Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

13 occurrences of གཏེར་སྲུང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
ཐུགས་སྒྲུབ་སྔོན་འགྲོ།
  
 
 
  
  
  
  
  
  
  
  
  
  
  
  
 
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
 
  
  
  
  
  
  
  
  
  
 
  
  
  


13 occurrences of གཏེར་སྲུང་
[Clear Hits]

 
previousཐུགས་སྒྲུབ་སྔོན་འགྲོ།next

ཐུགས་སྒྲུབ་སྔོན་འགྲོ།


JKT015_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཐུགས་སྒྲུབ་སྔོན་འགྲོ་བཏང་ཚུལ་དགེ། །ཐུགས་སྒྲུབ་སྔོན་འགྲོ་རྒྱས་པར་བཏང་ན། ཐུན་མོང་གི་སྔོན་འགྲོ་དྲུག་གི་བློ་སྦྱོང་ཇི་སྐད་བཤད་པ་བཞིན་རྒྱས་པར་བཏང་བའམ། ཐུན་མིན་སྔོན་འགྲོ་དང་སྦྲེལ་ན། དལ་འབྱོར་རྙེད་དཀའ་ལ་བློ་སྦྱོང་ཞིང་སྙིང་པོ་ལེན་པའི་ལམ་ཐམས་ཅད་ཀྱི་རྩ་བ་སྐྱབས་སུ་འགྲོ་བ་ལ་འཇུག་པར་བགྱིའོ་སྙམ་པས། སྐྱབས་ཡུལ་གཙོ་བོ་བླ་མ་སྣང་སྲིད་ཟིལ་གནོན་ལ་བརྒྱུད་པའི་བླ་མས་བསྐོར་བ་དང་། མདུན་དུ་ཡི་དམ། གཡས་སུ་སངས་རྒྱས་སྤྲུལ་སྐུ། རྒྱབ་ཏུ་ཆོས། གཡོན་དུ་དགེ་འདུན། མཐའ་བསྐོར་ཀུན་ཏུ་མཁའ་འགྲོ་ཆོས་སྲུང་ནོར་ལྷ་རྣམས་གསལ་བཏབ་ལ། སྐྱབས་སུ་འགྲོ་ཚུལ་སོགས་སྤྱི་ལྟར་ཤེས་པར་བྱས་ནས། སྐྱབས་འགྲོ་འབུམ་ཐེར་ཁ་སྐོང་བཅས། དེ་ནས་མི་རྟག་པས་རྒྱུད་བསྐུལ་ཏེ། ནམ་འཆི་ཆ་མེད་ཀྱི་ཚེ་ཐུང་འདི་ལ་དལ་འབྱོར་ལ་


JKT015_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་ལེན་པའི་ཐབས་ཐམས་ཅད་ཀྱི་སྙིང་པོ་བྱང་ཆུབ་སེམས་གཉིས་བསྐྱེད་ནས། བྱང་ཆུབ་སེམས་ཀྱི་རྟར་ཞོན་ནས། བདེ་ནས་བདེ་བར་འགྲོ་བ་ལ། ཞེས་པའི་གདེང་དང་ལྡན་པ་ཞིག་བྱའོ་སྙམ་པའི་འཕེན་པས་སེམས་བསྐྱེད་རྒྱས་པར་སྨོན་པ། ཚོགས་བསག །འཇུག་པ་བཅས་སོ་སོར་འབུམ་ཐེར། འབྲིང་སོ་སོར་ཁྲིར་རེ་སོགས་གང་འགྲུབ་རེ། བསྡུ་ན་སྨོན་སེམས་ཁོ་ནར་དོན་གྱིས་འཇུག་པའང་འདུ་བས་ཁྲི་སོགས་གང་འགྲུབ། དེ་ནས་ཤི་བའི་འོག་ཏུ་འཁོར་བ་གར་སྐྱེས་སྡུག་བསྔལ་གྱི་རང་བཞིན་དང་། དེའི་རྩ་བའང་ལས་ཉོན་གྱི་ཀུན་འབྱུང་ལ་ཐུག་པས། དེས་བསྐྱེད་པའི་སྡིག་ལྟུང་སྦྱོང་བ་ལ་རགས་ལས་པར་ཤེས་ནས་རྡོར་སེམས་བསྒོམ་བཟླས་ཇི་སྐད་བཤད་པ་བཞིན་གྱི་ཁོངས་ཡི་གེ་བརྒྱ་པ་འབུམ་ཕྲག་ཁ་སྐོང་དང་བཅས་འགྲོ་ངེས་དང་། ཡིག་དྲུག་ཀྱང་ཇི་ནུས་ཙམ་བཟླ། དེ་ནས་ལས་འབྲས་སྨིན་ཚུལ་ལ་བསམས་ནས། དགེ་ཚོགས་རླབས་པོ་ཆེ་དུས་མྱུར་བ་ཉིད་དུ་བསྒྲུབ་པའི་བློས་མཎྜལ་རྒྱས་པ་འབུམ་ཐེར་རམ། མ་གྲུབ་ན་རྒྱས་པ་ཁྲི་ཙམ་དང་། བསྡུས་པ་སྒྲོལ་མའི་སྐབས་སུ་གསུངས་པ། ཨོ་ཨཱཙྪཱཧཱུྃ། ཁམས་གསུམ་སྣོད་བཅུད་དཔལ་འབྱོར་དང་༔ བདག་ལུས་ལོངས་སྤྱོད་དགེ་ཚོགས་ཀུན༔ ཐུགས་རྗེའི་བདག་ཉིད་རྣམས་ལ་འབུལ༔ བཞེས་ནས་བྱིན་གྱིས་བརླབ་ཏུ་


JKT015_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜ་ལ་པཱུ་ཛ་ཧོ༔ ཞེས་པ་འབུམ་ཕྲག་ཁ་སྐོང་བཅས་འགྲོ་ངེས་བྱ། དེ་ནས་ཐར་པའི་ཕན་ཡོན་དང་། དེ་ཐོབ་བྱེད་ལམ་གྱི་མཐར་ཐུག་བླ་མའི་བྱིན་བརླབས་ཞུགས་པ་ལ་རགས་ལས་པས། མོས་གུས་བླ་མའི་རྣལ་འབྱོར་ལ་འཇུག་པའི་བློས། ཕྱི་སྒྲུབ་གསོལ་འདེབས་བར་ཆད་ལམ་སེལ་ཁྲི་དང་སྟོང་སོགས་གང་འགྲུབ་དང་། བསྡུས་པ་དུས་གསུམ་སངས་།རྒྱས་མ་འབུམ་ཐེར་འགྲོ་ངེས་བྱ། དེ་ཡང་ཐུན་མགོར་བར་ཆད་ལམ་སེལ་ཉེར་གཅིག་ནས། བདུན་གསུམ་ཡན་གང་རིགས་དང་། དེ་ནས་བསྡུས་པ་བསག །འདི་སྐབས་སམ། གོང་གི་སེམས་བསྐྱེད་ཀྱི་ཡན་ལག་བདུན་པ་དང་སྦྲགས་ནས་ཕྱག་འབུམ་ཐེར་ཀྱང་གྲུབ་ན་ལེགས། ནང་སྒྲུབ་བསྙེན་པ་རབ་འབུམ་ཕྲག་བརྒྱ། འབྲིང་འབུམ་ཕྲག་བཅུ་གཉིས། ཐ་མ་འབུམ་ཕྲག་བཞི་བཟླ། གསང་སྒྲུབ་དགོངས་པ་བསྐྱང་བ་ཐུན་ཐམས་ཅད་ཀྱི་མཇུག་ཏུ་མཉམ་བཞག་ཡུན་རིང་བར་བྱ། དེ་ཡང་སྐྱབས་འགྲོ་ནས་བརྩམས་བླ་མའི་རྣལ་འབྱོར་ཡན་རང་རང་ཉམས་ལེན་གང་ཡིན་རེ་ཐུན་གྱི་དངོས་གཞིར་བྱས་ནས། ཐུན་རེ་རེ་བཞིན་སྤྱིར་སྔོན་འགྲོ་ཚར་རེ་ཆ་ཚང་འགྲོ་བར་བྱའོ། །མངྒ་ལཾ་སིདྡྷི་རསྟུ།། །།


previousཐུགས་སྒྲུབ་སྔོན་འགྲོ།next