Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  collapse section
   
   
   
   
   
   
   
  collapse section
   
   
   
   
འདིར་བསྟན་ཆོས་གསུམ་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའདིར་བསྟན་ཆོས་གསུམ་བཤད་པ།next

འདིར་བསྟན་ཆོས་གསུམ་བཤད་པ།


GLG012_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་བསྟན་ཆོས་གསུམ་བཤད་པ། གཉིས་པ་ནི། སློབ་དཔོན་ཟླ་བ་གྲགས་པས། བསྟན་བཅོས་འདི་རྩོམ་པའི་ཐོག་མར་ཡུལ་གང་ལ་མཆོད་པར་བརྗོད་ཅེ་ན། བཤད་དུ་ཡོད་དེ། འཇུག་འགྲེལ་ལས། །དབུ་མའི་
བསྟན་བཅོས་ལ་འཇུག་པར་བྱ་བའི་ཕྱིར། དབུ་མ་ལ་འཇུག་པ་རྩོམ་པར་འདོད་པས། ཡང་དག་པར་རྫོགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ལས་ཀྱང་ཐོག་མར་བཅོམ་ལྡན་འདས་སྙིང་རྗེ་ཆེན་པོ་སངས་རྒྱས་ཉིད་ཀྱི་རྒྱུ་ཕུན་སུམ་ཚོགས་པ་དང་པོ་སེམས་ཅན་འཁོར་བའི་བཙོན་རར་བསྡམས་པ་སྐྱབས་མེད་པ་དཔག་ཏུ་མེད་པ་ཡོངས་སུ་སྐྱོབ་པའི་མཚན་ཉིད་ཅན་ལ་བསྟོད་པར་འོས་པ་ཉིད་དུ་བསྟན་པའི་ཕྱིར། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །ཞེས་སོགས་ཚིགས་སུ་བཅད་པ་གཉིས་སྨོས་སོ། །ཞེས་བཤད་པའི་ཕྱིར། བཤད་ཚུལ་ཡོད་དེ། བསྟན་བཅོས་གཞན་ལས་མཆོད་བརྗོད་ཀྱི་ཡུལ་དུ་མཛད་པའི་ཉན་རང་དགྲ་བཅོམ་པ་སོགས་མ་བཀོད་པར་མ་ཟད། སངས་རྒྱས་དང་བྱང་སེམས་རྣམས་ཀྱང་དངོས་སུ་མ་བཀོད་པར། དེ་དག་གི་རྒྱུའི་གཙོ་བོ་ལ་འབྲས་བུའི་མིང་གིས་བཏགས་པའི་བཅོམ་ལྡན་འདས་མ་སྙིང་རྗེ་ཆེན་པོ་འགྲོ་བ་མཐའ་དག་ཡོངས་སུ་སྐྱོབ་པའི་མཚན་ཉིད་ཅན་ཡིན་པས་བསྟོད་པར་འོས་སོ། །ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། འོ་ན། ཐེག་ཆེན་གྱི་དགེ་ལེགས་ཀྱི་རྩ་བ་སྙིང་རྗེ་ལ་རག་ལས་ཀྱང་། ཉན་རང་གི་དེ་དེ་ལ་རག་ལས་པའི་རྒྱུ་མཚན་ཅི་ཡིན་ཟེར་ན། ཡོད་དེ། ཉན་རང་གཉིས་སངས་རྒྱས་བཅོམ་ལྡན་འདས་ལས་སྐྱེས། སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ལས་འཁྲུངས། བྱང་ཆུབ་སེམས་དཔའ་རང་རྒྱུ་སྙིང་རྗེ་ལས་བྱུང་བ་ཡིན་པའི་ཕྱིར། ཉན་རང་ཐུབ་དབང་ལས་འཁྲུངས་ན་དེའི་སྒྲ་བཤད་ཇི་ལྟ་བུ་ཞེ་ན། ཡོད་དེ། སྲ་བ་ཀ་


GLG012_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའི་སྐད་དོད། ཉན་ཐོས་དང་ཐོས་སྒྲོགས་གཉིས་ཀ་ལ་འཇུག་པས། དང་པོ་ལྟར་ན། ཡང་དག་པའི་གདམས་ངག་མཆོག་གི་སྤྲུལ་སྐུ་ལ་ཉན་ནས་ཉམས་སུ་བླངས་པས་རང་གིས་བྱང་ཆུབ་མངོན་དུ་བྱས་ནས་དོན་དེ་གཞན་གྱིས་ཐོས་པར་བྱེད་པས་དེ་ལྟར་བརྗོད་པའི་ཕྱིར། ཐོས་པར་བྱེད་ཚུལ་ཡོད་དེ། འདི་ལྟར་བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ། །ཞེས་སོགས་ཀྱི་སྒོ་ནས་ཐོས་པར་བྱེད་པའི་ཕྱིར། གཉིས་པ་ལྟར་ན། རྫོགས་པའི་བྱང་ཆུབ་འཐོབ་པའི་ཐེག་ཆེན་གྱི་གདམས་ངག་གཞན་ལ་ཉན་ནས་ཐེག་ཆེན་གྱི་རིགས་ཅན་ལ་སྒྲོགས་པས་དེ་ལྟར་བཤད་པའི་ཕྱིར་ཏེ། དམ་ཆོས་པད་དཀར་ལས། མགོན་པོ་དེ་རིང་བདག་ཅག་ཉན་ཐོས་གྱུར། །བྱང་ཆུབ་དམ་པ་ཡང་དག་བསྒྲག་པར་བགྱི། །བྱང་ཆུབ་པ་ཡི་སྒྲ་ཡང་རབ་ཏུ་བརྗོད། །དེ་བས་བདག་ཅག་ཉན་ཐོས་མི་བཟད་འདྲ། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། རང་རྒྱལ་ནི་ཆོས་ཅན། ཁྱོད་ལ་དེ་ཉིད་རྟོགས་པ་འབྲིང་པོ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སངས་རྒྱས་ལས་དམན་ཞིང་ཉན་ཐོས་ལས་ལྷག་པས་དེ་ལྟར་བརྗོད་པའི་ཕྱིར། དམན་ལྷག་གི་ཚུལ་ཡོད་དེ། འགྲོ་བ་ཀུན་ལ་འཇུག་པའི་ཐུགས་རྗེ་ཆེན་པོ་དང་། དེ་ལ་བརྟེན་ནས་རང་ལམ་དུ་རྣམ་མཁྱེན་ཐོབ་པ་མེད་པ་གང་ཞིག །བསྐལ་པ་བརྒྱར་བསོད་ནམས་དང་ཡེ་ཤེས་ལ་གོམས་པ་བསྲིང་ནུས་པ་སོགས་ཀྱི་རྒྱུ་མཚན་ཡོད་པའི་ཕྱིར། འོ་ན་གཞུང་དུ་ཉན་ཐོས་སངས་རྒྱས་འབྲིང་ཞེས་བཤད་པ་མ་ཡིན་ནམ་སྙམ་ན། སྐྱོན་མེད་དེ། རྒྱ་དཔེར། ཏ་ཏྭ་བུདྡྷ་ཞེས་པ་ཡོད་པར། ལོ་ཙཱ་བས་བསྒྱུར་ཅུང་ཟད་མ་བདེ་བ་ཡིན་ལ། དེ་ཡང་ཀ་


GLG012_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ལཱ་པར། སརྦ་ནཱ་མའི་སྡེ་ཚན་བསྟན་པའི་ནང་ནས། ཏ་མུ་འདོད་པ་ལའོ་ཞེས་པའི་བྱིངས་ལ་ཨུ་རྗེས་འབྲེལ། ཀྭི་པ་ཀྱི་རྐྱེན་བྱིན། ཨུ་པདྷཱའི་ཡང་དྷུ་ཊ་ལ་ཡོན་ཏན་མེད་པ་ལའོ། །ཞེས་པས་ཨུ་པ་དྷཱ་རིང་པོ། ཝ་ན་ཏི་ཏ་ནོ་ཏི་སོགས་ཨི་ཊ྄་བཀག་པ་རྣམས་ཀྱི་དྷུཊ྄་ལྔ་པ་སྟེ་ཨཱ་ཏ་ཀྱི་ཨ་ཏྲ་ཀྱང་ངོ་སོགས་ཀྱིས་ལྔ་པ་དབྱི་ཞིང་ཐུང་ངུ་། བྱིངས་ཀྱི་མཐར་པ་རྗེས་སུ་འབྲེལ་བ་ལ་ཏའོ་ཞེས་ཏ་ཨཱག །མ་བྱིན་པས། ཏད་ཅེས་པ། དེ་ལ་འཇུག་ཅིང་། ཏད་ལ། དངོས་པོ་ལ་ཏཱ་ཏྲ་དག་གོ་ཞེས་པའི་མདོ་ལས། རྐྱེན་གཉིས་ལས་ཕོ་རྟགས་གཙོ་ཆེ་བའི་དབང་དུ་བྱས་ནས་ཕྱི་མ་བྱིན་པས། བོད་སྐད་དུ་དེ་ཉིད་ཅེས་པ་འབྱུང་། བུངྷ་ཁོང་དུ་ཆུད་པ་ལའོ་ཞེས་པའི་བྱིངས་ལ། དངོས་པོ་ལ་མ་ནིང་ལཀྟ་འོ་ཞེས་པས་ཀྟའི་རྐྱེན་བྱིན། ཀ་ལ་ཡན་བཞིན་ཡང་སྟེ་ཡ་ལ་བརྗོད་པ་བོར་བའོ། ཞེས་པས་རྗེས་འབྲེལ་གྱི་ཀ་ཕྱིས། །གྷ་ཌྷ་ངྷ་བྷ་རྣམས་ལས་ངྷཱ་མ་ཡིན་ཏ་ཐ་དག་གི་དྷའོ། །ཞེས་པས་ཏ་ངྷར་བསྒྱུར། ངྷུ་ཊ྄་རྣམས་ཀྱི་བཞི་པ་རྣམས་ལ་གསུམ་པ་རྣམས་སོ། །ཞེས་པས་ངྷུ་སྲོག་མེད་དར་བསྒྱུར། གསལ་བྱེད་དབྱངས་མེད་པ་ཕ་རོལ་གྱི་ཡི་གེར་དྲངས་སོ་ཞེས་པས་མཚམས་སྦྱར་བས་བུདྡྷཱ་ཞེས་པ་རྟོགས་པ་ལ་འཇུག་པས། བོད་སྐད་དུ་བསྒྱུར་བས། ཉན་ཐོས་དེ་ཉིད་རྟོགས་འབྲིང་ཐུབ་དབང་སྐྱེས། །ཞེས་པ་བསྒྱུར་བདེ་བའི་དབང་དུ་བྱས་ནས་སྒྲ་བཤད་པའི་ཕྱིར། །དེ་ལ་རང་སངས་རྒྱས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སྲིད་པ་ཐ་མ་པའི་ཚེ་སློབ་དཔོན་གཞན་གྱིས་གདམས་ངག་བསྟན་པ་ལ་མ་ལྟོས་པར་རང་གིས་བྱང་ཆུབ་མངོན་དུ་བྱེད་པའི་ཕྱིར། ཉན་རང་གཉིས་ཆོས་ཅན། ཐུབ་དབང་ལས་སྐྱེས་པ་ཞེས་


GLG012_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པའི་རྒྱུ་མཚན་ཡོད་དེ། ཐུབ་དབང་གི་གསུང་ལས་སྐྱེས་པས་དེ་ལྟར་བརྗོད་པའི་ཕྱིར། གསུང་ལས་སྐྱེས་ཚུལ་ཡོད་དེ། མཆོག་གི་སྤྲུལ་སྐུ་འཇིག་རྟེན་དུ་བྱོན་པའི་ཚེ་རྟེན་འབྲེལ་ཟབ་མོའི་ཆོས་བསྟན་པ་ཉམས་སུ་བླངས་པ་ལ་བརྟེན་ནས་མཐར་རང་རང་གི་བྱང་ཆུབ་ཐོབ་སྟེ་འདོད་པ་རྫོགས་པར་འགྱུར་བའི་ཕྱིར་ཏེ། རང་འགྲེལ་ལས། སངས་རྒྱས་རྣམས་བྱུང་བར་གྱུར་པ་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ཕྱིན་ཅི་མ་ལོག་པ་སྟོན་པ་ལ་འཇུག་པའི་ཕྱིར་ལ། དེ་ཉན་པ་དང་སེམས་པ་དང་བསྒོམ་པའི་རིམ་པ་ལས་ཀྱང་ལྷག་པར་མོས་པ་ཇི་ལྟ་བ་བཞིན་ཉན་ཐོས་ལ་སོགས་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འོ་ན། ཉན་ཐོས་རྣམས་ཀྱིས་ཆོས་ཐོས་པ་ལ་བརྟེན་ནས་ཚེ་དེ་ལ་བྱང་ཆུབ་མངོན་དུ་བྱེད་ཀྱང་། རང་རྒྱལ་གྱིས་དེ་ལྟར་མི་བྱེད་པས་མི་འཐད་དོ་སྙམ་ན། སྐྱོན་མེད་དེ། དེ་འདྲའི་རང་རྒྱལ་གྱིས་ཚེ་དེ་ལ་མ་ཐོབ་ཀྱང་། ཚེ་རབས་གཞན་བསྐལ་པ་བརྒྱ་ཚུན་དུ་ངེས་པར་ཐོབ་པར་འགྱུར་བའི་ཕྱིར། རང་འགྲེལ་ལས། གལ་ཏེ་ཡང་ཁ་ཅིག་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་ཉེ་བར་བསྟན་པ་ཉན་པ་ཁོ་ན་ལས་དོན་དམ་པ་རྟོགས་པ་ལ་མཁས་སུ་ཟིན་ཀྱང་། མཐོང་བའི་སྐྱེ་བ་ཁོ་ན་ལ་མྱ་ངན་ལས་འདས་པ་ཐོབ་པར་མི་འགྱུར་མོད་ཀྱི། དེ་ལྟ་ན་ཡང་ཉེ་བར་བསྟན་པའི་སྒྲུབ་པ་པོ་དག་གི་ལས་རྣམ་པར་སྨིན་པ་ངེས་པའི་འབྲས་བུ་ལྟར་ཚེ་རབས་གཞན་དུ་མངོན་པར་འདོད་པའི་འབྲས་བུ་ཡོངས་སུ་སྨིན་པ་གོ་རིམ་ཆག་པར་ཐོབ་པར་འགྱུར་རོ། །ཇི་སྐད་དུ་འཕགས་པ་ལྷས། དེ་ཉིད་ཤེས་པས་གལ་ཏེ་འདིར། །མྱ་


GLG012_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ངན་འདས་པ་མ་ཐོབ་ཀྱང་། །སྐྱེ་བ་གཞན་དུ་འབད་མེད་པར། །ངེས་པར་ཐོབ་འགྱུར་ལས་བཞིན་ནོ། །ཞེས་བཤད་དོ། །དེ་ཉིད་ཀྱི་ཕྱིར་དབུ་མ་ལས་ཀྱང་། རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང་། །ཉན་ཐོས་རྣམས་ཀྱང་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །བརྟེན་པ་མེད་པར་རབ་ཏུ་འབྱུང་། །ཞེས་གསུངས་སོ། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། ཁ་ཅིག །ཐུབ་པའི་དབང་པོ་དེ་ཉན་ཐོས་དང་སངས་རྒྱས་འབྲིང་རང་རྒྱལ་གྱི་རྒྱུ་ཡིན་ཟེར་ན། རང་རྒྱལ་དེ་སངས་རྒྱས་འབྲིང་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། སངས་རྒྱས་ཡིན་པར་ཐལ། སངས་རྒྱས་འབྲིང་ཡིན་པའི་ཕྱིར། ཁྱབ་སྟེ། ཐེག་པ་འབྲིང་ཡིན་ན་ཐེག་པ་ཡིན་དགོས་པའི་ཕྱིར། ཁ་ཅིག །ཉན་ཐོས་ཀྱིས་རྫོགས་པའི་བྱང་ཆུབ་གཞན་ལ་ཐོས་པར་བྱེད་ཅིང་། ཉན་ཐོས་ཀྱི་བྱང་ཆུབ་གཞན་ལ་སྟོན་པར་བྱེད་པས་ཐོས་སྒྲོགས་ཞེས་བཤད་ཟེར་ན། དམ་ཆོས་པད་དཀར་གྱི་ལུང་དེའི་ཚིགས་རྐང་གསུམ་པའི་བྱངཆུབ་དེ་ཉན་ཐོས་ཀྱི་བྱང་ཆུབ་ལ་བྱེད་རིགས་པར་ཐལ། འདོད་པའི་ཕྱིར། འདོད་ན། མི་རིགས་པར་ཐལ། དེ་ཐེག་ཆེན་གྱི་བྱང་ཆུབ་ཏུ་བགྲོད་པའི་ལམ་ལ་བྱེད་རིགས་པའི་ཕྱིར། དེར་ཐལ། ཊཱིཀ་ཆེན་ལས། ཁ་ཅིག་རྐང་པ་གསུམ་པ་ལ་དམ་པའི་སྒྲ་མེད་པས་བྱང་ཆུབ་སྔ་མ་ནི་ཐེག་ཆེན་གྱི་དང་། ཕྱི་མ་ནི་ཉན་ཐོས་ཀྱི་བྱང་ཆུབ་བོ་ཞེས་ཟེར་མོད་ཀྱང་། དང་པོ་ནི། ཐེག་ཆེན་གྱི་བྱང་ཆུབ་དང་། གཉིས་པ་ནི། བྱང་ཆུབ་དེར་བགྲོད་པའི་ལམ་ལ་བྱེད་པ་འགྲེལ་པའི་དགོངས་པའོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག །ཉན་ཐོས་ཡིན་ན་སངས་རྒྱལ་ལ་ཉན་པའི་གདམས་ངག་དེ་གཞན་


GLG012_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྒྲོགས་པས་ཁྱབ་ཟེར་ན། གཟུགས་མེད་ཁམས་པའི་ཉན་ཐོས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། གཟུགས་མེད་ཁམས་ན་ཆོས་སྟོན་པ་ཡོད་པར་ཐལ། འདོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་ལ་ཉན་ཐོས་ཀྱི་སྒྲ་འཇུག་ཏུ་མི་རུང་བར་ཐལ། ཐལ་འགྱུར་འཕངས་པ་ལ་རྒྱུ་མཚན་ཡོད་པའི་ཕྱིར་ན་མ་ཁྱབ། འོ་ན་སྐམ་ལས་སྐྱེས་པའི་པདྨ་ཆོས་ཅན། མཚོ་ལས་སྐྱེས་པར་ཐལ། མཚོ་སྐྱེས་ཡིན་པའི་ཕྱིར། པད་མ་ཡིན་པའི་ཕྱིར། འདོད་མི་ནུས། ཁ་ཅིག །རང་རྒྱལ་དགྲ་བཅོམ་གྱིས་གཟུང་རྟོག་སྤངས་པའི་རྒྱུ་མཚན་གྱིས། ཉན་ཐོས་དགྲ་བཅོམ་ལས་ལྷག་པས་སངས་རྒྱས་འབྲིང་ཞེས་བརྗོད་པ་ཡིན་ཟེར་ན། ཉན་ཐོས་དགྲ་བཅོམ་གྱིས་གཟུང་རྟོག་མ་སྤངས་པར་ཐལ། འདོད་པའི་ཕྱིར། འདོད་ན། སྤངས་པར་ཐལ། དེས་བདེན་འཛིན་སྤངས་པའི་ཕྱིར། དེར་ཐལ། དེས་ཆོས་ཐམས་ཅད་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པའི་ཕྱིར། དེར་ཐལ། དེ་འཕགས་པ་ཡིན་པའི་ཕྱིར། ཁ་ཅིག །རང་རྒྱལ་ཡིན་ན་དེ་ཁོ་ན་ཉིད་རྟོགས་པ་འབྲིང་པོ་ཡིན་པས་ཁྱབ་ཟེར་ན། སྟོང་ཉིད་མ་རྟོགས་པའི་རང་རྒྱལ་ཚོགས་ལམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། སྟོང་ཉིད་རྟོགས་པར་ཐལ། དེ་ཁོ་ན་ཉིད་རྟོགས་པའི་ཕྱིར། ཁ་ཅིག །རང་རྒྱལ་གྱི་རྒྱུད་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མེད་ཟེར་ན། མི་འཐད་པར་ཐལ། དེ་འདྲའི་ཚོགས་ཕལ་པ་ཡོད་པའི་ཕྱིར། དེར་ཐལ། རྣམ་བཤད་ལས། དོན་དེ་མ་ཚང་བ་གཉིས་ནི་ཚོགས་ཕལ་པའོ། ཞེས་གསུངས་པའི་ཕྱིར། གཞན་ཡང་། དེ་ཡོད་པར་ཐལ། བསེ་རུ་ལྟ་བུའི་རང་རྒྱལ་


GLG012_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བཅོམ་པའི་འབྲས་བུ་ཐོབ་པ་ལ་བསྐལ་པ་བརྒྱར་ཚོགས་གསོག་དགོས་པའི་ཕྱིར། དེར་ཐལ། དྲིན་ལན་བསབ་པའི་མདོ་ལས། རང་སངས་རྒྱས་རྣམས་ཀྱིས་བསྐལ་པ་ཆེན་པོ་བརྒྱས་མཐར་ཕྱིན་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་འདྲའི་རྒྱུད་ཀྱི་ཚོགས་གཉིས་པོ་ཆོས་ཅན། གོམས་པ་མཐར་ཕྱིན་ཡིན་པར་ཐལ། ཁྱོད་ལ་བརྟེན་ནས་རང་ལམ་ལ་ལྟོས་པའི་ཐོབ་བྱ་མཐར་ཐུག་གི་འབྲས་བུ་མངོན་དུ་བྱེད་པའི་ཕྱིར་ན་མ་ཁྱབ། འདོད་ན། དེ་འདྲའི་ཚོགས་ཆོས་ཅན། གཙོ་བོར་གཟུགས་སྐུའི་ལག་རྗེས་འཇོག་བྱེད་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། རང་རྒྱལ་དེ་གཙོ་བོར་གཟུགས་སྐུ་དོན་དུ་གཉེར་པའི་གང་ཟག་ཡིན་པར་ཐལ། འདོད་མི་ནུས། ཁ་ཅིག་མཆོག་གི་སྤྲུལ་སྐུའི་འཁོར་དུ་གྱུར་པའི་རང་རྒྱལ་མེད་པར་ཐལ། རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང་། །ཉན་ཐོས་རྣམས་ཀྱང་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །བརྟེན་པ་མེད་པར་རབ་ཏུ་སྐྱེ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ། འདོད་ན། ཡོད་པར་ཐལ། དེའི་འཁོར་དུ་གྱུར་པའི་ཐེག་པ་གསུམ་གའི་གང་ཟག་ཡོད་པའི་ཕྱིར། དེར་ཐལ། རྣམ་བཤད་ལས། དུས་དེར་འཁོར་དུ་ཉེ་བར་གྱུར་ཅིང་། ཐེག་པ་གསུམ་ལ་བཀོད་པ་རྣམས་ཐེག་ཆེན་ཉིད་ལ་ངེས་པར་སྦྱར་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། གཉིས་པ་སངས་རྒྱས་བྱང་སེམས་ལས་འཁྲུངས་ཚུལ་ལ། ཚིག་གི་དོན། སྤྱིའི་དོན། མཐའ་དཔྱད་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཏེ།


GLG012_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་སེམས་ཁ་ཅིག་གིས་ཡོངས་འཛིན་དང་རྒྱུད་གཅིག་པའི་བྱང་སེམས་ཀྱིས་ལམ་ཉམས་སུ་བླངས་པ་ལས་བྱུང་བའི་ཕྱིར། གཉིས་པ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་པ་ཡིན་ཏེ། རང་དང་རྒྱུད་གཅིག་ཏུ་གྱུར་པའི་བྱང་ཆུབ་སེམས་དཔས་ཉེར་ལེན་དང་། རང་ལས་རྒྱུད་ཐ་དད་དུ་གྱུར་པའི་བྱང་ཆུབ་སེམས་དཔས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་འཁྲུངས་པའི་ཕྱིར། དང་པོ་གྲུབ་སྟེ། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་དེ། རང་དང་རྒྱུད་གཅིག་ཏུ་གྱུར་པའི་བྲམ་ཟེའི་ཁྱེའུ་བླ་མ་དང་། ལེགས་པར་ཕ་རོལ་ཏུ་ཕྱིན་པ་སོགས་ཀྱིས་ལམ་ཉམས་སུ་བླངས་པ་ལས་འཁྲུངས་པ་ལྟར། སངས་རྒྱས་གཞན་རྣམས་ཀྱང་བྱང་ཆུབ་སེམས་དཔའི་གནས་སྐབས་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། །རང་འགྲེལ་ལས། ཡང་དག་པར་འཛིན་དུ་འཇུག་པ་ལས་ནི། ཇི་ལྟར་འཕགས་པ་འཇམ་དཔལ་བྱང་ཆུབ་སེམས་དཔར་གྱུར་པ་ཉིད་ཀྱིས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། དེ་ལས་གཞན་པའི་དེ་བཞིན་གཤེགས་པ་རྣམས་ཆེས་ཐོག་མ་ཁོ་ནར། བྱང་ཆུབ་ཀྱི་སེམས་ཡང་དག་པར་འཛིན་དུ་བཅུག་པར་འདོན་པ་ཡིན་ནོ། །ཞེས་གསུངས་པ་ལྟར། བདག་ཅག་གི་སྟོན་པ་སོགས་དེ་བཞིན་གཤེགས་པ་མང་པོ་ཞིག །སྔོན་འཇམ་དཔལ་དབྱངས་ཀྱིས་དགེ་བའི་བཤེས་གཉེན་མཛད་ནས་སེམས་བསྐྱེད་དུ་བཅུག་པ་མདོ་སྡེ་ལས་གསུངས་པའི་ཕྱིར། འོ་ན་ཡོན་ཏན་ཡོངས་སུ་རྫོགས་པའི་འབྲས་བུ་སངས་རྒྱས་ལ་བསྔགས་པ་མི་བརྗོད་པར།


GLG012_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྒྱུ་བྱང་སེམས་ལ་བསྟོད་པའི་རྒྱུ་མཚན་ཅི་ཡིན་ཟེར་ན། ཡོད་དེ། འབྲས་བུ་དེ་ངེས་པར་རྒྱུ་ལ་བརྟེན་ནས་འབྱུང་དགོས་པས། དཔེར་ན་ཚོང་པ་རྣམས་གཙོ་བོར་བགྲོད་པར་བྱ་བའི་ཡུལ་རིན་པོ་ཆེའི་གླིང་ཡིན་ཀྱང་། དེར་འགྲོ་བའི་ཐབས་རྒྱ་མཚོར་བརྒལ་བའི་གྲུ་གཟིངས་སོགས་ལ་གཅེས་སྤྲས་སུ་བྱེད་དགོས་པ་བཞིན་ཡིན་པའི་ཕྱིར་དང་། བཅོ་ལྔའི་དུས་ཀྱི་ཟླ་བ་ཉ་གང་བ་དང་འདྲ་བའི་སྤངས་རྟོགས་ཀྱི་ཆ་ཤས་ཡོངས་སུ་རྫོགས་ཤིང་། མི་ཤེས་པའི་མུན་པ་དྲུངས་ནས་འབྱིན་པའི་སངས་རྒྱས་ཀྱི་ཟླ་བ་དེ་འབྱུང་བ་ལ། དེའི་རྒྱུ་ཟླ་བ་ཚེས་པ་དང་འདྲ་བའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གཙོ་བོར་སློབ་ཅིང་བསྔགས་དགོས་པའི་ཕྱིར་ཏེ། དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཟླ་བ་ཚེས་པ་ལ་ཕྱག་འཚལ་བ་ལྟར་ཉ་བ་ལ་ནི་མ་ཡིན་ནོ། །འོད་སྲུངས་དེ་བཞིན་དུ་གང་དག་ལ་རབ་ཏུ་དད་པ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བྱ་ཡི། དེ་བཞིན་གཤེགས་པ་རྣམས་ལ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ལས་ནི་དེ་བཞིན་གཤེགས་པ་རྣམས་འབྱུང་ངོ་། །དེ་བཞིན་གཤེགས་པ་རྣམས་ལས་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་འབྱུང་ངོ་། །ཞེས་གསུངས་པའི་ཕྱིར། འོ་ན་དེ་ལྟར་གསུང་བ་དེ་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་ཁོ་ན་ལ་དགོངས་པ་ཡིན་ནམ་སྙམ་ན་མ་ཡིན་ཏེ། སངས་རྒྱས་ནི་འགྲོ་བའི་བློ་དང་འཚམ་པའི་ཆོས་སྟོན་པས། འཁོར་དུ་གྱུར་པའི་ཐེག་པ་གསུམ་གྱི་གདུལ་བྱ་རྣམས་ལ་ཐེག་པ་སོ་སོའི་ལུགས་དངོས་སུ་བསྟན་ནའང་།


GLG012_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་རང་སངས་རྒྱས་ལས་བྱུང་བ་དང་། སངས་རྒྱས་བྱང་སེམས་ལས་འཁྲུངས་པ་སོགས་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས། ཉན་རང་གི་མི་སློབ་ལམ་འཐོབ་པའི་རྒྱུ་མཐར་གཏུགས་ན་བྱང་སེམས་ཡིན་པར་དོན་གྱིས་ཐོབ་པ་སོགས་ཀྱི་སྒོ་ནས་གདུལ་བྱ་མཐའ་དག་ཐེག་ཆེན་གྱི་ལམ་ལ་སྦྱོར་བའི་ཕྱིར་ཏེ། རང་འགྲེལ་ལས། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སྨན་གྱི་ལྗོན་ཤིང་ཆེན་པོ་འབྲས་བུ་ངེས་པ་དཔག་ཏུ་མེད་པ་སྟེར་བ་མྱུ་གུ་ལ་སོགས་པ་མཐོང་ཞིང་ལོ་མ་འཇམ་པའི་གནས་སྐབས་སུ་གྱུར་པ་ལྟར་བསྒྲིམས་ཏེ་ཡོངས་སུ་བསྐྱང་བར་བྱ་བ་ཉིད་དུ་བསྟན་པར་བྱ་ཞིང་། དུས་དེར་ཉེ་བར་གྱུར་ཅིང་ཐེག་པ་གསུམ་ལ་བཀོད་པའི་སེམས་ཅན་གྱི་ཕུང་པོ་ཐེག་པ་ཆེན་པོ་ཉིད་ལ་ངེས་པར་སྦྱར་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ལ་བསྔགས་པ་མཛད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། ཁ་ཅིག །སངས་འཕགས་ཆོས་ཅན། བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཏེ། རང་དང་རྒྱུད་གཅིག་ཏུ་གྱུར་པའི་བྱང་ཆུབ་སེམས་དཔས་ཉེར་ལེན་དང་། རྒྱུད་ཐ་དད་དུ་གྱུར་པའི་བྱང་ཆུབ་སེམས་དཔས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་བྱུང་བའི་ཕྱིར་ཟེར་ན། བྱང་ཆུབ་སེམས་དཔའ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། འདོད་ན། བྱང་ཆུབ་སེམས་དཔའ་དང་རིམ་ཅན་དུ་གྲུབ་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་ཁྱོད་དང་རིམ་ཅན་དུ་མ་གྲུབ་པར་ཐལ། ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར། གཞན་ཡང་། སངས་འཕགས་དང་རྒྱུད་ཐ་དད་དུ་གྱུར་


GLG012_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱང་ཆུབ་སེམས་དཔའ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། རྣམ་མཁྱེན་དང་རྒྱུད་ཐ་དད་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་སངས་རྒྱ་བའི་དུས་མི་སྲིད་པར་ཐལ་ལོ། ཁ་ཅིག་སངས་འཕགས་ཆོས་ཅན། ཁྱོད་བྱང་ཆུབ་སེམས་དཔའ་ལས་འཁྲུངས་པ་མ་ཡིན་པར་ཐལ། ཁྱོད་བྱང་ཆུབ་སེམས་དཔའི་རྒྱུ་ཡིན་པའི་ཕྱིར། དེར་ཐལ། བྱང་ཆུབ་སེམས་དཔའ་ཁྱོད་ཀྱི་འབྲས་བུ་ཡིན་པའི་ཕྱིར། དེར་ཐལ། བྱངཆུབ་སེམས་དཔའ་ཁྱོད་ཀྱི་སྲས་ཡིན་པའི་ཕྱིར་ན། མ་ཁྱབ། འོ་ན་སངས་འཕགས་ཀྱི་ཉེར་ལེན་དུ་གྱུར་པའི་བྱང་ཆུབ་སེམས་དཔའ་ཆོས་ཅན། སངས་འཕགས་ཀྱི་རྒྱུ་མ་ཡིན་པར་ཐལ། སངས་འཕགས་ཀྱི་འབྲས་བུ་ཡིན་པའི་ཕྱིར། དེར་ཐལ། སངས་འཕགས་ལས་འཁྲུངས་པའི་ཕྱིར། དེར་ཐལ། སངས་འཕགས་ཀྱི་སྲས་ཡིན་པའི་ཕྱིར། དེར་ཐལ། རྒྱལ་སྲས་ཡིན་པའི་ཕྱིར། རིམ་པ་བཞིན་ཁྱབ་པ་ཁས། ཁ་ཅིག །རྒྱལ་སྲས་སུ་བཞག་པ་དང་རྒྱལ་བའི་རྒྱུར་བཞག་པ་གཉིས་གཞི་ཐ་དད་ཡིན་པས་བྱང་སེམས་སངས་འཕགས་ཀྱི་རྒྱུ་དང་སངས་འཕགས་ལས་འཁྲུངས་པར་ཁས་བླངས་པ་ལ་སྐྱོན་མེད་དོ་ཟེར་ན། །རྒྱལ་པའི་སྲས་ཡིན་ན་རྒྱལ་བ་ལས་འཁྲུངས་པས་ཁྱབ་པར་ཐལ། བྱང་ཆུབ་སེམས་དཔའ་རྒྱལ་བའི་སྲས་མ་ཡིན་པའི་ཕྱིར། མ་གྲུབ་ན། རྒྱལ་སྲས་ཡིན་པར་ཐལ། རྒྱལ་བའི་སྲས་ཡིན་པའི་ཕྱིར། འདོད་ན། རྒྱལ་སྲས་སུ་བཞག་པ་དང་རྒྱལ་བའི་རྒྱུར་བཞག་པ་གཉིས་གཞི་ཐ་དད་མ་ཡིན་པར་ཐལ། བྱང་ཆུབ་སེམས་དཔའ་དེ་དང་པོ་གང་ཞིག །ཕྱི་མ་ཡིན་པའི་ཕྱིར། དང་པོ་དངོས། གཉིས་པ་


GLG012_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

མ་གྲུབ་ན། རྒྱལ་བའི་རྒྱུ་མེད་པར་ཐལ་ལོ། །རྩ་བར་འདོད་ན། བྱང་སེམས་ས་དང་པོ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། རྒྱལ་པའི་སྲས་པོ་འདི་ཡི་སེམས་གང་འགྲོ་བ་རྣམས། །ཞེས་བཤད་པ་མི་འཐད་པར་ཐལ་ལོ། །གཞན་ཡང་། རྒྱལ་པའི་སྲས་ཡིན་ན་རྒྱལ་བ་ལས་འཁྲུངས་པས་མ་ཁྱབ་པར་ཐལ། རྒྱལ་སྲས་ས་བཅུ་པ་བ་དེ་སངས་འཕགས་ཀྱི་རྒྱུ་ཡིན་པའི་ཕྱིར། མ་ཁྱབ་ན། དེ་ཆོས་ཅན། དེའི་རྒྱུ་མ་ཡིན་པར་ཐལ། དེ་ལས་འཁྲུངས་པའི་ཕྱིར། དེར་ཐལ། རྒྱལ་བ་ལས་འཁྲུངས་པའི་ཕྱིར། དེར་ཐལ། རྒྱལ་སྲས་ཡིན་པའི་ཕྱིར། གཞན་ཡང་། ས་དང་པོ་བ་ཆོས་ཅན། སངས་རྒྱས་ལས་སྐྱེས་པར་ཐལ། སངས་རྒྱས་ཀྱི་སྲས་ཡིན་པའི་ཕྱིར། དེར་ཐལ། རྒྱལ་བའི་སྲས་ཡིན་པའི་ཕྱིར། འདོད་ན། སངས་རྒྱས་ཁྱོད་ཀྱི་རྒྱུ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སངས་རྒྱས་རྟག་པ་ཡིན་པའི་ཕྱིར། གཞན་ཡང་། བྱང་ཆུབ་སེམས་དཔའ་རྒྱས་སྲས་ཡིན་པས་དེ་རྒྱལ་བའི་རྒྱུ་ཡིན་པར་མི་གནོད་པར་ཐལ། སྟོན་པ་ཤཱཀྱ་ཐུབ་པའི་གསུང་ལས་སྐྱེས་པའི་བྱང་ཆུབ་སེམས་དཔའ་དེ་སྟོན་པ་ཤཱཀྱ་ཐུབ་པའི་སྲས་དང་རྒྱུད་གཅིག་ཏུ་གྱུར་པའི་སངས་རྒྱས་འཕགས་པའི་རྒྱུ་ཡིན་པའི་ཕྱིར། དེར་ཐལ། སྟོན་པ་ཤཱཀྱ་ཐུབ་པ་དང་རྒྱུད་གཅིག་ཏུ་གྱུར་པའི་རྒྱལ་པོ་ང་ལས་ནུ་དེ་སྟོན་པ་ཤཱཀྱ་ཐུབ་པའི་རྒྱུ་དང་། རང་ལ་གདམས་ངག་སྟོན་པ་པོའི་རྒྱལ་བ་དེའི་སྲས་ཡིན་པའི་ཕྱིར། དེར་ཐལ། དང་པོ་གང་ཞིག །ཕྱི་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེས་ལམ་ཉམས་སུ་བླངས་པ་


GLG012_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ནས་བྱུང་བའི་ཕྱིར། ཕྱི་མ་གྲུབ་སྟེ། དེས་ཆོས་བསྟན་པ་ལ་བརྟེན་ནས་བྱུང་བ་ཡིན་པའི་ཕྱིར། གཞན་ཡང་དམ་བཅའ་དེ་མི་འཐད་པར་ཐལ། ཁྱོད་ཀྱིས་བདག་ཅག་གི་སྟོན་པའི་གསུང་ལས་སྐྱེས་པའི་བྱང་སེམས་དེ་བདག་ཅག་གི་སྟོན་པའི་རྒྱུ་མ་ཡིན་པ་དང་། རྒྱལ་པོ་ང་ལས་ནུ་བདག་ཅག་གི་སྟོན་པའི་སྲས་མ་ཡིན་པའི་དམིགས་བསལ་དང་སྤྱིར་བཏང་གི་དབྱེ་བ་མ་ཕྱེད་པའི་སྐྱོན་ཡིན་པའི་ཕྱིར། སྨྲས་པ། ཟླ་གྲགས་ལེགས་བཤད་དཔྱིད་ཀྱི་དཔལ་མོ་ལས། །རྩ་བ་ཤེས་རབ་དབྱར་སྐྱེས་གཞོན་ནུའི་འབྲས། །རིགས་ཚོགས་ལོ་མའི་ཕང་ཕུང་ཆེར་གཡོ་བ། །ཐལ་འགྱུར་སྨྲ་བའི་ཤེས་ལྡན་དགའ་སྟོན་དཔལ། །ཚུལ་འདི་འཆད་པའི་དབང་ཕྱུག་ཙོང་ཁ་པའི། །རིང་ལུགས་འཛིན་ལ་གཅིག་ཏུ་ཟླ་བྲལ་བ། །ཡོངས་འཛིན་བླ་མའི་གསུང་རྒྱུན་ཇི་བཞིན་དུ། །ཡི་གེའི་ཕྲེང་བ་འདི་ན་ཅུང་ཟད་སྤེལ། །ཐེག་གསུམ་འཕགས་རྣམས་འབྱུང་བའི་རྒྱུ་གཅིག་པུ། །སྙིང་རྗེ་གཙོ་བོར་བསྔགས་ན་དེའི་རྣམ་གཞག །རྣ་བར་མ་སོན་དམ་པར་ཁས་འཆེ་བ། །རྒྱུ་མེད་འབྲས་བུར་རློམ་དེ་གད་མོའི་གནས། །སྤྱིར་ཏང་དམིགས་བསལ་ཕྱེད་པའི་རྣམ་དཔྱོད་ཀྱིས། །བསྐྱེད་བྱ་སྐྱེད་བྱེད་གཏན་ལ་ཕབ་པ་ན། །རྒན་པོའི་ངག་བགྲོས་རྩིང་པོའི་དཔེ་ཧྲུལ་རྣམས། །ད་ལྟའི་བསྟན་འཛིན་མང་པོའི་དཔེ་ཟླར་བྱས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚོགས་སུ་བཅད་པའོ། །གསུམ་པ་བྱང་སེམས་ཀྱི་རྒྱུའི་གཙོ་བོ་གསུམ་བསྟན་པ་ལ། ཚིག་གི་དོན། སྤྱིའི་དོན། མཐའ་དཔྱད་པ་དང་གསུམ། །དང་པོ་ནི། །སྙིང་རྗེའི་སེམས་དང་། མཐའ་


GLG012_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་མེད་པར་རྟོགས་པའི་བློ་དང་། འདིར་བསྟན་བྱང་ཆུབ་ཀྱི་སེམས་ནི་ཆོས་ཅན། རྒྱལ་སྲས་རྣམས་ཀྱི་རྒྱུ་ཡིན་ཏེ། དེའི་སྐྱེད་བྱེད་ཡིན་པའི་ཕྱིར། གཉིས་པ་ནི། བྱང་ཆུབ་སེམས་དཔའ་གང་ལས་འཁྲུངས་པའི་ཚུལ་ཡོད་དེ། དེ་འདིར་བསྟན་ཆོས་གསུམ་པོ་དེ་ལས་འཁྲུངས་པ་མགོན་པོ་ཀླུ་སྒྲུབ་ཀྱི་དགོངས་པ་ཡིན་པའི་ཕྱིར་ཏེ། རིན་ཆེན་ཕྲེང་བ་ལས། བདག་ཉིད་དང་ནི་འཇིག་རྟེན་འདིས། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང་། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཞེས་གསུངས་པའི་ཕྱིར། འོ་ན་འདིར་བསྟན་ཆོས་གསུམ་པོ་དེ་ཇི་ལྟ་བུ་ཞེ་ན། གཞག་ཏུ་ཡོད་དེ། འདིར་བསྟན་སྙིང་རྗེ་ནི ཐོག་མར་རང་ཉམས་ལ་དཔགས་ནས་འཁོར་བའི་སེམས་ཅན་རྣམས་འཁོར་བར་འཁོར་ཚུལ་བསམས་པ་ལ་བརྟེན་ནས་སྡུག་བསྔལ་དང་བྲལ་བར་འདོད་པའི་བརྩེ་བ་ལ་བྱེད་པའི་ཕྱིར་ཏེ། རང་འགྲེལ་ལས། དེ་ལ་སྙིང་རྗེ་ནི་བརྩེ་བ་སྟེ་འདི་ཉིད་དུ་འཆད་པར་འགྱུར་བའི་རྣམ་པ་དང་། རང་གི་ངོ་བོ་ཅན་ནོ། །ཞེས་གསུངས་པའི་ཕྱིར། འདིར་བསྟན་གནས་ལུགས་རྟོགས་པའི་ཤེས་རབ་ནི། སྙིང་རྗེ་དེ་བསྐྱེད་པ་ལ་བརྟེན་ནས་འཁོར་བའི་སེམས་ཅན་རྣམས་སྡུག་བསྔལ་བའི་རྩ་བ་བདེན་འཛིན་གྱིས་ཇི་ལྟར་གཟུང་བ་ལྟར་གྱིས་མ་གྲུབ་པར་རྟོགས་པའི་ཤེས་རབ་ལ་བྱེད་དེ། རང་འགྲེལ་ལས། གཉིས་སུ་མེད་པའི་བློ་ནི་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པ་མཐའ་གཉིས་དང་བྲལ་བའི་ཤེས་རབ་བོ། །ཞེས་གསུངས་པའི་ཕྱིར། འདིར་བསྟན་སེམས་བསྐྱེད་ནི།


GLG012_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་གྲོགས་སུ་གྱུར་པའི་གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའི་འདོད་པ་དང་མཚུངས་ལྡན་དུ་གྱུར་པའི་སེམས་ཁྱད་པར་ཅན་ལ་འཇོག་སྟེ། རང་འགྲེལ་ལས། དམ་པའི་ཆོས་ཀྱི་བདུད་རྩིའི་རོ་ཕུལ་དུ་བྱུང་བ་འབྱུང་བའི་རྒྱུ། ཕྱིན་ཅི་ལོག་གི་རྟོག་པ་མཐའ་དག་ལོག་པའི་མཚན་ཉིད། འགྲོ་བ་ཡོངས་ཀྱི་གཉེན་ཉིད་ཀྱི་རང་བཞིན་དུ་གྱུར་པ་སངས་རྒྱས་ཉིད་ཡང་དག་པ་ཐོབ་པར་འདོད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འོ་ན་འདིར་བསྟན་ཆོས་གསུམ་པོ་དེ་གོ་རིམ་ལྟར་དུ་སྔ་མ་ལ་བརྟེན་ནས་ཕྱི་མ་བསྐྱེད་པར་ངེས་སམ་སྙམ་ན། མཐའ་གཅིག་ཏུ་མ་ངེས་ཏེ། ཐེག་ཆེན་གྱི་རིགས་ཅན་དབང་རྣོན་རྣམས་ཀྱིས་ལྟ་བ་དེས་རྐྱེན་བྱས་ནས་སྙིང་རྗེ་ཆེན་པོས་དྲངས་པའི་སེམས་བསྐྱེད་པ་དེ་འབྱུང་ཡང་། དབང་རྟུལ་ལ་མི་འབྱུང་བའི་ཕྱིར། དབང་རྣོན་ལ་འབྱུང་བའི་རྒྱུ་མཚན་ཡོད་དེ། དེ་དེར་རིགས་སད་པའི་སྔ་ལྟས་སུ་འགྲོ་བ་ལ་དམིགས་པའི་སྙིང་རྗེ་ངང་གིས་སྐྱེ། ཐེག་པ་ཆེན་པོའི་གཞུང་མང་དུ་ཐོས་པས་རང་གཞན་སྡུག་བསྔལ་གྱིས་མནར་བའི་རྩ་བ་བདག་འཛིན་ལ་ཐུག་པར་ངེས་ནུས། དེ་སྤོང་ནུས་ན་འཁོར་བའི་རྩ་བ་གཅོད་པར་ཤེས་པས་ཡིད་དྲངས་ཏེ་རྒྱུ་དེས་འཁོར་བར་འཁྱམས་པའི་འགྲོ་བ་ལ་སྙིང་རྗེ་ཆེན་པོ་བསྐྱེད་པའི་མཐུས་བྱང་ཆུབ་མཆོག་ཏུ་སེམས་སྐྱེད་པར་བྱེད་པའི་ཕྱིར། དབུ་མ་རྒྱན་ལས། ཡང་དག་ཤེས་འཚོལ་སྔོན་བཏང་སྟེ། །དོན་དམ་རྣམ་པར་ངེས་གྱུར་ནས། །ལྟ་ངན་ཐིབས་གནས་འཇིག་རྟེན་ལ། །སྙིང་རྗེ་ཀུན་ཏུ་བསྐྱེད་ནས་སུ། །འགྲོ་དོན་བྱེད་པར་དཔའ་གྱུར་པ། །བྱང་ཆུབ་


GLG012_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

བློ་རྒྱས་མཁས་པ་ནི། །བློ་དང་སྙིང་རྗེས་བརྒྱན་པ་ཡི། །ཐུབ་པའི་བརྟུལ་ཞུགས་ཡང་དག་སྤྱོད། །ཅེས་གསུངས་པའི་ཕྱིར། དབང་རྟུལ་ལ་མ་ངེས་པའི་རྒྱུ་མཚན་ཡོད་དེ། དབང་རྟུལ་ཁ་ཅིག །དེ་ཁོ་ན་ཉིད་རྟོགས་པའི་བློའི་ནུས་པ་དམན་པས། དང་པོར་སེམས་བསྐྱེད། དེའི་རྗེས་སུ་སྟོང་ཉིད་ཀྱི་ལྟ་བ་འཚོལ་བ་ཡང་ཡོད་པའི་ཕྱིར་ཏེ། དེ་ཉིད་ལས། ཡང་དག་དད་པའི་རྗེས་འབྲང་བ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ནས། །ཐུབ་པའི་བརྟུལ་ཞུགས་བླངས་བྱས་ཏེ། །དེ་ནི་ཡང་དག་ཤེས་འཚོལ་བརྩོན། །ཞེས་གསུངས་པའི་ཕྱིར། འོ་ན་འདིར་བསྟན་ཆོས་གསུམ་གང་གི་རྒྱུར་འཇོག་པའི་བྱང་སེམས་དེ་བྱང་སེམས་མཚན་ཉིད་པ་ལ་བྱེད་དམ་མི་བྱེད། བྱེད་ན་ལམ་མ་ཞུགས་ན་ཐེག་ཆེན་སེམས་བསྐྱེད་ཡོད་པར་འགྱུར་ལ། མི་བྱེད་ན་ཟླ་བ་ཚེས་པ་ལྟ་བུའི་བྱང་སེམས་ཞེས་བཤད་པ་དང་འགལ་ལོ་ཟེར་ན་སྐྱོན་མེད་དེ། བྱང་སེམས་དེ་བྱང་སེམས་མཚན་ཉིད་པ་ཡིན་ཀྱང་། སེམས་བསྐྱེད་དེ་སེམས་བསྐྱེད་སྦྱོང་བའི་སྐབས་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་ཚིག་རྗེས་འབྲང་པའི་གོ་བ་ཙམ་གྱི་སེམས་བསྐྱེད་ཡིན་ལ། སེམས་བསྐྱེད་མཚན་ཉིད་པ་ནི་སེམས་སྦྱོང་པའི་མན་ངག་ལ་བརྟེན་ནས་ཡིད་ལེགས་པར་འཁུལ་ནུས་པའི་མྱོང་བ་ཁྱད་པར་ཅན་དང་ལྡན་པའི་སེམས་བསྐྱེད་ལ་བྱེད་པའི་ཁྱད་པར་ཡོད་པའི་ཕྱིར། དཔེར་ན་བུ་རམ་གྱི་ཤུན་པ་དང་དེའི་ནང་གི་རོ་དང་མཚུངས་པའི་ཕྱིར་ཏེ། ལྷག་བསམ་བསྐུལ་པ་ལས། བུ་རམ་ཤིང་ཤུན་སྙིང་པོ་ཅི་ཡང་མེད། །མངར་བར་གྱུར་པའི་རོ་ནི་ནང་


GLG012_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ན་འདུག །ཇི་ལྟར་ཤུན་པ་དེ་བཞིན་སྨྲ་བ་སྟེ། །རོ་ལྟ་བུ་ནི་འདི་ལ་དོན་སེམས་ཡིན། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། ཁ་ཅིག །སྐབས་འདིར་བསྟན་གྱི་སྙིང་རྗེ་ཡིན་ན་ལམ་མ་ཞུགས་ཀྱི་གང་ཟག་གི་རྒྱུད་ཀྱི་སྙིང་རྗེ་ཡིན་པས་ཁྱབ་ཟེར་ན། སྙིང་རྗེ་ཆེན་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཐེག་ཆེན་སེམས་བསྐྱེད་ཀྱི་སྔོན་དུ་འགྲོ་བའི་སྙིང་རྗེ་ཡིན་པའི་ཕྱིར། དེར་ཐལ། རྒྱུ་འབྲས་མན་ངག་བདུན་གྱི་གོ་རིམ་འཐད་པའི་ཕྱིར། རྩ་བར་འདོད་མི་ནུས། ཁ་ཅིག །འདིར་བསྟན་གཉིས་མེད་ཀྱི་བློ་དེ་གཟུང་འཛིན་གཉིས་མེད་ཀྱི་བློ་ལ་བྱེད་ཟེར། དེ་འདྲའི་བློ་དེ་ཆོས་ཅན། བྱང་སེམས་ལས་དང་པོ་བས་སྔོན་དུ་འགྲོ་དགོས་པའི་གཉིས་མེད་གྱི་བློ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་ཤེས་རབ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། ཁ་ཅིག་བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་བྱངཆུབ་སེམས་དེ་བྱང་ཆུབ་ཀྱི་སེམས་མཚན་ཉིད་པ་ཡིན་ཟེར་ན། དེ་ཆོས་ཅན། ཁྱོད་རྒྱུད་ལྡན་གྱི་གང་ཟག་ཡིན་ན་ལམ་ཞུགས་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན་མི་དགོས་པར་ཐལ། ཁྱོད་རྒྱུད་ལྡན་ཀྱི་ལམ་མ་ཞུགས་ཀྱི་གང་ཟག་ཡོད་པའི་ཕྱིར། དེར་ཐལ། དེ་རྒྱུར་བཞག་པའི་བྱང་སེམས་ཀྱི་མ་མཐའི་ས་མཚམས་ཚོགས་ལམ་ཐོབ་མ་ཐག་པ་ལ་བྱེད་པ་གང་ཞིག །དེ་དེའི་སྔ་ལོགས་སུ་གྲུབ་ཕྱིན་ལམ་མ་ཞུགས་ལས་འོས་མེད་པའི་ཕྱིར། དེར་ཐལ། རྣམ་བཤད་ལས། བྱང་སེམས་གྱི་སྔོན་དུ་འགྲོ་བའི་སེམས་བསྐྱེད་པ་ནི། ཞེས་སོགས་གསུངས་པའི་ཕྱིར།


GLG012_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཅིག་གཞུང་འདིའི་སྐབས་ནས་བསྟན་པའི་སེམས་བསྐྱེད་མ་ཐག་པའི་གང་ཟག་ཡིན་ན་སྟོང་ཉིད་རྟོགས་པས་ཁྱབ་ཟེར་ན། དེ་འདྲའི་སེམས་བསྐྱེད་མ་ཐག་པའི་ཐེག་ཆེན་གྱི་རིགས་ཅན་དབང་རྟུལ་དེ་ཁོ་ན་ཉིད་མ་རྟོགས་པ་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཁྱོད་ཀྱིས་སེམས་བསྐྱེད་པའི་སྔ་རོལ་ཏུ་སྟོང་ཉིད་རྟོགས་པའི་ལྟ་བ་བཙལ་ཟིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། སྔོན་དུ་སེམས་བསྐྱེད་པའི་ཕྱིར། དེ་ལྟར་དབུ་མ་རྒྱན་ལས་གསུངས་པའི་ཕྱིར། ཁ་ཅིག །བྱང་སེམས་ཡིན་ན་སྟོང་ཉིད་རྟོགས་པས་ཁྱབ་ཟེར་ན། སློབ་དཔོན་ཕྱོགས་གླང་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཐེག་ཆེན་སེམས་བསྐྱེད་རྒྱུད་ལྡན་གྱི་སློབ་པ་ཡིན་པའི་ཕྱིར། དེར་ཐལ། དང་པོ་གང་ཞིག །ཕྱི་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཐེག་པ་ཆེན་པོར་སེམས་བསྐྱེད་པར་ཆོས་མཆོག་གི་འགྲེལ་པ་ལས་བཤད་པའི་ཕྱིར། འདོད་ན། མི་འཐད་པར་ཐལ། རང་འགྲེལ་ལས། གལ་ཏེ་གནས་བརྟན་དབྱིག་གཉེན་དང་ཕྱོགས་ཀྱི་གླང་པོ་དང་ཆོས་སྐྱོང་ལ་སོགས་པ་བསྟན་བཅོས་རྣམས་ཀྱི་མཛད་པ་པོ་བྱོན་ཟིན་པར་གྱུར་པ་དེ་དག་གིས་ཀྱང་ཡི་གེ་ཙམ་ཐོས་པས་འཇིགས་ཏེ་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་འདི་སྤངས་སམ་ཞེ་ན། དེ་སྐད་དུ་སྨྲའོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག་འདིར་བསྟན་སེམས་བསྐྱེད་ཆོས་ཅན། སེམས་བསྐྱེད་མཚན་ཉིད་པ་ཡིན་པར་ཐལ། རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཞེས་པའི་སྐབས་ནས་བསྟན་པའི་དེ་ཡིན་པའི་ཕྱིར་ན་མ་ཁྱབ། དེར་ཐལ། དེ་རི་དབང་ལྟར་གཡོ་བ་མེད་པར་བརྟན་པའི་སེམས་ཡིན་པའི་ཕྱིར། དེར་ཐལ།


GLG012_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འདྲའི་དབང་རྣོན་དེ་སངས་མ་རྒྱས་བར་དུ་སེམས་དེ་ལས་མི་ཉམས་པའི་ཕྱིར། ཁ་ཅིག་འདིར་བསྟན་ཆོས་གསུམ་རྒྱུར་བཞག་པའི་བྱང་སེམས་ཡིན་ན་དབང་རྣོན་ཡིན་པས་ཁྱབ་ཟེར་ན། མི་འཐད་པར་ཐལ། དེ་འདྲའི་དབང་རྟུལ་ཡོད་པའི་ཕྱིར། དེར་ཐལ། དང་པོར་སེམས་བསྐྱེད་ནས་དེ་རྗེས་ལྟ་བ་ལ་བློ་སྦྱོང་བ་གཅིག་དང་། དེ་ལས་ལྡོག་པ་གཉིས་སྲིད་པའི་ཕྱིར། དེར་ཐལ། རྣམ་བཤད་སྙིང་པོ་རྒྱན་ལས། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའི་སྔོན་རོལ་ཏུ་སྟོང་པ་ཉིད་རྟོགས་པ་འགྲོ་དགོས་པ་ནི་གདུལ་བྱ་གཉིས་ཀྱི་དབང་པོ་རྣོན་པོ་ལ་ཡིན་གྱི། རྟུལ་པོ་ལ་ངེས་པ་མེད་ལ། ཞེས་གསུངས་པའི་ཕྱིར། ཁ་ཅིག་འདིར་བསྟན་སེམས་བསྐྱེད་དེ་སེམས་བསྐྱེད་མཚན་ཉིད་པ་ཡིན་པར་ཐལ། དེ་དང་སེམས་བསྐྱེད་ཀྱི་གཞི་མཐུན་ཡོད་པའི་ཕྱིར། དེར་ཐལ། དེ་འདྲའི་སྙིང་རྗེ་དང་སེམས་དཔའི་རྒྱུད་ཀྱི་སྙིང་རྗེའི་གཞི་མཐུན་ཡོད་པའི་ཕྱིར་ན་མ་ཁྱབ། དེར་ཐལ། དེ་འཆད་འགྱུར་གྱི་སྙིང་རྗེ་ལ་བྱེད་པ་གང་ཞིག །དང་པོར་ང་ཞེས། ཞེས་སོགས་ཀྱི་དངོས་བསྟན་བསྟན་བྱའི་གཙོ་བོར་གྱུར་པའི་སྙིང་རྗེ་དང་ཅིག་ཤོས་ཀྱི་གཞི་མཐུན་ཡོད་པའི་ཕྱིར། དེར་ཐལ། རྣམ་བཤད་ལས། མཆོད་བརྗོད་ཡུལ་དུ་གྱུར་པའི་སྙིང་རྗེ་ནི་ཐོག་མའི་སྙིང་རྗེ་གཙོ་བོ་ཡིན་ཀྱང་། བྱང་ཆུབ་སེམས་དཔའི་སྙིང་རྗེ་གཞན་རྣམས་ཀྱང་ཡིན་པས་ན་སྐབས་འདི་རྣམས་སུ་འགྲེལ་པས་སྙིང་རྗེ་བསྐྱེད་པ་པོ་བྱང་ཆུབ་སེམས་དཔར་གསུངས་པ་རྣམས་ཀྱང་མི་འགལ་ལོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག་འདིར་བསྟན་སྙིང་རྗེ་དང་འབྲས་དུས་ཀྱི་སྙིང་རྗེའི་


GLG012_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་མཐུན་ཡོད་ཟེར་ན། དེ་ཆོས་ཅན། བྱང་སེམས་ལས་དང་པོ་བའི་སྔོན་དུ་འགྲོ་བའི་སྙིང་རྗེ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། རང་འགྲེལ་ལས། ཡང་བྱང་ཆུབ་སེམས་དཔའ་དེ་དག་ཅིའི་རྒྱུ་ཅན་ཞིག་ཡིན་ཞེ་ན། སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །ཞེས་བཤད་པ་མི་འཐད་པར་ཐལ་ལོ། །གཉིས་པ་བྱང་སེམས་ཀྱི་རྒྱུ་གཞན་གཉིས་ཀྱི་ཡང་རྩ་བར་བསྟན་པ་ལ། ཚིག་གི་དོན། སྤྱིའི་དོན། མཐའ་དཔྱད་པ་དང་གསུམ། དང་པོ་ནི། ཤེས་བྱ་ཆོས་ཅན། ཟླ་བ་གྲགས་པ་བདག་གིས་བསྟན་བཅོས་རྩོམ་པའི་ཐོག་མར་སྙིང་རྗེ་ལ་བསྟོད་པར་བགྱི་འོས་ཏེ། རྒྱུ་མཚན་གང་གི་ཕྱིར་ན། བརྩེ་བ་སྙིང་རྗེ་ཆེན་པོ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདི་བསྐྲུན་པ་ཐོག་མར་ས་བོན་དང་བར་དུ་སྤེལ་བ་ལ་ཆུ་དང་འདྲ་ཞིང་། མཐར་ཡུན་རིང་དུ་ལོངས་སྤྱོད་པའི་གནས་ལ་འབྲས་བུ་སྨིན་པ་ལྟ་བུར་འདོད་པར་གྱུར་པས་གལ་ཆེ་བ་དེའི་ཕྱིར། གཉིས་པ་ནི། སློབ་དཔོན་གྱིས་སྙིང་རྗེ་ཆེན་པོ་ལ་མཆོད་བརྗོད་མཛད་པའི་རྒྱུ་མཚན་གཞག་ཏུ་ཡོད་དེ། སྙིང་རྗེ་ཆེན་པོ་དེ་བླ་ན་མེད་པའི་བྱང་ཆུབ་བསྐྲུན་པ་ལ་ཐོག་མཐའ་བར་གསུམ་དུ་གལ་ཆེ་བའི་ཕྱིར། གལ་ཆེ་ཚུལ་ཅི་ལྟ་བུ་ཞེ་ན། ཐོག་མར་གལ་ཆེ་སྟེ། སྙིང་རྗེ་ཆེན་པོ་རྒྱུད་ལྡན་གྱི་བྱང་སེམས་དེས་རང་ཉམས་ལ་དཔགས་ནས་མར་གྱུར་པའི་འགྲོ་བ་རྣམས་བདེ་བས་འཕོངས་ཤིང་སྡུག་བསྔལ་གྱིས་མནར་བ་ལ། དེ་ལས་གོ་བཟློག་པའི་ཕྱིར་དུ་འགྲོ་བ་རྣམས་གཏན་གྱི་བདེ་བ་བླ་ན་མེད་པའི་བྱང་ཆུབ་ལ་སྦྱར་བར་བྱའོ་སྙམ་དུ་སེམས་བསྐྱེད་ལ། དེ་བསྒྲུབ་པ་ཡང་


GLG012_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མར་རང་ཉིད་ཀྱིས་སངས་རྒྱས་ཐོབ་པ་ལ་རག་ལས་ཤིང་། དེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་མཚོན་པའི་ཕྱིན་དྲུག་ལ་འཇུག་པའི་ཕྱིར། དཔེར་ན་ཆུ་ལུད་དྲོད་གཤེར་སོགས་ཚང་བའི་ཞིང་ལ་ས་བོན་བཏབ་པ་ལ་བརྟེན་ནས་མྱུ་གུ་འབྱུང་བ་དང་འདྲ་བའི་ཕྱིར་ཏེ། རང་འགྲེལ་ལས། འདི་ལྟར་སྙིང་རྗེ་ཅན་ནི་གཞན་གྱི་སྡུག་བསྔལ་གྱིས་སྡུག་བསྔལ་པ་ཉིད་ཀྱི་སེམས་ཅན་སྡུག་བསྔལ་བར་གྱུར་པ་མ་ལུས་པ་ཡོངས་སུ་བསྐྱབ་པར་བྱ་བའི་ཕྱིར། གདོན་མི་ཟ་བར་བདག་གིས་འཇིག་རྟེན་འདི་མཐའ་དག་སྡུག་བསྔལ་ནས་བཏོན་ཏེ་སངས་རྒྱས་ཉིད་ལ་ངེས་པར་སྦྱར་བར་བྱའོ་སྙམ་དུ་ངེས་པར་སེམས་སྐྱེད་པར་བྱེད་དོ། །དམ་བཅའ་བ་འདི་ཡང་གཉིས་སུ་མེད་པའི་ཡེ་ཤེས་སྤངས་པས་བསྒྲུབ་པར་མི་ནུས་པས། གཉིས་སུ་མེད་པའི་ཡེ་ཤེས་ལ་ཡང་ངེས་པ་ཁོ་ནར་འཇུག་སྟེ། དེའི་ཕྱིར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ནི་སྙིང་རྗེ་ཉིད་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འོ་ན་བཤད་མ་ཐག་པ་དེ་བྱང་སེམས་དབང་རྟུལ་ཁོ་ནའི་དབང་དུ་བྱས་པ་ཡིན་ནམ་ཞེ་ན། དྲངས་མ་ཐག་པའི་འགྲེལ་པའི་དངོས་བསྟན་དེ་ལྟར་ཡིན་ཀྱང་། ཤུགས་ལ་དབང་རྣོན་གྱི་ཆོས་གཞན་གཉིས་ཀྱི་རྒྱུར་སྙིང་རྗེ་འགྲོ་བར་བཤད་ཚུལ་ཡོད་དེ། དེས་རྒྱུ་འབྲས་མན་ངག་བདུན་གྱི་མར་ཤེས་པ་ནས་སྙིང་རྗེ་ཆེན་པོའི་བར་གོམས་པས་སེམས་ཅན་རྣམས་སངས་རྒྱས་ཀྱི་ས་ལ་སྦྱོར་དགོས་པར་རྟོགས་ཤིང་། དེ་ཐོབ་པ་ལ་བདེན་འཛིན་གྱི་ཞེན་ཡུལ་ལ་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་གནོད་བྱེད་བསྟན་པས་དེ་སྤོང་ནུས་སུ་ཚད་མས་གྲུབ་པའི་སྒོ་ནས་སྒྲིབ་


GLG012_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སྤངས་པའི་བྱང་ཆུབ་ཚད་མས་གྲུབ་པ་ན་གཞན་དོན་དུ་སེམས་བསྐྱེད་པའི་ཕྱིར་ཏེ། རྒྱལ་ཚབ་རིན་པོ་ཆེས། ཐེག་པ་ཆེན་པོའི་རིགས་ཅན་དབང་པོ་རྣོན་པོས་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་དགོས་པ་དང་། ཐོབ་ནུས་པ་གཉིས་ཚད་མས་ལེགས་པར་གྲུབ་པ་ན། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་དུ་སེམས་བསྐྱེད་པའི་དམ་བཅའ་འཇོག་པ་ཡིན་གྱི། རྒྱུ་མཚན་ཡང་དག་མ་མཐོང་བར་དམ་བཅའ་པ་དབང་པོ་རྟུལ་པོའི་ལུགས་ཡིན་པའི་ཕྱིར། དེ་ཡང་སྙིང་རྗེ་ཆེན་པོ་ལྷག་བསམ་རྣམ་པར་དག་པ་དང་བཅས་པའི་སྐྱེ་ཚུལ་ལེགས་པར་ཁོང་དུ་ཆུད་པ་ལས་ནི་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་དགོས་པར་རྟོགས་ལ། སྟོང་ཉིད་འཁོར་དང་བཅས་པ་རྟོགས་པ་ལས་ནི་སངས་རྒྱས་ཐོབ་ནུས་པར་རྟོགས་པ་ཡིན་ནོ། །དོན་འདི་ལ་དཔགས་ན་དབང་པོ་རྣོན་པོ་ཐར་པ་ཙམ་དོན་གཉེར་གྱི་བློ་སྐྱེས་པ་ལ་ཡང་སྟོང་ཉིད་རྟོགས་པ་སྔོན་དུ་སོང་བ་དགོས་པར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། བར་དུ་གལ་ཆེ་བ་ཆུ་ལུད་དང་འདྲ་བའི་རྒྱུ་མཚན་ཡོད་དེ། སྙིང་རྗེ་ལ་བརྟེན་ནས་ཐོག་མར་བྱང་ཆུབ་ཀྱི་སེམས་སྐྱེས་ཀྱང་། བར་དུ་དེ་ཡང་ཡང་མ་བསྐྱེད་ན་ལམ་གཞན་དུ་གོལ་བའི་ཉེན་ཡོད་པས། དེ་ལས་བཀག་ནས་རྒྱལ་སྲས་ཀྱི་སྤྱོད་པ་མཐར་ཕྱིན་པར་བྱེད་པའི་ཕྱིར། དཔེར་ན་ཞིང་ལ་ས་བོན་བཏབ་ནས་མྱུ་གུ་ཅུང་ཟད་སྐྱེས་ཀྱང་བར་དུ་ཆུའི་རླན་དང་བྲལ་ན་མྱུ་གུ་མཐར་ཕྱིན་མི་ནུས་པ་དང་འདྲ་བའི་ཕྱིར་ཏེ། རང་འགྲེལ་ལས། བྱང་ཆུབ་ཀྱི་སེམས་བསྐྱེད་དུ་ཟིན་ཀྱང་གལ་ཏེ་དུས་ཕྱིས་སྙིང་


GLG012_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་ཆུས་ཡང་དང་ཡང་དུ་བཅུས་པར་མ་གྱུར་ན་འབྲས་བུའི་ཚོགས་ཡངས་པ་མ་བསགས་པ་འདི་ངེས་པར་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པས་མྱ་ངན་ལས་འདས་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། ཐ་མར་གལ་ཆེ་བ་འབྲས་བུ་སྨིན་པ་དང་འདྲ་ཚུལ་ཡོད་དེ། བླ་ན་མེད་པའི་བྱང་ཆུབ་ཐོབ་ཏུ་ཟིན་ཀྱང་ཉན་རང་དགྲ་བཅོམ་ལྟར་ཞི་བའི་དབྱིངས་སུ་མི་མནལ་བར་ཐུགས་རྗེ་ཆེན་པོའི་མཐུས་གདུལ་བྱ་རྣམས་ཀྱི་སྐལ་བ་དང་འཚམ་པར་ཐེག་པ་གསུམ་གྱི་ཆོས་བསྟན་ནས་འཕགས་པ་གསུམ་གྱི་ཚོགས་རྒྱུན་མི་ཆད་པར་འཕེལ་བ་ཡང་གཙོ་བོ་སྙིང་རྗེའི་བདག་རྐྱེན་ལ་བརྟེན་ནས་བྱུང་བའི་ཕྱིར། དཔེར་ན་མྱུ་གུ་ལ་འབྲས་བུ་མང་དུ་ཆགས་ཀྱང་། མ་སྨིན་ན་གཞན་ལ་ཕན་མི་ཐོགས་ཤིང་། ཚུལ་བཞིན་སྨིན་ན་ཟས་ལ་སྲེད་པ་རྣམས་འདོད་རྒུར་ལོངས་སྤྱོད་པ་བཞིན་ཡིན་པའི་ཕྱིར་ཏེ། རང་འགྲེལ་ལས། འབྲས་བུ་མཐའ་ཡས་པའི་གནས་སྐབས་ཐོབ་ཏུ་ཟིན་ཀྱང་གལ་ཏེ་སྙིང་རྗེའི་ཡོངས་སུ་སྨིན་པ་དང་བྲལ་བར་གྱུར་ན་ནི་འདི་དུས་ཡུན་རིང་པོར་ཉེ་བར་ལོངས་སྤྱོད་པར་མི་འགྱུར་ལ། འཕགས་པའི་འབྲས་བུའི་ཚོགས་ཆེན་པོ་རིམ་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་རྣམ་པ་མ་ཆད་པར་ཡུན་རིང་པོར་མངོན་པར་འཕེལ་བར་ཡང་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། ཁ་ཅིག་དམིགས་པ་སྡུག་བསྔལ་ཅན་གྱི་སེམས་ཅན་ལ་དམིགས་ནས། རྣམ་པ་སྡུག་བསྔལ་མཐའ་དག་དང་བྲལ་འདོད་ཀྱི་བརྩེ་བ་དེ་སྙིང་རྗེ་ཆེན་པོའི་མཚན་ཉིད་ཟེར་ན། མི་འཐད་པར་ཐལ། སྙིང་རྗེ་ཆེན་པོ་རྒྱུད་ལ་མི་ལྡན་པའི་ཐེག་དམན་པ་ལ་མཚན་


GLG012_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དེ་ཙམ་ཡོད་པའི་ཕྱིར། དེར་ཐལ། ཚོང་དཔོན་གྱི་བུ་མི་གཙང་བའི་དོང་དུ་ལྷུང་བ་ལ་དེའི་མ་སྡུག་བསྔལ་ཡང་འདོན་པར་མི་བྱེད་ལ། ཕས་ཐེ་ཚོམ་ཙམ་ཡང་མེད་པར་འདོན་པར་བྱེད་པ་བློ་གྲོས་རྒྱ་མཚོའི་མདོ་ལས་བཤད་པ་བྱང་ཆུབ་ལམ་རིམ་དུ་ཁུངས་སུ་དྲངས་པའི་ཕྱིར། ཁ་ཅིག་སྙིང་རྗེ་ཆེན་པོ་དེ་སངས་རྒྱས་ཀྱི་རྒྱུ་ཡིན་པར་ཐལ། དེ་ཐོག་མཐའ་བར་གསུམ་དུ་གལ་ཆེ་བ་ཡིན་པའི་ཕྱིར། འདོད་ན། མི་འཐད་པར་ཐལ། དེ་སངས་རྒྱས་འཕགས་པའི་དུས་ན་ཡོད་པའི་ཕྱིར། དེར་ཐལ། དེའི་རྒྱུད་ལ་ཡོད་པའི་ཕྱིར་ན་མ་ཁྱབ། འོ་ན་རྒྱུན་མཐའི་བར་ཆད་མེད་ལམ་ཆོས་ཅན། རྒྱུན་མཐའ་པ་སངས་རྒྱས་པའི་དུས་སུ་ཡོད་པར་ཐལ། རྒྱུན་མཐའ་པ་སངས་རྒྱས་པའི་དུས་སུ་སངས་འཕགས་ཀྱི་རྒྱུད་ལ་ཡོད་པའི་ཕྱིར། ཁྱབ་པ་ཁས། གཞན་ཡང་། དེ་ཆོས་ཅན། ཁྱོད་དེའི་དུས་སུ་ཡོད་པར་ཐལ། ཁྱོད་དེའི་དུས་སུ་ཤེས་པ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་དེའི་དུས་སུ་མཁྱེན་པ་ཡིན་པའི་ཕྱིར། དེའི་དུས་སུ་རྣམ་མཁྱེན་ཡིན་པའི་ཕྱིར། མ་གྲུབ་ན། བྱང་སེམས་རྒྱུན་མཐའ་པ་ཆོས་ཅན། ཁྱོད་སངས་རྒྱས་པའི་དུས་སུ་ཁྱོད་ཀྱི་རྒྱུད་ཀྱི་མཁྱེན་པ་དེ་རྣམ་མཁྱེན་ཡིན་པར་ཐལ། ཁྱོད་སངས་རྒྱས་པའི་དུས་སུ་ཁྱོད་སངས་འཕགས་ཡིན་པའི་ཕྱིར། གཉིས་པ་སོ་སོར་ཕྱེ་ནས་ཕྱག་འཚལ་བ་ལ། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ལ་ཕྱག་འཚལ་བ། ཆོས་དང་དམིགས་མེད་ལ་དམིགས་པའི་སྙིང་རྗེ་ལ་ཕྱག་འཚལ་བ་གཉིས། དང་པོ་ལ་ཚིག་གི་དོན། སྤྱིའི་དོན། མཐའ་དཔྱད་པ་དང་གསུམ། དང་པོ་ནི། ཤེས་བྱ་ཆོན་ཅན། ཟླ་གྲགས་བདག་གིས་སེམས་ཅན་ལ་


GLG012_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པའི་སྙིང་རྗེ་ལ་ཕྱག་འཚལ་བའི་རྒྱུ་མཚན་ཡོད་དེ། དང་པོར་ང་ཞེས་བདག་ལ་བདེན་པར་ཞེན་པར་གྱུར་ཅིང་། དེ་ནས་ང་ཡི་བར་འཛིན་པའི་འཇིག་ལྟས་བདག་གི་འདིའོ་ཞེས་མིག་རྣ་སོགས་ཀྱི་དངོས་པོ་ལ་བདེན་པར་ཆགས་པ་བསྐྱེད་པས། ཟོ་ཆུན་འཕྱན་པ་ལྟར་རང་དབང་མེད་པར་འཁོར་བའི་འགྲོ་བ་ལ་དམིགས་ནས། སྙིང་རྗེར་གྱུར་པ་གང་ཡིན་པ་དེ་ལ་འདུད་པའི་ཕྱིར།གཉིས་པ་ནི། སེམས་ཅན་ཙམ་ལ་དམིགས་པའི་སྙིང་རྗེ་གཞག་ཏུ་ཡོད་དེ། སྙིང་རྗེ་གང་ཞིག་རང་གི་དམིགས་ཡུལ་དུ་གྱུར་པའི་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་ལ་དམིགས་ནས་སྡུག་བསྔལ་དང་བྲལ་བར་འདོད་པས་རབ་ཏུ་ཕྱེ་བ་དེ་ཡིན་པའི་ཕྱིར་ཏེ། རྣམ་བཤད་ལས། སྙིང་རྗེ་དང་པོ་ལ་དེ་འདྲ་བའི་ཁྱད་པར་དུ་བྱས་པ་མིན་པར་སེམས་ཅན་ཙམ་ཞིག་དམིགས་པར་གསུངས་པས། ཞེས་གསུངས་པའི་ཕྱིར། སྒྲ་བཤད་དུ་ཡོད་དེ། མི་རྟག་པ་དང་བདག་མེད་པ་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པར་རང་གི་དམིགས་ཡུལ་དུ་གྱུར་པའི་སེམས་ཅན་སྡུག་བསྔལ་ཅན་ལ་དམིགས་པ་ལ་ཙམ་སྒྲ་མི་མངོན་པར་བསྡུས་ནས་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཞེས་བཤད་པའི་ཕྱིར་ཏེ། རྣམ་བཤད་ལས། དེ་ལ་དགོངས་ནས་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཞེས་པ་ཡང་ཐ་སྙད་བདེ་བའི་ཕྱིར་ཉེར་བསྡུའི་མིང་ངོ་། །ཞེས་གསུངས་པའི་ཕྱིར། འོ་ན་སེམས་ཅན་ཟོ་ཆུན་གྱི་འཕྲུལ་འཁོར་དང་འདྲ་ཚུལ་ཇི་ལྟ་བུ་ཞེ་ན། བཤད་དུ་ཡོད་དེ། འགྲོ་བ་དང་ཟོ་ཆུན་གྱི་རྒྱུད་གཉིས་པོ་མཚུངས་ལ། དེ་གཉིས་པོ་འདྲ་


GLG012_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་རྣམ་པ་དྲུག་གི་སྒོ་ནས་མཚུངས་པའི་ཕྱིར། དྲུག་ཀྱང་གཞག་ཏུ་ཡོད་དེ། བཅིངས་པར་འདྲ་བ་ཐག་པས་རྒྱུད་དེ་དམ་དུ་བཅིངས་པ་ལྟར་སེམས་ཅན་རྣམས་ཀྱང་ཉོན་མོངས་པས་རིང་དུ་བཅིངས་པའི་ཕྱིར། བྱེད་པོ་འདྲ་ཚུལ་ཡོད་དེ། ཟོ་ཆུན་དེ་ཁྲོན་པར་འཁོར་མི་འཁོར་གང་ཟག་ལ་རག་ལས་པ་ལྟར། འགྲོ་བ་འཁོར་བར་འཁྱམ་མི་འཁྱམ་རང་རྒྱུད་ཀྱི་བསོད་ནམས་སོགས་ལས་དང་དེ་ཀུན་ནས་སློང་བའི་ཉོན་མོངས་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར། འཁོར་ཚུལ་འདྲ་སྟེ། ཟོ་ཆུན་དེ་ཁྲོན་པའི་རྩ་རྩེ་ཐམས་ཅད་དུ་འཁོར་བ་ལྟར། འགྲོ་བ་ཡང་སྲིད་རྩེ་ནས་མནར་མེད་ཀྱི་བར་ཐམས་ཅད་དུ་འཁོར་བའི་ཕྱིར། འབད་རྩོལ་ཡོད་མེད་ཀྱི་སྒོ་ནས་འདྲ་སྟེ། ཟོ་ཆུན་དེ་ཐུར་དུ་ངམ་ངམ་ཤུགས་ཀྱིས་འགྲོ་ཞིང་གྱེན་དུ་འགྲོ་བ་ལ་འབད་པ་ཆེན་པོས་བསྒྲུབ་དགོས་པ་ལྟར། འགྲོ་བ་རྣམས་ངན་སོང་དུ་འགྲོ་བ་ལ་དཀའ་ཚེགས་མེད་ཅིང་། བདེ་འགྲོར་འགྲོ་བ་ལ་བསོད་ནམས་ཀྱི་ལས་དཀའ་བ་དུ་མའི་སྒོ་ནས་བསྒྲུབ་དགོས་པའི་ཕྱིར། གོ་རིམ་མ་ངེས་པར་འདྲ་ཚུལ་ཡོད་དེ། ཟོ་ཆུན་དེ་སྔ་ཕྱི་རིམ་པ་མི་ངེས་པ་ལྟར། འགྲོ་བ་རྣམས་འཁོར་བར་འཁྱམ་པའི་ཚེ་མ་རིག་པ་དང་སྲེད་ལེན་གྱིས་བསྡུས་པའི་ཉོན་མོངས་དང་། འདུ་བྱེད་དང་སྲིད་པས་བསྡུས་པའི་ལས་དང་། གཞན་ལྷག་མ་བདུན་གྱི་སྡུག་བསྔལ་གྱིས་བསྡུས་པའི་རྟེན་འབྲེལ་གསུམ་པོ་དེ་ཚར་གཅིག་པའི་སྔ་མ་གཉིས་ཀྱི་སྐབས་ཚར་མི་གཅིག་པའི་ཕྱི་མ་འབྱུང་བ་ཡོད་པའི་ཕྱིར། གཞན་གྱིས་མནར་བར་འདྲ་ཚུལ་ཡོད་དེ། ཟོ་ཆུན་དེ་འཁོར་བའི་ཚེ་ཕན་ཚུན་གྱི་རྡོ་ལ་ཐོགས་ཏེ་འཇིག་པ་ལྟར། འགྲོ་བ་རྣམས་འཁོར་བར་འཁྱམ་པའི་ཚེ། སྡུག་བསྔལ་གསུམ་


GLG012_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཡང་ནས་ཡང་དུ་འཇོམས་པར་བྱེད་པའི་ཕྱིར། དེ་ལྟར་བཤད་པ་དེ་འཁོར་བར་འཁྱམ་ཚུལ་ལ་གོ་བ་ཙམ་སྐྱེ་ཕྱིར་དུ་ཡིན་ནམ་སྙམ་ན། མ་ཡིན་ཏེ། སྔར་སྙིང་རྗེ་བསྐྱེད་དགོས་ཞེས་ཡང་ཡང་བསྟན་ཀྱང་བསྐྱེད་ཚུལ་མ་བསྟན་པས་འདིར་བཤད་པའི་ཕྱིར། དེ་ལྟར་བསྟན་པ་ལ་དགོས་པ་ཅི་ཡོད་ཅེ་ན། ཡོད་དེ་ཚུལ་དེ་ལྟར་ངེས་པ་རྙེད་པ་ལ་བརྟེན་ནས་རང་ཉིད་འཁོར་བར་འཁྱམ་ཚུལ་བསམ་ཞིང་། དེ་ལ་བརྟེན་ནས་ངེས་འབྱུང་དྲག་པོ་སྐྱེས་པ་ན་རང་ཉམས་ལ་དཔགས་ནས་སེམས་ཅན་གཞན་གྱི་སྟེང་དུ་དེ་ལྟར་བསམས་པས། སྙིང་རྗེ་ཆེན་པོ་རྒྱུད་ལ་བསྐྱེད་པའི་ཐབས་ཡོངས་སུ་ཚང་བ་ཡིན་པའི་ཕྱིར། དེ་ཙམ་གྱིས་སྙིང་རྗེ་ཆེན་པོ་བསྐྱེད་ནུས་སམ་སྙམ་ན། དེས་མི་ཆོག་སྟེ། གྲོགས་གཞན་ཡིད་འོང་གི་བློ་ཞིག་ངེས་པར་དགོས་པའི་ཕྱིར་ཏེ། དཔེར་ན། རང་ཅག་རྣམས་མི་མཐུན་པའི་དགྲ་ཞིག་ལ་སྡུག་བསྔལ་བྱུང་བར་མཐོང་ན་མི་བཟོད་པ་མེད་པའི་སྟེང་དུ་དགའ་བ་སྐྱེ་ཞིང་། དགྲ་གཉེན་གང་ཡང་མིན་པ་ཞིག་ལ་བཏང་སྙོམས་དང་། མཛའ་བཤེས་ཤིག་ལ་བྱུང་ན་མི་བཟོད་པ་དང་། དེ་ཡང་ཤིན་ཏུ་མཛའ་བ་ཞིག་ལ་བྱུང་ན་མི་བཟོད་པའི་བློ་ཤུགས་དྲག་པའི་ཕྱིར། ཡིད་འོང་གི་བློ་དེ་གང་ལ་བརྟེན་ནས་བསྐྱེད་ཚུལ་ཡོད་དེ། སེམས་ཅན་ཐམས་ཅད་མར་ཤེས་པ་སོགས་རྒྱུ་འབྲས་མན་ངག་བདུན་ལ་བརྟེན་ནས་བསྐྱེད་དགོས་པའི་ཕྱིར། འོ་ན་སྙིང་རྗེ་འདིའི་ས་མཚམས་ཇི་ལྟ་བུ་ཞེ་ན། གཞག་ཏུ་ཡོད་དེ། ལམ་མ་ཞུགས་ནས་ས་བཅུ་པའི་བར་དུ་ཡོད་པའི་ཕྱིར། འདིའི་སྐོར། མཁས་པ་རྣམས་ཀྱིས་གོ་སླ་བར་བཞག་པ་མང་ཡང་། ད་ལྟའི་ཆོས་པ་རྣམས་རྩིག་རྨང་མེད་པའི་པུ་ཤུ་འགེལ་མཁན་མང་བས་གལ་ཆེ་བར་


GLG012_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་ཏེ་ཅུང་ཟད་སྤྲོས་པ་ཡིན་ལ། ལེགས་པར་བཤད་པའི་ཆ་ཧ་ཅང་མངས་ན་དེང་སང་གི་བླ་ཆེན་རྣམས་ཀྱི་བཞུགས་གྲལ་དུ་མ་ཚུད་དོགས་པས་འཇིགས་ཏེ་རེ་ཞིག་དེ་ཙམ་མོ། །གསུམ་པ་ནི། ཁ་ཅིག་སེམས་ཅན་ཙམ་ལ་དམིགས་པའི་སྙིང་རྗེ་ཡིན་ན་རྟག་གཅིག་རང་དབང་ཅན་གྱི་སེམས་ཅན་ལ་དམིགས་ནས་སྡུག་བསྔལ་དང་བྲལ་འདོད་ཀྱི་རྣམ་པ་ཅན་གྱི་བློ་ཡིན་པས་ཁྱབ་ཟེར་ན། སེམས་ཅན་མི་རྟག་པར་ཚད་མས་གྲུབ་པའི་གང་ཟག་གི་རྒྱུད་ཀྱི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཡིན་ན། རྟག་པས་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་ནས་སྡུག་བསྔལ་དང་བྲལ་འདོད་ཀྱི་རྣམ་པ་ཅན་གྱི་བློ་ཡིན་དགོས་པར་ཐལ། དེ་ཡིན་ན་སྙིང་རྗེ་དང་པོ་ཡིན་དགོས་པ་གང་ཞིག །དམ་བཅའ་འཐད་པའི་ཕྱིར། འདོད་ན། དེ་ཡིན་ན་སེམས་ཅན་རྟག་པར་འཛིན་པའི་བློ་མངོན་གྱུར་པས་དངོས་སུ་ཟིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། འདུས་བྱས་མི་རྟག་པར་ཚད་མས་གྲུབ་པའི་གང་ཟག་གི་རྒྱུད་ཀྱི་དེ་ལ་དམིགས་པའི་བློ་ཡིན་ན་དེ་རྟག་འཛིན་གྱི་བློ་མངོན་གྱུར་པས་དངོས་སུ་ཟིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་འདྲའི་གང་ཟག་ཡིན་ན་དེ་རྟག་པར་འཛིན་པའི་གང་ཟག་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་འདྲའི་གང་ཟག་དེས་འདུས་བྱས་རྟག་པ་དང་མི་རྟག་པ་གཉིས་ཀར་ཁས་ལེན་པར་ཐལ་ལོ། །གཞན་ཡང་། གང་ཟག་རྟག་གཅིག་རང་དབང་ཅན་གྱི་བདག་གིས་སྟོངས་པར་རྟོགས་པའི་གང་ཟག་གི་རྒྱུད་ཀྱི་སེམས་ཅན་ཙམ་ལ་དམིགས་པའི་སྙིང་རྗེ་ཆོས་ཅན། དེར་ཐལ། དེའི་ཕྱིར། །དེར་ཐལ། དེའི་རྒྱུད་ཀྱི་


GLG012_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡོད་པའི་ཕྱིར། དེར་ཐལ། སེམས་ཅན་མི་རྟག་པར་ཚད་མས་གྲུབ་པའི་གང་ཟག་གི་རྒྱུད་ཀྱི་སེམས་ཅན་ཙམ་ལ་དམིགས་པའི་སྙིང་རྗེ་ཡོད་པའི་ཕྱིར། མ་གྲུབ་ན། དེའི་རྒྱུད་ཀྱི་སྙིང་རྗེ་ཡིན་ན་མི་རྟག་པས་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་ནས་སྡུག་བསྔལ་དང་བྲལ་འདོད་ཀྱི་བློ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཡིན་ན་སེམས་ཅན་མི་རྟག་པར་རྟོགས་པའི་ཤེས་རབ་ཀྱིས་དངོས་སུ་ཟིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། བུམ་པ་ལ་དེ་ལྟར་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་འདྲའི་གང་ཟག་ལ་བུམ་པ་མཐོང་རེས་ཀྱི་མི་རྟག་པའོ་སྙམ་པའི་བློ་མི་འབྱུང་བའི་ཕྱིར། ཁ་ཅིག་དམིགས་པ་སེམས་ཅན་ལ་དམིགས་ནས་རྣམ་པ་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་གྱི་བློ་དེ་སེམས་ཅན་ལ་དམིགས་པའི་སྙིང་རྗེའི་མཚན་ཉིད་ཟེར་ན། སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་མཚུངས་ལྡན་གྱི་གཙོ་བོ་སེམས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། དེ་དང་མཚུངས་ལྡན་རྣམ་པ་ལྔ་མཚུངས་ཡིན་པའི་ཕྱིར། རྩ་བར་འདོད་ན། སེམས་བྱུང་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། ཁ་ཅིག་བདག་མེད་ཕྲ་རགས་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པའི་སེམས་ཅན་ལ་དམིགས་ནས་སྡུག་བསྔལ་དང་བྲལ་འདོད་ཀྱི་བརྩེ་བ་དེ་དེའི་མཚན་ཉིད་ཟེར་ན། མི་འཐད་པར་ཐལ། དེ་འདྲའི་སྙིང་རྗེ་མེད་པའི་ཕྱིར། དེར་ཐལ། བདག་མེད་ཕྲ་རགས་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པའི་སེམས་ཅན་མེད་པའི་ཕྱིར། ཁ་ཅིག་སྙིང་རྗེ་གང་ཞིག །མི་རྟག་པ་དང་བདེན་


GLG012_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པའི་སེམས་ཅན་ལ་དམིགས་ནས་སྡུག་བསྔལ་དང་བྲལ་འདོད་ཀྱི་རྣམ་པ་ཅན་གྱི་བློ་དེ་དེའི་མཚན་ཉིད་ཟེར་ན། མི་འཐད་པར་ཐལ། དེ་འདྲའི་སེམས་ཅན་མེད་པའི་ཕྱིར། རྟགས་གྲུབ་སྟེ། སེམས་ཅན་ཡིན་ན་དེ་གཉིས་གང་རུང་གིས་ཁྱད་པར་དུ་བྱས་དགོས་པའི་ཕྱིར། ཁ་ཅིག །སྙིང་རྗེ་དང་པོ་བདག་མེད་ཕྲ་རགས་གང་ཡང་མི་རྟོགས་པའི་གང་ཟག་ཁོ་ནའི་རྒྱུད་ལ་ཡོད་ཟེར་ན། དེ་འདྲའི་གང་ཟག་ཡིན་ན་དེ་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། །སྙིང་རྗེ་དང་པོ་རྒྱུད་ལ་ལྡན་པའི་བྱང་སེམས་ས་བརྒྱད་པ་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། དེར་ཐལ། དེ་འདྲའི་ས་བཅུ་པ་པ་ཡང་ཡོད་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དག་ས་ཡན་ཆད་ནས་དེ་མེད་པར་ཐལ། དེ་འདྲའི་རྒྱུད་ཀྱི་སྙིང་རྗེ་ཡིན་ན་དམིགས་མེད་ལ་དམིགས་པའི་སྙིང་རྗེ་ཡིན་དགོས་པའི་ཕྱིར། དེར་ཐལ། དེ་ཡན་ཆད་དུ་ཆོས་གང་རྟོགས་ཀྱང་བདེན་སྟོང་སྒྱུ་མ་ལྟ་བུར་རྟོགས་དགོས་པའི་ཕྱིར་ཟེར་ན་དེ་འདྲའི་རྒྱུད་ཀྱི་སྙིང་རྗེ་ཡིན་ན་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་དངོས་སུ་ཟིན་པས་ཁྱབ་པར་ཐལ། དེ་ཡིན་ན་དམིགས་མེད་ལ་དམིགས་པའི་སྙིང་རྗེ་ཡིན་དགོས་པའི་ཕྱིར། འདོད་ན། དེ་ཡིན་ན་བདག་མེད་རྟོགས་པའི་ཤེས་རབ་མངོན་གྱུར་ཏུ་རྒྱུད་ལ་ལྡན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་རྒྱུད་ཀྱི་སྙིང་རྗེ་ཡིན་ན་དེའི་རྒྱུད་ལ་མངོན་གྱུར་དུ་ཡོད་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ས་


GLG012_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པ་བའི་རྒྱུད་ལ་དེ་མངོན་གྱུར་དུ་མེད་པའི་ཕྱིར། དེར་ཐལ། སློབ་ལམ་ན་མཉམ་རྗེས་འགལ་བའི་ཕྱིར། གཉིས་པ་ལ་ཚིག་གི་དོན། སྤྱིའི་དོན། མཐའ་དཔྱད་པ་དང་གསུམ། དང་པོ་ནི། ཤེས་བྱ་ཆོས་ཅན། ཟླ་བ་གྲགས་པས་ཆོས་ལ་དམིགས་པའི་སྙིང་རྗེ་ལ་ཕྱག་འཚལ་བ་ཡིན་ཏེ། རླུང་གིས་གཡོ་བའི་ཆུའི་ནང་གི་ཟླ་བ་ལྟར། སྐད་ཅིག་གིས་འཇིག་པར་མཐོང་པའི་འགྲོ་བ་ལ་དམིགས་ནས་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་ལ་འདུད་པའི་ཕྱིར། དེ་ཆོས་ཅན། དམིགས་མེད་ལ་དམིགས་པའི་སྙིང་རྗེ་ལ་ཕྱག་འཚལ་བ་ཡིན་ཏེ། ཆུ་ཟླ་ལྟར་སྣང་ཡང་རང་བཞིན་གྱིས་གྲུབ་པས་སྟོངས་པར་མཐོང་བའི་འགྲོ་བ་ལ་དམིགས་ནས་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་དེ་ལ་འདུད་པའི་ཕྱིར། གཉིས་པ་ནི། ཆོས་ལ་དམིགས་པའི་སྙིང་རྗེ་གཞག་ཏུ་ཡོད་དེ། སེམས་ཅན་མི་རྟག་པར་ཚད་མས་གྲུབ་ཟིན་ཀྱི་གང་ཟག་གི་རྒྱུད་ཀྱི་སྙིང་རྗེ་གང་ཞིག །མི་རྟག་པས་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་ནས་སྡུག་བསྔལ་དང་བྲལ་བར་འདོད་པའི་བློ་དེ་ཡིན་པའི་ཕྱིར་ཏེ། རྣམ་བཤད་ལས། མི་རྟག་པའི་སེམས་ཅན་ཞེས་པ་ནི་མཚོན་པ་ཙམ་སྟེ། རང་རྐྱ་ཐུབ་པའི་རྫས་ཡོད་དུ་མེད་པའི་སེམས་ཅན་དམིགས་པར་བྱེད་པ་ལྟ་བུ་ལ་ཡང་ཆོས་ལ་དམིགས་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། སྒྲ་བཤད་དུ་ཡོད་དེ། གང་ཟག་གི་གདགས་གཞི་གཟུགས་སོགས་ཀྱི་ཕུང་པོ་ལ་ཆོས་ཞེས་བྱ་ལ། ཁྱོད་ཀྱི་ཕུང་སོགས་ཀྱི་ཆོས་ཙམ་ལ་བརྟེན་ནས་བཏགས་པའི་སེམས་ཅན་ལ་དམིགས་པ་ལ་བཏགས་པ་ཞེས་པའི་ཚིག་མི་མངོན་པར་བྱས་ནས་ཆོས་ལ་དམིགས་


GLG012_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བཤད་པའི་ཕྱིར་ཏེ། རྣམ་བཤད་ལས། ཆོས་ཙམ་ལ་བཏགས་པའི་སེམས་ཅན་ལ་དམིགས་པ་ལ་ཆོས་ལ་དམིགས་པ་ཞེས་པ་ནི་བར་གྱི་ཚིག་མི་མངོན་པར་བྱས་པའོ། །ཞེས་གསུངས་པའི་ཕྱིར། དམིགས་མེད་ལ་དམིགས་པའི་སྙིང་རྗེ་གཞག་ཏུ་ཡོད་དེ། སེམས་ཅན་ཐམས་ཅད་བདེན་སྟོང་དུ་ཚད་མས་གྲུབ་ཟིན་གྱི་གང་ཟག་གི་རྒྱུད་ཀྱི་སྙིང་རྗེ་གང་ཞིག །བདག་མེད་ཀྱིས་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་ནས་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་གྱི་བློ་དེ་ཡིན་པའི་ཕྱིར་ཏེ། ཊཱིཀ་ཆེན་ལས། དམིགས་པ་མེད་པ་ནི་མཚན་འཛིན་གྱིས་བཟུང་བ་ལྟར་གྱི་ཞེན་ཡུལ་མེད་པ་བདག་མེད་དོ། །ཞེས་གསུངས་པའི་ཕྱིར། སྒྲ་བཤད་དུ་ཡོད་དེ། འདིའི་དམིགས་པ་ནི་བདེན་གྲུབ་དང་། མེད་པ་ནི་བདེན་མེད་ཡིན་ལ། ཁྱོད་ཀྱིས་བདེན་པར་མེད་པའི་སེམས་ཅན་ལ་དམིགས་པ་ལ་སེམས་ཅན་ཞེས་པའི་ཚིག་མི་མངོན་པར་བྱས་ནས་དམིགས་མེད་ལ་དམིགས་ཞེས་བརྗོད་པའི་ཕྱིར་ཏེ། རྣམ་བཤད་ལས། བདེན་མེད་ཀྱིས་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་པ་ལ་དམིགས་པ་མེད་པ་ལ་དམིགས་པ་ཞེས་སམ། དམིགས་པ་མེད་པའི་སྙིང་རྗེ་ཞེས་བར་གྱི་ཚིག་མི་མངོན་པར་བྱས་པའོ། །ཞེས་གསུངས་པའི་ཕྱིར། སྙིང་རྗེ་འདི་གཉིས་པོའི་ཁྱད་པར་གང་གི་སྒོ་ནས་འབྱེད་ཅེ་ན་ཡོད་དེ། དཔེར་ན་མཚོ་དྭངས་པ་རླུང་བསེར་བུས་བསྐྱོད་ཚེ་ཟླ་བའི་གཟུགས་བརྙན་ཤར་བ། གཟུགས་བརྙན་དང་ཆུའི་གཉེར་མ་གཉིས་སྐད་ཅིག་ལ་མི་རྟག་པར་མཐོང་བ་བཞིན་དུ། ཆོས་ཀྱི་བདག་འཛིན་གྱི་འཇིག་ལྟའི་མཚོར་འགྲོ་བ་རྣམས་ཀྱི་ལས་དཀར་ནག་གི་


GLG012_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་བརྙན་ཤར་བ་འཇིག་པའི་འདུ་བྱེད་ཀྱིས་སྡུག་བསྔལ་བར་མཐོང་ནས་སྙིང་རྗེ་ཆེན་པོ་བསྐྱེད་པ་ནི་སྔ་མ་ཡིན་ལ། ཕྱི་མ་ནི་ཆུ་ནང་གི་ཟླ་བ་ཟླ་བར་སྣང་ཡང་སྟོང་པར་མཐོང་བ་བཞིན། ལས་དཀར་ནག་གི་གཟུགས་ཀྱང་རང་བཞིན་གྱིས་གྲུབ་པ་ལྟར་སྣང་ཡང་དེས་སྟོང་པར་མཐོང་ནས་སྙིང་རྗེ་བསྐྱེད་པའི་དམིགས་པའི་ཁྱད་པར་ཡིན་པའི་ཕྱིར་ཏེ། རྣམ་བཤད་ལས། འདི་ལྟར་ཆུ་ཤིན་ཏུ་དྭངས་པ་རླུང་ཤིན་ཏུ་དྲག་པོ་མིན་པས་ཆུའི་ཆ་ཤས་བརླབས་པས་ཁྱབ་པའི་ནང་དུ་ཟླ་བའི་གཟུགས་བརྙན་གཟུགས་བརྙན་ལས་སྔར་དམིགས་པའི་རྟེན་གྱི་ཡུལ་ཆུ་དང་ལྷན་ཅིག་ཏུ་ཧེ་རེ་རེ་འཇིག་པ། ཟླ་བ་རང་གི་དངོས་པོ་མངོན་སུམ་དུ་དམིགས་པ་ལྟ་བུར་ཤར་བ་ན་དམ་པ་སྟེ་སྐྱེ་བོ་ཚུལ་དེ་ལ་མཁས་པ་དག་གིས་སྐད་ཅིག་རེ་རེ་ལ་མི་རྟག་པ་དང་གང་དུ་སྣང་བའི་ཟླ་བའི་རང་བཞིན་གྱིས་སྟོངས་པར་མཐོང་ངོ་། །དཔེ་དེ་བཞིན་དུ་བྱང་སེམས་སྙིང་རྗེའི་དབང་དུ་གྱུར་པ་རྣམས་ཀྱིས་ཀྱང་། སེམས་ཅན་འཇིག་ལྟའི་མཚོར་དེ་རྒྱས་པའི་ཕྱིར་དུ་འབབ་པའི་མ་རིག་པའི་ཆུ་སྔོན་པོ་རྒྱ་ཆེ་བ་དང་ལྡན་པ་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གི་རླུང་གིས་བསྐྱོད་པའི་ནང་ན་གནས་པ་ནམ་མཁའི་ཟླ་བ་ལྟ་བུའི་རང་གི་ལས་དཀར་ནག་གི་གཟུགས་བརྙན་ལྟ་བུར་མདུན་ན་གནས་པ་རྣམས་སྐད་ཅིག་རེ་རེ་ལ་འཇིག་པའི་འདུ་བྱེད་ཀྱི་སྡུག་བསྔལ་ཐོག་ཏུ་འབབ་བ་དང་། རང་བཞིན་གྱིས་གྲུབ་པས་སྟོངས་པར་མཐོང་བ་ན་དེ་རྣམས་ལ་དམིགས་ནས་སྙིང་རྗེ་ཆེན་པོ་སྐྱེ་བར་འགྱུར་ཏེ། ཞེས་གསུངས་པའི་ཕྱིར། ས་མཚམས་གཞག་ཏུ་ཡོད་དེ། སྙིང་རྗེ་གཉིས་པ་བདག་མེད་རགས་པ་རྟོགས་པ་ནས་དང་། གསུམ་པ་ཕྲ་


GLG012_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

མོ་རྟོགས་པ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད་པའི་ཕྱིར། གསུམ་པ་ནི། ཁ་ཅིག་ཆོས་ལ་དམིགས་པའི་སྙིང་རྗེ་ཡིན་ན། སེམས་ཅན་མི་རྟག་པར་རྟོགས་པས་ཁྱབ་ཟེར་ན། སློབ་པའི་རྒྱུད་ཀྱི་སྙིང་རྗེ་ཆེན་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཁྱོད་ལ་འཛིན་སྟངས་མི་མཐུན་པ་གཉིས་ཡོད་པར་ཐལ། ཁྱོད་སེམས་ཅན་མི་རྟག་པར་འཛིན་པའི་བློ་གང་ཞིག །ཅིག་ཤོས་དེ་ཡིན་པའི་ཕྱིར། འདོད་མི་ནུས། ཁ་ཅིག་སྙིང་རྗེ་གང་ཞིག །མི་རྟག་པས་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་ནས་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་གྱི་བློ་དེ་སྙིང་རྗེ་གཉིས་པའི་མཚན་ཉིད་ཟེར་ན། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། མི་རྟག་པར་གྱུར་པའི་སེམས་ཅན་ལ་དམིགས་པའི་ཕྱིར། རྩ་བར་འདོད་མི་ནུས། ཁ་ཅིག་ཀུན་རྫོབ་ཀྱི་དོན་གང་ཡང་རུང་བས་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་ནས་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་གྱི་བློ་དེ་དེའི་མཚན་ཉིད་ཟེར་ན། སེམས་ཅན་མི་རྟག་པར་མ་རྟོགས་པའི་གང་ཟག་གི་རྒྱུད་ལ་དེ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན་རྣམ་བཤད་ལས། སྙིང་རྗེ་གཉིས་རྒྱུད་ལྡན་གྱི་གང་ཟག་གིས་སེམས་ཅན་སྐད་ཅིག་མ་དང་རང་བཞིན་མེད་པར་སྔོན་དུ་ངེས་ཟིན་པ་ལ་བརྟེན་ནས་ཁྱད་ཆོས་གཉིས་ཀྱི་རྣམ་པར་ཤར་བ་ཞིག་དགོས་ཀྱི་ཞེས་བཤད་པ་མི་འཐད་པར་ཐལ་ལོ། ཁ་ཅིག་སྙིང་རྗེ་གང་ཞིག །བདེན་སྟོང་གིས་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་ནས་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་གྱི་བློ་དེ་


GLG012_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་མེད་ལ་དམིགས་པའི་སྙིང་རྗེའི་མཚན་ཉིད་ཟེར་ན། རང་རྒྱུད་པའི་རྒྱུད་ཀྱི་བདེན་སྟོང་གིས་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་ནས་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་གྱི་སྙིང་རྗེ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། དེ་དེར་བདེན་ཞེན་གྱིས་འདོད་པའི་གང་ཟག་ཡིན་པའི་ཕྱིར། རྩ་བར་འདོད་ན། སེམས་ཅན་བདེན་སྟོང་དུ་ཚད་མས་རྟོགས་པའི་གང་ཟག་གི་རྒྱུད་ཀྱི་སྙིང་རྗེ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེས་སེམས་ཅན་བདེན་སྟོང་དུ་རྟོགས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཐལ་འགྱུར་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། ཁ་ཅིག་སྙིང་རྗེ་གསུམ་པ་ཡིན་ན་སེམས་ཅན་བདེན་མེད་དུ་རྟོགས་པས་ཁྱབ་ཟེར་ན། བྱང་སེམས་ས་དང་པོ་བའི་རྒྱུད་ཀྱི་དམིགས་མེད་ལ་དམིགས་པའི་སྙིང་རྗེ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་ལ་འཛིན་སྟངས་མི་མཐུན་པ་གཉིས་མེད་པའི་ཕྱིར། ཁ་ཅིག་སྙིང་རྗེ་གསུམ་པོ་དེ་སངས་རྒྱས་ཀྱི་ས་ན་མི་འགལ་ཞིང་། སེམས་ཅན་གྱི་ས་ན་འགལ་པའི་ཁྱད་པར་འཐད་ཟེར་ན། འོ་ན་སངས་འཕགས་ཀྱི་རྒྱུད་ཀྱི་སྙིང་རྗེ་ཡིན་ན་གསུམ་ག་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། རྣམ་མཁྱེན་སྐད་ཅིག་དང་པོ་ལ་གནས་པའི་སངས་འཕགས་ཀྱི་རྒྱུད་ཀྱི་སྙིང་རྗེ་ཆེན་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། རང་གི་དངོས་ཀྱི་ཉེར་ལེན་སེམས་ཅན་མི་རྟག་པར་རྟོགས་པའི་བློ་ལས་བྱུང་བར་ཐལ། ཆོས་ལ་དམིགས་པའི་སྙིང་རྗེ་ཡིན་པའི་ཕྱིར། འདོད་ན། རང་གི་དངོས་ཀྱི་ཉེར་ལེན་


GLG012_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་སྡུག་བསྔལ་གྱིས་མནར་བ་ཙམ་དུ་རྟོགས་པའི་བློ་ལས་བྱུང་བར་ཐལ། འདོད་པའི་ཕྱིར། འདོད་ན། བྱང་སེམས་རྒྱུན་མཐའ་བའི་རྒྱུད་ལ་སེམས་ཅན་སྡུག་བསྔལ་གྱིས་མནར་བ་ཙམ་དུ་རྟོགས་པའི་བློ་མངོན་གྱུར་བ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སློབ་པ་མཉམ་གཞག་པ་ཡིན་པའི་ཕྱིར། གཞན་ཡང་། སངས་འཕགས་ཀྱི་རྒྱུད་ལ་སྙིང་རྗེ་དང་པོ་མེད་པར་ཐལ། དེའི་རྒྱུད་ཀྱི་སྙིང་རྗེ་ཡིན་ན། སེམས་ཅན་བདེན་མེད་དུ་རྟོགས་པའི་ཤེས་རབ་ཀྱིས་དངོས་སུ་ཟིན་པས་ཁྱབ་པའི་ཕྱིར། དེར་ཐལ། སངས་འཕགས་ཡིན་ན་སྟོང་ཉིད་མངོན་སུམ་དུ་རྟོགས་པས་ཁྱབ་པའི་ཕྱིར། གཞན་ཡང་། མི་འཐད་པར་ཐལ། བདག་མེད་རགས་པས་ཁྱད་པར་དུ་བྱས་ཞེས་པའི་ཤུགས་ལ་རང་བཞིན་མེད་པས་ཁྱད་པར་དུ་མ་བྱས་པ་དེ་བསྟན་ཡོང་བའི་ཕྱིར་དང་། སེམས་ཅན་ཙམ་ཞེས་པའི་ཙམ་སྒྲས་ལྷག་མ་འགོག་ནུས་པའི་ཕྱིར། སྨྲས་པ། ཡང་ཡང་ངལ་བའི་ཁུར་ཆེན་མ་དགོས་པར། ལྷོད་ལྷོད་ལེགས་པར་བཤད་པ་འཆད་པ་འདི། །མཁས་མཁས་ཡོངས་འཛིན་བླ་མའི་བཀའ་དྲིན་དུ། །བླུན་བླུན་བདག་འདྲས་བལྟས་ཀྱང་ངེས་པ་རྙེད། །གཞན་དབང་ལས་ཀྱིས་སྡུག་བསྔལ་མཚོར་ལྷུང་ཞིང་། །སྐད་ཅིག་མི་རྟག་འཇིག་པའི་ངང་ཚུལ་ཅན། །ཐ་སྙད་རང་བཞིན་གྱིས་གྲུབ་དེས་སྟོངས་པའི། །ཚུལ་འདི་མཁས་རྣམས་དགའ་བ་སྐྱེད་བྱེད་ལགས། །བློ་གྲོས་མཆོག་གིས་སྐལ་བཟང་མ་ལུས་པར། །ཟབ་དོན་རྫ་རྔའི་གྲགས་པ་སྒྲོགས་མཁས་དེའི། །རིང་ལུགས་འདི་འདྲ་འཆད་ཚེ་ཟླ་བྲལ་རྗེ། །དཀོན་མཆོག་ཆོས་འཕེལ་ཡིན་པར་ད་གདོད་འཁུམས།
བྱང་སེམས་སོ་སྐྱེའི་སྐབས་ཀྱི་ཉམས་ལེན་རྣམས། །མཆོད་བརྗོད་སྐབས་སུ་དེ་ལྟར་བཤད་ཟིན་ནས། །འཕགས་ཆེན་དམ་པའི་རྣམ་པར་ཐར་པའི་ཚུལ། །ཅུང་ཟད་འཆད་ལ་རྒོལ་པའི་ཀླན་ཀ་སུ། ཁོ་བོའི་རིགས་པའི་མགྲིན་སྔོན་ཅན་གྱི་མདས། །མཁས་མང་དམ་བཅའི་སུམ་རྩེན་བཅོམ་པ་ན། །ད་ལྟའི་ཆེན་པོར་རློམ་པའི་ལྷ་མིན་རྣམས། །དར་ཟབ་སྣལ་མའི་རི་རབ་ཁོང་དུ་བྲོས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།


previousའདིར་བསྟན་ཆོས་གསུམ་བཤད་པ།next