Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

65 occurrences of དེའི་འོག་ཏུ་
[Clear Hits]


  
28  collapse section
  
  
  
 
  
  
  
  
  
  
  
  
ཤེར་ཕྱིན་བཤད་པ།
  
  
 
  
  
  
  
  
  
11   
 
  
  
 
 
  
  
  
  
  
  
  
expand section
  
17  expand section
expand section
 expand section
expand section
expand section


65 occurrences of དེའི་འོག་ཏུ་
[Clear Hits]

 
previousཤེར་ཕྱིན་བཤད་པ།next

ཤེར་ཕྱིན་བཤད་པ།


GLG013_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་བསྡུས་པའི་དོན་ལ། མཚམས་སྦྱར་བ་དང་། ངག་ཉེ་བར་དགོད་པ། བསྡུས་ཏེ་བཤད་པ། རྒྱས་པར་མ་དཀྲོལ་བའི་རྒྱུ་མཚན་ནོ། །དང་པོ་ནི། སྔར་བཤད་པ་དེ་ལྟར་འགྲེལ་པ་ལ་སོགས་པ་བསྙད་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལུས་རྣམ་པར་གཞག་པ་གསུངས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། གདུལ་བྱ་ཉན་པ་པོ་དང་བསྟན་བཅོས་འཆད་པ་པོ་གཉིས་ཀ་ལ་ལྟོས་པའི་དགོས་པ་ཡོད་པའི་ཕྱིར། དེ་ཆོས་ཅན། གདུལ་བྱ་ཉན་པ་པོ་ལ་ལྟོས་པའི་དགོས་པ་ཡོད་དེ། གདུལ་བྱ་ཉན་པ་པོ་རྣམས་ཀྱིས་ཡན་ལག་རྒྱས་བཤད་ཀྱི་རིམ་པ་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་དུ་ཡིན་པའི་ཕྱིར། དེ་ཆོས་ཅན། བསྟན་བཅོས་འཆད་པ་པོ་ལ་ལྟོས་པའི་དགོས་པ་ཡོད་དེ། བསྟན་བཅོས་ཀྱི་དོན་མདོ་ཙམ་རྣམ་པར་དབྱེ་


GLG013_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱས་པ་ཡང་ཡན་ལག་རྒྱས་བཤད་ཀྱི་རིམ་པ་མ་འཛིངས་པ་ཉིད་ཀྱིས་བཤད་པར་བྱ་བ་སླ་བར་གཟིགས་ནས་མཛད་པའི་ཕྱིར། ཤེས་བྱ་ཆོས་ཅན། བསྟན་བཅོས་ཀྱི་དོན་བསྡུས་ནས་སྟོན་ཚུལ་ཡོད་དེ། ཤེས་རབ་ཕ་རོལ་ཕྱིན་པ་ཞེས་པ་ནས། ཡང་དག་བརྗོད་ཅེས་པའི་བར་གྱི་ཚིག་ལེའུར་བྱས་པ་སྟེ། ཚིགས་བཅད་བཅོ་ལྔས་མདོར་བསྟན་དང་རྒྱས་པར་བཤད་པའི་སྒོ་ནས་བསྟན་པའི་ཕྱིར། གཉིས་པ་ལ། ལུས་མདོར་བསྟན་པ་དང་། དེ་རྒྱས་པར་བཤད་པའོ། །དང་པོ་ལ། བཤད་བྱ་འཆད་བྱེད་མདོར་བསྟན་པ་དང་། འཆད་བྱེད་ཀྱི་རྐང་གྲངས་སོགས་མདོར་བསྟན་པའོ། །དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། རྗེ་བཙུན་བྱམས་མགོན་ཆོས་ཅན། གཞུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་འབྲིང་བསྡུས་གསུམ་ནི་ལེགས་པར་བཤད་པ་ཡིན་ཏེ། ཡུམ་གྱི་རྗོད་བྱེད་ལ་སྐབས་བརྒྱད་དང་། བརྗོད་བྱ་དོན་གྱི་དངོས་པོ་ལ་མངོན་རྟོགས་བརྒྱད་ཀྱིས་ཕྱེ་བ་ཉིད་ཀྱིས་ཡང་དག་པར་ཏེ་ཕྱིན་ཅི་མ་ལོག་པར་བཤད་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ནི། ཁ་ཅིག །སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་མཁྱེན་པ་གང་ཞིག །མི་གནས་པའི་མྱང་འདས་སུ་ཕྱིན་པའམ་ཕྱིན་བྱེད་གང་རུང་དེ་ཤེར་ཕྱིན་གྱི་མཚན་ཉིད་དང་། སློབ་ལམ་ན་ཤེར་ཕྱིན་ཡོད་ཟེར་ན། ཤེར་ཕྱིན་ཆོས་ཅན། མི་གནས་པའི་མྱང་འདས་སུ་ཕྱིན་པ་དང་ཕྱིན་བྱེད་གང་རུང་ཡིན་པར་ཐལ། ཤེར་ཕྱིན་ཡིན་པའི་ཕྱིན། འདོད་ན། མི་གནས་པའི་མྱང་འདས་སུ་ཕྱིན་བྱེད་ཡིན་པར་ཐལ། འདོད་པ་གང་ཞིག །མི་གནས་པའི་མྱང་འདས་སུ་ཕྱིན་པ་མ་ཡིན་པའི་ཕྱིར། ཕྱི་མ་མ་གྲུབ་ན། སློབ་ལམ་ན་ཤེར་ཕྱིན་མེད་


GLG013_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐལ་ལོ། །རྩ་བར་འདོད་མི་ནུས་ཏེ། རྣམ་མཁྱེན་དེ་ཁྱོད་ཡིན་པའི་ཕྱིར། གཞན་ཡང་། ལམ་ཤེར་ཕྱིན་དེ་ཤེར་ཕྱིན་ཡིན་པར་ཐལ། སློབ་ལམ་ན་ཤེར་ཕྱིན་ཡོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། དེ་ཤེར་ཕྱིན་བཏགས་པ་བ་ཡིན་པའི་ཕྱིར། དེར་ཐལ། འགྲེལ་ཆེན་ལས། མཐོང་བ་ལ་སོགས་པའི་མཚན་ཉིད་ཅན་གྱི་ལམ་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་བཏགས་སོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག །ཆོས་རབ་ཏུ་རྣམ་འབྱེད་ཀྱི་བློ་གང་ཞིག །སྲིད་ཞིའི་ཕ་རོལ་ཏུ་ཕྱིན་ཟིན་པའམ། ཕྱིན་པར་བྱེད་པ་གང་རུང་དེ་ཤེར་ཕྱིན་མཚན་ཉིད་ཟེར་ན། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། ཆོས་རབ་ཏུ་རྣམ་འབྱེད་ཀྱི་བློ་ཡིན་ན་ཤེས་རབ་ཡིན་པས་མ་ཁྱབ་པའི་ཕྱིར། དེར་ཐལ། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་འཁོར་དུ་ལྡན་པའི་གཙོ་བོ་སེམས་དེ་དེ་འདྲའི་བློ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། རྣམ་མཁྱེན་མ་ཡིན་པའི་ཕྱིར། ཁ་ཅིག །སློབ་ལམ་ན་བསླབ་པ་གསུམ་མེད་པར་ཐལ། སློབ་ལམ་ན་ཕར་ཕྱིན་དྲུག་མེད་པའི་ཕྱིར། ཁྱབ་པ་ཡོད་དེ། མདོ་སྡེ་རྒྱན་ལས། བསླབ་གསུམ་དབང་དུ་མཛད་ནས་ནི། །རྒྱལ་བས་ཕ་རོལ་ཕྱིན་པ་དྲུག །ཅེས་གསུངས་པའི་ཕྱིར་ན་མ་ཁྱབ། འོ་ན། ཉན་ཐོས་དགྲ་བཅོམ་པའི་རྒྱུད་ལ་བསླབ་པ་གསུམ་མེད་པར་ཐལ། དེའི་རྒྱུད་ལ་ཕར་ཕྱིན་དྲུག་མེད་པའི་ཕྱིར། ཁ་ཅིག །སློབ་ལམ་ན་ཕར་ཕྱིན་དྲུག་ཡོད་པར་ཐལ། བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་ཕར་ཕྱིན་བཅུ་སངས་རྒྱས་སུ་འགྲོ་བའི་ལམ་ཡིན་པའི་ཕྱིར། སངས་རྒྱས་ཉིད་ཀྱི་ལམ་


GLG013_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་སྟེ། ཞེས་པའི་འགྲེལ་ཚིག་གི་བསྟན་དོན་གྲུབ་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ཉམས་ལེན་ལ་དགོངས་པའི་ཕྱིར། ཁ་ཅིག །སློབ་ལམ་ན་ཕར་ཕྱིན་དྲུག་ཡོད་པར་ཐལ། དེ་དང་མཚུངས་ལྡན་གྱི་སེམས་བསྐྱེད་དྲུག་ཡོད་པའི་ཕྱིར་ན། སློབ་ལམ་ན་ཆོས་སྐུ་ཡོད་པར་ཐལ། སློབ་ལམ་ན་ཆོས་སྐུ་དང་མཚུངས་ལྡན་གྱི་སེམས་བསྐྱེད་ཡོད་པའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས། རྒྱལ་སྲས་རྣམས་ཀྱི་སེམས་བསྐྱེད་ནི། །སྤྲིན་དང་འདྲ་བ་ཉིད་དུ་བསྟན། །ཞེས་གསུངས་པའི་ཕྱིར། གཉིས་པ་རང་ལུགས་ནི། ཁྱད་ཆོས་གསུམ་གྱིས་ཁྱད་པར་དུ་བྱས་པའི་མཐར་ཕྱིན་པའི་ཡེ་ཤེས་དེ་ཤེར་ཕྱིན་གྱི་མཚན་ཉིད། རྣམ་མཁྱེན་ཆོས་ཅན། ཁྱད་ཆོས་གསུམ་དང་ལྡན་ཏེ། རྟེན་གྱི་ཁྱད་པར་སངས་འཕགས་ཁོ་ནའི་རྒྱུད་ལ་ཡོད། ངོ་བོའི་ཁྱད་པར་གཉིས་སུ་མེད་པའི་ཡེ་ཤེས་ཡིན་པ། དགག་བྱ་དང་བྲལ་བའི་ཁྱད་པར་བདེན་སྟོང་སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར། དེ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། རང་བཞིན་གྱི་ཤེར་ཕྱིན། གཞུང་ཤེར་ཕྱིན། ལམ་ཤེར་ཕྱིན། འབྲས་བུ་ཤེར་ཕྱིན་བཞི་ལས། དང་པོ་ནི། ཆོས་ཉིད་བདེན་སྟོང་ལྟ་བུའོ། །ཐེག་ཆེན་གྱི་ལམ་དང་འབྲས་བུ་གང་རུང་བརྗོད་བྱའི་གཙོ་བོར་སྟོན་པའི་ཤེར་ཕྱིན་གྱི་རྒྱལ་བའི་གསུང་རབ་དེ་གཉིས་པའི་མཚན་ཉིད། དོན་གཉིས་ཕུན་སུམ་ཚོགས་པ་སྒྲུབ་བྱེད་ཀྱི་སེམས་དཔའི་རྣལ་འབྱོར་གསུམ་པའི་མཚན་ཉིད། ཁྱད་ཆོས་བཞིས་ཁྱད་པར་དུ་བྱས་པ་མཐར་ཕྱིན་པའི་ཡེ་ཤེས་བཞི་པའི་མཚན་ཉིད། ཁྱད་ཆོས་བཞི་ཡང་ཡོད་དེ། རྟེན་གྱི་ཁྱད་པར་སངས་རྒྱས་ཁོ་ནའི་རྒྱུད་ལ་ཡོད་པ། ངོ་བོའི་ཁྱད་པར་ཡེ་ཤེས་ཡིན་


GLG013_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

པ། རྣམ་པའི་ཁྱད་པར་གཉིས་སུ་མེད་པ། དགག་བྱ་དང་བྲལ་བའི་ཁྱད་པར་བདེན་སྟོང་སྒྱུ་མ་ལྟ་བུ་རྣམས་ཡིན་པའི་ཕྱིར། གསུམ་པ་རྩོད་པ་སྤོང་བ་ལ། ཁོ་ན་རེ། རྣམ་མཁྱེན་ཆོས་ཅན། ཤེར་ཕྱིན་གྱི་མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། སངས་འཕགས་ཁོ་ནའི་རྒྱུད་ལ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་རྒྱུད་ལྡན་གྱི་གང་ཟག་ཡིན་ན་སངས་འཕགས་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཐེག་ཆེན་འཕགས་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། གང་ཟག་གང་ཞིག །རྣམ་མཁྱེན་ཁྱོད་ཀྱི་མངོན་རྟོགས་ཡིན་པའི་ཕྱིར་ན། མ་ཁྱབ། ཡང་ཁོ་ན་རེ། བྱང་སེམས་ཀྱི་སྦྱོར་ལམ་ཆོས་ཅན། ལམ་ཤེར་ཕྱིན་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། ལམ་ཤེར་ཕྱིན་གྱི་ས་མཚམས་ཐེག་ཆེན་གྱི་མཐོང་ལམ་ནས་འཛིན་མི་རིགས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། མཐོང་བ་ལ་སོགས་པའི་ཞེས་སོགས་གསུངས་པའི་ཕྱིར་ན། མ་ཁྱབ་སྟེ། དེ་ནི་མཚོན་པ་ཙམ་ཡིན་པའི་ཕྱིར། དེ་ལྟར་ན། སྡུད་འགྲེལ་རྟོགས་སླ་ལས། དངོས་དང་སྦྱོར་བ་ལ་སོགས་པའི་མཚན་ཉིད་ཀྱི་ལམ་དེ་དེའི་དོན་དུ་སྦྱོར་བ་ཉིད་ཀྱི་གཙོ་བོ་མ་ཡིན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་གསུངས་པ་མི་འཐད་པར་ཐལ་ལོ། །ཡང་ཁ་ཅིག །ལམ་ཤེར་ཕྱིན་ཤེར་ཕྱིན་ཡིན་པར་ཐལ། ཡུམ་རྒྱས་འབྲིང་བསྡུས་གསུམ་ཤེར་ཕྱིན་ཡིན་པའི་ཕྱིར། དེར་ཐལ། ཤེས་རབ་ཕ་རོལ་ཕྱིན་པ་ནི། ཞེས་པའི་སྐབས་ནས་བསྟན་པའི་ཤེར་ཕྱིན་མཚན་ཉིད་པ་ཞིག་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། རྒྱས་འབྲིང་བསྡུས་གསུམ་དེ་དེ་ཡིན་པའི་ཕྱིར་ཏེ། དེ་ཡོད་པའི་ཕྱིར། ཁ་ཅིག །གཞུང་དེའི་སྐབས་ནས་བསྟན་པའི་ཤེར་ཕྱིན་ཡིན་ན་
ཤེར་ཕྱིན་དངོས་ཡིན་དགོས་པར་ཐལ། དེའི་སྐབས་ནས་བསྟན་པའི་ཤེར་ཕྱིན་བཏགས་པ་བ་མེད་པའི་ཕྱིར་ན་མ་ཁྱབ། འོ་ན། ས་བཅུ་པའི་ཡེ་ཤེས་དེ་སངས་རྒྱས་ཀྱི་ས་ཡིན་པར་ཐལ། གང་གི་སངས་རྒྱས་སར་གནས་པ། ཞེས་པའི་སྐབས་ནས་བསྟན་པའི་སངས་རྒྱས་ཀྱི་ས་མཚན་ཉིད་པ་ཡོད་པའི་ཕྱིར། ཁྱབ་པ་འགྲིག །རྟགས་གྲུབ་སྟེ། དེ་དེའི་སྐབས་ནས་བསྟན་པའི་སངས་རྒྱས་ཀྱི་ས་ཡིན་པའི་ཕྱིར། འདོད་ན། དེའི་གནས་སྐབས་ན་སངས་རྒྱས་ཀྱི་ས་མཚན་ཉིད་པ་ཡོད་པར་ཐལ། འདོད་པའི་ཕྱིར། གཞན་ཡང་། གཞུང་འདིའི་སྐབས་ནས་བསྟན་པའི་སངས་རྒྱས་ཀྱི་ས་ཡིན་ན་སངས་རྒྱས་ཀྱི་ས་དངོས་ཡིན་དགོས་པར་ཐལ། གཞུང་འདིའི་སྐབས་ནས་བསྟན་པའི་སངས་རྒྱས་ཀྱི་ས་བཏགས་པ་བ་མེད་པའི་ཕྱིར་རོ། །


previousཤེར་ཕྱིན་བཤད་པ།next