱངས་དང་མིང་གི་ཡི་གེ་འཁོར་ལོའི་ཚུལ་དུ་བསྐོར་བས་ཀྱང་བྱིན་གྱིས་རློབ་པར་འགྱུར་རོ། །འདི་ལྟ་བུའི་འཁོར་ལོ་འདི་གལ་ཏེ་ཁ་སྦྱོར་དུ་སྦྱོར་བར་འདོད་ན་ནི་རིམ་པ་དང་རིམ་པ་མ་ཡིན་པར་བྲིས་པ་གཉིས་ཁ་སྦྱར་ཏེ་མིའི་ཐོད་པའི་ནང་དུ་བཅུག་ལ་བདག་ཉིད་ཀྱིས་ལྷའི་སྦྱོར་བ་དང་ལྡན་པས་རྐང་པ་གཡོན་པས་མན་ན་ཏེ། གསང་སྔགས་བཟླས་པའི་སྦྱོར་བ་བྱ་བ་འམ། ཡང་ན་དུར་ཁྲོད་དུ་སྦས་ཏེ་གསང་སྔགས་རྗེས་སུ་བསྐུལ་བ་འམ། ཡང་ན་མཎྜལ་གྱི་སྟེང་དུ་བཞག་སྟེ་གསང་སྔགས་ལ་སྦྱར་ནས་ཕྱིས་དུར་ཁྲོད་ལ་སོགས་པར་སྦ་བར་བྱའོ། །ཡང་ན་གྲོག་མཁར་གྱི་ས་ལས་གཤིན་རྗེའི་གཟུགས་བརྙན་བྱས་ཏེ། དེའི་ལྟོར་བཅུག་ནས་དུར་ཁྲོད་ལ་སོགས་པར་སྦ་བར་བྱའོ། །གལ་ཏེ་ཁ་སྦྱོར་བར་བྱེད་མི་འདོད་ན་ནི། འཁོར་ལོ་གཅིག་བྱས་ཏེ་བསྒྲུབ་བྱའི་སྙིང་གར་བཅུག་ནས་སྔ་མ་བཞིན་དུ་སྦ་བ་ལ་སོགས་པ་བྱའོ། །ཡང་ན་འཁོར་ལོའི་སྙིང་པོར་བསྒྲུབ་བྱ་བཅུག་སྟེ་སྔ་མ་བཞིན་དུ་སྦ་བ་ལ་སོགས་པའོ། །གསང་སྔགས་བཟླས་པའི་སྦྱོར་བ་ཡང་རྣམ་པ་གཉིས་ཡིན་ཏེ། བསྐུལ་ཚིག་ཇི་ལྟར་ལྡན་པ་བཞིན་དུ་ཉི་མ་བཞིར་སྔགས་སོ་སོ་ལ་སྦྱར་བར་བྱ་བ་དང༌། རྩ་བའི་གསང་སྔགས་ཇི་ལྟ་བ་བཞིན་དུ་བཟླས་པའི་རྗེས་སུ་ཆེ་གེ་མོ་མཱ་ར་ཡ་ཕཊ། ཅེས་བྱ་བ་བསྐུལ་ཚིག་དང་བཅས་པ་བཟླས་པར་བྱའོ། །དེ་ལ་བཟླས་པ་ལ་སྦྱོར་བའི་ཆོ་གའི་ཚུལ་ནི་འདི་ཡིན་ཏེ། དང་པོར་སྔོན་དུ་སྨོས་པ་བཞིན་དུ་འཁོར་ལོའི་ཆོ་ག་ལེགས་པར་བྱས་ནས་གཤིན་རྗེའི་གཟུགས་བྱེད་པར་མི་འདོད་ན། འཁོར་ལོ་དེ་ཉིད་གཤིན་རྗེའི་ལྟོར་ཆུད་པར་བྲིའོ། །གལ་ཏེ་གཟུགས་བྱེད་པར་འདོད་ན་ཡང་འདི་བྲིས་པ་ལ་ཉེས་པ་མེད་དོ། །ཁ་སྦྱོར་དུ་བྱེད་པར་འདོད་ན་གཅིག་གཤིན་རྗེའི་ཆུང་མའི་ཚུལ་དུ་བྲིའོ། །དེ་ནས་མི་ཐོད་གཉིས་བཅལ་ཏེ། དེ་ཡང་ཐོད་པ་འོག་མ་བུད་མེད་བཀྲ་མི་


DTG048_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་པ་ཞིག་གི་ཐོད་པ་ལ་རྒྱབ་ཏུ་སྣ་ཚོགས་རྡོ་རྗེ་བྲི་ནང་དུ་རླུང་གི་དཀྱིལ་འཁོར་གྱི་དབུས་སུ་པདྨ་འདབ་མ་བརྒྱད་པ་བྲིས་ལ་དེར་བུད་མེད་ཉིད་ཀྱི་མིང་དང་རུས་དང་གཤིན་རྗེའི་ཆུང་མའི་སྙིང་པོ་དང༌། ཨོཾ་བཛྲ་ཨཱ་བེ་ཤ་ཨ་ཨ་ཞེས་བྱ་བ་དབབ་པའི་སྙིང་པོ་ཡང་བྲི། ཐོད་པ་གང་མ་ཡང་ཁོལ་པོ་ནག་པོ་ཞིག་གི་ཐོད་པ་ལ་ནང་དུ་དབུས་སུ་མེའི་དཀྱིལ་འཁོར་བྲི། དེའི་ཕྱི་རོལ་དུ་སྐྱེས་པ་དེ་ཉིད་ཀྱི་མིང་དང་རུས་ཀྱང་བྲི། གཤིན་རྗེའི་སྙིང་པོ་ཡང་སྤེལ་ཏེ་བྲིའོ། །ཐོད་པ་དེའི་རྒྱབ་ཏུ་རི་རབ་རི་བདུན་དང་བཅས་པ་རྭ་བརྒྱད་ཀྱིས་བརྒྱན་པ་དེ་དག་གསེར་གྱིས་གཞི་ཆེན་པོས་མནན་པ་བྲིའོ། །དེའི་སྟེང་དུ་སྣ་ཚོགས་རྡོ་རྗེས་མནན་པར་བྲིའོ། །ཐོད་པ་དེ་གཉིས་ཀྱི་ནང་དུ་འཁོར་ལོ་དེ་གཉིས་དཔྲལ་བའི་ངོས་སུ་ཡི་གེའི་མགོ་བོ་བསྟན་ལ་བཅུག་སྟེ་ཁ་སྦྱར་ནས་སྐུད་པ་དཀར་ནག་གིས་དཀྲི་བར་བྱའོ། །དེ་སྒོ་ཅུང་ཟད་ཅིག་བཞག་ནས་ལྷག་མ་མཚམས་རྣམས་ཁྲག་དང་ས་ལ་སོགས་པ་སྦྱར་བས་བསྒོས་ཏེ་མི་མངོན་པར་བྱའོ། །དེ་ནས་དེ་མཎྜལ་ལ་སོགས་པའི་གནས་སུ་བཞག་ལ། སྔོན་དུ་བརྗོད་པ་བཞིན་དུ་མཆོད་པའི་ཡོ་བྱད་དང་གཏོར་མ་རྣམས་ཇི་ལྟར་འབྱོར་བར་བཤམ་མོ། །དེ་ནས་སྔགས་པ་བདག་ཉིད་གོས་ནག་པོ་ཁྲག་གིས་བསྒོས་པའམ། དེ་བཞིན་དུ་དྲི་ཆེན་གྱིས་བསྒོས་པ་འམ། དུར་ཁྲོད་ཀྱི་སོལ་བ་འམ་ཐལ་བས་བསྒོས་པ་གྱོན་ཏེ། སྐྲ་ལྷུག་པར་བཤིག་ནས་རོའི་སྟན་ནམ། མེའི་དཀྱིལ་འཁོར་རམ། སྣ་ཚོགས་རྡོ་རྗེའི་སྟན་ལ་རྡོ་རྗེའི་སྐྱིལ་མོ་ཀྲུང་ངམ། གཡས་བརྐྱང་བ་འམ། གཡོན་བརྐྱང་བ་འམ། ཁྲོ་བོ་ཆེན་པོའི་ཚམ་ངམ་གྱི་སྟབས་གང་ཡང་རུང་བས་འདུག་སྟེ་དང་པོར་སྔོན་དུ་བརྗོད་པ་བཞིན་དུ་རྡོ་རྗེའི་དཀྱིལ་འཁོར་བསྒོམ་པ་བྱས་ཏེ། བཅོམ་ལྡན་འདས་གཤིན་རྗེ་གཤེད་པོ་འཁོར་དང་བཅས་པ་ལ་མཆོད་པ་དང་གཏོར་མ་སྤྱིན་པའི་ཆོ་ག་ལེགས་པར་བྱའོ། །དེ་ནས་བདག་ཉིད་དམ་སྒྲུབ་པའི་གྲོགས་མཆོག་མི་མ་ཡིན་པ་དག་མཐོང་ཞིང་དེས་འཇིགས་པར་མི་འགྱུར་བའི་ནུས་པ་དང་ལྡན་པ། མི་འདོད་པའི་གདོན་བར་དུ་གཅོད་བདག་བྱུང་ན། དེ་ལ་ཡུངས་ཀར་དང་ཕྲེང་བ་དག་འཕེན་ནུས་ཤིང་རལ་གྲིས་བསྡིགས་པར་ནུས་པ་དག་དྲུང་དུ་བྱུང་ན་ཡང་རལ་གྲིས་འདེབས་པར་ནུས་པ། རང་འདོད་པ་དག་མཐོང་ན་ཡང་ཨརྒྷ་དང་གཏོར་མ་བྱིན་ནས་ལེགས་པར་འོངས་སོ་ཞེས་སྤྲོ་བའི་ཚིག་བྱིན་ནས། ད་འདིར་བཞུགས་ལ་


DTG048_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དགའ་བའི་ལས་ཀྱང་མཛོད་ཅིག་ཅེས་བསྒོ་བར་ནུས་པ། དེ་ལྟ་བུའི་གྲོགས་དང་ལྡན་པས་ཁ་ཟས་བཟང་པོ་གཏོར་མ་དང༌། ཆང་གི་ཨརྒྷ་དང༌། ཁྲག་དང་ཆང་དང་སྦྱར་བའི་ཨརྒྷ་དག་ཀྱང་མདུན་དུ་བཞག །ཡུངས་ཀར་སེར་པོ་བཟང་པོ་ཕུལ་གང་ཡང་སྒྲུབ་པའི་གྲོགས་མཆོག་གི་ཐུ་བ་གཡོན་པར་བླུགས། དེའི་ལག་པ་གཡོན་པ་ལ་བགྲང་ཕྲེང་དག་ཀྱང་གདགས། ལག་པ་གཡས་པར་རལ་གྲི་བྱིན་ཏེ་གཞག་གོ །སྔགས་པ་བདག་ཉིད་ལག་པ་གཡས་པར་བེ་ཅོན་ནམ་རྡོ་རྗེ་ཐོགས་ཏེ་ཕྱར་ནས་གཡོན་པ་སྡིགས་མཛུབ་བསྒྲེང་སྟེ་ལྷའི་ང་རྒྱལ་དང་ལྡན་བས་ཐོད་པའི་ཁང་བཟངས་སུ་བསྒོམས་ཏེ། དེའི་ནང་དུ་ཡི་གེ་ནྲྀ་ཁ་དོག་ལྗང་དམར་ཞིག་ལས་བུད་མེད་ལྗང་དམར་ཞིག་བསྒོམ། ཡང་ཡི་གེ་ནྲྀ་ལྗང་ནག་ཞིག་ལས་སྐྱེས་པ་ལྗང་ནག་ཞིག་བསྒོམ། དེ་ནས་རྩ་བའི་གསང་སྔགས་ཀྱི་རྗེས་སུ་བུད་མེད་ཆེ་གེ་མོ་དང་སྐྱེས་པ་ཆེ་གེ་མོ་ཨཱ་ཀཪྵ་ཡ་ཛཿ་ཞེས་བྱ་བའི་གསང་སྔགས་ཟློས་ཤིང་ཇི་སྐད་དུ་གསུངས་པའི་དགུག་པའི་སྦྱོར་བ་དང་ལྡན་པའི་ཏིང་ངེ་འཛིན་ལན་མང་དུ་བྱས་པས་ཐོད་པ་དེ་དག་ཉིད་ཀྱི་བདག་པོར་འགྱུར་བའི་སྐྱེས་པ་དང༌། བུད་མེད་ཡིད་ལ་བྱེད་པའི་སྤྲུལ་བའི་ལུས་གཞན་ལ་ཕན་པ་དང་གནོད་པར་ནུས་པའི་མཚན་ཉིད་ཅན་རོ་ལངས་ཀྱི་གདོན་དང་ལྷན་ཅིག་པ་བགེགས་ཀྱི་ཚོགས་དུ་མ་དང་དབྱེར་མེད་པའི་ལུས་དེར་འོང་བར་འགྱུར་ཏེ་བདག་གམ་གཞན་ལ་སྣང་བར་འགྱུར་རོ། །དེ་ལྟར་སྣང་བར་གྱུར་པ་དང༌། ཆང་གི་ཨརྒྷ་ལག་ཏུ་ཐོགས་ཏེ་འདི་སྐད་ཅེས་སྨྲའོ། །གྲོགས་བོ་དག་ལེགས་པར་འོངས་སོ། །ཨརྒྷ་དང་གཏོར་མ་འདི་དག་ཀྱང་ལོང་ལ་ཁང་བཟངས་འདིར་འདུག་ཤིག །འདི་ནི་ཁྱོད་ཀྱི་ལུས་དང་གནས་ཀྱི་རང་བཞིན་ཡིན་ཏེ། གནས་དང་ལོངས་སྤྱོད་ཀྱང་ངས་ལེགས་པར་སྦྱར་གྱི་བདག་གི་དགོས་པ་དག་ཀྱང་གྱིས་ཤིག་ཅེས་བསྒོ་ལ། ཐོད་པའི་སྒོ་དེ་ནས་ཆང་ཡང་ཅུང་ཟད་གཏོར་ཞིང་ཁ་ཟས་ཀྱི་ཕུད་ཀྱང་ཅུང་ཟད་བླུགས་ལ་རིན་པོ་ཆེ་རྣམས་ཀྱང་བླུགས་ལ། དར་ལ་སོགས་པ་གོས་ཀྱི་དུམ་བུ་ཡང་གཞུག་པར་བྱའོ། །ལྷག་མའི་རྫས་རྣམས་ནི་ཉེ་འཁོར་གྱི་སྣོད་ཅིག་ཏུ་བླུགས་པར་བྱའོ། །འདི་ལྟ་བུའི་སྦྱོར་བ་ལན་གསུམ་མམ་བདུན་ཙམ་སྣང་བར་གྱུར་ཅིང༌། ཡང་དང་ཡང་དུ་འོང་བར་མཐོང་ན་དེ་དག་གཤིན་རྗེ་ཆུང་མ་དང་བཅས་པ་སྔ་མའི་གདོན་གྱི་


DTG048_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་དེ་ལ་དགུག་པར་བྱ་སྟེ། ལྷའི་ཏིང་ངེ་འཛིན་དང་ལྡན་པས་རྩ་བའི་གསང་སྔགས་ཀྱི་རྗེས་སུ་ཡ་མ་པུ་རུ་ཥ་ཏྲི་ཙ་ཨཱ་ཀཪྵ་ཡ་ཛཿ་ཞེས་བྱ་བའི་གསང་སྔགས་ཟློས་ཤིང་སྔ་མ་བཞིན་དུ་དགུག་པའི་སྦྱོར་བ་བྱས་པས་གཤིན་རྗེ་མི་མདོག་ནག་པོ་ལག་ན་བེ་ཅོན་ཐོགས་པ་དང༌། གཤིན་རྗེའི་ཆུང་མ་ལག་ན་ཞགས་པ་དང་གྲི་ཐོགས་པ་བཀུག་སྟེ། ཁང་བཟངས་ཀྱི་ནང་ན་གནས་པའི་བུད་མེད་ལ་གཤིན་རྗེའི་ཆུང་མ་ཐིམ། སྐྱེས་པ་ལ་གཤིན་རྗེ་ཉིད་ཐིམ་སྟེ། གནས་པར་གྱུར་པར་བསམ་ཞིང་དགུག་པའི་སྦྱོར་བ་བྱའོ། །དེས་ཇི་ལྟར་སྨོས་པའི་གཟུགས་དག་བདག་གམ་གཞན་ལ་སྣང་བར་གྱུར་ཏམ། ཡང་ན་སྐྱེས་པ་ནག་པོ་གཟུགས་ཤིན་ཏུ་ཆེ་བའམ། བུད་མེད་ནག་མོ་རལ་པ་ཅན་ཁ་བགྲད་པ་དག་བདག་གམ་གཞན་ལ་སྣང་བར་འགྱུར་ཏེ་དེ་ལ་འདི་སྐད་ཅེས་སྨྲའོ། །ཁྲག་དང་ཆང་སྦྱར་བའི་ཨརྒྷ་ལག་ཏུ་ཐོགས་ཏེ། ཅུང་ཟད་སྦྲེང་ཞིང་གྲོགས་པོ་དག་ལེགས་པར་འོངས་སོ། །བདག་གིས་ཕུལ་བའི་ཨརྒྷ་དང་མཆོད་པ་འདི་དག་བཞེས་ལ་འདིར་བཞུགས་ཤིག །འདི་ནི་ཁྱོད་ཀྱི་གནས་དང་ལུས་ཀྱི་རང་བཞིན་ཏེ། རང་གི་གནས་དང་ལོངས་སྤྱོད་ཆེན་པོ་ལས་ཀྱང་མ་ཉམས་པར་སྤྱོད་བཞིན་དུ། བདག་གིས་ཕུལ་བ་འདི་དག་ཀྱང་བཞེས་ལ་བདག་གི་དགོས་པ་ཕྲ་མོ་ཡང་མཛོད་ཅེས་བསྒོ་སྟེ། སྔ་མ་བཞིན་དུ་ཐོད་པའི་ནང་དུ་ཡང་མཆོད་པའི་ཕུད་རྣམས་ཅུང་ཟད་བླུགས་ཤིང་ལྷག་མ་རྣམས་ཉེ་འཁོར་དུ་སྣོད་དུ་སྔ་མ་བཞིན་དུ་དབུལ་བར་བྱའོ། །འདི་ལྟར་ལན་གསུམ་ཙམ་སྣང་བར་གྱུར་པ་དང༌། དེ་ནས་ཡང་བསྒྲུབ་བྱ་དགུག་པའི་སྦྱོར་བ་བྱས་ཏེ། ལྷའི་སྦྱོར་བ་དང་ལྡན་པས་རྩ་བའི་གསང་སྔགས་ཀྱི་རྗེས་སུ་ཆེ་གེ་མོ་ཨཱ་ཀཪྵ་ཡ་ཛཿཞེས་བྱ་བའི་གསང་སྔགས་ཟློས་ཤིང༌། སྔ་མ་བཞིན་དགུག་པའི་སྦྱོར་བ་བྱས་པས་བསྒྲུབ་བྱ་བཀུག་སྟེ་ཐོད་པའི་ནང་དུ་སོང་བར་བསམ་མོ། །འདི་ལྟ་བུའི་སྦྱོར་བ་ཡང་ནས་ཡང་དུ་བྱས་པ་དང༌། བསྒྲུབ་བྱ་དེ་ཁུགས་ནས་ཐོད་པའི་ནང་དམ་ཉེ་འཁོར་དུ་འོངས་པར་བདག་གམ་གཞན་ལ་སྣང་བར་གྱུར་ཏེ། དེ་ལ་འདི་སྐད་ཅེས་བསྒོའོ། །གཤིན་རྗེ་ཆེན་པོ་འཁོར་དང་བཅས་པ་ཁྱེད་ཅག་མཁྱེན་པར་མཛོད་ཅིག །བཅོམ་ལྡན་འདས་གཤིན་རྗེ་གཤེད་ཀྱི་བཀས་ཆེ་གེ་མོ་ཞེས་བྱ་བ་འདི་ཁྱོད་ཀྱི་བཟའ་བའི་སྐལ་པར་གཏད་པར་གྱུར་པ་ཡིན་གྱི། འདི་ད་ལྟ་ཉིད་དུ་


DTG048_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་ཤིག་གལ་ཏེ་མ་བཟུང་ན་བཅོམ་ལྡན་འདས་ཀྱི་བཀའ་ལས་ཀྱང་འདས་ཤིང༌། རང་གི་ངག་ཀྱང་ཉམས་པར་བྱས་པ་ཡིན་གྱི། །དེ་བས་ན་ལེགས་པར་སྒྲུབས་ཤིག་ཅེས་བསྒོའོ། །དེ་ལྟར་ལན་གསུམ་སྣང་བར་གྱུར་པ་དང་སྒོ་དེ་ལེགས་པར་ཁ་བཅད་དེ། དེར་སྣ་ཚོགས་རྡོ་རྗེ་བྲིས་ནས་གསང་སྔགས་ལ་སྦྱར་བར་བྱའོ། །དེ་ཡང་གལ་ཏེ་སྒྲུབ་པ་པོ་དྲོད་དང་ལྡན་པ་ཡིན་ན་ནི་ཉི་མ་བཞིར་ལས་ལ་སྦྱར་བ་བྱས་པས་ལས་གྲུབ་པར་འགྱུར་རོ། །དེ་ལ་ཉི་མ་བཞི་པའི་སྦྱོར་བ་ནི་གོང་དུ་བསྟན་པ་བཞིན་དུ་འཁོར་བ་དང༌། ཁྲག་འདྲེན་པ་དང༌། བརྒྱལ་བ་དང༌། །གསོད་པར་བྱེད་པ་ཞེས་བྱ་བའི་བསྐུལ་ཚིག་དང་ལྡན་པའི་སྔགས་རྣམས་སོ་སོར་སྦྱར་བར་བྱས་ནས། ཉི་མ་བཞིར་སོ་སོར་སྦྱར་བ་ཉིད་ཀྱིས་འགྲུབ་པར་འགྱུར་རོ། །གལ་ཏེ་དྲོད་མ་ཐོབ་པ་རྣམས་ཉི་མ་བཞིར་སྦྱོར་བར་འདོད་པ་ན་དེ་བཞིན་དུ་བྱས་ཏེ། ཐ་མར་དུར་ཁྲོད་ལ་སོགས་པའི་གནས་སུ་སོང་སྟེ་ཡང་གཤིན་རྗེ་ལ་གཏད་པའི་སྦྱོར་བ་བརྟན་པ་བྱས་པས་ལེགས་པར་སྦས་ཏེ་ཕྱིས་ཀྱང་གསང་སྔགས་རྗེས་སུ་བསྐུལ་བར་བྱའོ། །གལ་ཏེ་དྲོད་མ་ཐོབ་པ་རྣམས་ཉི་མ་བཞི་ཁོ་ནར་སྦྱར་བར་མི་འདོད་ན། ཐོད་པ་དེ་ཁྲག་གི་མཎྜལ་གྲུ་གསུམ་བྱས་ལ་དེའི་སྟེང་དུ་བཞག་སྟེ། ཉི་མ་རེ་རེ་ཐོད་པའི་བདག་པོའི་མི་ཕོ་མོ་ཡང་བཀུག་གཤིན་རྗེ་ཕོ་མོ་ཡང་སྔ་མ་བཞིན་དུ་བཀུག་སྟེ། ཨརྒྷ་དང་གཏོར་མ་ཡང་ལེགས་པར་བྱིན་ནས། བསྒྲུབ་བྱ་ཡང་སྔ་མ་བཞིན་དུ་བཀུག་སྟེ། ལེགས་པར་གཏད་པའི་སྦྱོར་བ་ཡང་དེ་བཞིན་དུ་བྱས་ནས། དེའི་རྗེས་སུ་གསང་སྔགས་ཡི་གེ་སུམ་ཅུ་གཉིས་པའི་རྗེས་སུ་ཆེ་གེ་མོ་མཱ་ར་ཡ་ཕཊ་ཕཊ། ཅེས་བྱ་བ་ཇི་ལྟར་ནུས་པ་བཟླས་པར་བྱའོ། །ཇི་ལྟར་ཉི་མ་རེ་རེ་བཞིན་ཉི་མའི་གུང་དང་ནམ་གྱི་གུང་ལ་བར་ཆད་མེད་པར་ལས་མ་གྲུབ་གྱི་བར་དུ་བྱའོ། །གལ་ཏེ་དེ་ལྟར་མི་ནུས་ན་དུར་ཁྲོད་ལ་སོགས་པའི་གནས་སུ་ཡང་གཏད་པའི་སྦྱོར་བ་བྱས་ཏེ་ལེགས་པར་སྦས་ཏེ་གཞག་གོ །དེ་ནས་ལས་ལེགས་བར་གྲུབ་པར་གྱུར་པ་ན་དེ་དག་དེ་ནས་ཕྱུང་སྟེ་བདུད་རྩི་འཁྱིལ་བའམ། སངས་རྒྱས་སྤྱན་གྱི་གསང་སྔགས་ཟློས་ཤིང་འོ་མས་བཀྲུས་ལ་བཟོད་པར་གསོལ་བ་བྱས་ཏེ་བཏང་ངོ༌། །གལ་ཏེ་དེ་ལྟར་བྱས་ཀྱང་ལས་མ་གྲུབ་ན་སྔགས་པས་བཀའ་དང་དམ་ཚིག་གི་འཁོར་ལོ་བསྒོམས་ཏེ་ཐོད་


DTG048_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་རྐང་པ་གཡོན་པས་མནན་ནས་རྩ་བའི་སྔགས་ཀྱི་རྗེས་སུ་ཏ་ཐཱ་ག་ཏ་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་ཟློས་ཤིང་སེམས་རབ་ཏུ་འཁྲུགས་པས་བཀའ་དང་དམ་ཚིག་གི་འཁོར་ལོ་ཇི་སྐད་སྨོས་པ་བཞིན་དུ་བསྐུལ་ཞིང་བསྒོ་བར་བྱའོ། །དེ་ནས་ལས་འགྲུབ་པར་འགྱུར་རོ། །འདི་ནི་དམ་ཚིག་གི་འཁོར་ལོས་གཤིན་རྗེ་དང་ཐོད་པ་ཅན་དག་གཟིར བ་སྟེ། དེའི་དུས་སུ་མཎྜལ་གྱི་དབུས་སུ་དོང་གྲུ་གསུམ་ཐོད་པ་ཤོང་བ་ཞིག་བྲུས་ལ། དེའི་ནང་དུ་དུག་གི་མེ་འབར་བ་དུ་བ་དང་བཅས་པ་བླུགས་ཏེ་དེའི་སྟེང་དུ་ཐོད་པ་བཞག་ནས། དེའི་སྟེང་ནས་བརྫིས་ཏེ་སྔ་མ་བཞིན་དུ་སྦྱར་བར་བྱའོ། །འདིས་བགེགས་དེ་དག་སྟེང་ནས་བཀའ་དང་དམ་ཚིག་གི་འཁོར་ལོས་གཟིར་བ་དང༌། འོག་ནས་དུག་གི་མེས་བདུགས་པས་དེ་དག་རབ་ཏུ་མ་བཟོད་ནས་འཁྲུགས་ཏེ་བསྒྲུབ་བྱ་མྱུར་དུ་འཛིན་པར་འགྱུར་རོ། །དེའི་མཐུས་ལས་འགྲུབ་པར་འགྱུར་རོ། །གྲུབ་པར་གྱུར་ནས་སྔ་མ་བཞིན་འོ་མས་བཀྲུས་ཏེ་གདོན་དེ་དག་ལ་ཞི་བའི་སྤྱིན་སྲེག་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་བྱའོ། །དེ་ལྟར་མ་བྱས་ན་དེ་དག་སྒྲུབ་པ་པོ་ལ་ཕྱིར་གནོད་པར་འགྱུར་རོ། །འདི་ནི་ཉི་ཚེ་བའི་འཁོར་ལོ་ལས་རྩ་བ་རྒྱས་པའི་འཁོར་ལོ་ཞེས་བྱ་བ་བསྟན་པ་རྫོགས་སོ།། །།

ཉི་ཚེ་བའི་འཁོར་ལོ་ལས་རྩ་བའི་འཁོར་ལོ་འབྲིང་དུ་བསྟན་པ།


DTG048_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྩ་བའི་འཁོར་ལོ་དེ། །འབྲིང་དུ་བསྟན་པ་བཤད་པར་བྱ། །བཅུ་གཉིས་རྩིབས་ཅན་འཁོར་ལོ་དག །ལྟེ་བར་རེའུ་མིག་དགུ་ལྡན་པ། །དུར་ཁྲོད་རས་ལ་བྲི་བར་བྱ། །ཆོག་གཞན་ནི་སྔོན་བཞིན་དུ། །འདིར་ཡང་དེ་བཞིན་ཤེས་པར་བྱ། །ཡི་གེ་ཡ་ཞེས་བྱ་བ་ནི། །རེའུ་མིག་དབུས་མ་ལ་བྲིའོ། །ཡི་གེ་ཀྵེ་ནི་ཤར་ཕྱོགས་སུ། །ལྷོ་ཡི་ཕྱོགས་སུ་ཡི་གེ་མ། །ནུབ་ཏུ་མེ་ཞེས་བྱ་བ་བྲི། །བྱང་དུ་ཡི་གེ་ད་བྲིའོ། །བསྒྲུབ་བྱའི་མིང་ནི་བླངས་ནས་སུ། །ཧཱུཾ་དང་ཕཊ་ཀྱིས་གཟིར་བྱས་ཏེ། །བསྐུལ་བའི་ཚིག་དང་ལྡན་པ་དག །གྲྭ་བཞི་ལ་ནི་བྲི་བར་བྱ། །འཁོར་ལོའི་རྩིབས་ཀྱི་མིག་རྣམས་སུ། །ཡཙྪ་ནི་ར་ཞེས་བྱ་བ། །ཤར་ནས་བརྩམས་ཏེ་ལེགས་པར་བྲི། །ཛ་ས་དོ་རུ་ཞེས་བྱ་བའི། །ཡི་གེ་དེ་ཡི་རྗེས་སུ་བྲི་བྱ་བ། །ཎ་ཡོ་ནི་རཱ་ཞེས་བྱ་བའི། །ཡི་གེ་བཞིན་ནི་ལེགས་པར་དགོད། །དེ་ཡི་ཕྱི་རོལ་ཁོར་ཡུག་ཏུ། །ཡི་གེའི་ཕྲེང་བ་བྲིས་ཀྱང་རུང༌། །ཅི་བདེ་བར་ནི་བྲིས་ནས་ནི། །ཆོ་ག་ལྷག་མ་ཐམས་ཅད་ཀྱང༌། །སྔོན་དུ་བརྗོད་པ་བཞིན་དུ་བྱ། །


DTG048_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་འཁོར་ལོའི་བྱེ་བྲག་དག །རེའུ་མིག་བཅུ་དྲུག་ལྡན་བྱས་ཏེ། །ཡི་གེ་སྔ་མ་བཞིན་དུ་དགོད། །ཡི་གེ་ཕྲེང་བ་འམ་བསྐུལ་ཚིག་དག །ནང་ངམ་དེ་བཞིན་ཁོར་ཡུག་ཏུ། །ཅི་བདེ་བར་ནི་བྲི་བར་བྱ། །ཆོ་ག་གཞན་ནི་སྔོན་བཞིན་དུ། །འདིར་ཡང་དེ་བཞིན་ཤེས་པར་བྱ། །དེ་ལ་རྩ་བའི་འཁོར་ལོ་འབྲིང་དུ་བསྟན་པ་ཞེས་བྱ་བའི་སྒོ་ནས་ལས་ལ་སྦྱོར་བར་འདོད་པའི་སྔགས་པས་དུར་ཁྲོད་ཀྱི་རས་ལ་སྔོན་དུ་བརྗོད་པའི་ཆོ་གས་འཁོར་ལོ་བྲི་བར་བྱ་སྟེ། འཁོར་ལོ་རྩིབས་བཅུ་གཉིས་པར་བྲིས་པའི་ལྟེ་བ་ལ། རེའུ་མིག་དགུ་པ་བྱས་ཏེ་དེའི་རེའུ་མིག་དབུས་མ་ལ་ཡི་གེ་ཡ་བྲི། །དེ་ཉིད་ཀྱི་ནང་ངམ་ཁོར་ཡུག་ཏུ་བསྐུལ་བའི་ཚིག་ཧཱུཾ་དང་ཕཊ་ཀྱིས་གཟིར་བར་བྲིས་ཏེ། འདིར་འདི་ལྟར་ཧཱུཾ་ཆེ་གེ་མོ་མཱ་ར་ཡ་ཕཊ། ཅེས་བྱ་བ་འཁོར་ལོའི་ཚུལ་དུ་བྲི། མཚམས་བཞིར་ཡང་བསྐུལ་བ་དེ་ཉིད་བྲི་བར་བྱའོ། །ཕྱོགས་ཀྱི་རེའུ་མིག་དང་འཁོར་ལོའི་རེའུ་མིག་རྣམས་སུ་ཡི་གེ་རྣམས་ཚིགས་སུ་བཅད་པ་ནས་སྤྲོས་པ་ལྟར་བྲིས་ཏེ། དེའི་ཕྱི་རོལ་ཁོར་ཡུག་ཏུ་དབྱངས་དང་མིང་གི་ཕྲེང་བ་དང༌། བསྐུལ་བའི་ཚིག་ངག་བྲིས་ཀྱང་རུང༌། གལ་ཏེ་མ་བྲིས་ཀྱང་རུང་སྟེ། སྣག་ཚ་ལ་སོགས་པ་ཆོ་ག་རྒྱས་པའི་སྐབས་སུ་བརྗོད་པ་བཞིན་དུ་བྲིས་ནས། དེ་ནས་ཁ་སྦྱོར་དུ་བྱེད་པར་འདོད་ན་ཡང། རིམ་པ་དང་རིམ་པ་མ་ཡིན་པའི་ཚུལ་བྲིས་ནས་དེ་དག་ཁ་སྦྱར་ཏེ་ཐོད་པ་ཁ་སྦྱར་བའི་ནང་དུ་གཞུག་པ་ལ་སོགས་པ་ཇི་ལྟར་རྒྱས་པའི་སྐབས་སུ་བསྟན་པ་བཞིན་དུ་འདིར་ཡང་སྦྱོར་བར་བྱའོ། །གལ་ཏེ་འཁོར་ལོ་རྐྱང་བར་བྱེད་པར་འདོད་ན་ཡང་ཆོ་ག་གཞན་དེ་བཞིན་དུ་བྱའོ། །གལ་ཏེ་སྔགས་པ་བརྩོན་འགྲུས་ཆུང་བ་དག་ཆོ་ག་མང་པོ་ལ་སྦྱོར་བར་མི་ནུས་ན་ཐོད་པ་ཅན་དང་གཤིན་རྗེ་དག་དགུག་པའི་སྦྱོར་བ་མེད་པར། བསྒྲུབ་བྱ་འབའ་ཞིག་དགུག་པའི་སྦྱོར་བ་བྱ་ཞིང་གསང་སྔགས་ལ་སྦྱར་བར་བྱ་སྟེ། ཐ་མར་དུར་ཁྲོད་ལ་སོགས་པའི་གནས་སུ་གཤིན་རྗེའི་སྐྱེས་བུ་ལ་གཏད་པའི་སྦྱོར་བ་བྱས་ན་ཆོ་ག་འདི་དག་ཙམ་གྱི་ཀྱང་ལས་གྲུབ་པར་འགྱུར་རོ། །གཞན་ཡང་རེའུ་མིག་བཅུ་དྲུག་པའི་འཁོར་ལོ་དག་ལ། ཆོ་ག་གཞན་སྔོན་དུ་བརྗོད་པ་བཞིན་དུ་བྱས་ཀྱང་རུང༌། རྟོག་པ་གཞན་ལས་གསུངས་པའི་ཡི་གེ་བཅུ་བདུན་གྱི་འཁོར་ལོ་དག་ཀྱང་རུང་སྟེ། ཆོ་གའི་ཚུལ་དེ་དག་གིས་བསྒྲུབ་པར་བྱའོ། །ཉི་ཚེ་བའི་འཁོར་ལོ་ཞེས་བྱ་བ་ལས་རྩ་བའི་འཁོར་ལོ་འབྲིང་དུ་བསྟན་པ་རྫོགས་སོ།། །།

ཉི་ཚེ་བའི་འཁོར་ལོ་ལས་རྩ་བའི་འཁོར་ལོ་བསྡུས་ཏེ་བསྟན་པ།


DTG048_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྩ་བའི་དཀྱིལ་འཁོར་ཉིད། །བསྡུས་ཏེ་བསྟན་པ་བཤད་པར་བྱ། །དུར་ཁྲོད་རས་ལ་བློ་ལྡན་གྱིས། །ཡ་མ་མེ་ད་ཀྵེ་ཞེས་པ། །དབུས་དང་ལྷོ་ནས་བརྩམས་ཏེ་བྲི། །ནང་ངམ་ཕྱི་རོལ་ཁོར་ཡུག་ཏུ། །བསྐུལ་ཚིག་དག་ཀྱང་དེ་བཞིན་བྲི། །ཡི་གེའི་ཕྲེང་བའང་སྔོན་བཞིན་དུ། །མཁས་པས་དེ་བཞིན་ཤེས་པར་བྱ། །ཡང་ན་རེའུ་མིག་དགུ་ལྡན་པར། །སྔ་མ་བཞིན་དུ་བྲི་བར་བྱ། །དེ་ལ་འདིར་རྩ་བའི་དཀྱིལ་འཁོར་ཀུན་ནས་བསྡུས་པ་འདི་ལ་སྦྱོར་བ་ར་འདོད་པས། འཁོར་ལོ་རྩིབས་བཞི་པའམ་རེའུ་མིག་དགུ་པའི་འཁོར་ལོ་ལ་ཡ་མ་མེ་ད་ཀྵེ་ཞེས་བྱ་བའི་ཡི་གེ་ལྔ་པོ་འབའ་ཞིག་བྲིས་ཏེ། རེའུ་མིག་དགུ་པའི་གྲྭ་བཞི་འམ། འཁོར་ལོའི་དབལ་ཁ་བཞི་ལ་ཡང་ཧཱུཾ་དང་ཕཊ་ཀྱི་བར་དུ་ཆེ་གེ་མོ་མཱ་ར་ཡ། ཞེས་བྱ་བ་སྨོས་པ་བྲི་བར་བྱའོ། །དབུས་དང་མཐའ་ཁོར་ཡུག་ཏུ་ཡང་དེ་ལྟར་བྲི་བར་བྱའོ། །ཡི་གེ་ཕྲེང་བ་བྲིས་ཀྱང་རུང་སྟེ་དེ་ལྟར་ལེགས་པར་བྲིས་ཏེ་ཆོ་ག་གཞན་སྔོན་དུ་བརྗོད་པ་བཞིན་སྦྱར་བར་བྱའོ། །འདི་ལྟར་འཁོར་ལོ་རྒྱས་པ་དང་བསྡུས་པ་འདི་དག་ཀྱང་འཁོར་ལོ་བྲི་བ་ཙམ་གྱི་སྒོ་ནས་ཕྱེ་བ་ཡིན་ཏེ། གསང་སྔགས་བཟླས་པའི་ཚུལ་དང་ཚེ་ག་ལྷག་མ་དག་ནི་བྱེ་བྲག་མེད་པར་ཤེས་པར་བྱའོ། །ཉི་ཚེ་བའི་འཁོར་ལོ་ལས་རྩ་བའི་འཁོར་ལོ་བསྡུས་ཏེ་བསྟན་པ་ཡིན་ཏེ་རྩ་བའི་འཁོར་ལོ་ཡོངས་སུ་བསྟན་པ་རྫོགས་སོ།། །།

ཉི་ཚེ་བའི་འཁོར་ལོ་ལས་ཡན་ལག་གི་འཁོར་ལོ་བསྡུས་པའི་མཚན་ཉིད་བསྟན་པ།


DTG048_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་ཡན་ལག་གི་འཁོར་ལོ་ཞེས་བྱ་བ་རྟོགས་པ་རྣམས་ལས་ཇི་སྐད་དུ་བསྟན་པ་རྣམས་དེ་ཞར་ལ་འདིར་བདག་གིས་བསྡུ་བར་བྱའོ། །དེ་ལ་དང་པོར་སྙིང་པོའི་འཁོར་ལོ་ཞེས་བྱ་བ་བསྟན་པར་བྱ་སྟེ། སྙིང་པོའི་གསང་སྔགས་རྣམས་ལས་ཡི་གེ་ཇི་སྲིད་ཡོད་ཀྱང་རུང་སྟེ། གལ་ཏེ་ཡི་གེ་ཟུང་མར་ཡོད་ན་ནི། །ཡི་གེ་དང་མཉམ་པའི་འཁོར་ལོའི་རྩིབས་བྱས་ཏེ། ཡི་གེ་དང་པོ་དབུས་ཀྱི་ལྟེ་བ་ལ་བྲིའོ། །འཁོར་ལོའི་རྩིབས་རྣམས་ལ་ཡང་ཡི་གེ་ཚང་བར་བྲི་སྟེ། ལྟེ་བའི་ནང་དང་ཕྱི་རོལ་གྱི་ཁོར་ཡུག་རྣམས་སུ་བསྐུལ་པའི་ཡི་གེ་སྔ་མ་བཞིན་བྲི་སྟེ། ཅོ་ག་གཞན་ནི་རྩ་བའི་འཁོར་ལོ་བཞིན་དུ་སྦྱར་ཏེ། བྱེ་བྲག་ཏུ་ན་གསང་སྔགས་བཟླས་པ་ནི་སྙིང་པོའི་གསང་སྔགས་ཉིད་དེ། །ལེགས་པར་བསྙེན་པ་བྱ་ཞིང་ལས་ལ་སྦྱོར་


DTG048_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚེ་ན་ཡང་སྙིང་པོའི་གསང་སྔགས་དེ་ཉིད་ལ་བསྐུལ་བ་དང་བཅས་པས་བཟླས་པར་བྱའོ། །འདི་དག་ལ་ནི་ཉི་མ་བཞིར་སྦྱར་བ་མེད་དེ། ཉི་མ་བཞིའི་སྦྱོར་བ་ནི་ཡི་གེ་སུམ་ཅུ་རྩ་གཉིས་པ་འབའ་ཞིག་ལ་གསུངས་པར་ཤེས་པར་བྱའོ། །ཡང་ན་ཡན་ལག་གི་འཁོར་ལོ་ཐམས་ཅད་འཁོར་ལོ་རྩིབས་བཅུ་དྲུག་པར་བྱས་ཏེ་རང་རང་གི་གསང་སྔགས་དང་བསྐུལ་བའི་གསང་སྔགས་དག་སྤེལ་མར་བྲི་བར་བྱའོ། །དེ་ལ་ཞལ་གྱི་འཁོར་ལོ་ཞེས་བྱ་བ་ནི་ཞལ་གྱི་གསང་སྔགས་བཀོད་པའི་འཁོར་ལོ་སྟེ། འདི་ནི་ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ། ཅེས་བྱ་བའི་གསང་སྔགས་འདི་སྙིང་པོའི་འཁོར་ལོ་ལྟར་དགོད་པ་དང༌། བཟླས་པ་དག་བྱས་ཏེ་དེ་ཉིད་ཀྱི་ལས་ལ་སྦྱར་བར་བྱ་བ་ནི་ཞལ་གྱི་འཁོར་ལོ་ཞེས་བྱའོ། །གཞན་ཡང་མཚོན་ཆའི་སྔགས་ལ་སོགས་པ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་བར་བྱ་སྟེ། འདི་ནི་འཁོར་ལོ་རྣམས་ཀྱི་རང་རང་གི་བྱ་བ་བསྟན་པ་སྟེ། གཞན་དུ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །ཡན་ལག་གི་འཁོར་ལོ་བསྡུས་པའི་མཚན་ཉིད་བསྟན་པ་རྫོགས་སོ།། །།

སྤྱིའི་འཁོར་ལོ་བསྟན་པ།


DTG048_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཚེའི་འཁོར་ལོ་ཞེས་བྱ་བ། །དེ་དག་མདོར་ནི་བཤད་པ་ཡིན། །དེ་ནས་སྤྱི་ཡི་འཁོར་ལོ་ཡི། །ཆོ་ག་འདིར་ནི་བཤད་པར་བྱ། །དུར་ཁྲོད་རས་ལ་མཁས་པ་ཡིས། །དུག་ལ་སོགས་པས་ལེགས་བྱུགས་ཏེ། །རིམ་པ་གསུམ་དུ་བསྐོར་བ་ལ། །དང་པོར་རེའུ་མིག་དགུ་པར་བྱ། །དེ་བཞིན་གཉིས་པར་བཅུ་གཉིས་ཏེ། །རིམ་པ་གསུམ་པར་རེའུ་མིག་དག །བཅུ་དྲུག་དག་ཏུ་ལེགས་པར་བྲི། །དང་པོ་དག་དང་གཉིས་པ་ལ། །ཡི་གེ་བཅུ་བདུན་ལེགས་བྲི་བ། །ཇི་ལྟར་སྔོན་དུ་བརྗོད་པ་བཞིན། །གྲྭ་བཞི་དག་ལ་འང་དེ་བཞིན་དུ། །བསྐུལ་ཚིག་སྔགས་ཀྱིས་གཟིར་བར་བྲི། །ཐ་མའི་རེའུ་མིག་བཅུ་དྲུག་ལ། །ཡན་ལག་སྔགས་སུ་གང་བཤད་དང༌། །བསྐུལ་བའི་གསང་སྔགས་སྤེལ་ཏེ་བྲི། །དེ་ནས་སྔོན་དུ་བརྗོད་པ་བཞིན། །ཆོ་ག་ཐམས་ཅད་སྦྱར་བར་བྱ། །གདུག་པ་འདུལ་བའི་ཆོ་ག་ལ། །སྤྱི་ཡི་འཁོར་ལོར་བཤད་པ་སྟེ། །འདི་དག་ཙམ་གྱིས་དྲག་པོ་ཡི། །འཁོར་ལོའི་སྦྱོར་བ་བསྡུས་པ་ཡིན། །སྤྲུལ་པ་དང་ནི་གསང་སྔགས་ཀྱི། །བདེན་པའི་བྱིན་རླབས་ཤེས་བྱ་དང༌། །དེ་བཞིན་སྦྱོར་བའི་ནུས་མཐུ་དང༌། །གཞན་གྱིས་བསྡོངས་པ་ཞེས་བྱ་


DTG048_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བའི། །རྣམ་བཞི་ནུས་མཐུ་རྫོགས་པའི་ཕྱིར། །འཁོར་ལོ་སྦྱོར་བ་རྣམས་ཀྱི་མཆོག །རྒྱས་འདེབས་རྨོངས་དང་ཟ་བ་དང༌། །སླར་ཡང་གསོལ་བ་ཞེས་བྱ་བའི། །མཁའ་འགྲོའི་ལས་བཞི་རྫོགས་པས་ཀྱང༌། །དེ་ཕྱིར་འཁོར་ལོ་སྦྱོར་བའི་མཆོག །དབང་དུ་བྱ་དང་གཟིར་བ་དང༌། །རྨོངས་དང་གཞིག་པར་བྱ་བ་རྣམས། །དུས་གཅིག་སྒྲུབ་པར་བྱེད་པས་ན། །གདུག་པ་གཞིག་པར་བྱ་བ་ལ། །འཁོར་ལོ་སྦྱོར་བའི་མཆོག་ཏུ་བཤད། །དེ་ལ་སྤྱིའི་འཁོར་ལོ་འམ་ཉི་ཚོ་བའི་གང་ཡང་རུང་སྟེ། འཁོར་ལོའི་སྦྱོར་བའི་སྒོ་ནས་ལས་གྲུབ་པར་བྱེད་པ་ནི་སྦྱོར་བའི་མཆོག་ཏུ་བཤད་དེ་འདི་ལྟར་ལས་གྲུབ་པར་བྱེད་པ་ལས་ནུབ་པའི་མཐུ་རྣམ་པ་བཞི་ཡོངས་སུ་རྫོགས་པའི་ཕྱིར་ཡང་མཆོག་ཏུ་བཤད་དེ། འདིར་ནི་སྦྱོར་བ་གཞན་ལ་ཡང་ཚང་བར་ཤེས་པར་བྱའོ། །དེ་ལ་ནུས་མཐུ་རྣམ་པ་བཞི་ནི་སྤྲུལ་པའི་ནུས་པ་ཞེས་བྱ་བའི་བྱིན་གྱི་རླབས་དང༌། གསང་སྔགས་བདེན་པའི་ཚིག་གི་ནུས་པ་ཞེས་བྱ་བའི་བྱིན་གྱི་རླབས་དང༌། རྫས་དང་སྤྱོད་པའི་མཚན་ཉིད་བཀའ་བཞིན་སྦྱོར་བ་བྱས་པའི་ནུས་པ་ཞེས་བྱ་བའི་བྱིན་གྱི་རླབས་དང༌། གཞན་གྱིས་བསྡོངས་ཤིང་གྲོགས་བྱས་པ་ཞེས་བྱ་བའི་ནུས་པའི་བྱིན་གྱི་རླབས་སོ། །དེ་ལ་སྤྲུལ་པ་ནི་རྣམ་པ་བཞི་སྟེ། ཡེ་ཤེས་ཀྱི་སྤྲུལ་པ་དང༌། ཏིང་ངེ་འཛིན་གྱི་སྤྲུལ་པ་དང༌། ལས་ཀྱི་སྤྲུལ་པ་དང༌། ཡིད་ལ་བྱེད་པའི་སྤྲུལ་པའོ། །དེ་ལ་ཡེ་ཤེས་ཀྱི་སྤྲུལ་པ་ནི་གང་དག་ཡེ་ཤེས་ཐོབ་པ་རྣམས་སྤྲུལ་བས་གཞན་དག་ལ་ཕན་གདགས་པ་དང༌། ཚར་གཅོད་པའི་ལས་དག་བྱེད་པའི་ནུས་པ་ཡོད་པའོ། །ཏིང་ངེ་འཛིན་གྱི་སྤྲུལ་པ་ནི་སེམས་མཉམ་པར་གཞག་པ་ཐོབ་པ་རྣམས་རྫུ་འཕྲུལ་སྣ་ཚོགས་ཀྱིས་རང་དང་གཞན་གྱི་བྱ་བ་སྒྲུབ་པའོ། །ལས་ཀྱི་སྤྲུལ་པ་ནི་གང་དག་ལས་ཀྱི་དབང་གིས་སྐྱེ་བས་ཐོབ་པའི་རྫུ་འཕྲུལ་ཅན་རྣམས་རང་དང་གཞན་གྱི་དོན་དག་སྤྱོད་པར་ནུས་པའོ། །ཡིད་ལ་བྱེད་པའི་སྤྲུལ་པ་ནི་གང་གིས་སྤྲུལ་པ་རྣམ་པ་གསུམ་པོ་བཞིན། དབང་འབྱོར་པའི་རྫུ་འཕུལ་མ་ཐོབ་ཀྱང༌། ཡིད་ལ་བྱེད་པ་རྩེ་གཅིག་ཏུ་བྱས་པ་ཉིད་ཀྱིས་གཞན་ལ་ཕན་འདོགས་པ་དང༌། གནོད་པ་སྒྲུབ་པའི་རྒྱུར་འགྱུར་ཞིང་དོན་བྱེད་པའི་སྣང་བ་དག་གཞན་དང་གཞན་གྱི་རྒྱུད་ལ་འབྱུང་བར་འགྱུར་ཏེ། སྤྲུལ་པ་རྣམ་པ་བཞི་པོ་འདི་དག་གང་ཡང་རུང་བ་ལ་པ་རྟེན་


DTG048_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བྱིན་རླབས་ལྷག་མ་གསུམ་པོ་དག་གིས་བྱིན་གྱིས་བརླབ་ཏུ་རུང་བའི་གཞིར་འགྱུར་རོ། །གསང་སྔགས་བདེན་པའི་ནུས་མཐུ་ནི། །གང་དག་ནུས་མཐུ་ཁྱད་པར་དུ། །འགྱུར་ཞིང་བྱིན་རླབས་ཕུན་སུམ་ཚོགས་པ་ལ་དབང་འབྱོར་པ་ཐོབ་པ་རྣམས་ཀྱིས་ཡི་གེ་དང་མིང་དང་ཚིག་གི་ཚོགས་དག་ལ་བྱིན་གྱིས་བརླབས་ཏེ་འཇིག་རྟེན་དུ་གཞག་པ་དང༌། །དེ་བཞིན་དུ་ཕྱག་རྒྱ་དང་ཏིང་ངེ་འཛིན་དག་ལ་བྱིན་གྱིས་བརླབས་ཏེ་བཞག་པ་རྣམས་གང་ཟག་གང་གིས་དེ་དག་བཟླས་ཤིང་བསྒོམས་ཏེ། གཟུང་བ་དག་བྱིན་རླབས་ཁྱད་པར་ཅན་ཐོབ་པར་འགྱུར་རོ། །སྦྱོར་བའི་ནུས་པ་ནི་རྫས་ལ་སོགས་པ་དུ་མ་ཚོགས་ཤིང་སྦྱོར་བ་བྱས་པས། །དེ་དག་དངོས་པོ་རང་རང་གི་ཆོས་ཉིད་ཀྱི་ནུས་པ་དང༌། བཀའི་མཚན་ཉིད་ཀྱི་ནུས་པས་བྱིན་གྱི་རླབས་འབྱུང་བར་འགྱུར་ཏེ། ཀུན་རྫོབ་ཀྱི་བདེན་པར་ཆོས་རྟེན་ཅིང་འབྲེལ་བར་འབྱུང་བ་མི་སླུ་བར་སྣང་བའི་ཕྱིར་རོ། །གཞན་གྱིས་གྲོགས་བྱས་པའི་ནུས་པ་ནི་གང་དག་བྱིན་གྱི་རླབས་ཕུན་སུམ་ཚོགས་པ་ལ་དབང་ཐོབ་པ་རྣམས་ལ་མཆོད་པ་དང་བཟླས་བརྗོད་དང་སྤྱིན་སྲེག་ལ་སོགས་པ་དག་གིས་མཉེས་པར་བྱས་ཤིང༌། ལེགས་པར་བསྙེན་པས་དེ་དག་སྒྲུབ་པ་པོ་ལ་གྲོགས་བྱེད་པར་འགྱུར་ཏེ། །དེ་ལྟར་ན་ནུས་མཐུ་རྣམ་པ་བཞིའི་སྒོ་ནས་སྔགས་པ་རྣམས་ཀྱིས་ལས་གྲུབ་པར་འགྱུར་རོ། །དེ་ལ་མཁའ་འགྲོ་མའི་ལས་བཞི་ནི། མཁའ་འགྲོ་མ་གང་དག་སེམས་ཅན་དབང་དུ་བྱེད་པར་འདོད་ན་དང་པོ་བལྟ་བ་དང་རེག་པ་ལ་སོགས་པའི་སྒོ་ནས་རྒྱས་འདེབས་པར་བྱེད་དོ། །དེ་ནས་དབང་པོ་ཉམས་པར་བྱས་ཏེ་རྨོངས་པར་བྱེད་དོ། །དེ་ནས་ཟ་བར་བྱེད་དེ་འདོད་ན་སླར་གསོ་བར་ཡང་བྱེད་དོ། །དེ་བས་ན་ལས་འདི་དག་ཀུན་ཀྱང་འཁོར་ལོའི་སྦྱོར་བ་ལ་རྫོགས་ཏེ་དེའི་ཕྱིར་མཆོག་ཏུ་བཤད་དོ། །གཞན་ཡང་སྦྱོར་བ་གཅིག་གིས་དབང་དུ་བྱ་བ་དང༌། རྨོངས་པ་དང༌། གཟིར་བ་དང༌། མནན་པ་དང༌། ལྷ་དང་དབྲལ་བར་བྱ་བ་དང༌། བརླག་པར་བྱ་བ་རྣམས་དུ་ས་གཅིག་ཏུ་བྱེད་པར་ནུས་པ་ཡིན་པས། ཁྱད་པར་དུ་གདུག་པ་འདུལ་བའི་ལས་འཁོར་ལོའི་སྦྱོར་བ་མཆོག་ཏུ་བཤད་པར་གསུངས་པ་ཡིན་ནོ། །ཐབས་ཀྱི་ཆོ་ག་འདི་དག་ནི་གདུག་པ་ཅན་འདུལ་བའི་ཐབས་ཉི་ཚེ་བསྟན་པ་སྟེ། གང་


DTG048_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཕྱིར་གསང་སྔགས་རྣམས་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་དགོས་པ་ཐམས་ཅད་ཡོངས་སུ་གྲུབ་པར་བྱེད་པ་ཡིན་ཡང༌། །གསང་སྔགས་གང་ཞིག་གཞི་གང་གི་དབང་དུ་གསུངས་པ་དེ་ཉིད་དགོས་པ་དེ་ལ་སྦྱར་ན་དངོས་པོ་ངོ་བོ་ཉིད་ཀྱི་མཐུས་གྲུབ་པར་བསྔགས་པ་མཛད་དེ། དེ་བས་ན་འདིར་རྩ་བའི་གསང་སྔགས་ནི་བར་གཅོད་ཀྱི་བདུད་གདུག་པ་ཅན་འདུལ་བའི་ཐབས་ཀྱི་དབང་དུ་གསུངས་པ་ཡིན་པ་དེའི་ཕྱིར། འདིར་ཡང་གཙོ་བོར་གདུག་པ་འདུལ་བའི་ཐབས་ཉིད་ལ་སྦྱར་བར་བྱའོ། །སྦུ་གུ་རིག་པར་བྱ་བ་དང༌། གནད་ཀྱི་གནས་ཡོངས་སུ་གཟིར་བར་བྱ་བ་ལ་སོགས་པ་གདུག་པ་འདུལ་བའི་ཐབས་ཀྱི་ཆོ་ག་རྣམ་པ་བདུན་བསྟན་པ་རྫོགས་སོ།། །།

བཀའི་འཁོར་ལོ་བསྐུལ་བ་ཞེས་བྱ་བའི་ཆོ་ག་བསྟན་པ།


DTG048_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཀའ་ཡི་འཁོར་ལོ་ཡིས། །སངས་རྒྱས་སྲས་དང་བཅས་པ་དང༌། །ལྷ་དང་བཅས་པའི་འཇིག་རྟེན་གྱི། །དམ་ཚིག་ལྡན་པ་ཐམས་ཅད་ཀུན། །བསྐུལ་བའི་ཆོ་ག་གང་ཡིན་པ། །ལེགས་པར་རབ་ཏུ་བཤད་པར་བྱ། །ཕྱོགས་བཞིའི་ཞིང་ཁམས་མ་ལུས་པར། །རྒྱལ་བ་སྲས་དང་བཅས་པ་དང༌། །ཞབས་འབྲིང་བཅས་པ་བསྒོམ་པར་བྱ། །སངས་རྒྱས་ཞིང་གི་དབུས་གནས་པར། །མི་བསྐྱོད་རྡོ་རྗེ་བསྒོམ་པར་བྱ། །འཇམ་དབྱངས་དང་པོའི་སངས་རྒྱས་ནི། །དེ་ཡི་ཐུགས་ཀར་བསྒོམ་པར་བྱ། །བདག་ཉིད་དེ་ཡི་ཐུགས་ཀར་ཡང༌། །འཇམ་དབྱངས་ཡེ་ཤེས་སེམས་དཔར་བསྒོམ། །སྐུ་མདོག་རིན་ཆེན་བཻ་ཌཱུཪྻ། །མཚོན་ཆ་ཡེ་ཤེས་རལ་གྲི་འཆང༌། །ཡེ་ཤེས་སེམས་དཔའི་ཐུགས་ཀར་ཡང༌། །བཀའ་ཡི་འཁོར་ལོ་བསྒོམ་པར་བྱ། །རལ་གྲི་འདབ་འདྲའི་འཁོར་ལོ་ནི། །རྩེ་མོ་སུམ་ཅུ་རྩ་གཉིས་པ། །རྩ་བའི་སྔགས་ཀྱིས་རྣམ་པར་བརྒྱན། །དེ་ལྟར་བརྟན་པར་བསྒོམས་བྱས་ནས། །དེ་ལས་ཡི་གེའི་འོད་ཟེར་ནི། །ཕྱོགས་བཅུ་ཀུན་དུ་སྤྲོས་བྱས་ནས། །སངས་རྒྱས་ཞིང་རྣམས་ཁྱབ་པར་བྱ། །བཀའ་ཡི་འཁོར་ལོ་བསྐུལ་བ་ཡི། །ཚིག་འདི་རབ་ཏུ་བརྗོད་པར་བྱ། །སྐུ་གསུང་ཐུགས་སུ་བདག་སྦྱོར་བས། །སངས་རྒྱས་ཐམས་ཅད་བདག་ལ་གསོན། །ང་ནི་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ཡང་སངས་རྒྱས་ཏེ་ཐུགས་ལ་གནས། །ཤར་གྱི་ཕྱོགས་ཀྱི་འཇིག་རྟེན་དུ། །ཞིང་ཁམས་དཔག་ཏུ་མེད་པ་ན། །སངས་


DTG048_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་ཞིང་ཆེན་རྣམ་སྣང་མཛད། །དེ་ཡི་འཁོར་ན་གནས་པ་ཡི། །བྱང་ཆུབ་སེམས་དཔའ་བྱེ་བ་བརྒྱ། །དེ་དག་མདུན་དུ་བརྒྱུག་པ་ཡི། །རྡོ་རྗེ་འཆང་བ་ལྔ་བརྒྱར་བཅས། །རྒྱལ་བ་འཁོར་བཅས་བདག་ལ་གསོན། །དེ་ཡི་ཞབས་འབྲིང་བྱེད་པ་ཡི། །ལྷ་དང་དྲང་སྲོང་གཤིན་རྗེ་དང༌། །སྲིན་པོ་ཀླུ་དང་རིག་སྔགས་འཆང༌། །གནོད་སྤྱིན་འབྱུང་པོ་ལ་སོགས་པ། །ས་དང་མཁའ་ལ་གནས་པ་ཡི། །འབྱུང་པོ་ཐམས་ཅད་ང་ལ་ཉོན། །ང་ནི་དཔལ་ལྡན་རལ་གྲི་འཆང༌། །བཀའ་ཡི་འཁོར་ལོ་སྦྱོར་བ་ཡི། །དམ་ཚིག་རལ་གྲིའི་འཁོར་ལོ་འདིས། །གང་ཞིག་བཀའ་ལྟར་མི་བྱེད་ཅིང༌། །དེ་བཞིན་དམ་ལ་མི་གནས་པ། །སྐུ་གསུང་ལས་བྱུང་སངས་རྒྱས་ཀྱང༌། །ཞིག་པར་གྱུར་པར་གདོན་མི་ཟ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། འདི་ལྟར་བསྐུལ་བའི་མོད་ལ་ནི། །སྲས་བཅས་རྒྱལ་བ་ཐམས་ཅད་དང༌། །དེ་བཞིན་དུ་ནི་འཇིག་རྟེན་པ། །དམ་ཚིག་ལྡན་པ་ཐམས་ཅད་ཀྱི། །དམ་ཚིག་སྙིང་པོ་གང་ཡིན་པ། །རང་རང་སྙིང་ལས་བྱུང་ནས་ནི། །རྩ་བའི་སྔགས་ལ་འདུས་པར་འགྱུར། །དེ་དག་འོད་དུ་གྱུར་པ་ལས། །དམ་ཚིག་བཀའ་ཡི་འཁོར་ལོར་གྱུར། །རལ་གྲི་འབར་བའི་འཁོར་ལོ་ནི། །རྩེ་མོ་སུམ་ཅུ་རྩ་གཉིས་པ། །རྩ་བའི་སྔགས་དང་ལྡན་པ་དག །རབ་ཏུ་ཁྲོ་ཞིང་མི་བཟང་པ། །སྒྲ་ཆེ་ཞིང་ནི་འཇོམས་བག་ཅན། །རང་རང་སྟེང་གི་ནམ་མཁའ་ལ། །མི་བཟད་རབ་ཏུ་འཁོར་བར་གྱུར། །ནམ་མཁའ་དག་ཀྱང་འགྲུམ་པ་དང༌། །ས་ཡང་ཀུན་དུ་འཁྲུག་པར་བྱེད། །སངས་རྒྱས་ཞིང་ཡང་གཡོ་བྱེད་པའི། །སྒྲ་གྲག་པ་དང་ཚིག་ཀྱང་འབྱིན། །ང་ནི་དམ་ཚིག་འཁོར་ལོ་སྟེ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །དེ་བཞིན་རྡོ་རྗེ་འཆང་བར་བཅས། །ལྷ་དང་བཅས་པའི་འཇིག་རྟེན་གྱི། །དམ་ཚིག་འཁོར་ལོ་ང་ཡིན་པས། །སངས་རྒྱས་སྲས་དང་བཅས་པ་ཀུན། །དམ་ཚིག་དབང་གིས་གཤེགས་པར་མཛོད། །འཇམ་པའི་རྡོ་རྗེའི་བཀའ་བཞིན་དུ། །སངས་རྒྱས་མཛད་པ་སྒྲུབ་པར་མཛོད། །ལྷ་དང་བཅས་པའི་འཇིག་རྟེན་པའི། །དམ་ཚིག་ལྡན་པ་ཐམས་ཅད་ཀྱང༌། །དམ་ཚིག་དབང་གིས་གཤེགས་


DTG048_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛོད། །འཇམ་དཔལ་གཞོན་ནུའི་དམ་ཚིག་བཞིན། །སངས་རྒྱས་ཕྲིན་ལས་གྲུབ་པར་མཛོད། །གང་ཞིག་དམ་ལ་མི་གནས་པའི། །འབྱུང་པོ་རྣམས་ཀྱང་ང་ལ་ཉོན། །འཇམ་དཔལ་གཞོན་ནུའི་དམ་ཚིག་ཟུང༌། །བདེ་གཤེགས་བཀའ་ལྟར་མ་བྱས་ཤིང༌། །ལེགས་པར་དམ་ཚིག་མ་བཟུང་ན། །ང་ནི་དམ་ཚིག་འཁོར་ལོ་སྟེ། །གནམ་ལྕགས་རབ་ཏུ་མི་བཟད་པ། །ད་ལྟ་ཉིད་དུ་འབབ་པར་འགྱུར། །ཐལ་བ་ཉིད་དུ་བརླག་ནས་ཀྱང༌། །གསོར་མི་རུང་བར་གྱུར་ཏ་རེ། །དམ་ཚིག་འཁོར་ལོས་དེ་བསྒོས་པས། །ཤར་ཕྱོགས་འཇིག་རྟེན་དཔག་མེད་ཀྱི་རྒྱལ་བ་སྲས་དང་བཅས་པ་དང༌། །ལྷ་དང་བཅས་པའི་འཇིག་རྟེན་གྱི། །དམ་ཚིག་ལྡན་དང་མི་ལྡན་པ། །ཀུན་ནས་འདུས་པར་གྱུར་པ་ལས། །སངས་རྒྱས་སྲས་དང་བཅས་པ་ཀུན། །སྐུ་གསུང་རྡོ་རྗེ་བཞུགས་པར་འགྱུར། །དེ་ནས་འཇམ་རྒྱལ་ཁྲོ་བོ་ཡང༌། །འཇམ་པའི་ཁྲོ་བོ་མི་བཟད་པ། །གཤིན་རྗེ་གཤེད་པོ་ཉིད་དུ་གྱུར། །དམ་ཚིག་ལྡན་པའི་འཇིག་རྟེན་པ། །ཕྱག་འཚལ་ཐལ་མོ་སྦྱར་ནས་ནི། །བདག་ཅག་དམ་ཚིག་ལྡན་པ་རྣམས། །དམ་ཚིག་བཞིན་དུ་འདུས་འགྱུར་བས། །བཀའ་ཅི་སྩལ་ཅེས་གསོལ་བར་བྱེད། །འབྱུང་པོ་དམ་ཚིག་མེད་པ་རྣམས། །དེ་བཞིན་ཐལ་མོ་སྦྱར་ནས་ནི། །འཇམ་རྒྱལ་ཁྲོ་བོའི་བཀའ་བཞིན་དུ། །བདག་ཅག་དམ་ཚིག་འཛིན་པར་འཚལ། །མཐུ་ཆེན་ཁྱོད་ཀྱི་བཀའ་བཞིན་དུ། །དེང་ནས་བཟུང་སྟེ་གནས་པར་བགྱི། །དེ་སྐད་གསོལ་བ་ཐོས་ནས་ཀྱང༌། །འཇམ་རྒྱལ་ཁྲོ་བོའི་རྣལ་འབྱོར་པས། །རྒྱལ་བ་འཁོར་བཅས་ཐམས་ཅད་ལ། །འདོད་དོན་གསོལ་བ་གདབ་པ་དང༌། །རྡོ་རྗེ་མངག་གཞུག་བཅས་པ་ལ། །རང་གི་འདོད་པའི་ལས་བསྐུལ་བྱ། །དེ་ལྟར་ཤར་ཕྱོགས་ཞིང་ཁམས་ཀྱི། །བཀའ་ཡི་འཁོར་ལོ་རྫོགས་པ་དང༌། །དེ་ནས་ལྷོ་ཡི་འཇིག་རྟེན་གྱི། །བཀའ་ཡི་འཁོར་ལོ་བསྐོར་བར་བྱ། །ཡེ་ཤེས་འཁོར་ལོའི་འོད་ཟེར་དེ། །དེ་བཞིན་ལྷོ་ཡི་ཕྱོགས་སུ་འཕྲོས། །ལྷོ་ཕྱོགས་ཞིང་ཁམས་དཔག་མེད་ཀྱི། །རྡོ་རྗེས་ཆེན་རིན་ཆེན་འབྱུང༌། །རྒྱལ་བ་འཁོར་དང་བཅས་པ་ལ། །སྔ་མ་བཞིན་དུ་བསྐུལ་བར་བྱ། །ལྷོ་ཕྱོགས་བཀའ་ཡི་འཁོར་ལོ་དེ། །ལེགས་པར་


DTG048_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་གྱུར་པ་དང༌། །ནུབ་ཀྱི་འཁོར་ལོ་བསྐུལ་བར་བྱ། །ཡེ་ཤེས་དམ་ཚིག་འོད་ཟེར་དེ། །ནུབ་ཀྱི་ཕྱོགས་སུ་འཕྲོས་ནས་ཀྱང༌། །རྡོ་རྗེ་ལྷུན་པོ་འོད་དཔག་མེད། །རྒྱལ་བ་འཁོར་དང་བཅས་པ་ཀུན། །སྔ་མ་བཞིན་དུ་བསྐུལ་བར་བྱ། །དེ་ནས་དམ་ཚིག་འོད་ཟེར་དེ། །བྱང་གི་ཕྱོགས་སུ་སྤྲོས་ནས་ཀྱང༌། །རྡོ་རྗེ་སྤྱིན་པ་དོན་གྲུབ་པ། །འཁོར་བཅས་དེ་བཞིན་བསྐུལ་བར་བྱ། །དེ་ནས་སངས་རྒྱས་ཞིང་འདི་རུ། །རྒྱལ་བ་འཁོར་བཅས་འདུས་གྱུར་ནས། །ཀུན་ཀྱང་སྔོན་གྱི་དམ་ཚིག་བཞིན། །ཡེ་ཤེས་རྡོ་རྗེ་ཁྲོ་བོར་གྱུར། །ཁྲོ་བོ་དེ་དག་རེ་རེ་ཡང༌། །རྡོ་རྗེ་འཆང་བ་མང་པོས་བསྐོར། །རྡོ་རྗེ་འཆང་བ་རེ་རེ་ཡང༌། །མངག་གཞུག་ཕོ་ཉ་མང་པོ་ཡིས། །སྡེ་དཔོན་ཚུལ་དུ་བསྐོར་བ་ནི། །རབ་ཏུ་འབར་ཞིང་མི་བཟད་པ། །རྡོ་རྗེ་སྤུ་དང་སྨིན་མ་དང༌། །རྡོ་རྗེ་སྐྲ་དང་ཡན་ལག་དང༌། །རྡོ་རྗེ་ཉིད་ལག་སེན་མོ་ཅན། །ཀུན་ཀྱང་རབ་ཏུ་འཇིགས་པའི་གཟུགས། །གནོད་སྤྱིན་སྲིན་པོ་གཤིན་རྗེ་ཡི། །ཚུལ་འཆང་བ་དང་རང་བཞིན་ཉིད། །དེ་བཞིན་འབྱུང་པོ་རོ་ལངས་སོགས། །སྐྱེས་པ་བུད་མེད་གཟུགས་དག་དང༌། །ཁ་ཅིག་གཅན་གཞན་ཁྲོ་བོའི་གཟུགས། །དུད་འགྲོ་གཏུམ་པོའི་གཟུགས་ཅན་ཏེ། །ལག་ན་བེ་ཅོན་རལ་གྲི་དང༌། །ཏྲི་ཤཱུལ་མདུང་དང་དགྲ་སྟར་བཅས། །ཁ་ཅིག་ལྕགས་ཀྱུ་ཞགས་པ་དང༌། །དེ་བཞིན་ལྕགས་སྒྲོག་ངག་ཀྱང་འཛིན། །མི་མགོ་རློན་དང་སྐམ་པ་དང༌། །ཐོད་པ་ཁྲག་གིས་བཀང་བ་འཐུང༌། །གཟོད་དང་ཕུར་བུ་མདུང་དང་ནི། །སྣ་ཚོགས་གྲི་དག་རབ་ཏུ་ཐོགས། །ཁ་ཅིག་སོ་དང་མཆུ་དག་ཀྱང༌། །མཚོན་ཆ་རབ་ཏུ་འབར་བ་སྟེ། །ཁ་ཅིག་གནམ་ལྕགས་ཁ་རླངས་ཅན། །དེ་བཞིན་རླུང་མཁྲིས་བད་ཀན་གྱི། །ཁ་རླངས་ལྡན་ཞིང་དྲི་མ་དང༌། །མི་བཟང་རབ་ཏུ་འབར་བ་ཡི། །རྡོ་རྗེ་མངག་གཞུག་འདི་དག་ཀྱང༌། །ཉི་ཟླ་ཞོན་ཞིང་འཇིག་རྟེན་བསྐོར། །ཁ་ཅིག་སྤྲིན་དང་རླུང་དག་དང༌། །ཆུ་ལ་ཞོན་ཞིང་རྒྱུ་བར་བྱེད། །ཁ་ཅིག་སེང་གེ་ཕག་སེང་དང༌། ས་ལ་ཞོན་ཞིང་མཁའ་ལ་རྒྱུ། །དེ་བཞིན་སྟག་དང་མ་ཧེ་དང༌། །དོམ་དང་དྲེད་དང་བྱི་ལ་ཞོན། །ཁ་ཅིག་རྡ་མོ་བོང་བུ་ལ། །ཞོན་ཏེ་འཇིག་རྟེན་སྐོར་བར་བྱེད། །ཁ་ཅིག་


DTG048_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

རོ་དང་རྡོ་ལ་ཡང༌། །ཞོན་ཏེ་རྣམ་པར་འཕྲུལ་པ་སྟོན། །དེ་དག་འཇམ་རྒྱལ་ཁྲོ་བོ་ཡི། །བཀའ་ཉན་མངག་གཞུག་བྱེད་པ་སྟེ། །འཇམ་པའི་དབྱངས་ཀྱི་རྣལ་འབྱོར་པས། །རང་རང་དམ་ཚིག་བསྐུལ་བ་བཞིན། །གདུག་པ་གཞིག་དང་མནན་པ་དང༌། །བསྐྲད་དང་དབྱེ་དང་གཟིར་ལ་སོགས། །དམ་ཚིག་བཞིན་དུ་བསྐུལ་བྱས་ནས། །ཇི་ལྟར་འདོད་པའི་ལས་བྱེད་དོ། །འདིར་རྡོ་རྗེ་མངག་གཞུག་བསྐུལ་བ་ཞེས་བྱ་བའི་ཐབས་ཀྱི་ཆོ་གར་གཏོགས་པ། །འཇམ་དཔལ་ཡེ་ཤེས་སེམས་དཔའི་ཏིང་ངེ་འཛིན་གྱི་བཀའ་དང་དམ་ཚིག་གི་འཁོར་ལོ་བསྐོར་ཞིང་བསྐུལ་བ་བྱས་པས་ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་ཀྱང་ཐུགས་དམ་བསྐུལ་ཞིང་སངས་རྒྱས་ཀྱི་མཛད་པ་ལ་ཉེ་བར་བསྐུལ་བ་དང༌། སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་དགའ་ཞིང་དམ་ཚིག་འཛིན་པར་བྱེད་པ་རྣམས་བསྐུལ་ཏེ། །དཔལ་འཇམ་པའི་དབྱངས་ཀྱི་རྣལ་འབྱོར་པ་ལ་དམ་ཚིག་གི་གྲོགས་རྗེས་སུ་བསྒྲུབ་པར་བྱ་བ་དང༌། གང་དག་དམ་ཚིག་དང་མི་ལྡན་པའི་འབྱུང་པ་རྣམས་ཀྱང་བཀའི་འཁོར་ལོས་ཚར་གཅད་པ་བྱས་ནས་སྒྲུབ་པ་པོ་ལ་དངོས་གྲུབ་ཀྱི་གེགས་མི་བྱེད་ཅིང་ལས་ཀྱི་གྲོགས་རྗེས་སུ་བསྒྲུབ་པ་དང༌། ཁྱད་པར་དུ་ཡང་སངས་རྒྱས་ཀྱི་བཀའ་དམ་པ་སྐྱོང་བར་བྱེད་པ་རྡོ་རྗེ་འཆང་གི་སྡེ་འཁོར་དང་བཅས་པ་རབ་ཏུ་འབར་ཞིང་མི་བཟད་པའི་ཚོགས་ཆེན་པོ་ཁྲོ་བོའི་ལུས་ཀྱིས་གདུག་པ་ཅན་འདུལ་བར་མཛད་པ། དམ་ཚིག་བཀའི་འཁོར་ལོ་བསྐོར་ཏེ་དྲག་པོའི་ལས་ཉེ་བར་བསྒྲུབ་པར་བྱ་བའི་ཕྱིར། །དམ་ཚིག་བཀའི་འཁོར་ལོ་བསྐུལ་བའི་ཆོ་ག་ཞེས་བྱ་བ་འདི་ལ་སྦྱར་བར་བྱའོ། །དེ་ལ་རེ་ཞིང་དང་པོར་རྡོ་རྗེ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་སྔ་མ་བཞིན་དུ་སྦྱོར་བ་བྱ་བ་ལས། ཅུང་ཟད་བྱེ་བྲག་ཏུ་ན་ཆོས་འབྱུང་བའི་རྡོ་རྗེ་ཕྱོགས་རྣམས་སུ། ཕྱོགས་གཞན་གྱི་སངས་རྒྱས་ཀྱི་ཞིང་ཁམ་ཐམས་ཅད་ཆུད་པར་བསྒོམ་པར་བྱའོ། །དེའི་བུམ་པ་ལ་སངས་རྒྱས་ཀྱི་ཞིང་འདི་ཁོངས་སུ་ཆུད་པའི་མཆོད་རྟེན་གྱི་ཕྱག་རྒྱའི་ནང་དུ་སྔོན་བརྗོད་པ་ལྟ་བུའི་རྡོ་རྗེ་དཀྱིལ་འཁོར་བསྒོམ་པར་བྱའོ། །དེའི་ནང་དུ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ། །བཅོམ་ལྡན་འདས་མི་བསྐྱོད་པ་སྐུ་


DTG048_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་རིན་པོ་ཆེ་བཻ་ཌཱ་རླའི་ཁ་དོག་ལྟ་བུ། །ས་གནོན་གྱི་ཕྱག་རྒྱ་ཅན་སྐུ་ལ་རྡོ་རྗེའི་དཀྱིལ་འཁོར་ཐམས་ཅད་ཡོངས་སུ་རྫོགས་པར་བསྒོམ་པར་བྱའོ། །དེའི་ཐུགས་ཀར་འཇམ་དཔལ་གདོད་ནས་སངས་རྒྱས་ཞེས་བྱ་བ། སྐུ་མདོག་དཀར་པོ་ཞལ་ལྔ་ཟུར་ཕུད་ལྔ་དང་ལྡན་པ་མེ་ཏོག་གི་རྒྱན་ཅན་ཕྱག་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་བཞི་ལ་སོགས་པ་བརྒྱད་ཀྱིས་ཉེ་བར་མཚན་པ་བསམ་པར་བྱའོ། །དེའི་ཐུགས་ཀར་ཡང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞེས་བྱ་བ་སྐུ་མདོག་བཻ་ཌཱུ་རླའི་མདོག་ལྟ་བུ་ཕྱག་ན་རལ་གྲི་དང་རྡོ་རྗེ་འཛིན་པ་བསམ་པར་བྱའོ། །དེའི་ཐུགས་ཀར་དམ་ཚིག་བཀའི་འཁོར་ལོ་ཞེས་བྱ་བ་རལ་གྲི་ལོ་མ་འདྲ་བའི་འཁོར་ལོའི་རྩེ་མོ་སུམ་ཅུ་རྩ་གཉིས་པ། །རིན་པོ་ཆེ་ཨིནྡྲ་ནཱི་ལ་ལྟ་བུའི་ཁ་དོག་ཅན་སྟེ་བ་ལ་ཡི་གེ་ཨོཾ་གྱིས་མཚན་པ། རྩི་བས་རྣམས་རྩ་བའི་གསང་སྔགས་ཡི་གེ་སུམ་ཅུ་རྩ་གཉིས་ཀྱི་མཚན་པ། དེ་དག་ཀྱང་ཁ་དོག་དེ་ཉིད་འདྲ་བ་ལས་འོད་ཟེར་དམར་པོ་འཕྲོ་བ་བསྒོམ་པར་བྱའོ། །དེ་ནས་ཤར་ཕྱོགས་ཀྱི་ཞིང་ཁམས་དག་ཏུ་ཡང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ན། བཅོམ་ལྡན་འདས་རྣམ་པར་སྣང་མཛད་རྡོ་རྗེ་ཞིང་ཞེས་བྱ་བ་སྐུ་བཟང་པོ་ཁྱད་པར་འཕགས་པ། ཡོངས་སུ་དག་པའི་གདུལ་བྱ་ལ་སྣང་བར་མཛད་པས་ཐམས་ཅད་ཀྱི་དོན་མཛད་པ། བྱང་ཆུབ་སེམས་དཔའ་མཆོག་ཏུ་གྱུར་པ་བྱེ་བ་ཕྲག་བརྒྱ་ལ་སོགས་པས་བསྒོར་ཞིང་མདུན་གྱིས་བལྟས་པ་རྡོ་རྗེ་འཆང་རྣམས་ཀྱི་གཙོ་བོ་ལྔ་བརྒྱ་ལ་སོགས་པས་བསྐོར་ཞིང་རྗེས་སུ་བསྲུང་བ་མཛད་པ། ལྷ་དང་ཀླུ་དང་ལྷ་མ་ཡིན་ལ་སོགས་པ་སྐལ་བ་དང་ལྡན་པའི་ཚོགས་རྣམས་ཀྱིས་ལེགས་པར་བསྐོར་ཞིང་མདུན་གྱིས་བལྟས་ཏེ། མཆོད་ཅིང་བརྗོད་པའི་ཞིང་ཁམས་ལེགས་པར་བསམ་པར་བྱའོ། །དེ་བཞིན་དུ་ལྷོ་དང་ནུབ་དང་བྱང་རྣམས་སུ་ཡང་རྡོ་རྗེ་ས་ཞེས་བྱ་བ་བཅོམ་ལྡན་འདས་རིན་ཆེན་འབྱུང་གནས་དང༌། རྡོ་རྗེ་ལྷུན་པོ་ཞེས་བྱ་བ་བཅོམ་ལྡན་འདས་འོད་དཔག་མེད་དང༌། རྡོ་རྗེ་སྤྱིན་པ་ཞེས་བྱ་བ་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་རྣམས་རང་རང་གི་ཞིང་ཁམས་རྣམ་པར་དག་པར་དེ་བཞིན་དུ་བསམ་པར་བྱའོ། །


DTG048_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་ཞིང་འདིར་ཡང་འཁོར་གྱི་དཀྱིལ་འཁོར་དེ་བཞིན་དུ་བསམ་སྟེ། ཁྱད་པར་དུ་ཡང་སངས་རྒྱས་ཀྱི་ཞིང་ཁམས་འདི་ནི་ལྷག་པར་གང་ཟག་ངན་པ་གནས་པའི་ས་ཡིན་པས། དེ་དག་གདུལ་བར་བྱ་བའི་ཕྱིར་རྡོ་རྗེ་འཆང་རྣམས་ཀྱི་འཁོར་གྱི་དཀྱིལ་འཁོར་ན། སྔོན་དུ་བརྗོད་པ་ལྟ་བུའི་རྡོ་རྗེ་མངག་གཞུག་གི་ཚོགས་རབ་ཏུ་མི་སྲུན་ཞིང་དྲག་པོའི་ལས་ལ་ཤིན་ཏུ་བྱིན་གྱིས་རློབ་པར་མཛད་པ་རྣམས་ཀྱིས་བསྐོར་བར་བསྒོམ་པར་བྱའོ། །དེ་ནས་དང་པོར་དམ་ཚིག་བཀའི་འཁོར་ལོ་ལས། ཡི་གེ་ཕྲེང་བའི་འོད་ཟེར་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སུ་འཕྲོས་པས། སངས་རྒྱས་ཀྱི་ཞིང་དེ་དག་ཁྱབ་པར་གྱུར་པར་བྱའོ། །དེ་ནས་བཀའི་འཁོར་ལོ་རབ་ཏུ་བསྐུལ་བ་ཞེས་བྱ་བའི་ཚིག་ཇི་སྐད་སྨོས་པ་བཞིན་དུ་བསྐུལ་བས། སངས་རྒྱས་འཁོར་དང་བཅས་པ་རྣམས་རང་རང་གི་དམ་ཚིག་རྗེས་སུ་དྲན་པར་གྱུར་ནས། རང་རང་གི་སྙིང་ག་ནས་དམ་ཚིག་གི་སྙིང་པོའི་འོད་ཟེར་བྱུང་སྟེ། །རྩ་བའི་གསང་སྔགས་ཀྱི་ཡི་གེ་ལ་ཐིམ་ནས་འོད་དུ་གྱུར་ཏེ་དམ་ཚིག་བཀའི་འཁོར་ལོར་གྱུར་ཏོ། །དེ་ནས་འཁོར་ལོ་རང་རང་གི་མགོའི་ཐད་ཀའི་ནམ་མཁའ་ལ་རབ་ཏུ་འཁོར་ཞིང༌། ཤིན་ཏུ་རབ་ཏུ་འཁོར་བས་འུར་འུར་ཆེམ་ཆེམ་གྱི་སྒྲ་གནམ་གྲུམ་པ་ལྟ་བུའི་སྒྲ་རྣར་མི་བཟོད་པས་ས་འཁྲུག་ཅིང༌། སངས་རྒྱས་ཀྱི་ཞིང་རབ་ཏུ་གཡོ་བར་བྱེད་པ། གནམ་ལྕགས་ཞུན་མ་ལྟར་འབར་བས་བལྟར་མི་བཟོད་པ། རང་རང་གི་དམ་ཚིག་གི་མཐུ་ལས་བྱུང་བས་སངས་རྒྱས་རྣམས་ཀྱིས་ཀྱང་གཞིག་ཅིང་གཞོམ་པར་མི་ནུས་པ། དམ་ཚིག་གི་བསྒོ་བ་ལེགས་པར་བྱེད་པས་མཉན་པར་འོས་ཤིང་བདེན་པའི་ཚིག་སྒྲོགས་པར་བསྒོམས་ཏེ་བསྐུལ་ནས་སངས་རྒྱས་ཀྱི་ཞིང་འདིར་འདུས་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང༌། རིག་པའི་རྒྱལ་པོ་རྡོ་རྗེ་འཆང་འཁོར་དང་བཅས་པ་ཐམས་ཅད་འདུས་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཐིམ་སྟེ། དམ་ཚིག་གི་དབང་གིས་འོད་དུ་གྱུར་ནས། ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་རབ་ཏུ་འབར་བའི་སྐུར་གྱུར་པར་བྱའོ། །ལྷ་དང་བཅས་པའི་འཇིག་རྟེན་པ་དམ་ཚིག་དང་ལྡན་པ་དང༌། མི་ལྡན་པ་དག་ཀྱང་ཁྲོ་བོའི་རྒྱལ་པོའི་མདུན་དུ་འདུས་ཏེ་ཕྱག་འཚལ་


DTG048_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཐལ་མོ་སྦྱར་ནས། དམ་ཚིག་དང་ལྡན་པ་རྣམས་ནི་དམ་ཚིག་བཞིན་ལས་ཉེ་བར་སྒྲུབ་པར་བྱེད། མི་ལྡན་པ་རྣམས་ཀྱང་དམ་ཚིག་རྗེས་སུ་འཛིན་པར་འགྱུར་བར་བྱའོ། །དེ་ནས་དེ་དག་ལ་བདག་གིས་ཇི་ལྟར་འདོད་པའི་ལས་རྗེས་སུ་བསྐུལ་ཞིང་བཅོལ་བར་བྱའོ། །དེ་ནས་ལྷོ་དང་ནུབ་དང་བྱང་རྣམས་སུ་ཡང་དེ་བཞིན་དུ་བསྐུལ་བར་བྱའོ། །དེ་ནས་སངས་རྒྱས་ཀྱི་ཞིང་འདིར་སངས་རྒྱས་ཐམས་ཅད་འདུས་པར་གྱུར་ནས། དྲག་པོའི་ཕྲིན་ལས་རྗེས་སུ་དྲན་པར་གྱུར་ཏེ། ཁྱད་པར་དུ་ཡང་རྡོ་རྗེ་མངག་གཞུག་གི་ཚོགས་རབ་ཏུ་མི་བཟད་པར་གྱུར་པའི་དཀྱིལ་འཁོར་སྔ་མ་བཞིན་དུ་བསྒོམས་ཏེ་བསྐུལ་བར་བྱའོ། །བཀའི་འཁོར་ལོ་བསྐུལ་བ་ཞེས་བྱ་བའི་ཆོ་ག་འདི་ནི་སྔོན་དུ་བརྗོད་པའི་ལས་ཐམས་ཅད་མྱུར་དུ་འགྲུབ་པར་བྱེད་པའོ། །དམ་ཚིག་བཀའི་འཁོར་ལོ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་རྗེས་སུ་སྐུལ་བར་བྱེད་པ། ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་དམ་ཚིག་སྲོག་གི་འཁོར་ལོ་མངག་གཞུག་གི་ལས་ཐམས་ཅད་རབ་ཏུ་སྒྲུབ་པར་བྱེད་པ། བྱིན་རླབས་ཐམས་ཅད་སྡུད་པ་དབང་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ལས་ཉེ་བར་བསྐུལ་བ་ཞེས་བྱ་བའི་བདག་ཉིད་བསྟན་པ་རྫོགས་སོ།། །།

བསྒྲུབ་བྱ་བསོད་ནམས་ཅན་ལྷས་རབ་ཏུ་བསྲུངས་པ་རྣམས་ལྷ་དང་དབྲལ་བ་བྱ་བའི་ཐབས་ཀྱི་ཆོ་ག་གཉིས་དང་ལྡན་པ་བསྟན་པ།


DTG048_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་པ་འདུལ་བའི་ལས་རྣམས་ཀྱི། །བྱ་བ་བཟང་པོ་བཤད་པ་ལས། །བསྒྲུབ་བྱ་གང་ཞིག་བརྒྱ་བྱིན་སོགས། །ལྷ་དང་གནོད་སྤྱིན་མཐུ་ལྡན་པས། །གལ་ཏེ་བསྲུང་བར་གྱུར་ན་ནི། །བསྒྲུབ་བྱ་མཐུ་དང་ལྡན་པ་རུ། །སྒྲུབ་པ་པོ་ལ་སྣང་བར་འགྱུར། །དེ་ཚེ་ལས་གཉིས་ལྡན་པ་ཡི། །སྦྱོར་བ་རབ་ཏུ་བརྩམ་པར་བྱ། །ཇི་སྐད་སྨོས་པའི་རྫས་རྣམས་ལས། །བསྒྲུབ་བྱའི་གཟུགས་བརྙན་རབ་ཏུ་བྱ། །སྦྲུལ་གྱི་ཤ་དང་པགས་པ་དག །གཟུགས་བརྙན་དེ་ལ་ལྡན་པར་བྱ། །ལྷ་ཡི་གཟུགས་བརྙན་གང་ཡིན་པ། །སྤྲ་ཚིལ་ལས་ནི་རབ་ཏུ་བྱ། །ནེ་ལེའི་སྦུ་དང་པགས་པ་དག །གཟུགས་བརྙན་དེ་ལ་ལྡན་པར་བྱ། །དེ་ནས་བསྒྲུབ་བྱའི་གཟུགས་བརྙན་ལ། །གུ་གུལ་ནག་པོ་དག་དང་ནི། །སྟག་དང་ཝ་དང་སྤྱང་ཀི་དང༌། །ཁྱི་དང་ཕག་པ་ལ་སོགས་ཏེ། །གཞན་སྲོག་འཕྲོག་པའི་སྲོག་ཆགས་


DTG048_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། །སོ་དང་དྲི་མ་ཐམས་ཅད་དང༌། །མ་ལེན་བྱེད་ཅེས་གྲགས་པ་ཡི། །སྲོག་ཆགས་གསང་བའི་དྲི་མ་དང༌། །སྨད་འཚོང་མ་ཡི་སྨད་དཀྲིས་དང༌། །དེ་རྣམས་གཅིག་ཏུ་སྦྱར་བྱས་ཏེ། །བསྒྲུབ་པར་བྱ་བའི་གཟུགས་བརྙན་དང༌། །གནས་ལ་བདུག་དང་བྱུག་པར་བྱ། །དེ་ཚེ་རྩ་བའི་གསང་སྔགས་ལ། །དབྱེ་བའི་བསྐུལ་ཚིག་ལྡན་པ་བཟླས། །དེ་ནས་བསྒྲུབ་བྱའི་གཟུགས་བརྙན་དེ། །ཆུ་ཀླུང་ལམ་ཆེན་ལྡན་པ་ཡི། །གཡོན་གྱི་ཕྱོགས་སུ་སྦ་བར་བྱ། །དེ་ནས་བདག་ཉིད་ཁྲུས་བྱས་ཏེ། །ལྷ་ཡི་གཟུགས་བརྙན་བླངས་བྱས་ནས། །སྨན་དང་སྤོས་དང་རིན་པོ་ཆེས། །ལེགས་པར་རབ་ཏུ་བྱུག་པར་བྱ། །ཙནྡན་གཉིས་དང་གུ་གུལ་དག །དཀར་པོའི་བདུག་པས་བདུགས་བྱས་ཏེ། །ལམ་ཆེན་ལྡན་པའི་ཆུ་ཀླུང་དེའི། །གཡས་ཀྱི་ཕྱོགས་སུ་སྦ་བར་བྱ། །སྔོན་དུ་བསྟན་པའི་ཏིང་ངེ་འཛིན། །འབྱུང་ཆེན་འཁོར་ལོ་བཤད་པ་ཡི། །དབྱེ་བའི་ཏིང་འཛིན་འདིར་བསྒོམ་བྱ། །དེ་ཚེ་གསང་སྔགས་བཟླས་པ་ནི། །ཆེ་གེ་མོ་དང་དེ་ཡི་ལྷ། །བྷེ་དེ་ཤ་ཡ་ཕཊ་ཅེས་པ། །རྩ་བའི་སྔགས་ཀྱི་རྗེས་སུ་བཟླས། །དེ་ནས་ཟླ་བ་ཕྱེད་དུ་ནི། །ཏིང་འཛིན་རྩེ་གཅིག་གྱུར་པ་ཡིས། །བཟླས་བརྗོད་སྦྱོར་བ་བརྩོན་པར་འབད། །ནག་པོའི་ཕྱོགས་ཀྱི་ཚེས་གཅིག་ནས། །བཅུ་བཞི་འམ་བཅོ་ལྔའི་བར་དུ་བྱ། །དེ་ནས་དཀར་པོའི་ཚེས་གཅིག་ལ། །དབང་དུ་བྱ་བའི་སྤྱིན་སྲེག་བརྩམ། །ཐབ་ཁུང་གཞུ་ཡི་དབྱིབས་འདྲ་བར། །དམར་པོའི་ཤིང་ངམ་དྲིས་བསྒོས་པའི། །བུད་ཤིང་དག་དང་ལྡན་བྱས་ཏེ། །བུད་མེད་དག་ལས་མེ་བླངས་ཏེ། །བདུག་པ་མེ་ཏོག་དམར་པོ་ཡི། །སྤྱིན་སྲེག་རབ་ཏུ་བརྩམ་པར་བྱ། །སྔོན་དུ་བརྗོད་པའི་ཏིང་ངེ་འཛིན། །འབྱུང་ཆེན་འཁོར་ལོ་ཞེས་བྱ་བའི། །དབང་དུ་བྱ་བའི་ཏིང་ངེ་འཛིན། །གང་ཡིན་དེ་འདིར་བསྒོམ་པར་བྱ། །དེ་ཚེ་གསང་སྔགས་བཟླས་པ་ནི། །ཆེ་གེ་མོ་ཞེས་བྱ་བའི་ལྷ། །བྷ་ཤ་ཡ་ན་ཡེ་ཤེས་པ། །མཐའ་མར་སྭཱ་ཧཱ་ལྡན་པ་དག །རྩ་བའི་སྔགས་ཀྱི་རྗེས་སུ་བརྗོད། །དེ་ཚེ་ཁ་ཟས་བཟང་པོ་ཡི། །གཏོར་མ་དེ་ལ་ཉིན་རེ་སྤྱིན། །དེ་ལྟར་ཟླ་བ་ཉ་ཡི་བར། །སྦྱོར་བ་རབ་ཏུ་བརྩོན་བྱས་ན། །བསྒྲུབ་བྱ་བསོད་ནམས་ལྡན་པ་ཡང༌། །


DTG048_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཚེ་ལྷ་དང་བྲལ་གྱུར་ནས། །བདག་ལ་རབ་ཏུ་དགའ་འགྱུར་ཏེ། །སྒྲུབ་པོ་བདག་ཉིད་ཆེན་པོ་སྟེ། །གདུག་པ་རྣམས་ལས་རྒྱལ་བར་འགྱུར། །བསྒྲུབ་བྱ་གང་དག་བསོད་ནམས་དང་ལྡན་པ་རྣམས་ལ་སྐྱེ་བས་ཐོབ་པ་ལ་སོགས་པའི་སྲུང་མ་བྱུང་སྟེ། འདི་ལྟར་བརྒྱ་བྱིན་ཞེས་བྱ་བ་ལྷ་དང་མིའི་འཇིག་རྟེན་སྐྱོང་བར་བྱེད་པ་དེས་བསྐོར་བར་གྱུར་པའི་མི་རྣམས་སྲུང་བར་བྱེད་པ་དག །མིའི་འཇིག་རྟེན་ན་གནས་ཏེ་གང་དག་བསོད་ནམས་དང་ལྡན་པའི་མི་རྣམས་ལ་མཐུ་དང་ལྡན་པ་མང་པོས་སྲུང་བར་བྱེད་དོ། །གཞན་ཡང་ཞིང་སྐྱོད་དང་རིགས་སྐྱོང་ལ་སོགས་པའི་ལྷ་དག་དང༌། གང་གིས་སྤྱིན་སྲེག་ལ་སོགས་པའི་སྒོ་ནས་བསྟེན་པའི་ལྷ་རྣམས་ཀྱིས་སྲུང་བར་འགྱུར་ཏེ། སྒྲུབ་པ་པོའི་དབང་དུ་འདུ་བར་མི་འགྱུར་བ་ཞིག་ན། དེའི་ཚེ་སྒྲུབ་པ་པོའམ་སྒྲུབ་པའི་གྲོགས་མཆོག་དག་གི་རྨི་ལམ་ལ་སོགས་པ་འདི་ལྟ་བུའི་སྣང་བ་འབྱུང་སྟེ། བསྒྲུབ་བྱ་དེ་ངག་ནི་གཟི་བྱིན་ཆེ་བ་དང༌། དཔུང་ཆེ་བ་དང༌། གནས་བཟང་བ་དང༌། གོ་ཆ་དང༌། མཚོན་ཆ་དང་ལྡན་པར་སྣང་བར་འགྱུར་རོ། །གལ་ཏེ་དེ་ལྟ་བུར་གྱུར་ན་དེའི་ཚེ་སྒྲུབ་པ་པོས་ལས་གཉིས་དང་ལྡན་པ་ཞེས་བྱ་བའི་སྦྱོར་བ་བརྩམ་པར་བྱའོ། །དེ་ལ་ལས་གཉིས་གང་ཞེ་ན། དབྱེ་བ་དང་དབང་དུ་བྱ་བའོ། །དེའི་སྦྱོར་བ་ནི་འདི་ཡིན་ཏེ། དང་པོར་བསྒྲུབ་བྱའི་རྗེས་དང་དྲི་མ་ལ་སོགས་པ་དང༌། ཁང་ཁྱིམ་གྱིས་དང༌། དུག་དང་སྐེ་ཚེ་ལ་སོགས་པ་ཚ་བའི་རྫས་རྣམས་དང༌། སྦྲུལ་གྱི་ཤ་དང་པགས་པ་རྣམས་ལས་བསྒྲུབ་བྱའི་གཟུགས་བརྙན་བྱའོ། །གྲོ་ག་འམ་ཤིང་ཤུན་ལ་སོགས་པ་ལ་ཡུལ་དང་རིགས་དང་རུས་དང་མིང་རྣམས་ལེགས་པར་བྲིས་ཏེ་གཟུགས་བརྙན་གྱི་སྙིང་གར་གཞུག་པར་བྱའོ། །དེ་ནས་གུ་གུལ་ནག་པོ་དང༌། སྟག་དང་ཝ་ལ་སོགས་པ་གཅན་གཟན་ཁྲོ་བོ་རྣམས་ཀྱི་སོ་དང༌། བྲུན་དང་མ་ལེན་བྱེད་ཅེས་བྱ་བའི་སྲོག་ཆགས་བྱི་ལ་དང། ར་ཐུག་རེ་ཡིན་ཏེ་འདི་དག་རང་གི་མ་ལ་འཇུག་པའི་ཕྱིར་རོ། །དེ་དག་གི་གསང་བའི་གནས་ཀྱི་དྲི་མ་ནི། དེ་དག་གི་ཆུས་ཡང་ནས་ཡང་དུ་བསྒོས་པ་ཤིན་ཏུ་དྲི་ང་བར་གྱུར་ཅིང་སྨད་པའི་རྫས་དང༌། སྨད་འཚོང་མའི་སྨད་དཀྲིས་རྣམས་གཅིག་ཏུ་སྦྱར་ཏེ་དྲེའུ་དང་མཛོའི་རྨིག་པ་དང་དྲི་


DTG048_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་རྣམས་དང་སྦྱར་ཏེ་ཆ་གཅིག་བྱུག་པར་སྦྱར་ཏེ། བསྒྲུབ་བྱའི་གཟུགས་བརྙན་དང་གནས་ལ་ཡང་བྱུག་ཅིང་གཏོར་བར་བྱའོ། །ཆ་གཅིག་བདུག་པར་བྱ་སྟེ་གཟུགས་བརྙན་ལ་ཡང་བདུག་ཅིང་གནས་ལ་བདུག་པར་བྱའོ། །དེ་ནས་བསྒྲུབ་བྱ་དེ་གཟུགས་བརྙན་ལ་ལེགས་པར་དགུག་ཅིང་གཞུག་པའི་སྦྱོར་བ་ཡང་བྱ་སྟེ། དེ་ནས་རའི་ཐོད་པ་ཞིག་ལ་རྩ་བའི་གསང་སྔགས་བྲིས་པའི་རྗེས་སུ་ཆེ་གེ་མོ་དང་དེའི་ལྷ་རྣམས་བྷེ་དེ་ཤ་ཡ་ཕཊ། ཅེས་བྱ་བའི་གསང་སྔགས་བྲིས་ནས་གཟུགས་བརྙན་ཐོད་པའི་ནང་དུ་བཅུག་སྟེ། ལམ་ཆེན་པོ་དང་ལྡན་པའི་ཆུ་ཀླུང་གི་གཡོན་ངོས་སུ་དོང་བྲུས་ཏེ། དེ་དེར་ལམ་དང་ཆུ་ལ་ལྟག་པ་བསྟན་ཏེ་བཅུག་ནས་དགུག་པའི་སྦྱོར་བ་ཡང་བྱ་སྟེ་ལེགས་པར་སྦས་ཏེ་གཞག་པར་བྱའོ། །དེ་ནས་སྔགས་པ་བདག་ཉིད་ཁྲུས་ལེགས་པར་བྱས་གོས་གཙང་མ་བགོས་ཏེ་ལག་པ་དྲི་བཟང་པོས་བྱུགས་ནས། སྤྲ་ཚིལ་ལས་བསྒྲུབ་བྱའི་ལྷའི་གཟུགས་བརྙན་སོར་བཞི་པའམ་ཚོན་གང་བ་བཞི་བྱས་ཏེ། དེ་དག་ལ་སྙིང་གར་ཡི་གེ་ཨ་རེ་རེ་བྲི། གྲོ་གའམ་ཤོག་ཤོག་ལ་ཆེ་གེ་མོ་ཀར་མེ་ཎ་པཱ་ལཾ་ཙ་བྷེ་དེ་ཤ་ཡ་ཕཊ། ཅེས་བྱ་བ་བྲིས་ཏེ་གཟུགས་བརྙན་གཅིག་ལ་གླན། གཟུགས་བརྙན་གཅིག་ལ་ཆེ་གེ་མོའི་ཀྵེ་ཏྲ་པཱ་ལཾ་ཙ་བྷེ་དེ་ཤ་ཡ་ཕཊ། ཅེས་བྱ་བ་བྲིས། གཅིག་ལ་ཆེ་གེ་མོ་གོ་ཏྲ་པཱ་ལཾ་ཙ་བྷེ་དེ་ཤ་ཡ་ཕཊ། ཅེས་བྱ་བ་བྲིས། གཅིག་ལ་ཆེ་གེ་མོ་སེ་བེ་ན་པཱ་ལཾ་ཙ་བྷེ་དེ་ཤ་ཡ་ཕཊ། ཅེས་བྱ་བ་བྲི། དེ་ནས་གུ་གུལ་དཀར་པོ་དང་ཙནྡན་རྣམ་པ་གཉིས་དང་ག་བུར་ལ་སོགས་པ་སྨན་བཟང་པོ་དང༌། སྤོས་དང་རིན་པོ་ཆེ་སྦྱར་ཏེ་གཟུགས་བརྙན་དེ་ལ་བྱུག་པར་བྱའོ། །དེ་ནས་སྤྱད་ཀིའམ་ཝའམ་ཁྱིའི་ཐོད་པ་ཞིག་ལ་རྩ་བའི་གསང་སྔགས་བྲིས་པའི་རྗེས་སུ་ཆེ་གེ་མོ་དང་དེའི་ལྷ་རྣམས་བྷེ་དེ་ཤ་ཡ་ཕཊ། ཅེས་བྱ་བ་བྲིས་ཏེ། དེ་ནས་གཟུགས་བརྙན་དེ་དག་ནེ་ལེའི་སྤུ་དང་པགས་པ་དག་གིས་ཀྱང་དཀྲིས་ནས་ཐོད་པར་བཅུག་སྟེ། ལམ་དང་ཆུ་ཀླུང་གི་གཡས་ངོས་སུ་དོང་བརྐོས་ཏེ། དེ་དེར་བསྒྲུབ་བྱ་ལ་ལྟག་པ་བསྟན་ཏེ་སྦ་བར་བྱའོ། །དེ་ནས་རང་གི་གནས་སུ་འོངས་ཏེ། རྡོ་རྗེ་དཀྱིལ་འཁོར་བསྒོམ་པ་དང་མཆོད་པ་བྱས་ནས། དེའི་འོག་ཏུ་སྔོན་དུ་བརྗོད་པ་དང་འབྱུང་བ་ཆེན་པོའི་དཀྱིལ་


DTG048_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་ཏིང་ངེ་འཛིན་བསྟན་པ་ལས། དབྱེ་བའི་ཏིང་ངེ་འཛིན་ཇི་སྐད་བཤད་པ་བཞིན་ལེགས་པར་བསྒོམས་ཏེ། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་ལས་སྦྲུལ་དང་ནེ་ལེའི་ཚོགས་མང་པོར་གྱུར་ཏེ་བྱུང་ནས། སྦྲུལ་རྣམས་ནི་བསྒྲུབ་བྱ་ལ་ཐིམ། ནེ་ལེ་རྣམས་ནི་དེའི་ལྷ་ལ་ཐིམ་སྟེ། ལྷ་རྣམས་ནི་ནེ་ལེར་གྱུར། བསྒྲུབ་བྱ་རྣམས་ནི་སྦྲུལ་དུ་གྱུར་ཏེ། དེ་དག་ཕན་ཚུན་སྡང་བའི་སེམས་ཀྱིས་ཤིན་ཏུ་འཐབ་པར་གྱུར་པར་བསམ་ཞིང་གསང་སྔགས་ཀྱི་བཟླས་བརྗོད་བྱའོ། །དེ་ལ་གསང་སྔགས་ནི་ཇི་སྐད་དུ་སྨོས་ཤིང་ཐོད་པ་དག་ལ་བྲི་བར་བསྟན་པ་དེ་ཉིད་ཡིན་ནོ། །དེ་ལྟར་ནག་པོའི་ཚེས་གཅིག་ནས་བཟུང་ནས། ནག་པོའི་ཚེས་བཅུ་བཞིའམ་བཅོ་ལྔའི་བར་དུ་ཟླ་བ་ཕྱེད་དུ་བརྩོན་པར་བྱའོ། །འདིས་བསྒྲུབ་བྱ་དེ་དག་ལྷ་རྣམས་དང་བྲལ་བར་འགྱུར་རོ། །དེ་ནས་ལྷ་དེ་དག་བདག་ལ་ཤིན་ཏུ་དགའ་བར་བྱ་བའི་ཕྱིར་དབང་གི་སྤྱིན་སྲེག་བརྩམ་པར་བྱ་སྟེ། དཀར་པོའི་ཚེས་གཅིག་ནས་བཟུང་ནས་བཅོ་ལྔའི་བར་དུ་ཉི་མ་རེ་རེ་ཇི་སྐད་བསྟན་པའི་སྤྱིན་སྲེག་ལ་བརྩོན་པར་བྱའོ། །དེ་ཡང་དང་པོ་མེ་ལྷ་མཆོད་ནས། དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོ་མཆོད་དེ། དེ་ནས་བཅོམ་ལྡན་འདས་གཤེགས་སུ་གསོལ་ནས། དེའི་རྗེས་སུ་ཆུ་གཙང་གིས་མེ་ལྷ་ལ་གཏོར་ཏེ་བསྒྲུབ་བྱའི་ལྷ་རྣམས་སྤྱན་དྲངས་ནས་སྤྱིན་སྲེག་ཇི་ལྟར་འབྱོར་བ་དབུལ་བར་བྱའོ། །དེ་ལ་འདི་ནི་བསྒྲུབ་བྱའི་ལྷ་སྤྱན་དྲང་བའི་སྙིང་པོ་སྟེ། ཨོཾ་AAE་ཧྱེ་ཧི་སདྱ་ཡ་དེ་བ་དྟྟ་ཨཱ་ག་ཙྪ་ཡ་ཨཱ་གྩྪ་ཡ། ཛཿ་ཧཱུཾ་བཾ་ཧོཿ། ཞེས་བརྗོད་དེ། ལག་པའི་སོར་མོ་རྣམས་པདྨའི་ཚུལ་དུ་སྦྱར་བས་མེ་ཏོག་བཟུང་སྟེ་ཐབ་ཏུ་གཏོར་བར་བྱའོ། །དེ་ནས་ལྷ་རྣམས་ཐབ་ཏུ་བྱོན་པར་གྱུར་པ་དང༌། སྔོན་དུ་སྨོས་པའི་སྲེག་རྫས་རྣམས་རེ་རེ་ནས་བསྲེག་པར་བྱ་ཞིང་རྩ་བའི་སྔགས་ཀྱི་རྗེས་སུ་མ་མ་སདྱ་སྱ་དེ་བ་དཏྟ་བ་ཤ་མ་ན་ཡེ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་སྲེག་རྫས་དབུལ་བར་བྱའོ། །ཁ་ཟས་བཟང་པོའི་གཏོར་མ་རྣམས་ལ་ཡང་གསང་སྔགས་གང་ཡང་རུང་བས་སྤྱིན་པར་བྱའོ། །འདི་ལྟར་ཟླ་བ་ཕྱེད་དུ་ཉི་མ་རེ་རེ་བྱས་ན་བསྒྲུབ་བྱའི་ལྷ་དེ་དག་བདག་ལ་དགའ་བར་འགྱུར་ཏེ། དེ་ནས་བདག་གི་ལས་རབ་ཏུ་གྲུབ་པར་འགྱུར་རོ། །


DTG048_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་བྱ་བསོད་ནམས་ཅན་ལྷས་རབ་ཏུ་བསྲུངས་པ་རྣམས་ལྷ་དང་དབྲལ་བར་བྱ་བའི་ཐབས་ཀྱི་ཆོ་ག་ལས་གཉིས་དང་ལྡན་པ་ཞེས་བྱ་བ་རྫོགས་སོ།། །།

ལས་རྣམ་བཞིའི་སྒོ་ནས་གདོན་ལས་ཐར་བ་བྱ་བའི་ཆོ་ག་ཚེ་བསྲུང་བ་དང་བཅས་བསྟན་པ།


DTG048_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཤད་པར་བྱ་བ་ནི། །གང་དག་གདོན་གྱིས་ཟིན་པ་རྣམས། །གདོན་དེ་དག་ལས་ཐར་པའི་ཐབས། །ཆོ་ག་བཟང་པོ་བཤད་པར་བྱ། །སྐྱེ་དགུ་གང་དག་རང་རང་གི །མཚན་ཉིད་གཞན་དུ་གྱུར་པ་ན། །གདོན་གྱིས་ཟིན་པར་ཤེས་པར་བྱ། །དེ་ཡི་ནད་ཀྱིས་བཏབ་ལ་སོགས། །དེ་དག་ཐར་པར་བྱ་བ་ལ། །ཞེན་པ་དང་ནི་མ་ཞེན་དང༌། །ལུས་ཀུན་མ་རུངས་བྱས་པ་ལས། །ཆོ་གའི་བྱེ་བྲག་ཤེས་པར་བྱ།། སྤྱིན་སྲེག་གཏོར་མ་འདོད་ཕྱིར་རམ། །གལ་ཏེ་ཀྱལ་ཀའི་ཕྱིར་ཡང་རུང༌། །བཟའ་བའི་བསམ་པས་ཞུགས་པ་ལས། །ཆོ་གའི་བྱེ་བྲག་ཤེས་པར་བྱ། །གལ་ཏེ་གདོན་དག་མཐུ་ཆེན་དང༌། །མཐུ་ཆུང་གྱུར་བའི་བྱེ་བྲག་ལས། །ཆོ་གའི་བྱེ་བྲག་ཤེས་པར་བྱ། །སྔགས་པ་བཟླས་སོགས་མཐུ་ལྡན་དང༌། །དེ་བཞིན་མི་ལྡན་གྱུར་པ་ལས། །ཆོ་གའི་བྱེ་བྲག་ཤེས་པར་བྱ། །དང་པོར་སྤྱིན་སྲེག་གཏོར་མ་དག །རབ་ཏུ་ཞི་བའི་སྦྱོར་བ་ཡིས། །བགེགས་རྣམས་རབ་ཏུ་ཞི་བར་བྱ། །ཕྲ་མོའི་ཐབས་ཀྱིས་ཐར་པ་རྣམས། །ཐབས་དེ་ཉིད་ཀྱིས་ཐར་བར་འགྱུར། །དེ་ཡིས་ཐར་པར་མ་གྱུར་ན། །དབང་གི་སྤྱིན་སྲེག་གཏོར་མ་ཡིས། །གདོན་རྣམས་རབ་ཏུ་དགའ་བར་བྱ། །འབྲིང་པོ་རྣམས་ནི་དེར་ཐར་འགྱུར། །གལ་ཏེ་ཐལ་བར་དཀའ་བ་རྣམས། །དེ་ལ་བསྐྲད་པའི་སྦྱོར་བ་བྱ། །རྡོ་རྗེ་རླུང་གི་རྔ་མོ་ལ། །ཚོགས་བདག་བཅས་པ་བསྐྱོན་བྱས་ཏེ། །མི་གཡོ་བ་ཞེས་བྱ་བ་ཡི། །རྡོ་རྗེ་གཏུམ་པོ་སྤྲུལ་ནས་ནི། །ལྷོའམ་དབང་ལྡན་ཕྱོགས་སུ་བསྐྲད། །རྡོ་རྗེ་སྤྱིན་སྲེག་གཏོར་མ་ཡིས། །བསྐྲད་པའི་སྦྱོར་བ་བརྩོན་པར་བྱ། །རབ་ཏུ་ཐར་བར་དཀའ་བ་རྣམས། །དེ་ཡིས་ཐར་བར་མ་གྱུར་ན། །གསད་པའི་སྦྱོར་བ་བརྩམ་པར་བྱ། །བག་ཟན་བཟང་པོ་དག་ལས་ནི། །གདོན་གྱི་གཟུགས་བརྙན་ལེགས་པར་བྱ། །གྲང་བའི་ནད་དང་ལྡན་པ་ན། །གཟུགས་བརྙན་ཁ་དོག་སྔོ་སྐྱ་ལ། །སྐྲ་ཚུགས་ཐུར་ལ་བྱིལ་བར་བྱ། །ཚ་བའི་ནད་དང་ལྡན་པ་ན། །གཟུགས་བརྙན་ཁ་དོག་དམར་སེར་ལ། །སྐྲ་ཚུགས་གྱིན་ལ་བརྫེས་པར་བྱ། །དེ་ནས་ཁ་


DTG048_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

དོག་བཟང་པོ་ཡི། །སྟེང་དུ་གཟུགས་བརྙན་གཞག་པར་བྱ། །དེ་ནས་རྡོ་རྗེ་ཕོ་ཉ་ཡིས། །ནད་པའི་ལུས་ལ་གདོན་རྣམས་ཀུན། །དྲངས་ཤིང་གཟུགས་བརྙན་ལ་བསྟིམ་བྱ། །དེ་ནས་སྐུད་པ་ནག་པོ་དག །ནད་པའི་གཟུགས་ལ་བསྐོར་བྱས་ཤིང༌། །གདོན་གྱི་གཟུགས་ལ་བཅིང་བར་བྱ། །དེ་ནས་གཟུགས་དེ་བླངས་བྱས་ཏེ། །ལྷོ་འམ་དབང་ལྡན་ཕྱོགས་སོང་ལ། །དྲག་པོའི་ཧོམ་ནི་སྦར་བྱས་ནས། །མཚོན་ཆ་རལ་གྲི་བཟང་པོ་ཡིས། །གཟུགས་བརྙན་དུམ་བུར་གཏུབ་བྱ་ཞིང༌། །ཁྲོས་པས་མེ་ལ་སྤྱིན་སྲེག་བྱ། །དེ་ནས་ནད་པ་དག་ལ་ཡང། །ཚེ་ཡི་བུམ་པས་དབང་བསྐུར་བྱ། །ཆོ་གའི་རིམ་པ་འདི་ཡིས་ནི། །གང་ཞིག་ལོ་གྲངས་བཅུ་གཉིས་སུ། །གདོན་གྱིས་ཟིན་པར་གྱུར་པ་ལས། །གསོར་མི་རུང་བ་མ་གཏོགས་པར། །གཞན་ལས་ཡོངས་སུ་ཐར་པར་འགྱུར། །འདི་ནི་གདོན་ལས་ཐར་པ་ཡི། །ཆོ་ག་མདོར་བསྡུས་བཤད་པ་ཡིན། །དེ་ལ་གདོན་ལས་ཐར་བར་བྱ་བའི་ཆོ་ག་ཡང༌། ཆོ་ག་སླ་བ་དང་བར་མ་དང་དཀའ་བའི་བྱེ་བྲག་ཡོད་པ་སྟེ། དེ་ཡང་ཞེན་པའི་བྱེ་བྲག་དང༌། བསམ་པའི་བྱེ་བྲག་དང༌། ནུས་མཐུའི་བྱེ་བྲག་དང༌། སྔགས་པའི་མཐུ་རྩལ་གྱི་བྱེ་བྲག་གིས་ཤེས་པར་བྱའོ། །དེ་ལ་ཞེན་པའི་བྱེ་བྲག་གིས་ནི་འདི་ལྟར་འགྱུར་ཏེ། གང་མ་ཞེན་པའི་གདོན་ལས་ནི་ཐར་པར་སླའོ། །ཅུང་ཟད་ཞེན་པ་ལས་ནི་འབྲིང་དུ་འགྱུར་རོ། །ཆེར་ཞེན་པ་ལས་ནི་ཐར་པར་དཀའ་བར་འགྱུར་རོ། །གང་བསམ་པའི་བྱེ་བྲག་གིས་ནི་འདི་ལྟར་འགྱུར་རོ། །ཀྱལ་ཀའི་བསམ་པས་ཞུགས་པ་རྣམས་ནི་ཐར་པར་སླའོ། །གཏོར་མ་དང་སྤྱིན་སྲེག་ལ་སོགས་པ་འདོད་པའི་ཕྱིར་ཞུགས་པ་ནི་འབྲིང་དུ་འགྱུར་རོ། །གསད་པའི་བསམ་པས་ཞུགས་པ་རྣམས་ནི་ཐར་བར་དཀའ་བར་འགྱུར་རོ། །ནུས་མཐུའི་བྱེ་བྲག་གིས་ནི་འདི་ལྟར་འགྱུར་རོ། །གང་མཐུ་མེད་པའི་གདོན་གྱི་ཟིན་པ་རྣམས་ནི་ཐར་བར་སླའོ། །མཐུ་དང་ལྡན་པས་ཟིན་པ་རྣམས་ནི་འབྲིང་དུ་འགྱུར་རོ། །མཐུ་ཆེ་བ་རྣམས་ཀྱིས་ཟིན་པ་ནི་ཐར་པར་དཀའ་བར་འགྱུར་རོ། །སྔགས་པའི་ནུས་མཐུའི་བྱེ་བྲག་གིས་ནི་འདི་ལྟར་འགྱུར་ཏེ། གང་དབང་བསྐུར་བ་དང་ཏིང་ངེ་འཛིན་དང་བཟླས་པ་ལ་སོགས་པ་རྩོལ་


DTG048_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མཐུ་དང་ལྷས་བྱིན་གྱིས་བརླབས་པའི་མཐུ་དག་ཆེ་བ་དང་ཆུང་བའི་སྒོ་ནས་ཀྱང་ཐར་པར་དཀའ་བ་དང་སླ་བའི་བྱེ་བྲག་ཏུ་འགྱུར་རོ། །དེ་ལ་ཐར་བར་སླ་བ་རྣམས་ལ་ནི་ཞི་བའི་གཏོར་མ་དང་སྤྱིན་སྲེག་གི་སྒོ་ནས་ཐར་བར་འགྱུར་རོ། །བར་མ་རྣམས་ནི་ཞི་བའི་རྗེས་སུ་དབང་གི་གཏོར་མ་དང་སྤྱིན་སྲེག་བྱས་ཏེ། དེ་ལྟར་ལས་གཉིས་ཀྱི་སྒོ་ནས་ཐར་བར་འགྱུར་རོ། །གང་དཀའ་བ་རྣམས་ནི་དེ་དག་གི་རྗེས་སུ་དྲག་པོའི་ལས་སུ་གྱུར་པ། བསྐྲད་པ་དང་གཞོམ་པ་ཞེས་བྱ་བ་དང་ལྡན་པས་དེ་ལྟར་ལས་གསུམ་པའམ་བཞི་དང་ལྡན་པས་ཐར་བར་འགྱུར་ཏེ། གང་ལས་འདི་དག་ལེགས་པར་བྱས་ནས་གསོར་མི་རུང་བར་གྱུར་པ་མ་གཏོགས་པར་གཞན་ཐམས་ཅད་ལ་ཡོངས་སུ་ཐར་པར་འགྱུར་རོ། །དེ་ལ་གདོན་གྱིས་ཟིན་པའི་མཚན་མ་ནི་འདི་ལྟ་བུ་སྟེ། སྐྱེས་བུ་གང་དག་སྔ་མའི་གནས་ལས་བཞིན་མདངས་དང་བསམ་པ་དང༌། སྤྱོད་པ་དག་གཞན་དུ་གྱུར་པ་སྟེ། འདི་ལྟར་མཛེས་པར་གྱུར་ཀྱང་རུང་མི་མཛེས་པར་གྱུར་ཀྱང་རུང༌། བསམ་པ་དགེ་བར་གྱུར་ཀྱང་རུང༌། མི་དགེ་བར་གྱུར་ཀྱང་རུང༌། ཚུལ་དང་ལྡན་པར་སྤྱོད་ཀྱང་རུང༌། མི་ལྡན་པར་སྤྱོད་ཀྱང་རུང་སྟེ་རྐྱེན་གཞན་གྱིས་གྱུར་པ་མེད་ན་གདོན་གྱིས་ཟིན་པར་ཤེས་པར་བྱའོ། །གཞན་ཡང་སྐྱེ་དགུ་རྣམས་ནད་ཀྱི་གཞི་ལ་བརྟེན་ནས་གདོན་དག་འཇུག་པར་འགྱུར་ཏེ། ནད་ཆེར་འཕེལ་བར་ཡང་བྱེད་དོ། །གདོན་དག་ཀྱང་བཤམས་པའམ་བསྐུལ་བའམ་ཕྲད་པའམ་ལན་གྱི་རྒྱུས་སྐྱེ་དགུ་འཚེ་བར་འགྱུར་བས་དེ་དག་ལས་ཐར་པའི་ཆོ་ག་བརྩམ་པར་བྱའོ། །དེ་ལ་གདོན་དག་ཀྱང་ཟས་ཀྱི་སྒོ་ནས་རིགས་རྣམ་པ་གསུམ་སྟེ། འོ་མ་ལ་སོགས་པ་ཁ་ཟས་གཙང་མ་དག་ལ་དགའ་བ་དང༌། ཤ་དང་ཁྲག་ལ་དགའ་བ་དང༌། ཁ་ཟས་སྣ་ཚོགས་ལ་དགའ་བའོ། །གདོན་གང་དག་ཆུ་དང་ས་ལ་དགའ་བའི་ཀླུ་ལ་སོགས་པ་ནི་ཁ་ཟས་གཙང་མ་ལ་དགའ་བ་སྟེ། གང་དེ་དག་གིས་ཟིན་པར་གྱུར་པ་ནད་གྲང་ཞིང་ལུས་དང་ཡན་ལག་སྦྲིད་ཅིང་རེངས་པ་དང༌། ནད་ལྕི་ཞིང་ལུས་དང་སེམས་ཡང་བར་གྱུར་པ་རྣམས་ལ་དང་པོ་ཆུ་དང་སའི་ཧོམ་དང་གཙང་མའི་གཏོར་མས་ཞི་བར་བྱའོ། །གདོན་གང་དག་དུར་ཁྲོད་ན་གནས་པར་མོས་ཤིང་ཤ་དང་ཁྲག་ལ་དགའ་ཐའི་མ་མོ་ལྷ་བུ་ནི་ནད་ཚ་བ་དང་


DTG048_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དང་ལུས་ལྕི་བས་འཛིན་པར་བྱེད་དེ། དེ་དག་ལ་ཡང་ཐོག་མར་ཞི་བའི་སྤྱིན་སྲེག་དང་གཏོར་མས་དགའ་བར་བྱའོ། །དེ་ནས་ཤའི་སྤྱིན་སྲེག་དང་ཁྲག་དང་ལྡན་པའི་གཏོར་མས་དགའ་བར་བྱའོ། །གདོན་གང་དག་གནས་སྣ་ཚོགས་ལ་མོས་ཤིང་ཁ་ཟས་སྣ་ཚོགས་ལ་དགའ་བའི་གནོད་སྤྱིན་དང་འབྱུང་པོ་དང་རོ་ལངས་ལྟ་བུ་ནི་ནད་གློ་བུར་བ་སྣ་ཚོགས་ཀྱིས་འཛིན་པར་བྱེད་དེ། དེ་དག་ལ་ཁ་ཟས་སྣ་ཚོགས་ཀྱི་སྤྱིན་སྲེག་དང་གཏོར་མས་དགའ་བར་བྱའོ། །དེ་ལ་ཀླུ་ཡི་གདོན་གྱིས་ཟིན་པ་རྣམས་ལ་ཀླུའི་ཧོམ་དང༌། འོ་མའི་གཏོར་མས་ཐར་བར་བྱ་བར་འདོད་ན་དེས་མཚོ་དང་ལྟེང་ཀ་དང་ཆུ་མིག་དང་རྫིང་དང་ཁྲོན་པ་དང༌། ཆུ་ཀླུང་སྣ་ཚོགས་ནས་ཆུ་དང་ས་བླངས་ཏེ། དེ་ནས་ཆུ་དེ་དག་ཐམས་ཅད་རིན་པོ་ཆེ་ལ་སོགས་པའི་བུམ་པ་བཟང་པོ་འམ། སྣོད་གཙང་མར་བླུགས་ཏེ་དེར་བ་དམར་སེར་གྱི་འོ་མ་དང་མེ་ཏོག་བཟང་པོ་ཡང་བླུགས་ཏེ་གཞག་གོ །ས་དེ་དག་དང་གུ་གུལ་དཀར་པོ་དང་བཀྲ་ཤིས་པའི་སྨན་སྣ་ཚོགས་དང་བག་ཟན་དུ་སྦྱར་ཏེ་ཀླུ་རྣམས་ཀྱི་གཟུགས་བརྙན་ཇི་སྐད་དུ་གྲགས་པ་སྣ་ཚོགས་བྱས་ཏེ་ཆུའི་ནང་དུ་གཞུག་པར་བྱའོ། །དེ་ནས་མཎྜལ་པདྨ་དཀར་པོའི་དབྱིབས་སུ་བྱས་པའི་གེ་སར་ལ་ཆུའི་སྣོད་གཞག་པར་བྱའོ། །འབྲས་ཆན་ལ་སོགས་པ་ཁ་ཟས་བཟང་པོ་དང༌། འོ་མ་དང་སྨན་དུ་སྦྱར་བའི་གཏོར་མ་ཡང་གཞག་པར་བྱའོ། །གཞན་ཡང་སྔོན་པོའི་མེ་ཏོག་ལ་སོགས་པའི་མཆོད་པ་དང༌། འོ་མ་དང་སྨན་ལ་སོགས་པར་སྦྱར་བའི་མཆོད་པའི་རྫས་ཀྱང་སྔ་མ་བཞིན་དུ་བཤམས་ཏེ། བདག་ཉིད་ཁྲུས་ལེགས་པར་བྱས་གོས་གཙང་མ་གྱོན་ལག་པ་དྲིས་བསྐུས་ཏེ། དང་པོར་རང་གི་ལྷའི་རྣལ་འབྱོར་དང་ལྡན་པས། དང་པོར་ཆུའི་ལྷ་བསམ་པ་དང་སྤྱན་དྲང་བ་དང་མཆོད་པ་སྔ་མ་བཞིན་དུ་བྱས་ཏེ། དེ་ནས་རང་གི་ལྷ་ཡང་མཆོད་ནས་དེའི་རྗེས་སུ་ཀླུ་ཐམས་ཅད་མཆོད་པར་བྱའོ། །དེ་ལ་ཀླུ་རྣམས་མཆོད་པའི་སྔགས་ནི་སྔ་མ་བཞིན་ནོ། །དེའི་རྗེས་སུ་འོ་མའི་ནང་དུ་སྨན་དང་འབྲུ་དང༌། མེ་ཏོག་དང༌། སྤོས་དང༌། རིན་པོ་ཆེ་རྣམས་བླུགས་པའི་དགང་བླུགས་དབུལ་ཞིང་གསང་སྔགས་རྗེས་སུ་བཟླས་པར་བྱའོ། །དེ་ལ་


DTG048_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་ནི་རྩ་བའི་སྔགས་ཀྱི་རྗེས་སུ་སརྦ་པན་ནཱ་ག་ཤཱི་ནྟཾ་ཀུ་རུ་སཱ་ཧཱ། ཞེས་བྱ་བའི་གསང་སྔགས་འདིས་ལན་བརྒྱ་ཕྲག་དུ་མ་སྟོང་ཕྲག་དུ་མར་དབུལ་བར་བྱའོ། །དེ་ནས་གཏོར་མ་ལ་ཡང་སརྦ་པན་ནཱ་ག་ཨི་དཾ་བ་ལིཾ་གྲྀ་ཧྣཱ་པ་ཡ་སྭཱ་ཧཱ། ཞེས་བྱ་བའི་གསང་སྔགས་ལན་དུ་མར་བརྗོད་དེ་བསྔོ་བར་བྱའོ། །དེ་དག་ལ་ཕྱག་རྒྱ་ནི་ཨུཏྤལ་དང་ལྡན་པར་བྱའོ། །དེ་ནས་ཆུ་དང་གཏོར་མ་བཅས་ནས་ཀླུ་གནས་པའི་སར་བསྐྱལ་བར་བྱའོ། །འདི་ནི་ཀླུ་གདོན་ལས་ཐར་བར་བྱ་བའི་ཆོ་གའོ། །ས་བདག་གི་གདོན་གྱིས་ཟིན་པ་ལ་ནི། སའི་ཧོ་མ་དང་རིན་པོ་ཆེའི་གཏོར་མས་དགའ་བར་བྱའོ། །འདི་ཡང་སྔོན་དུ་བསྟན་པའི་སྦྱོར་བ་ལས་སྡིག་པའི་གཟུགས་བརྙན་མ་གཏོགས་པ་བུམ་པའི་སྦྱོར་བ་བྱས་ཏེ་པདྨའི་སྟེང་དུ་བཞག་ནས་མཆོད་པ་སྔ་མ་བཞིན་དུ་བྱའོ། །དེ་ནས་རིན་པོ་ཆེ་སྣ་ཚོགས་ལས་གསང་སྔགས་སྔོན་དུ་སྨོས་པའི་པདྨ་ལི་ནི་ཞེས་བྱ་བའི་རྗེས་སུ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བ་བརྗོད་པར་བྱའོ། །གཏོར་མ་ལ་ཡང་དེ་ཉིད་ཀྱི་རྗེས་སུ་ཨི་དཾ་བ་ལིཾ་གྲྀཧྞ་གྲྀཧྞཱ་པ་ཡ་སྭཱ་ཧཱ། ཞེས་བྱ་བས་བསྔོ་བར་བྱའོ། །དེ་དག་ལ་ཕྱག་རྒྱ་ནི་བུམ་པ་དང་སྦྱར་བར་བྱའོ། །དེ་ནས་བུམ་པ་དེ་ས་བདག་གནས་པའི་སར་སྦ་བར་བྱའོ། །འདི་ནི་ས་བདག་གི་གདོན་གྱིས་ཟིན་པ་ལས་ཐར་པར་བྱ་བའི་ཆོ་གའོ། །མ་མོའི་གདོན་གྱིས་ཟིན་པ་ལ་སྦྱོར་བ་ཁྱད་པར་དུ་གྱུར་པ་མེད་དེ་ཞི་བའི་སྤྱིན་སྲེག་ཉིད་སྦྱར་བར་བྱའོ། །གསང་སྔགས་ནི་ཨ་ཏི་ག་ཎ་པྲ་ཤ་མ་ཎ་ཡེ་སྭཱ་ཧཱ། ཞེས་བྱ་བ་སྦྱར་བར་བྱའོ། །ཁྲག་གི་གཏོར་མ་ལ་ཡང་སརྦ་མ་ཏྲི་ག་ཎ་ཨི་དཾ་བ་ལིཾ་གྲྀཧྞཱ་པ་ཡ་སྭཱ་ཧཱ། ཞེས་བྱ་བས་བསྔོ་བར་བྱའོ། །གསང་སྔགས་དེ་གཉི་ག་ཡང་རྩ་བའི་གསང་སྔགས་ཀྱི་རྗེས་སུ་སྦྱར་བར་བྱའོ། །གནོད་སྤྱིན་དང་འབྱུང་པོ་ལ་སོགས་པ་ལ་ནི་ཞི་བའི་སྤྱིན་སྲེག་དང་གཏོར་མ་ཉིད་སྦྱར་བར་བྱའོ། །ཡང་ན་གདོན་ཐམས་ཅད་ཞི་བའི་སྤྱིན་སྲེག་དང་གཏོར་མ་ཉིད་སྦྱར་བར་བྱའོ། །གསང་སྔགས་ནི་རྩ་བའི་གསང་སྔགས་ཀྱི་རྗེས་སུ་སརྦ་གྲ་ཧཱན་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བས་སྤྱིན་སྲེག་བྱའོ། །གཏོར་མ་ཡང་སརྦ་གྲ་ཧཱན་ཨི་དཾ་བི་ལིཾ་གྲྀ་ཧྞཱ་པ་ཡ་སྭཱ་ཧཱ། ཞེས་བྱ་བ་རྩ་བའི་གསང་སྔགས་ཀྱི་རྗེས་སུ་སྦྱར་ཏེ་བསྔོ་བར་


DTG048_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །གལ་ཏེ་ཞི་བའི་ལས་ལ་འབད་པ་བྱས་ཀྱང་ཐར་པར་མ་གྱུར་པ་རྣམས་ལ་ནི་དབང་གི་གཏོར་མ་བྱས་ཏེ། དང་པོར་མེ་ལྷ་དང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོ་མཆོད་པར་བྱ་སྟེ། དེའི་རྗེས་སུ་གདོན་ཐམས་ཅད་བཀུག་སྟེ་སྤྱིན་སྲེག་བྱིན་ནས། དེ་ནས་ཡུངས་དཀར་དམར་པོ་ལ་རྩ་བའི་གསང་སྔགས་ཀྱི་རྗེས་སུ་སརྦ་གྲ་ཧཱན་པ་ཤཾ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བ་སྦྱར་ཏེ་ལན་སྟོང་དུ་མར་བསྲེག་པར་བྱ་སྟེ། དེའི་ཚེ་ཏིང་ངེ་འཛིན་ཡང་སྔོན་དུ་བརྗོད་པའི་འབྱུང་བ་ཆེན་པོའི་དཀྱིལ་འཁོར་ལས་དབང་གི་ལས་ཀྱི་སྦྱོར་བ་བཞིན་དུ་བསམ་པར་བྱའོ། གཏོར་མ་ཡང་ཁ་དོག་དམར་པོར་བྱ་སྟེ། ཏིང་ངེ་འཛིན་དེ་ཉིད་དང་གསང་སྔགས་དེ་ཉིད་ཀྱིས་སྦྱར་བར་བྱའོ། །ཆོ་ག་འདིས་གདོན་དག་དབང་དུ་གྱུར་ཏེ་གདོན་ལས་ཐར་པར་འགྱུར་རོ། །ད་ནི་ཐར་བར་དཀའ་བ་རྣམས་ལ་བགེགས་བསྐྲད་པའི་སྦྱོར་བ་བསྟན་པར་བྱ་སྟེ། གྲོག་མཁར་གྱི་ས་ལས་རླུང་གི་རྔ་མོ་ནག་པོ་ཞིག་བྱས་ཏེ། དེའི་རྒྱབ་ཏུ་ཚོགས་ཀྱི་བདག་པོའི་གཟུགས་བརྙན་བྱས་ཏེ་བསྐྱོན་ནས་ཚོགས་ཀྱི་བདག་པོའི་སྙིང་གར་ཡི་གེ་ག་སྔོན་པོ་བྲིས་ཏེ་གཞུག །དེ་ནས་གཟུགས་བརྙན་དེ་ཁ་ལྷོའམ་བྱང་ཤར་དུ་བསྟན་ཏེ་བཞག་ལ། དེའི་དྲུང་དུ་རླུང་གི་དཀྱིལ་འཁོར་གྱི་དབུས་སུ་བགེགས་བསྐྲད་པའི་སྤྱིན་སྲེག་བྱ་སྟེ། དེ་བཞིན་དུ་བགེགས་བསྐྲད་པའི་གཏོར་མ་ཡང་བཏང་ནས། གཏོར་མའི་ནང་དུ་གཟུགས་བརྙན་བཅུག་སྟེ། སྔགས་པ་བདག་ཉིད་བཅོམ་ལྡན་འདས་གཤིན་རྗེ་གཤེད་ཀྱི་ཏིང་ངེ་འཛིན་དུ་ཞུགས་ལ། སྒྲུབ་པའི་གྲོགས་མཆོག་གི་མདུན་ན་བཀའ་ནོད་པའི་ཚུལ་དུ་འདུག་ལ། དེ་ནས་བདག་གི་དཔྲལ་བ་ནས་འཕགས་པ་མི་གཡོ་བ་གཏུམ་པོ་སྤྲུལ་ཏེ་གྲོགས་མཆོག་དེ་ཉིད་གྱུར་པར་བསམས་ནས། དེའི་ལག་ཏུ་གྲི་བཟང་པོ་གཏད་དེ་ལངས་ནས་རང་ཉིད་ཀྱི་གསང་སྔགས་ཟློས་ཤིང་རལ་གྲིའི་ཐབས་ཀྱིས་གདོན་གྱིས་ཟིན་པ་ལ་ཁྲོས་ཏེ། བསྐོར་ཞིང་བགེགས་བསྐྲད་པའི་སྦྱོར་བ་བྱའོ། །སྔགས་པ་བདག་ཉིད་ཀྱིས་ཀྱང་གཤིན་རྗེ་གཤེད་ཀྱི་ཏིང་ངེ་འཛིན་དང་ལྡན་པས། རྩ་བའི་གསང་སྔགས་ཀྱི་རྗེས་སུ་མ་ཧཱ་ག་ཎ་པ་ཏི་ས་པ་རི་བཱ་ར་ཎ་ཕཊ་ཕཊ། ཅེས་ཡུངས་ཀར་དང་ཕྲེང་བ་ལ་བཟླས་ཤིང་ཟིན་པ་ལ་བརྡེག་པར་


DTG048_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དེ་ནས་སྐྱེས་པའམ་བུད་མེད་གང་ཡང་རུང་བ་ཞིག་གིས་གཏོར་མ་གཟུགས་བརྙན་དང་བཅས་པ་ཁྱེར་ཏེ་ལྷོ་འམ་དབང་ལྡན་གྱི་ཕྱོགས་སུ་རྒྱང་གྲགས་གཅིག་ཙམ་དུ་འགྲོ་བར་བྱའོ། །དེའི་རྗེས་སུ་འཕགས་པ་མི་གཡོ་བའི་སྔགས་པ་དེས་རང་གི་གསང་སྔགས་བཟླས་པ་དང༌། རལ་གྲི་བསྐོར་བའི་ཐབས་བྱེད་ཅིང་འདོམ་བདུན་གྱི་ཕྱི་ནས་བགེགས་བསྡིགས་ཤིང་འགྲོ་བར་བྱའོ། །དེ་ནས་དེ་དག་གཟུགས་བརྙན་དེ་བསྐྱལ་ཏེ་སླར་ལོག་པ་དང་སྔགས་པ་བདག་ཉིད་ཀྱིས་ཀྱང་བསྐྲད་པར་བྱའོ། །དེ་ནས་དེའི་ཕྱི་དེའི་ཉིན་མོ་བགེགས་བསྐྲད་པའི་སྤྱིན་སྲེག་དང་གཏོར་མའི་རྗེས་སུ་མནན་པ་བྱའོ། །ཆོ་ག་འདིས་ནི་ཐར་པར་དཀའ་བ་རྣམས་ཀྱང་ཐར་པར་འགྱུར་རོ། །ད་ནི་གདོན་དག་ཞེན་པར་གྱུར་པ་དང་བསམ་པ་དང་མཐུའི་བྱེ་བྲག་གིས་ཐར་པར་ཤིན་ཏུ་དཀའ་བར་གྱུར་པ་རྣམས་ལ་དྲག་པོའི་སྦྱོར་བ་བརྩམ་པར་བྱ་སྟེ། དེ་བས་ཞེན་པ་དབྲལ་བར་དཀའ་བར་གྱུར་པ་ལ་ནི་སྦྱོར་བ་དྲག་པོ་ཉིད་ཀྱིས་ཐར་པར་འགྱུར། མཐུ་ཡིས་དབྲལ་དཀའ་བར་གྱུར་པ་ལ་ནི། བསྒོམ་པ་དང་བཟླས་པའི་སྟོབས་བསྐྱེད་པས་ཐར་བར་འགྱུར་རོ། །དེ་ལ་འདིར་ཞི་བ་དང་དབང་དང་བསྐྲད་པའི་ལས་རྣམས་ཀྱིས་ཐར་བར་མ་གྱུར་པ་དེ་དག་ལ་ཡོངས་སུ་གཞོམ་པའི་ཆོ་གས་འདུལ་བར་འདོད་ན་དང་པོར་ཐབ་ཁུང་གྲུ་གསུམ་ནག་པོར་བྱས་ཏེ། རྡོ་རྗེའམ་བེ་ཅོན་མཚན་མ་ནག་པོ་སོར་བརྒྱད་པ་བྱས་ཏེ་གཞག་པར་བྱའོ། །དེར་དུར་ཁྲོད་ཀྱི་མགལ་དུམ་མམ་ཚེར་མ་ཅན་གྱི་ཤིང་གདུག་པ་ཅན་བླངས་ཏེ་གྲུ་གསུམ་གྱི་དབྱིབས་སུ་བརྩིག་པར་བྱའོ། །གདོན་གྱི་གཟུགས་བརྙན་གྲོག་མཁར་གྱི་ས་འམ། གྲོ་གའམ་ཤོག་ཤོག་ལ་སོགས་པ་ལ་ཚོན་གྱིས་བྲིས་ཀྱང་རུང་སྟེ། གལ་ཏེ་ཚ་བའི་ནད་དང་ལྡན་པ་ཞིག་ན་གདོན་གྱི་གཟུགས་བརྙན་མདོག་དམར་སེར་སྐྲ་གྱེན་དུ་བརྫེས་པ་ཞིག་བྱའོ། །གལ་ཏེ་གྲང་བའི་ནད་དང་ལྡན་པ་ཞིག་ན་གདོན་གྱི་གཟུགས་བརྙན་ཁ་དོག་སྔོ་སྐྱ་སྐྲ་ཐུར་དུ་བྱིལ་བྱིལ་པོར་འདུག་པ་ཞིག་བྱའོ། །དེ་གཉིས་ཀའི་སྙིང་གར་ཡི་གེ་པྲེ་བྲིའོ། །དེ་ནས་སྐུང་པ་ནག་པོས་བཏགས་ཏེ་ཕུར་པ་ཞིག་ལ་བརྟོད་པར་བྱའོ། །དེ་ནས་ཕུར་པ་དང་གྲི་དང་གཏུན་ཤིང་དམ་བེ་ཅོན་ཡང་ཉེ་འཁོར་དུ་བཞག་པར་བྱའོ། །མཆོད་


DTG048_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་གཏོར་མ་ཡང་སྔོན་དུ་བརྗོད་པ་བཞིན་དུ་གཞག་པར་བྱའོ། །དེ་ནས་སྔགས་པ་བདག་ཉིད་ཁ་ལྷོ་ཕྱོགས་སུ་བལྟས་ཏེ་ལྷའི་རྣལ་འབྱོར་བསྒོམ་པར་བྱ་སྟེ། མེ་ཡི་ལྷ་བསྐྱེད་ཅིང་མཆོད་པའི་ཆོ་ག་དང༌། བཅོམ་ལྡན་འདས་གཤིན་རྗེ་གཤེད་བསམ་ཞིང་མཆོད་པའི་ཆོ་ག་དག་ནི་དགྲ་བསྲེག་པའི་སྐབས་སུ་བསྟན་པ་བཞིན་འདིར་ཡང་རིག་པར་བྱའོ། །དེ་ནས་གདོན་གྱི་གཟུགས་བརྙན་དེ་ནད་པའི་དྲུང་དུ་བཞག་སྟེ། དེ་ནས་ཏིང་ངེ་འཛིན་དང་གསང་སྔགས་དང་ལྷ་རྣམས་ལ་ཉེ་བར་བསྐུལ་བའི་ལས་རྣམས་ཀྱིས་གདོན་དགུག་པའི་སྦྱོར་བ་བྱས་ཏེ་གཟུགས་བརྙན་ལ་བསྟིམ་པར་བྱའོ། །དེ་ནས་སྐུད་པ་ནག་པོ་ལ་ཨོཾ་བཛྲ་བནྡྷ་ཧཱུཾ་དུ་ཥཊ་གྲ་ཧཱ་ན་བནྡྷ་བཾ་ཧཱུཾ། ཞེས་བྱ་བ་རྩ་བའི་གསང་སྔགས་ཀྱི་རྗེས་སུ་བཟླས་ཏེ་གཟུགས་བརྙན་བཅིང་བར་བྱའོ། །དེ་ལྟར་ཡང་དང་ཡང་དུ་དགུག་པའི་སྦྱོར་བ་བྱས་ཏེ། ཁུགས་པར་མཐོང་བ་དང་དང་པོར་གནས་ལྔར་ཕུར་བུས་གདབ་པར་བྱའོ། །དེ་ནས་གྲིས་གཏུབ་པར་བྱའོ། །དེ་ནས་བེ་ཅོན་ནམ་གཏུན་ཤིང་གིས་ཕྱེ་མར་བརྡུང་བར་བྱའོ། །དེ་ནས་དེ་དག་བསྡུས་ཏེ་ཧོམ་དུ་བསྲེག་པར་བྱའོ། །དེ་ནས་ཐབ་ཁུང་གི་ནང་དུ་སོལ་བའི་ཕྱེ་མ་ལ་སོགས་པ་ཐམས་ཅད་ཡོངས་སུ་བསྡུས་ཏེ། སོ་སོའི་སྟེང་ནས་ལེགས་པར་བརྫིས་ལ། དེའི་སྟེང་དུ་རྡོ་ལེབ་ལ་སྣ་ཚོགས་རྡོ་རྗེ་བྲིས་པས་མནན་ནས། དེའི་སྟེང་དུ་སྔགས་པ་བདག་ཉིད་གཡོན་བརྐྱང་བའི་སྦྱོར་བས་མནན་ཏེ། གད་མོ་དྲག་པོ་དགོད་ཅིང་གསང་སྔགས་ཀྱི་རྗེས་སུ་བཟླས་པར་བྱའོ། །དེ་ལ་ཕུར་བུ་གདབ་པ་དང༌། བརྡུང་བ་དང༌། བསྲེག་པ་རྣམས་ཀྱི་གསང་སྔགས་ནི་གོང་དུ་བསྟན་པ་ལས་བསྒྲུབ་བྱའི་མིང་གི་གནས་སུ་དུ་ཥཊ་གྲ་ཧཱན། ཞེས་བྱ་བ་གཞུག་པར་བྱའོ། གྲིས་གཏུབ་པར་བྱ་བ་ལ་ནི་རྩ་བའི་སྔགས་ཀྱི་རྗེས་སུ་ཙྪེ་ད་ཙྪེ་ད་མ་ར་མ་ར་ཁཌྒེན་ཧཱུཾ་ཕཊ། ཅེས་བརྗོད་པའོ། །མནན་པ་ལ་ནི་རྩ་བའི་གསང་སྔགས་ཀྱི་རྗེས་སུ་དུ་ཥཊྰ་ན་གྲ་ཧཱ་ན་སྟ་མྦྷ་ནི་ཀུ་རུ་ལཾ་ཧཱུཾ་ཕཊ། ཅེས་བརྗོད་པའི། །འདི་ལྟར་ཅི་ནུས་ཞིག་དྲག་པོའི་སྦྱོར་བ་བྱས་ནས་དེ་ནས་ནད་པ་དེ་ལ་སྔོན་དུ་བསྟན་པའི་ཞི་བའི་སྦྱོར་བས་ཁྲུས་ལེགས་པར་བྱ་སྟེ། དེ་ནས་ཚེ་གསོ་བའི་ཆོ་ག་ལ་སྦྱར་བར་


DTG048_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དེའི་ཆོ་ག་ནི་འདི་ཡིན་ཏེ། དང་པོར་མཎྜལ་པདྨ་འདབ་མ་བརྒྱད་པ་དཀར་པོ་བྱས་ཏེ། དེར་བཀྲ་ཤིས་བརྒྱད་ཀྱི་གཟུགས་ཕྱག་རྒྱ་བྲི་བར་བྱའོ། །དེའི་དབུས་སུ་བུམ་པ་བཟང་པོ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ཁ་དོག་དཀར་པོ་ཞིག་ཏུ་སྨན་དང༌། རིན་པོ་ཆེ་དང༌། འབྲུ་ལ་སོགས་པ་དང་ལྡན་པར་བྱས་ཏེ་བ་དམར་བ་དང་དཀར་བའི་འོ་མས་ལེགས་པར་གང་བར་བྱས་སོ། །ཤིང་བཟང་པོའི་ཁ་རྒྱན་ལ་སོགས་པ་དང་ཡང་ལྡན་པར་བྱའོ། །དེ་ནས་བདག་ཉིད་ཁྲུས་ལེགས་པར་བྱས་ཏེ། ལུས་དྲི་བཟང་པོས་བ་སོགས་ནས་རས་དམར་པོ་གཙང་མ་གྱོན་ཏེ། ཀུ་ཤའི་སྟན་ལ་ཁ་ནུབ་ཕྱོགས་སུ་བལྟས་ནས་འདུག་པར་བྱའོ། །ནད་པའང་གོས་དཀར་པོ་གཙང་མ་བསྐོན་ཏེ་དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་ཁ་ཤར་དུ་བསྟན་དེ་གཞག་པར་བྱའོ། །དེ་ནས་བདག་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས་མདུན་དུ་གཞལ་ཡས་ཁང་བཟང་པོ་རྡོ་རྗེ་དཀྱིལ་འཁོར་གྱི་འཁོར་ལོ་ཇི་ལྟ་བ་བཞིན་དུ་བསྒོམས་ནས། དེའི་དབུས་སུ་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ནད་པ་དང་བུམ་པ་དབྱེར་མེད་པས་སངས་རྒྱས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་ཁ་བ་ལ་མཚལ་བཟང་པོ་གཏོར་བ་ལྟར་དམར་སྐྱར་གནས་པ་མཉམ་པའི་ཕྱག་རྒྱའི་སྟེང་ན་བདུད་རྩིའི་བུམ་པ་བསྣམས་པ་ཞིག་ཏུ་བསྒོམ་པར་བྱའོ། །དེའི་ཐུགས་ཀར་ཡང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་འཇམ་དཔལ་གདོད་ནས་སངས་རྒྱས་ཞེས་བྱ་བ། སྐུ་མདོག་དཀར་པོ་དབུ་ལ་གཙུག་ཕུད་ལྔ་དང་ལྡན་པ་ཕྱག་བརྒྱད་ཀྱིས་ཉེ་བར་མཛེས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་དུ་མ་ལ་སོགས་པས་མཚན་བར་བསམ་པར་བྱའོ། །དེའི་ཐུགས་ཀར་ཡང་ཟླ་བའི་དཀྱིལ་འཁོར་གྱི་སྟིང་དུ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞེས་བྱ་བ་སྐུ་མདོག་དམར་སྐྱ་ཕྱག་ན་པདྨའི་སྟེང་ན་ཚེའི་བུམ་པ་བསྣམས་པ་བསམ་པར་བྱའོ། །ཡང་ན་སྔ་མ་བཞིན་དུ་མཉམ་གཞག་གི་ཕྱག་རྒྱའི་སྟེང་ན་པདྨ་དང་བུམ་པ་བསྣམས་པ་བསམ་པར་བྱའོ། །དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་དེ་ལྟ་བུ་ཉིད་དོ། །དེའི་ཐུགས་ཀར་ཡང་དེ་བཞིན་དུ་གྲངས་མེད་པ་ཇི་ལྟར་ནུས་པ་བཞིན་བསྒོམ་པར་བྱ་སྟེ། འདི་ལྟར་རིམ་པ་བཅུའམ། རིམ་པ་བརྒྱའམ། རིམ་པ་སྟོང་ལ་


DTG048_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ནས། ཇི་རིད་དུ་བྱེ་བ་ཕྲག་བསམ་གྱིས་མི་ཁྱབ་པ་དང་བརྗོད་དུ་མེད་པ་ཐུག་གི་བར་དུབ་སྒོམ་པར་བྱའོ། །དེ་ནས་བདག་གིས་གསང་སྔགས་བཟླས་པ་དང་ལྷ་རྣམས་ལས་ཡེ་ཤེས་ཀྱི་འོད་ཟེར་འཕྲོས་པས་ཁྲོ་བོ་གཤིན་རྗེ་གཤེད་མདོག་དམར་པོ་ལྕགས་ཀྱུ་དམར་པོ་ལག་ན་ཐོགས་པ། ལུས་མེ་ལྟར་འབར་བ་མཐའ་ཡས་པ་འཕྲོས་པས་བགེགས་ཀྱི་གནས་ཐམས་ཅད་ཡོངས་སུ་བཅོམ་སྟེ། དེ་དག་གི་ལག་ནས་ཚེའི་རང་བཞིན་འོད་ལེ་བརྒན་ནམ། ཡང་ན་བསྒྲུབ་བྱ་ཅི་འདྲ་བའི་གཟུགས་ཀུན་ནས་བཀུག་སྟེ། ཕྱག་རྒྱ་བུམ་པ་ལ་ཐིམ་པར་བྱའོ། །དེ་ལ་གསང་སྔགས་ནི་ཡི་གེ་དྲུག་པ་ཞི་བ་ཞེས་བྱ་བའི་རྗེས་སུ་ཛཱི་བཾ་ཝ་ར་དེ་སྭཱ་ཧཱ། ཞེས་བྱ་བ་བཟླས་པར་བྱའོ། །དེའི་ཚེ་བཀའི་འཁོར་ལོ་ཡང་བསྐུལ་བར་བྱའོ། །དེ་ནས་བུམ་པ་དེ་བསྒྲུབ་བྱའི་གནས་ལྔར་ཡང་ནས་ཡང་དུ་བསྟིམ་པར་བྱའོ། །དེ་ནས་རྡོ་རྗེའི་གོ་ཆ་ལ་སོགས་པས་སྲུང་བའི་ཆོག་བྱས་པས་བསྒྲུབ་བྱ་དེ་བསྲུང་བར་འགྱུར་རོ། །དེ་ལ་རྡོ་རྗེ་གོ་ཆའི་ཕྱག་རྒྱ་ནི་ལག་པ་གཉིས་སོར་མོ་ཕན་ཚུན་ཅུང་ཟད་བསྣོལ་ཏེ། མཐེ་བོ་གཉིས་བསྒྲེང་ནས་བསྒྲུབ་བྱའི་སྙིང་གར་བཞག་སྟེ། འཇམ་དཔལ་གྱི་རྟོགས་པ་གཞན་ལས་གསུངས་པའི་གསང་སྔགས་བཟླས་པའམ། ཡང་ན་གོ་ཆ་ཐམས་ཅད་ཀྱི་སྤྱིའི་གསང་སྔགས་ཨོཾ་བཛྲ་ཀ་པ་ཙ་རཀྵ་ཧཱུཾ། བྱ་བ་འདི་དང་སྦྱར་བར་བྱའོ། །དེ་ནས་སྐུད་པ་ལ་ཡང་བསྲུང་བའི་གསང་སྔགས་རྗེས་སུ་བཟླས་པའི་མདུད་པ་བོར་ཏེ་མགུལ་བའམ་དཔུང་བ་ལ་གདགས་པར་བྱའོ། །གྲོ་གའམ་ཤིང་ཤུན་ལ་སོགས་པ་ལ་རྩ་བའི་གསང་སྔགས་མངོན་པར་བྲིས་ཏེ། ཕྱི་རོལ་འཁོར་ལོའི་ཚུལ་དུ་བྱས་པ་ལས་མཚོན་ཆ་སྣ་ཚོགས་ཀྱིས་བརྒྱན་ཏེ། གསང་སངས་ཀྱིས་བྱིང་ཡིས་བརླབས་ནས་ལེགས་པ་དྲིལ་ཏེ་སྤྱི་གཙུག་ཏུ་གདགས་པར་བྱའོ། །དེ་བཞིན་དུ་ཞལ་གྱི་གསངས་སྔགས་ཀྱི་འཁོར་བྲིས་ཏེ་མགུལ་པར་གདགས་པར་བྱའོ། །གོ་ཆའི་གསང་སྔགས་དང་སྙིང་པོའི་གསང་སྔགས་ཀྱི་འཁོར་ལོ་དེ་བཞིན་དུ་བྱས་ཏེ་དཔུང་པར་གདགས་པར་བྱའོ། །མཚོན་ཆའི་གསང་སྔགས་འཁོར་ལོ་དེ་བཞིན་དུ་བྲིས་ཏེ་ལག་པའི་མཁྲིག་མ་གཉིས་ལ་གདགས་པར་བྱའོ། །སྙིང་པོ་དང་གོ་ཆ་དང་མཚོན་ཆའི་


DTG048_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་དག་ནི་འཇམ་དཔལ་གྱི་རྟོགས་པ་གཞན་ལས་ཇི་སྐད་གསུངས་པ་དེ་འདིར་སྦྱར་བར་བྱའོ། །ལས་རྣམ་བཞིའི་སྒོ་ནས་གདོན་ལས་ཐར་བར་བྱ་བའི་ཆོ་ག་ཚེ་བསྲུང་བ་དང་བཅས་པ་བསྟན་པ་རྫོགས་སོ།། །།

རྡོ་རྗེ་མངག་གཞུག་གི་སྦྱོར་བས་བཀྲ་ཤིས་བསྒྲུབ་པའི་ཆོ་ག་བསྟན་པ།


DTG048_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གཞན་ཡང་བཤད་བྱ་བ། །རྡོ་རྗེ་མདག་གཞུག་སྦྱོར་བ་ཡིས། །བཀྲ་ཤིས་ཕུན་སུམ་ཚོགས་འགྱུར་པ། །མཆོག་ཏུ་གྱུར་བ་བཤད་པར་བྱ། །སྔགས་པ་བདག་ཉིད་བཀྲ་ཤིས་ཤིང༌། །དེ་བཞིན་སྐྱེ་དགུ་གཞན་དག་ཀྱང༌། །བཀྲ་ཤིས་བསྒྲུབ་པར་བྱ་བ་དང༌། །བུད་མེད་གང་ཞིག་བུ་མི་འཚོ། །ཡང་ན་གདོན་གྱི་བྱེ་བྲག་གིས། །མོ་གཤམ་གྱུར་པ་གང་ཡིན་པ། །དེ་དག་བཀྲ་ཤིས་བྱ་བའི་ཕྱིར། །རྡོ་རྗེ་མངག་གཞུག་བསྒྲུབ་པར་བྱ། །ལྷ་ཀླུ་གནོད་སྤྱིན་དྲི་ཟ་དང༌། །སའམ་མཁའ་ལ་གནས་པ་ཡི། །བཀྲ་ཤིས་ལྷ་རྣམས་ཐམས་ཅད་ལས། །མཆོག་ཏུ་གྱུར་པ་འདི་ཡིན་ཏེ། །དེ་ཕྱིར་འདིར་བསྒྲུབ་པར་བྱ། །བཀྲ་ཤིས་རབ་ཏུ་གཙང་བའི་སར། །ཡར་གྱི་ངོ་ཡི་ཚེས་གཅིག་ལ། །སྔགས་པས་དཀྱིལ་འཁོར་བྲི་བར་བྱ། །ཁྲུ་དོའི་ཚད་དང་ལྡན་པ་ལ། །དབུས་སུ་གྲུ་གསུམ་སུམ་བརྩེགས་བྱ། །དབུས་ཀྱི་གྲུ་གསུམ་གང་ཡིན་པར། །ཁ་དོག་དམར་པོར་ལྡན་བྱས་ཏེ། །ཡི་གི་ནྲྀ་ཡིས་མཚན་པར་བྱ། །དེ་ནས་རིམ་པ་གཉིས་པ་ལ། །ཐོད་པ་དག་གིས་ཀུན་དུ་བསྐོར། །དེ་ནས་རིམ་པ་ཐ་མ་ལ། །རྡོ་རྗེ་ཕྲེང་བས་བསྐོར་བྱས་ཏེ། །གྲར་ནི་མངག་གཞུག་ཕྱག་རྒྱ་གཞག །དེ་ཡི་ཕྱི་རོལ་ཁོར་ཡུག་ཏུ། །རོ་དང་མགོ་མེད་རོ་དང་ནི། །དེ་བཞིན་ཡན་ལག་མཚང་བ། །ཡན་ལག་དག་དང་ཀེང་རུས་དང༌། །ཁྱི་དང་ཝ་དང་ཅེ་སྤྱང་དང༌། །ཀང་ཀ་བྱ་རོག་འུག་པ་སོགས། །ཤིང་ཡང་རྣམ་པ་སྣ་ཚོགས་དང༌། །ཞིང་སྐྱོང་ལ་སོགས་ལྡན་པར་བྲི། །རས་དཀར་རབ་ཏུ་གཙང་མ་ནི། །ཁྲུ་ཕྱེད་དང་ནི་ཁྲུ་གང་བ། །གལ་ཏེ་དེ་ལས་ལྷག་ཀྱང་རུང༌། །ལེགས་པར་བྱི་དོར་བྱས་ནས་ནི། །བཅུ་གཉིས་རྩིབས་ཅན་འཁོར་ལོ་དག །གུར་གུམ་མཚལ་དང་བསྲེས་པས་བྲིས། །ལྟེ་བར་སྣ་ཚོགས་རྡོ་རྗེ་བྲི། །འཁོར་ལོའི་རྩེ་མོ་རྣམས་ལ་ཡང༌། །མཚོན་ཆ་སྣ་ཚོགས་བྲི་བར་བྱ། །རྡོ་རྗེ་འཁོར་ལོ་བེ་ཅོན་དང༌། །དགྲ་སྟ་རལ་གྲི་ཏྲི་ཤཱུ་ལ། མདུང་དང་མདའ་དང་ལྕགས་ཀྱུ་དང༌། །ཐོབ་གཏུན་ཤིང་ཞགས་


DTG048_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས། །འཁོར་ལོའི་ཚུལ་དུ་མཉམ་པར་བྲི། །སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ། །ཡི་གེ་ཨོཾ་ཞེས་བྱ་བ་བྲི། །སྣ་ཚོགས་རྡོ་རྗེའི་རྩེ་མོ་ཡི། །ཁོར་ཡུག་ཕྱོགས་རྣམས་ཐམས་ཅད་དུ། །རཀྵ་ར་རཀྵ་ཞེས་བྱ་བའི། །ཡི་གེ་ཕྲེང་བའི་ཚུལ་བྲི་བ། །ལན་གྲངས་བཅུ་གཉིས་བྲི་པར་བྱ། །དེ་ནས་འཁོར་ལོའི་རྩིབས་རྣམས་ལ། །རྡོ་རྗེ་མདག་གཞུག་མིང་གི་སྔགས། །ཡི་གེ་བཅུ་གཉིས་དགོད་བྱ་སྟེ། །ནྲྀ་ཏོ་ཏ་ནི་ཞེས་བྱ་བ། །ལན་གཉིས་བརྗོད་པར་གྱུར་བ་ཡིས། །ཡི་གེ་བརྒྱད་དུ་གྱུར་བར་བྱ། །མེ་སྒྲ་སྒྲོགས་བྱེད་ཡི་གེ་གཉིས། །ལན་གཉིས་བརྗོད་པར་གྱུར་པ་ཡིས། །ཡི་གེ་བཞི་རུ་གྱུར་པ་ཡི། །གསང་སྔགས་ཡི་གེ་བཅུ་གཉིས་དེས། །འཁོར་ལོ་བཅུ་གཉིས་མཛེས་པར་བྱ། །ཡི་གེ་དེ་དག་རེ་རེ་ཡི། །ཕྱོགས་མཚམས་བརྒྱད་དུ་ཧཱུཾ་བརྒྱད་ཀྱིས། །སོ་སོར་འཁོར་ལོའི་ཚུལ་དུ་བསྐོར། །མཚོན་ཆ་རྣམས་ཀྱི་རྩ་བ་ལ། །ཡི་གེ་ཕཊ་ཀྱིས་མཚན་པར་བྱ། །བཀྲ་ཤིས་སྲུང་བའི་འཁོར་ལོ་དེ། །དཀྱིལ་འཁོར་སྟེང་དུ་བླ་རེ་བྱ། །མེ་ཏོག་བདུག་པ་མར་མེ་དང༌། །དྲི་དང་བཤོས་དང་མཆོད་ཡོན་ལ། །གུར་གུམ་མཚལ་དང་བསྲེས་པ་འམ། །ཙནྡན་དམར་བོས་གཏོར་བར་བྱ། །ཁ་ཟས་སྣ་ཚོགས་སྦྱར་བ་ཡི། །གཏོར་མ་གཉིས་ཀྱང་གཞག་བྱ་སྟེ། །དང་པོར་གཤིན་རྗེ་གཤེད་ལ་དབུལ། །གཉིས་པ་རྡོ་རྗེ་མངག་གཞུག་ལ། །དེ་བཞིན་མཆོད་པ་ཐམས་ཅད་ཀྱང༌། །ཆ་གཉིས་ལན་པར་ཤེས་པར་བྱ། །སྔགས་པ་གོས་དམར་གྱོན་ནས་ནི། །གཤེན་རྗེ་སྒྲ་ཞེས་བྱ་བ་ཡི། །རྣལ་འབྱོར་བདག་ཉིད་བསྒོམ་པར་བྱ། །དེ་ནས་ཁྲོ་བོ་གཤིན་རྗེ་གཤེད། །རྡོ་རྗེ་སྦྱོར་བས་སྤྱན་དྲངས་ཏེ། །མདུན་གྱི་ནམ་མཁའ་པདྨ་ལ། །ཉི་མ་ལྡན་པའི་སྟེང་བསམས་ཏེ། །མཆོད་དང་གཏོར་མ་དབུལ་བར་བྱ། །དེ་ནས་བདག་གི་ལུས་ལ་གཞུག །དེ་ནས་མངག་གཞུག་བསྒྲུབ་པའི་ཕྱིར། །བ་སྦུ་རྣམས་ཀྱི་བུ་ག་ལས། །ཡེ་ཤེས་འོད་ཟེར་འཕྲོས་འགྱུར་བས། །དཀྱིལ་འཁོར་ལ་ནི་ཐིམ་པར་འགྱུར། །དཀྱིལ་འཁོར་དུར་ཁྲོད་བྱིན་བརླབས་ཏེ། །དཀྱིལ་འཁོར་སྙིང་པོར་འདུས་པ་ཡིས། །ཁ་དོག་ལྗང་དམར་ལྡན་པ་ཡི། །ཡི་གེ་ནྲྀ་ལ་ཐིམ་པར་འགྱུར། །འོད་ཟེར་འཕྲོ་འདུའི་སྦྱོར་བ་ཡིས། །སྔོན་དུ་བརྗོད་པའི་ཚུལ་འདྲ་བས། །རྡོ་རྗེ་མངག་


DTG048_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

གཞུག་འགྱུར་བར་བྱ། །སྤྱན་དྲང་བ་དང་མཆོད་པ་དང༌། །རང་གི་སྔགས་ཀྱིས་ལེགས་པར་བྱ། །དེ་ནས་རྡོ་རྗེ་མངག་གཞུག་གི །གསང་སྔགས་བཟླས་པའི་སྦྱོར་བ་བྱ། །བཟླས་པའི་ཡེ་ཤེས་འོད་ཟེར་དག །འཕྲོ་དང་འདུ་བའི་སྦྱོར་བ་ཡིས། །བཀྲ་ཤིས་སྲུང་བའི་འཁོར་ལོ་ལ། །ཞུ་བའི་ཚུལ་དུ་ཐིམ་པར་བྱ། །དེ་ལྟར་མཆོད་དང་བཟླས་པ་དག །བརྩོན་དང་དད་པར་ལྡན་པ་ཡིས། །ཟླ་བ་གཅིག་གམ་ཡང་ན་གསུམ། །ཡང་ན་ཟླ་བ་དྲུག་གི་བར། །མཁས་པས་ལེགས་པར་བསྙེན་པ་བྱ། །དེ་ཚེ་སྤྱིན་སྲེག་ཆོ་ག་ཡང༌། །ཇི་ལྟར་ནུས་པ་བཞིན་དུ་བྱ། །དེ་ལྟར་བསྙེན་པ་རྫོགས་གྱུར་ནས། །དེ་དག་བདག་ཉིད་འཇུག་པའམ། ཡང་ན་བཀྲ་ཤིས་འདོད་པ་ཡི། །བུད་མེད་སྐྱེས་པ་བྱིས་པ་དག །ཁྲུས་བྱས་གོས་དམར་བགོས་ནས་ནི། །མེ་ཏོག་དམར་པོའི་ཕྲེང་བ་དག །ལག་ཏུ་ཐོགས་ཏེ་ནུབ་ཕྱོགས་འདུག ། ཐལ་མོ་སྦྱར་ནས་གསོལ་བ་གདབ། །མངག་གཞུག་རྡོ་རྗེའི་དཀྱིལ་འཁོར་གྱི། །བཀྲ་ཤིས་སྲུང་བའི་འཁོར་ལོ་འདིར། །དམ་ཚིག་བཞིན་དུ་བཞུགས་པར་བགྱི། །བཀྲ་ཤིས་བྱན་རླབས་དམ་པ་དག །ཇི་ལྟར་དམ་ཚིག་བཞེས་པ་བཞིན། །དེང་འདིར་དབང་བསྐུར་བདག་ལ་སྩོལ། །པྲ་ཏཱི་ཙྪ་བཛྲ་ཧོ། །མེ་ཏོག་འཁོར་ལོར་དོར་བར་བྱ། །དེ་ནས་བདག་ཉིད་ཆེན་པོ་དེས། །རྡོ་རྗེ་མངག་གཞུག་བཞེངས་ནས་ནི། །བཀྲ་ཤིས་འཁོར་ལོ་ཐམ་པར་བསམ། །དེ་ནས་བཀྲ་ཤིས་འཁོར་ལོ་དེ། །བདག་གམ་ཡང་ན་གཞན་ཡང་རུང༌། །གང་ཞིག་བསྲུང་བར་འདོད་པ་ཡི། །སྤྱི་བོ་ལ་ནི་དབང་བསྐུར་བྱ། །ཨོཾ་སརྦ་མངྒ་ལ་སི་ཀ་ལྱ་ཎ་བ་ར་དེ་སྭཱ་ཧཱ། ཞེས་པས་ལེགས་པར་དབང་བསྐུར་ནས། །བརྐ་ཤིས་སྲུང་བའི་འཁོར་ལོ་དེ། །ལེགས་པར་དྲིལ་ཏེ་རྒྱས་བཏབ་ནས། །མགུལ་ལམ་དཔུང་པ་དག་ལ་གདགས། །དེ་ནས་རྡོ་རྗེ་མདག་གཞུག་ཀྱང༌། །དེ་ཡི་ལྷ་རུ་གཟུང་བར་བྱ། །འདི་ཡིས་བགེགས་རྣམས་ཐམས་ཅད་ལས། །བསྲུངས་ནས་བཀྲ་ཤིས་ལྡན་པར་བྱ། །འདིར་སྒྲུབ་པ་པོ་གང་ཞིག་བུ་དང་ཚ་བོ་ལ་སོགས་པ་རིགས་རྒྱུད་བརྟན་ཞིང་བཀྲ་ཤིས་པར་འདོད་པ་དང༌། སྐྱི་དགུ་གང་དག་བཀྲ་མི་ཤིས་པར་གྱུར་པ་རྣམས་ཕྱིར་བཀྲ་ཤིས་པར་བྱ་བ་དང༌།


DTG048_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

བུད་མེད་གང་དག་བུ་མི་འཚོ་བ་དང༌། གཞན་ཡང་གདོན་གྱིས་དབང་བྱས་ཏེ་མོ་གཤམ་དུ་གྱུར་པ་རྣམས་བཀྲ་ཤིས་པར་བྱ་བའི་ཕྱིར་རྡོ་རྗེ་མངག་བཞུག་བསྒྲུབ་པར་བྱ་བའི་ཆོ་ག་བྱ་སྟེ། གང་གི་ཕྱིར་ཇི་སྐད་དུག་སུངས་པའི་རྡོ་རྗེ་མངག་གཞུག་འདི་ལྷ་དང་བཅས་པའི་འཇིག་རྟེན་ན་བར་དུ་གཅོད་པ་སེལ་བར་བྱེ་དཔའི་མཆོག་ཡིན་ཏེ། གང་དང་ལྷར་འཛིན་པ་དེ་ལ་བཀྲ་ཤིས་སྤྱིན་པར་བྱ་བ་ཡིན་ཏེ། །དེ་བས་ན་ལྷག་པར་བཀྲ་ཤིས་འདོད་པ་རྣམས་ཀྱིས་འདི་ཉི་མཆོག་ཏུ་བསྔགས་ཏེ་བསྒྲུབ་པར་བྱའོ། །དེ་ལ་འདི་ཚོ་ག་ནི་དུས་བཟང་པོ་དང་ལྡན་པའི་ཡར་གྱི་ངོའི་ཚེས་གཅིག་དང༌། བཀྲ་ཤིས་གཙང་མའི་གནས་སུ་མནྟལ་ཁུརུ་དོ་པ་ཞིག་བྱས་ཏེ། དེའི་དབུས་སུ་གྲུ་གསུམ་རྩེ་མོ་ལྷོར་བསྟན་པ་སུམ་བརྩེགས་ཤིག་བྱའོ། །དེ་ལ་གུ་གསུམ་དབུས་མ་དམར་པོར་བྱ་སྟེ། དེའི་སྟེང་དུ་སྣ་ཚོགས་པདྨའི་སྟེང་དུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ནྲྀ་ལྗང་གུ་ཞིག་བྲི་བར་བྱའོ། །ཡི་གེ་དེ་ལས་འོད་རྩ་དམར་བར་འཕྲོ་བ་འདྲ་བར་བྲིའོ། །བར་མ་ལ་སའི་ཆ་དཀར་པོར་བྱ་སྟེ། ཐོད་པ་སྐམ་རློན་གྱི་ཕྲེང་བ་བྲི་བར་བྱའོ། །ཐ་མའི་ས་ཆ་ནག་པོར་བྱས་ཏེ་རྡོ་རྗེའི་ཕྲེང་བ་བྲིས་ལ། གྲྭར་ལྕགས་ཀྱི་མངའ་གཞུ་ཁ་ཕྱིར་བསྟན་ཏེ་བྲི་བའམ་གཞག་པར་བྱའོ། །དེའི་ཕྱི་རོལ་དུ་དུར་ཁྲོད་ཀྱི་ཚུལ་དུ་ཇི་དགའ་བར་བྲི་བར་བྱའོ། །དེ་ནས་བཀྲ་ཤིས་སྲུང་བའི་འཁོར་ལོ་ཡང་སྔོན་དུ་བརྗོད་བ་བཞིན་དུ་བྲིས་ཏེ་མཎྜལ་གྱི་སྟེང་དུ་བླ་རེའི་ཚུལ་དུ་དགབ་པར་བྱའོ། །དེ་ནས་སྔགས་བ་བདག་ཉིད་གོས་དཀར་པོ་གྱོན་ཏེ་ཁ་ལྷོ་ཕྱོགས་སུ་བལྟས་ནས། སྔོན་དུ་བརྗོད་པའི་མཆོད་པ་དང༌། གཏོར་མ་རྣམས་ཉེ་བར་བཞག་སྟེ། བཅོམ་ལྡན་འདས་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་བསློག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཡེ་ཤེས་ཀྱི་གཤེགས་རྗེ་གཤེགས་པོ་སྤྱན་དྲངས་ཏེ། མདུན་གྱི་ནམ་མཁའ་ལ་པདྨ་དང་ཉི་མའི་གདན་ལ་བཞུགས་པར་བསམ་སྟེ་ཇི་སྐད་དུ་སྨོད་པའི་མཆོད་པ་དང་གཏོར་མ་རྣམས་ཀྱིས་སྔོན་དུ་བརྗོད་པ་བཞིན་མཆོད་ནས་དེ་ནས་དེ་ནས་དེ་བདག་ཉིད་ལ་ཐིམ་པར་བྱའོ། །དེ་ནས་རྡོར་ཇེ་མངག་གཞུག་བསྙེན་པར་བྱའི་ཕྱིར། །བདག་གི་བསྡུའི་བུ་ག་ཐམས་ཅད་


DTG048_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འོད་ཟེར་འཕྲོས་ཏེ་དཀྱིལ་འཁོར་གྱི་གནས་ཐམས་ཅད་དུ་ཐིམ་པར་གྱུར་པས། དཀྱིལ་འཁོར་དེ་ཉིད་དུ་དུར་ཁྲོད་གྱི་གནས་སུ་བྱིན་གྱིས་བརླབས་ཏེ། དེ་ནས་ཡང་འོད་ཟེར་ད་དག་དཀྱིལ་འཁོར་གྱི་སྙིང་པོར་འདུས་ཏེ། ཡི་གེནྲྀ་ལ་ཐིམ་པར་གྱུར་ནས་ཤིན་ཏུ་འོད་འབར་བ་འབར་གྱུར་ཏེ་ཕྱོགས་ཐམས་ཅད་དུ་འཕྲོས་ནས་རྒྱལ་བ་སྲས་དང་མངག་གཞུག་ཏུ་བཅས་པ་རྣམས་ལ་ཐིམ་པས་འོད་དུ་གྱུར་ནས། སླར་འདུས་ཏེ་ས་བོན་དང་དབྱེར་མད་པར་གྱུར་པ་ལས་རྡོ་རྗེ་མངག་གཞུག་གི་སྐུར་གྱུར་ཏེ། སྔོན་དུ་སྨོས་པ་ལྟ་བུའི་མཚན་ཉིད་དང་ལྡན་པར་བསྒོམ་མོ། །དེ་ཡང་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་རྡོ་རྗེ་མངག་གཞུག་གི་ཚུལ་དེ་ཉིད་དང་འདྲ་བ་ཞིག་སྤྱན་དྲངས་ཏེ་བསམས་པ་དེ་ཉིད་དང་གཉིས་སུ་མེད་པར་བྱའོ། །དེ་ཡང་ལག་པ་གཡས་པ་ཁུ་ཚུར་བཅངས་ཏེ་མཛུབ་མོ་དང་གུང་མོ་བརྐྱང་སྟེ་ཅུང་ཟད་ཕྱར་ཏེ་གཡོན་པ་ཁུ་ཚུར་དཀུར་བཞག་ནས་གསང་སྔགས་འདི་བརྗོད་པར་བྱའོ། །ཨོཾ་ཨེ་ཧྱེ་ཧི་བྷ་ག་བཱ་ན་མ་ཧཱ་བཛྲ་ཀིངྐ་ར་ཛཿཧཱུཾ་བཾ་ཧོཿ། རཀྵ་རཀྵ་ས་མ་ཡ་ཧོ། །ཞེས་བརྗོད་པར་བྱའོ། །དེ་ནས་ཨརྒྷཾ་ལ་སོགས་པའི་མཆོད་པ་རྣམས་རྡོ་རྗེ་མ་དག་གཞུག་གི་སྙིང་པོ་ཉིད་དམ། མཆོད་པ་རང་རང་གི་སྔགས་ཀྱིས་དབུལ་བར་བྱའོ། །དེ་ནས་རྡོ་རྗེ་མངག་གཞུག་གི་སྙིང་པོ་དེ་ཉིད་བཟླས་བརྗོད་བྱ་སྟེ། སྔགས་པ་བདག་ཉིད་ཀྱི་ལྕེ་དང་རྡོ་རྗེ་མངག་གཞུག་གི་གནས་རྣམས་ནས། གསང་སྔགས་ཀྱི་འོད་ཟེར་ཁ་དོག་དམར་པོ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་མངག་གཞུག་དང་བཅས་པ་རྣམས་ལ་འཕྲོས་པས་འོད་དུ་གྱུར་ཏེ། སླར་བསྡུས་ནས་བཀྲ་ཤིས་སྲུང་བའི་འཁོར་ལོ་ལ་ཐི་པར་གྱུར་པས་ཤིན་ཏུ་འདོ་འབར་བར་གྱུར་པ་བསམ་པ་བྱའོ། །དེ་ནས་བཟླས་པ་གཏོང་བར་འདོད་ན། འཇིག་རྟེན་གསུམ་ན་མཆོག་གྱུར་པའི། །རྡོ་རྗེ་མངག་གཞུག་ཆེན་པོ་ཁྱོད། །བཀྲ་ཤིས་འཁོར་ལོ་འདིར་བཞུགས་ལ། །བསྲུང་བ་ཕུན་སུམ་ཚོགས་པར་མཛོད། །ཨོཾ་མུཾ་ཞེས་བརྗོད་དེ། ཨརྒྷ་ཕུལ་བས་རྡོར་ཇེ་མངག་གཞུག་དུར་ཁྲོད་ཀྱི་གནས་ནས་བཞེངས་ཏེ། བཀྲ་ཤིས་ཀྱི་འཁོར་ལོ་ཐིམ་པར་གྱུར་པར་བསམ་མོ། །དེ་ནས་བདག་གིས་རྡོ་རྗེ་ལྟ་


DTG048_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

བས་འཁོར་ལོ་དེ་ལ་བལྟས་བས། བཅོམ་ལྡན་འདས་གཤིན་རྗེ་གཤེད་པོའི་མཐུ་དང༌། རྡོ་རྗེ་མངག་གཞུག་གི་མཐུས་སུས་ཀྱང་དབྲོག་པར་མི་ནུས་པར་གྱུར་པར་བསམ་མོ། །བདག་གིས་བསྲུང་བར་བྱའོ་ཞེས་བྱ་བའི་ཤུགས་ཀྱང་གཏང་བར་བྱའོ། །འདི་ལྟ་བུའི་སྦྱོར་བ་དང་ལྡན་པ་ཟླ་བ་གཅིག་གམ་གསུམ་མམ་དྲུག་ཏུ་སྦྱར་ནས། དེ་ནས་དཀྱིལ་འཁོར་དུ་གཞུག་པར་བྱའོ། །ཐ་མའང་འབུམ་ཕྲག་གསུམ་བཟླས་བརྗོད་བྱས་ཏེ་གཞུག་པར་བྱའོ། །དེ་ཡང་བདག་ཉིད་བཀྲ་ཤིས་པར་འདོད་ན་ནི་བདག་ཉིད་མེ་ཏོག་དམར་པོའི་ཕྲེང་བ་ཐོགས་ཏེ། ཚིགས་སུ་བཅད་པ་ལ་བརྗོད་པ་བཞིན་དུ་དཀྱིལ་འཁོར་གྱི་འཁོར་ལོར་མེ་ཏོག་དོར་བར་བྱའོ། །དེ་ནས་འཁོར་ལོ་མེ་ཏོག་ཏུ་བཅས་ཏེ་བདག་གི་སྤྱི་བོར་བཞག་པ་བདག་ཉིད་ལ་ཐིམ་པར་བསམ་མོ། །དེ་ནས་འཁོར་ལོ་དེ་ལེགས་པར་དྲིལ་ཏེ་རྒྱས་བཏབ་ལ་མགུལ་པའམ་དཔུང་པར་གདགས་བར་བྱའོ། །དེ་ཕྱིན་ཆད་རྡོ་རྗེ་མདག་གཞུག་ཉིད་ཀྱང་བདག་གི་སྲུང་མར་བྱའོ་སྙམ་བསམས་ཏེ། འཕངས་ཏེ་རྟག་ཏུ་མཆོད་པར་བྱའོ། །རྡོ་རྗེ་མངག་གཞུག་དག་དགའ་བར་གྱུར་པའི་ཟངས་ཀྱི་གཙུག་ཅན་ཡང་བསྟེན་པར་བྱའོ། །འདི་ལྟ་བུའི་སྦྱོར་བ་བྱས་པའི་སྔགས་པ་དེ་ལ་མ་མོ་རྣམས་དགའ་བར་གྱུར་ཏེ། མ་མོའི་དབང་དུ་སྔགས་པ་མི་འགྱུར་ཞིང་སྔགས་པའི་དབང་དུ་མ་མོ་རྣམས་འདུ་བར་འགྱུར་རོ། །གལ་ཏེ་སྐྱེ་དགུ་གཞན་བསྲུང་བར་འདོད་ན་གང་བསྲུང་བར་འདོད་པ་དེ་ཉིད་དཀྱིལ་འཁོར་དུ་གཞུག་པར་བྱ་སྟེ། དེས་སྔ་མ་བཞིན་དུ་མེ་ཏོག་དོར་བ་དང༌། འཁོར་ལོས་སྤྱི་བོར་དབང་བསྐུར་བ་འཁོར་ལོ་ལུས་ལ་བཅང་བ་རྣམས་ལེགས་པར་བྱས་ཏེ། དེ་དག་གི་སྲུང་མར་རྡོ་རྗེ་མདག་གཞུག་ཕོག་ནས། དེ་དག་གིས་དུས་དུས་སུ་མཆོད་པར་བྱའོ། །འདི་ལྟ་བུའི་སྦྱོར་བ་དང་ལྡན་པའི་སྐྱེ་དགུ་དེ་ལ། བཀྲ་མི་ཤིས་པར་བྱེད་པའི་བྱིས་པའི་གདོན་དང༌། བུད་མེད་དབང་དུ་བྱེད་པའི་གདོན་དང༌། སྐྱེས་པའི་ལོངས་སྤྱོད་ལ་བར་དུ་གཅོད་པ་ལ་སོགས་པ་བཀྲ་མི་ཤིས་པར་བྱེད་པའི་གདོན་ཐམས་ཅད་ལས་ཐར་པར་འགྱུར་རོ། །རྡོ་རྗེ་མངག་གཞུག་གི་སྦྱོར་བས་བཀྲ་ཤིས་བསྒྲུབ་བའི་ཆོ་ག་བསྟན་པ་རྫོགས་སོ།། །།

གསང་སྔགས་ཀྱི་བྱ་བ་སྣ་ཚོགས་ཡོངས་སུ་སྦྱོར་བའི་ཆོ་ག་བསྟན་པ།


DTG048_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་འཇམ་དཔལ་གཞོན་ནུ་འམ། །འཇམ་རྒྱལ་ཁྲོ་བོ་ཆེན་པོ་ལ། །མཆོད་དང་བཟླས་པའི་སྦྱོར་བ་ཡིས། །བྱ་བ་སྣ་ཚོགས་གྲུབ་འདོད་པས། །མཆོད་པ་ལ་སོགས་སྦྱོར་བ་ལ། །གསང་སྔགས་གང་དག་གང་སྦྱོར་བ། །མདོར་བསྡུས་ནས་ནི་བཤད་པར་བྱ། །སྐུ་བསྐྱེད་པ་དང་ས་བོན་དང༌། །ཡན་ལག་བྱིན་གྱིས་བརླབ་པ་དང༌། །བགེགས་བསལ་བ་དང་རྫས་བྱིན་བརླབ། །སྤྱན་དྲང་བ་དང་གདན་བཞུགས་དང༌། །ཞལ་བསིལ་ལ་སོགས་མཆོད་པ་དབུལ། །མཆོད་དང་གཏོར་མ་བསྔོ་བ་དང༌། །བཟླས་དང་གཤེགས་སུ་གསོལ་བ་དང༌། །བསྲུང་དང་ཁྲུས་སོགས་སྤྱོད་ལམ་ལ། །སྔགས་སྦྱར་ཚུལ་ནི་རྣམ་གསུམ་སྟེ། །གསང་སྔགས་གཅིག་གིས་སྦྱོར་བ་དང༌། །རྩ་བ་ཡན་ལག་སྔགས་དག་གིས། །སྡེ་ཚན་རྣམས་ལ་སྦྱར་བར་བྱ། །སོ་སོ་རང་རང་སྔགས་རྣམས་ཀྱིས། །རང་རང་ལས་ལ་སྦྱར་བར་བྱ། །བྱེ་བྲག་གསུམ་དུ་ཤེས་པར་བྱ། །གལ་ཏེ་གཅིག་གིས་སྦྱོར་བ་ན། །གང་ལ་བཟླས་པ་བྱེད་འདོད་པའི། །སྔགས་དེ་ཉིད་ཀྱིས་ལས་ཀུན་ལ། །སྦྱོར་ཡང་ཉེས་པར་མི་འགྱུར་ཏེ། །ཏིང་འཛིན་མྱུར་དུ་ཐོབ་པར་འགྱུར། །སྡེ་ལ་སྦྱོར་བར་འདོད་པ་ན། །རྩ་བའམ་ནི་ཡན་ལག་གམ། །འོན་ཏེ་གཉིས་ཀས་ས་བོན་བྱ། །སྐུ་བསྐྱེད་པ་ཡང་དེ་བཞིན་བྱ། །ཡན་ལག་སྔགས་ཀྱིས་བྱིན་གྱིས་བརླབ། །བགེགས་རྣམས་མཚོན་ཆའི་སྔགས་ཀྱིས་བསལ། །རྫས་རྣམས་བྱིན་གྱིས་བརླབ་པ་དང༌། །སྤྱན་དྲང་བ་དང་བཞུགས་པ་དང༌། །སྙིང་པོ་སྔགས་ཀྱིས་བྱ་བར་བཤད། །མེ་ཏོག་ལ་སོགས་མཆོད་པ་ནི། །རྩ་བའི་སྔགས་ཀྱིས་དབུལ་བར་བྱ། །གཏོར་མ་མཚོན་ཆའི་སྔགས་ཀྱིས་བསྔོ། །བཟླས་བརྗོད་རྩ་བའམ་སྙིང་པོ་ཡི། །སྔགས་ཀྱིས་ལྷ་རྣམས་མཉེས་པར་བྱ། །སྙིང་པོའི་སྔགས་ཀྱིས་སླར་གཤེགས་གསོལ། །བསྲུང་བ་ཡན་ལག་ལྔ་པ་ཡི། །སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱ། །ཁྲུས་ལ་སོགས་པའི་སྤྱོད་ལམ་ལ། །ཇི་ལྟར་སྦྱར་བའང་བཤད་པར་བྱ། །སྙིང་པོའི་སྔགས་ཀྱིས་ཁྲུས་རྩི་བླང༌། །མཚོན་ཆའི་སྔགས་ཀྱིས་བགོ་བ་དང༌། །ས་དང་


DTG048_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ཡིས་བགེགས་བསལ་བྱ། །སྤྱི་གཙུག་སྔགས་ཀྱིས་བྱིན་བརླབས་ནས། །རྩ་བའི་སྔགས་ཀྱིས་བཀྲུ་བར་བྱ། །མདུན་དུ་བསམས་པའི་ལྷ་རྣམས་ལ། །ཆུ་ཡང་རྩ་བའི་སྔགས་ཀྱིས་དབུལ། །སྙིང་པོའི་སྔགས་ཀྱིས་གཤེགས་གསོལ་ཏེ། ཡན་ལག་ལྔ་བའི་སྔགས་རྣམས་གྱིས། །ཡན་ལག་ལེགས་པར་འབར་བྱས་ཏེ། །ཁྲུས་ཀྱི་གནས་ནས་བྱུང་ནས་ནི། །སྔགས་ཀྱི་ཁང་པར་ཞུགས་པར་བྱ། །གལ་ཏེ་བདག་ཉིད་ཆེན་པོ་དེ། །སོ་སོ་སྔགས་ཀྱི་སྦྱོར་བ་ཡིས། །རང་རང་ལས་ལ་སྦྱོར་འདོད་ན། །རྟོག་པ་སྣ་ཚོགས་ལས་གསུངས་པའི། །ས་བོན་ཡི་གེ་དག་ལས་དེ། །མིང་གི་སྔགས་ཀྱིས་སྐུ་བཞེངས་བྱ། །བྱིན་གྱིས་བརླབ་པའི་གསང་སྔགས་ཀྱང༌། །རྟོག་ལས་ཇི་ལྟར་གསུངས་ལས་བྱ། །ལས་ཀུན་བྱེད་པས་བགེགས་བསལ་ཏེ། །སྤྱན་དྲངས་གདན་དབུལ་ལ་སོགས་པ། །སོ་སོ་ཇི་སྐད་གསུངས་བཞིན་བྱ། །འདི་ནི་བྱ་བ་སྣ་ཚོགས་ལ། །སྔགས་སྦྱར་མདོར་བསྡུས་བཤད་པའོ། །དེ་ལ་འདིར་བྱ་བ་སྣ་ཚོགས་ལ། གསང་སྔགས་རྣམས་ཇི་ལྟར་སྦྱར་བར་བྱ་བ་བསྟན་ཏེ། དེ་ལ་བྱ་བ་ནི་འདི་ལྟ་སྟེ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་དང༌། །འཇམ་པའི་ཁྲོ་བོ་གཤིན་རྗེ་གཤེད་གང་རུང་མཉེས་པར་བྱ་བའི་སྒོ་ནས། །དངོས་གྲུབ་སྣ་ཚོགས་འདོད་པ་རྣམས། དེ་དག་མཉེས་པའི་ཆོ་གའི་ཡན་ལག་ཏུ་གྱུར་པ། ལྷ་རྣམས་ཀྱི་སྐུ་བསྐྱེད་པའི་ས་བོན་གང་གིས་བྱ་བ་དང༌། གསང་སྔགས་གང་གིས་ལྷའི་སྐུ་བསྐྱེད་པ་དང༌། དེ་བཞིན་དུ་ལྷའི་སྐུ་ལེགས་པར་བྱིན་གྱིས་བརླབ་བ་དང༌། བགེགས་བསལ་བ་དང་མཆོད་པ་ལ་སོགས་པའི་རྫས་བྱིན་གྱི་བརླབ་པ་དང༌། སྤྱན་དྲང་བ་དང༌། གདན་ལ་བཞུགས་སུ་གསོལ་བ་དང༌། ཁྲུས་ཆབ་གསོལ་བ་དང་ཡོན་ཆབ་དབུལ་བ་དང༌། མེ་ཏོག་ལ་སོགས་པ་མཉེས་པའི་མཆོད་པ་དབུལ་བ་དང༌། གཏོར་མ་བསྔོ་བ་དང༌། བཟླས་བརྗོད་བྱ་བ་དང༌། ལྷ་སླར་གཤེགས་སུ་གསོལ་བ་དང༌། བདག་ཉིད་བསྲུང་བ་རྣམས་ལ་གསང་སྔགས་གང་དང་གང་སྦྱར་བ་དང་གཞན་ཡང་ཁྲུས་ལ་སོགས་པའི་སྤྱོད་ལམ་དང༌། སྦྱོར་བའི་སྤྱོད་པ་རྣམས་ལ་


DTG048_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་ཇི་ལྟར་སྦྱར་བ་རྣམས་རྣལ་འབྱོར་གྱི་རྒྱུད་སྤྱིའི་རྗེས་སུ་འབྲངས་ནས། དགོས་པ་བསྒྲུབ་པར་འདོད་པའམ་གལ་ཏེ་རྒྱུད་གཅིག་གི་རྗེས་སུ་འབྲང་ན་ཡང༌། བྱ་བ་སྣ་ཚོགས་ཀྱི་སྦྱོར་བ་ཤེས་ན་ཐེ་ཚོམ་མེད་པར་འགྱུར་བས། འདིར་སྔགས་ཀྱི་སྦྱོར་བ་ཐམས་ཅད་མདོར་བསྡུས་ཏེ་བསྟན་ཏོ། །དེ་ལ་སྔགས་ཀྱི་སྦྱོར་བའི་ཚུལ་ཡང་མདོར་བསྡུ་ན་རྣམ་པ་གསུམ་དུ་འགྱུར་ཏེ། དེ་ལ་དང་པོ་ན་གང་ལ་བཟླས་པ་བརྗོད་པའི་གསང་སྔགས་དེ་ཉིད་ཀྱིས། ཇི་སྐད་སྨོས་པའི་བྱ་བ་ཐམས་ཅད་ལ་སྦྱར་རོ་ཞེས་བྱ་བ་འདི་ཡིན་ནོ། །གཉིས་པ་ནི་རྩ་བའི་སྔགས་དང་སྙིང་པོ་ལ་སོགས་པའི་ཡན་ལག་གི་སྔགས་དག་ལས་ཇི་སྐད་དུ་སྨོས་པའི་བྱ་བ་སྡེ་སྡེ་ལ་སྔགས་རེ་རེ་སྦྱར་བར་བྱའོ་ཞེས་བྱ་བ་འདི་ཡིན་ནོ། །གསུམ་པ་ནི་ཇི་སྐད་དུ་སྨོས་པའི་བྱ་བ་རེ་རེ་ལ། གསང་སྔགས་སོ་སོར་སྦྱར་བར་བྱ་སྟེ། ཆོག་ཞིབ་མོ་ལས་གསུངས་པ་དེ་བཞིན་དུ་སྦྱར་བར་བྱའོ་ཞེས་བྱ་བ་ནི་འདི་ཡིན་ནོ། །དེ་ལ་འདིར་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པའམ། འཇམ་པའི་ཁྲོ་བོ་དག་གིས་བྱ་བ་སྣ་ཚོགས་ལ་གསང་སྔགས་གང་དང་གང་ལ་སྦྱར་བ་བསྟན་པ་ཡིན་ཏེ། དེ་ཡང་རྩ་བའི་སྔགས་དང་ཡན་ལག་གི་སྔགས་གཉིས་སུ་གསུངས་ཏེ། དེ་ལ་རྩ་བའི་གསང་སྔགས་ནི། རྣམ་པར་ཐར་པའི་སྒོ་མཐའ་དག་རྒྱས་པར་བསྟན་པའི་ཕྱིར། གསང་སྔགས་ཀྱི་ལྷ་རྣམས་ཀྱི་ལུས་ལྟ་བུ་ཡིན་ཏེ་དེ་བས་རྩ་བ་ཞེས་བྱའོ། །ཡན་ལག་ནི་རྣམ་པར་ཐར་བའི་སྒོ་རེ་རེ་སྟོན་པའི་ཕྱིར། སྔགས་ཀྱི་ལྷ་རྣམས་ཀྱི་ཡན་ལག་ལྟ་བུ་ཡིན་ཏེ། དེ་བས་ན་ཡན་ལག་ཅེས་བྱའོ། །དེ་ཡང་སྙིང་པོ་དང་སྤྱི་གཙུག་དང་མཆོག་མ་དང༌། གོ་ཆ་དང༌། མཚོན་ཆ་ལྟ་བུ་སྟེ་དེ་ལ་སྙིང་པོ་ནི་སྙིང་ག་ལྟ་བུ་ཡིན་ཏེ། རྩ་བ་ལས་བསྡུས་ནས་ཕྱོགས་ཙམ་སྟོན་པའི་བདག་ཉིད་ཡིན་ནོ། །སྤྱི་གཙུག་དང་མཆོག་མ་ནི་ཡན་ལག་གི་གཙོ་བོ་ཡིན་ཏེ། དེ་བྱིན་གྱིས་རློབ་པ་དེ་ལ་དེ་སྐད་ཅེས་བྱའོ། །གོ་ཆ་ནི་བྲང་ལ་སོགས་པ་གནད་ཀྱི་གནས་རྣམས་བྱིན་གྱིས་རློབ་ཅིང་སྲུང་བར་བྱེད་པས་གོ་ཆ་ཞེས་བྱའོ། །མཚོན་ཆ་ནི་ལག་པ་ལ་སོགས་པར་བསམས་པས་འབར་བའི་གཟིས་བགེགས་རྣམས་བསྲེགས་ནས་འབྱེར་བར་བྱེད་ཅིང་བཀའ་ལས་འདས་པ་རྣམས་མ་རུངས་


DTG048_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་པ་རྣམས་ལ་སོགས་བ་ལ་སྦྱོར་བར་བྱེད་པས་མཚོན་ཆ་ཞེས་བྱའོ། །གཞན་ཡང་ལས་ཀྱི་སྔགས་ལ་སོགས་པའང་ཡང་ལག་ཏུ་བསྡུ་བར་བྱའོ། །དེ་རེ་ཞིག་འཇམ་དཔལ་གཟོན་ནུར་གྱུར་པའི་རྩ་བའི་གསང་སྔགས་ནི་རྟོག་པ་ཕལ་ཆེར་ལས་གྲགས་པ་ཡི་གེ་དྲུག་པ་ཞེས་བྱ་བ་ཡིན་ནོ། །ཨོཾ་ཨཱ་གཱི་ཤྭ་རི་མུཾ། གསང་སྔགས་འདི་ཡང་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་བསྐྱེད་པ་དང༌། ས་བོན་དང་མཆོད་པ་དང༌། བཟླས་བརྗོད་དང༌། ལས་ལ་སྦྱར་བ་ལ་སོགས་པ་ལ་སྦྱར་བར་བྱའོ། །སྙིང་པོའི་སྔགས་ནི་ཨོཾ་མུཾ་ཞེས་བྱ་བ་འདི་ཡིན་ནོ། །འདི་ཡང་སྔ་མ་བཞིན་དུ་ཐམས་ཅད་ལ་སྦྱར་བར་བྱའོ། །མཆོག་མ་ལ་སོགས་པ་ལ་ཡང་ཇི་ལྟར་རྟོག་པ་རྣམས་ལས་གསུངས་བ་བཞིན་སྦྱར་བར་བྱའོ། །འཕགས་པ་སུ་སིདྡྷི་ཀ་ར་ལ་སོགས་པར་བསྟན་པས་འདིར་ཆེད་དུ་བསྟན་པར་མ་མཛད་དེ། དེ་བས་ན་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་མཉེས་པར་བྱ་བར་འདོད་པས་དེ་དག་ཏུ་གསུངས་པའི་ཆོ་ག་ཉིད་སྦྱར་བར་བྱའོ། །དཔལ་གཤིན་རྗེ་གཤེད་པོ་མཉེས་པར་བྱ་བར་འདོད་པས་ཀྱང་གལ་ཏེ་བྱ་བའི་རྒྱུད་ཀྱི་རྗེས་སུ་འབྲང་བར་འདོད་པ་རྣམས་ཀྱི་ནི། ཁྲོ་བོ་ཉིད་ཀྱི་རྟོག་པ་ཞིབ་མོ་ལས་གསུངས་པའི་ཡན་ལག་ལྔ་པའི་སྔགས་ཀྱིས་བྱིན་གྱིས་བརླབ་པ་ལ་སོགས་པའི་བྱ་བ་རྣམས་ལ་སྦྱར་བར་བྱའོ། །རྣལ་འབྱོར་རྒྱུད་ཀྱི་རྗེས་སུ་འབྲང་བར་འདོད་ན་ནི། །ཡན་ལག་དེ་དག་གདོན་མི་ཟ་བར་དགོས་མེད་དེ་རྩ་བ་འམ་སྙིང་པོ་ཙམ་གྱིས་སྦྱར་བར་བྱའོ། །གསང་སྔགས་ཀྱི་བྱ་བ་སྣ་ཚོགས་ཡོངས་སུ་སྦྱོར་བའི་ཆོག་བསྟན་པ་རྫོགས་སོ།། །།


previousལས་ཀྱི་བྱ་བ་སྣ་ཚོགས་ལ་དཀྱིལ་འཁོར་དང་རི་མོ་དང་བརྟུལ་ཞུགས་མི་ལྡན་པའི་བསྒྲུབ་པ་བཤད་པ།next