Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་གསུམ་པ།

15 occurrences of ཆུ་བཟང་
[Clear Hits]


 
  
  
  
  
  
  
 
 
  
  
 
  
  
  
དཔལ་གསང་བ་སྙིང་པོའི་བརྒྱུད་པ་རིན་པོ་ཆེ་ལ་གསོལ་བ་འདེབས་པ་དང་ལམ་རིམ་སྨོན་ལམ་ཕུན་ཚོགས་དཔག་བསམ་སྤྲིན་གྱི་མེ་ཏོག ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ།
 
 
  


15 occurrences of ཆུ་བཟང་
[Clear Hits]

 
previousདཔལ་གསང་བ་སྙིང་པོའི་བརྒྱུད་པ་རིན་པོ་ཆེ་ལ་གསོལ་བ་འདེབས་པ་དང་ལམ་རིམ་སྨོན་ལམ་ཕུན་ཚོགས་དཔག་བསམ་སྤྲིན་གྱི་མེ་ཏོག ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ།next

དཔལ་གསང་བ་སྙིང་པོའི་བརྒྱུད་པ་རིན་པོ་ཆེ་ལ་གསོལ་བ་འདེབས་པ་དང་ལམ་རིམ་སྨོན་ལམ་ཕུན་ཚོགས་དཔག་བསམ་སྤྲིན་གྱི་མེ་ཏོག ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ།

ཤྲཱི གུ ཧྱ ག རྦྷ སྱ པ ར སྤ རཿ ར ཏྣ ན པྲཱ ཪྠ ན ཙ། མཱ རྒ ཀྲ མ པྲ ཎི དྷཱ ན ཌྒུ ཏི སུ མེ གྷེ ན པཱུ ཥྤཾ ནཱ མ བྷི ཧ ར ཏི སྨ།
དཔལ་གསང་བ་སྙིང་པོའི་བརྒྱུད་པ་རིན་པོ་ཆེ་ལ་གསོལ་བ་འདེབས་པ་དང་། ལམ་རིམ་སྨོན་ལམ་ཕུན་ཚོགས་དཔག་བསམ་སྤྲིན་གྱི་མེ་ཏོག་ཅེས་བྱ་བ་བཞུགས་སོ། །
ཀ་དག་ཀུན་བཟང་གདོད་ནས་ཡེ་སངས་རྒྱས། །འཁོར་འདས་མཉམ་ཉིད་གཉིས་མེད་ཀློང་དུ་གྱུར། །དང་པོའི་སངས་རྒྱས་དཔལ་ལྡན་རྡོ་རྗེ་འཆང་། །གསང་བདག་ཆེན་པོ་ཁྱེད་ལ་མི་ཕྱེད་འདུད། །རྒྱལ་སྲས་དབང་ཕྱུག་མཐུ་སྟོབས་ནུས་པའི་གཏེར། །སངས་རྒྱས་སྟོང་གི་བསྟན་པ་འཛིན་བྱེད་ཅིང་། །གདུལ་དཀའ་འདུལ་མཛད་ཕྱག་ན་རྡོ་རྗེ་བསྣམས། །གསང་བདག་གཉིས་པའི་ཞབས་ལ་གསོལ་བ་འདེབས། །ཐུབ་པས་ལུང་བསྟན་ཨོ་རྒྱན་ཌཱཀྐིའི་གཙོ། །གསང་སྔགས་རྒྱུད་སྡེ་ཟབ་མོའི་མཛོད་འཆང་བ། །རིན་ཆེན་མང་གི་རྣམ་འཕྲུལ་ཐམས་ཅད་མཁྱེན། །ཀུ་ཀུ་རཱ་ཛའི་ཞབས་ལ༴ རྒྱལ་བའི་དངོས་སློབ་མ་འོངས་ལུང་བསྟན་པ། །ཆོས་ཀྱི་རྒྱལ་པོ་ངེས་དོན་རྒྱ་མཚོའི་བདག །ཚེ་གཅིག་སངས་རྒྱས་ས་ལ་གཤེགས་མཛད་པ། །ཨིནྟྲ་བྷུ་ཏིའི་ཞབས་ལ༴ གསུང་རབ་རྒྱུད་སྡེ་རྒྱ་མཚོའི་ཕ་རོལ་ཕྱིན། །དོན་བཅུད་གསང་སྔགས་ཟབ་མོའི་གནས་ལུགས་རྟོགས། །འདོད་ཡོན་སྤང་མེད་རྣམ་དག་ལམ་དུ་ཁྱེར། །ཤཱཀྱ་སུ་ཏྲིའི་ཞབས༴ གསུང་རབ་རྒྱ་མཚོའི་གཞུང་དོན་ཁོང་དུ་ཆུད། །ཀ་དག་གནས་ལུགས་རང་བྱུང་འགྱུར་མེད་རྟོགས། །ཕུང་ཁམས་ལྷར་སྨིན་སྟོབས་ཀྱིས་ཕ་རོལ་སོན། །ས་བརྒྱད་སེམས་མའི་ཞབས་ལ༴ ཐེག་ཆེན་རྣལ་འབྱོར་གསང་སྔགས་ཟབ་མོའི་བདག །བླ་མེད་རྡོ་རྗེ་ཐེག་པའི་དོན་རྟོགས་ནས། །ཚེ་གཅིག་ཚེ་འདིར་རིག་འཛིན་མཆོག་ཐོབ་པ། །རྡོ་རྗེ་ཡོན་ཏན་གཟུངས་ལ་གསོལ༴ ཡང་དག་ཐུགས་ཀྱི་སྒོར་ཞུགས་དངོས་གྲུབ་བརྙེས། །མི་འགྱུར་བདེ་སྟོང་དབྱེར་མེད་རྡོ་རྗེ་འཛིན། །ཟབ་ལམ་བསྟན་པའི་མངའ་བདག་ཆོས་ཀྱི་རྗེ། །གྲུབ་ཆེན་ཧཱུྃ་ཀ་ར་ལ༴ གསང་སྔགས་ཕྱི་ནང་ཆོས་ལ་མངའ་བརྙེས་ཤིང་། །རྒྱལ་བའི་དཀྱིལ་འཁོར་ཚོགས་རྣམས་ཞལ་གཟིགས་ནས། །སྣ་ཚོགས་ཐབས་ཀྱིས་འགྲོ་བའི་དོན་མཛད་པ། །ཕྲ་ཆེན་ཧ་སྟིའི་ཞབས་ལ་གསོལ༴ འཇམ་དཔལ་དབྱངས་ཀྱིས་ཐུགས་རྗེས་རྗེས་བཟུང་ནས། །ཕྱི་ནང་ཐེག་པའི་ཆོས་རྣམས་ཐུགས་ལ་རྫོགས། །ངོ་མཚར་གཞུང་དང་གདམས་པ་དུ་མའི་གཏེར། །སངས་རྒྱས་གསང་བའི་ཞབས༴ འོད་དཔག་མེད་ཀྱི་རྣམ་འཕྲུལ་འཆི་མེད་སྐུ། །དྷ་ན་ཀོ་ཥའི་མཚོ་གླིང་པདྨར་སྐྱེས། །སངས་རྒྱས་གཉིས་པ་ཟབ་རྒྱས་ཆོས་གཏེར་བདག །ཨུ་རྒྱན་པདྨའི་ཞབས་ལ༴ པཎ་ཆེན་དུ་མ་ཚོགས་པའི་དབུས་ན་མཛེས། །རིག་པའི་གནས་ལྔ་མ་ལུས་ཐུགས་ལ་རྫོགས། །རྒྱ་གར་མཁས་པའི་མཆོག་གྱུར་བཀའ་དྲིན་བདག །དྲི་མེད་བཤེས་གཉེན་ཞབས༴ ལུང་རིགས་གསུང་གི་དབང་ཕྱུག་མངའ་བརྙེས་ཤིང་། །ཕ་རོལ་སྨྲ་བའི་ལོག་རྟོག་ཚར་གཅོད་ཅིང་། །ཟབ་རྒྱས་ཆོས་ཀྱི་རྒྱ་མཚོ་བསྒྱུར་མཛད་པ། །ལོ་ཙ་རིན་ཆེན་མཆོག་ལ༴ ཐུབ་དབང་བསྟན་པའི་རྒྱུ་འབྲས་ཐེག་པ་ལ། །ཇི་བཞིན་མ་ནོར་མངོན་སུམ་རྟོགས་གྱུར་ནས། །ཟག་མེད་དགོངས་པ་མཆོག་ལ་མངའ་བརྙེས་པ། །ཀྱེ་རུ་མཆོག་སྐྱོང་ཞབས༴ རྣམ་དག་ཐོས་པའི་ལུང་ཆོས་ཐུགས་ལ་རྫོགས། །གསང་སྔགས་ཟབ་མོའི་བསྒྲུབ་རྒྱུད་བསྟན་པ་འཛིན། །ཟག་མེད་ཟུང་འཇུག་མངོན་སུམ་རྟོགས་པ་ཡི། །རྒྱལ་བ་ཡོན་ཏན་ཞབས་ལ༴ ཐུབ་དབང་བསྟན་པའི་དཔལ་ལ་མངའ་བརྙེས་ཤིང་། །མི་འགྱུར་ཡེ་ཤེས་གོ་འཕང་མཆོག་ཐོབ་ནས། །ལུས་ཅན་ཐེག་མཆོག་ལམ་ལ་བཀོད་མཛད་པ། །ཡེ་ཤེས་རིན་ཆེན་ཞབས༴ མཁྱེན་རབ་སྟོང་ཉིད་རྒྱ་མཚོ་ཆེན་པོ་ལས། །ཞིང་མཆན། འགགས་མེད་སྙིང་རྗེའི་རླབས་ཆེན་ཀུན་ནས་གཡོས། །གསང་སྔགས་ཟབ་དོན་རིན་ཆེན་འབྱུང་བའི་གནས། །སྲས་ཀྱི་དམ་པ་ཁུ་ལུང་བ། ཡོན་ཏན་རྒྱ་མཚོའི་ཞབས་ལ༴ དེ་གནུབ་ཉིད་སྐུ་ཡི་སྲས་གྱུར་གསང་སྔགས་འཛིན། །རབ་འབྱམས་བསྟན་པའི་སྲོག་ཤིང་མཛོད་གསུམ་བདག །ཚད་མེད་ཐུགས་རྗེས་བསླབ་བྱ་གཏིང་ནས་རྫོགས། །ཡེ་ཤེས་རྒྱ་མཚོའི་ཞབས་ལ༴ གསང་སྔགས་ཟབ་མོའི་གནས་ལུགས་ཁོང་དུ་ཆུད། །ཡང་ཕུར་སྨན་གསུམ་རྒྱུད་ལུང་མན་ངག་བཅས། །མཁས་གྲུབ་གཉིས་ཀྱི་རྒྱལ་རྒྱུད་འཛིན་མཛད་པ། །བློ་གྲོས་བྱང་ཆུབ་ཞབས་ལ༴ སྒྱུ་འཕྲུལ་ཐེག་པའི་ཆོས་ལ་དབང་ཐོབ་ནས། །ཉོན་མོངས་ཡེ་ཤེས་ཆེན་པོར་ལམ་དུ་ཁྱེར། །གསང་སྔགས་མངའ་བརྙེས་བསྟན་འཛིན་ཆོས་ཀྱི་རྗེ། །བདེ་གཤེགས་ཟུར་ཆེན། ཤཱཀྱ་འབྱུང་གནས་ཞབས་ལ༴ བསྐལ་མང་སྔོན་ནས་སྦྱངས་པ་ཞིབ་པའི་མཐུས། །ཐེག་མཆོག་བསྐྱེད་རྫོགས་གསུམ་གྱིས་དོན་རྟོགས་ནས། །བདག་གཞན་མཆོག་གི་དོན་ལ་སྦྱར་མཛད་པ། །ཟུར་ཆུང་ཤེས་རབ་གྲགས་པ་ལ༴ གནས་ཀྱི་ཁྱད་འཕགས་རྐེ་ལུང་ཞེས་བྱ་དེར། །མདོ་བཞི་སྔོ་ལྔ་ལ་སོགས་གསང་སྔགས་ཆོས། །མ་ལུས་ཐུགས་སུ་ཆུད་ནས་བསྒྲུབ་པ་མཛད། །ཡང་ཁྱེད་བླ་མའི་ཞབས་ལ༴ གཞུང་ལུགས་རབ་འབྱམས་དོན་ལ་མངའ་བརྙེས་ཤིང་། །གདུལ་བྱ་མཐའ་དག་ཐེག་པའི་ལམ་ལ་གཟུད། །སངས་རྒྱས་བསྟན་པ་རྒྱ་ཆེར་སྤེལ་མཛད་པ། །རྗེ་སྒྲོ་ཕུག་པ། ཤཱཀྱ་སེང་གེའི་ཞབས༴ ཐེག་པ་མཐའ་དག་ཁོང་ཆུད་རྫོགས་ཆེན་དོན། །ཇི་བཞིན་རྟོགས་ནས་གཟུང་འཛིན་རང་སར་གྲོལ། །བདག་གཞན་དོན་གཉིས་ཕུན་སུམ་ཚོགས་པའི་དཔལ། །འཇམ། རྫོགས་ཆེན་པ་ཞེས་གྲགས་ལ༴ རྒྱ་གར་ཡུལ་དུ་བྱང་ཆུབ་སེམས་སྦྱངས་ནས། །གངས་ཅན་ཁྲོད་འདིར་གསང་སྔགས་བསྟན་པ་སྐྱོངས། །བདེ་བ་ཅན་དུ་རྒྱལ་སྲས་བྱང་ཆུབ་སེམས། །ས་བཅུའི་དབང་ཕྱུག་དམ་པ་དེ་ལ་འདུད། །ལུང་རིགས་མན་ངག་ཀུན་ལ་མཁས་གྱུར་ནས། །མདོ་རྒྱུད་དགོངས་པའི་ཐུགས་ལ་ཉི་མ་ཤར། །བསྐྱེད་རྫོགས་གཉིས་ཀྱིས་བདག་གཞན་རྒྱུད་སྦྱངས་པ། །ཆོས་རྗེས་གཙང་སྟོན་ཞབས་ལ༴ ཆོས་ཉིད་རྣམ་དག་བྱམས་པའི་རི་བོ་ལ། །སྙིང་རྗེའི་འབྲས་ལྡན་དཔག་བསམ་འབུམ་གྱིས་བརྒྱན། །མཚན་མཆོག་དོན་ལྡན་འགྲོ་མགོན་ཆོས་ཀྱི་རྗེ། །བྱམས་པ་ཆེན་པོའི་ཞབས་ལ༴ སྣང་སྟོང་གཉིས་མེད་ཆོས་དབྱིངས་ནམ་མཁའ་ལ། །གནས་ལུགས་འགྱུར་མེད་རང་བྱུང་རྡོ་རྗེའི་སྐུ། །ལུང་བསྟན་མཆོད་ཐོབ་ཙ་སྡེ་སྤྱན་སྔ་བ། །ནམ་མཁའ་རྡོ་རྗེའི་ཞབས་ལ༴ རྒྱུད་སྡེ་བསྲུང་ཞིང་གསང་སྔགས་རྡོ་རྗེ་འཛིན། །ཐོས་བསམ་སྒོམ་པའི་བྱ་བ་མཐར་ཕྱིན་ནས། །འཆད་རྩོད་རྩོམ་པའི་དོན་ལ་མ་རྨོངས་པ། །ཐུགས་རྗེ་ཡེ་ཤེས་ཞབས་ལ༴ ལྡེམ་དགོངས་བརྒྱད་དང་མཐའ་དྲུག་ཚུལ་བཞི་དང་། །རྟོན་པ་བཞི་དང་གཞུང་གི་འབོད་ལེན་གྱིས། །གསང་སྔགས་ཟབ་མོའི་རྒྱུད་གཞུང་གཏན་ལ་དབབ། །སྟོན་པ་དབང་འབྱོར་ཞབས་ལ༴ དམ་རྫས་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསྐྱིལ། །ལུང་རིགས་དྲི་མེད་པདྨོའི་ཁ་ཕྱེ་ནས། །བློ་གསལ་རྐང་དྲུག་ལྡན་ལ་དགའ་སྟོན་འགྱེད། །རྗེ་བཙུན་དཔལ་འབར་ཞབས་ལ༴ ཀུན་མཁྱེན་ཟག་སྤངས་བསྟན་པའི་མཛོད་འཛིན་པ། །སྡོམ་གསུམ་རྣམ་དག་ཉེས་ལྟུང་དྲི་མས་དབེན། །མཚུངས་མེད་ཆོས་རྗེ་གདུལ་བྱའི་མགོན་གྱུར་པ། །སྟོན་པ་མགོན་རྒྱལ་ཞབས་ལ༴ དྲི་མེད་ཚུལ་ཁྲིམས་རྣམ་དག་རྒྱལ་བའི་མཚན། །ཐེག་མཆོག་ཟབ་དོན་མ་ལུས་ཐུགས་སུ་ཆུད། །མཁྱེན་རབ་འཇམ་དཔལ་དབྱངས་དང་གཉིས་མེད་པ། །ཡང་ཁྲོད་པ ། ཚུལ་ཁྲིམས་རྒྱལ་མཚན་ཞབས་ལ༴ མཁས་པ་རྒྱ་མཚོ་ཚོགས་པའི་དབུས་ན་མཛེས། །སྣ་ཚོགས་ཐེག་པའི་གཞུང་ལུགས་བཤད་རྩལ་ཆེ། །རང་འདོད་མེད་ཅིང་གཞན་ཕན་ཁོ་ནར་སེམས། །བྲའོ། དྷཱརྨ་ཀླ་ཀྵའི་ཞབས་ལ༴ མདོ་སྔགས་རྒྱ་མཚོའི་དབུས་སུ་ལེགས་འཁྲུངས་ཤིང་། །གསུང་རབ་པདྨོའི་མངའ་བདག་ཆོས་ཀྱི་རྗེ། །དོན་བཅུ་སྦྲང་རྩི་ལྟ་བུའི་མངའ་བདག་ཅན། །བུ་འབོར་བ། ཡེ་ཤེས་རྒྱལ་མཚན་ཞབས་ལ༴ མང་ཐོས་གསུང་རབ་ཀུན་གྱི་མཐར་སོན་ཅིང་། །རྒྱལ་བའི་དབང་པོ་ཇི་བཞིན་མཁྱེན་གྱུར་ནས། །མཁས་མཆོག་རྣམས་ཀྱི་གཙུག་གི་རྒྱན་གྱུར་པ། །དཔལ་འབར་དྲུང་བ་ནམ་མཁའ་རྒྱལ་མཚན་ཞབས་ལ༴ གཞུང་ལུགས་རྒྱ་མཚོའི་གླིང་ན་ཡོན་ཏན་གྱི། །གདེངས་ཀ་རབ་འབར་སྟོང་ཉིད་ཕུགས་སྒྲ་སྒྲོགས། །བློ་གྲོས་ཀླུ་དབང་ཚུལ་ཁྲིམས་ནོར་བུའི་གཏེར། །སྒྲོ་འདོགས་པ། ནམ་མཁའ་དཔལ་བའི༴ རབ་དཀར་མཁྱེན་པའི་ས་གཞི་ཡངས་པ་ལ། །ཐུགས་རྗེས་དཔག་བསམ་འདོད་འབྱུང་ཁོ་ལགས་ཡངས། །ནུས་པ་མི་ཟད་གཏེར་མངའ་འགྲོ་བའི་མགོན། །ནམ་མཁའ་རྒྱ་མཚོའི་ཞབས་ལ༴ གཏིང་མཐའ་བྲལ་བ་ཆོས་ཉིད་བདེན་དོན་གཟིགས། །ལུང་རྟོགས་ཡོན་ཏན་ནོར་བུའི་མཛོད་འཆང་བ། །སྒྲུབ་པའི་རྒྱལ་མཚན་འཛིན་པའི་བླ་མ་བརྙེས། །ཧོར་པོ། ཆོས་ཀྱི་དབང་པའི་ཞབས་ལ༴ ཤཱཀྱའི་བསྟན་པ་ཆུ་གཏོར་ཁ་བ་དཀར་པོ་བསྲུབས་པ་ལས། །དོན་གཉིས་བསིལ་ཟེར་སྟོང་འཕྲོ་སྙིགས་དུས་སྐྱབས། །མཐའ་ཀླས་རྒྱུད་པའི་མུན་སེལ་རི་བོང་འཛིན། །པུ་ནྱ་བཛྲའི་ཞབས་ལ༴ སྐྱོན་བྲལ་བསླབ་པ་གསུམ་གྱིས་རྒྱུད་ཕྱུག་ཅིང་། །དྲི་བྲལ་བསྐྱེད་རྫོགས་གསུམ་གྱི་དོན་གཟིགས་ནས། །སྒྲིབ་བྲལ་སྐུ་གསུམ་དགོངས་པ་མངོན་གྱུར་པ། །ཧེ་པ། ཆོས་ཀྱི་འབྱུང་གནས་ཞབས་ལ༴ པདྨའི་གསང་བསྟན་ཕྱོགས་བརྒྱར་སྤེལ་བ་ལ། །ཚད་མེད་ཐུགས་རྗེས་དགོངས་པའི་དཔལ་ཐོབ་ཅིང་། །གསང་སྔགས་སྔ་འགྱུར་ཆོས་ལ་མངའ་བརྙེས་པ། །སྟག་བུ་ཤཀྱ་བཀྲ་ཤིས་ཞབས༴ བཀའ་གཏེར་གཞུང་ལ་མཁྱེན་པའི་སྤྱན་རས་ཡངས། །དོན་བརྒྱུད་ཡིད་བཞིན་ནོར་བུ་བདག་གིར་ཐོབ། །ལྟ་དགོངས་རྣམ་དག་ཐུགས་རྗེ་མཚུངས་པ་མེད། །རོང་སྟོན་སོག་མོ་བ། རིན་ཆེན་རྡོ་རྗེའི་ཞབས༴ ཆོས་ཀུན་མཐར་ཐུག་ཟབ་ལམ་རྫོགས་པ་ཆེའི། །རྟོགས་པས་རྒྱུད་ཕྱུག་རིམ་གཉིས་གདེངས་དང་ལྡན། །པདྨས་རྗེས་བཟུང་ཡེ་ཤེས་ཆེན་པོ་བརྙེས། །དགོན་ཉིན་པ། བུདྷ་མངྒའི་ཞབས་ལ༴ རིན་ཆེན་བྱང་ཆུབ་སེམས་ལ་བརྟན་པ་ཐོབ། །དབང་གདམས་མན་ངག་མང་པོས་ཐུགས་རྒྱུད་ཁེངས། །བསྐྱེད་རྫོགས་བསྙེན་བསྒྲུབ་མང་པོའི་ཕ་རོལ་སོན། །ལྕག་མདུད། ཤཱཀྱ་ཚེ་རིང་ཞབས་ལ༴ ནང་དུ་རིམ་གཉིས་རྟོགས་པ་བརྟན་གྱུར་ཀྱང་། །སྦས་པའི་ཚུལ་གྱིས་སྒྲུབ་པ་མཐའ་རུ་བསྐྱོལ། །ཟབ་ཆོས་འདི་ལས་རྟོགས་པ་མཆོག་བརྙེས་པ། །སྡེར་ནང་། ཨུ་རྒྱན་ཕུན་ཚོགས་ཞབས༴ མདོ་སྔགས་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་སོན། །རྒྱ་ཆེན་རྒྱུད་སྡེའི་དགོངས་པ་མངོན་དུ་གྱུར། །བདེ་སྟོང་ཉམས་ཀྱིས་སྒེགས་པའི་ཧེ་རུ་ཀ །ཐུགས་ཀྱི་རྡོ་རྗེའི་ཞབས༴ ངེས་འབྱུང་ཆེན་པོས་ཆོས་བརྒྱད་མགོ་སྙོམས་ཤིང་། །སྙིང་རྗེ་ཆེན་པོས་བྱང་ཆུབ་ཐུགས་འབྱོངས་ཏེ། །ཡེ་ཤེས་ཆེན་པོས་སྣང་སྲིད་སྒྱུ་མར་གཟིགས། །བློ་གྲོས་ཆེན་པོའི་ཞབས༴ རྨད་བྱུང་ལེགས་བཤད་གསུང་གི་ཉི་འོད་ཀྱིས། །རྨོངས་པའི་རབ་རིབ་ཀུན་ནས་འཕྲོག་བྱེད་ཅིང་། །སྐལ་བཟང་ཐར་པའི་པད་ཚལ་རྒྱས་བྱེད་པ། །དཔལ་ལྡན་བླ་མའི་ཞབས༴ འབར་དེས་རྒྱལ་བའི་དཀྱིལ་འཁོར་ལྷ་ཚོགས་དང་། །གནས་ཡུལ་ཞིང་སྔགས་ལྷན་སྐྱེས་ཌཱཀྐིའི་ཚོགས། །བསྟན་སྲུང་མ་མགོན་གནོད་སྦྱིན་ལྕམ་དྲལ་ལ། །མོས་གུས་གདུང་བས་གསོལ་འདེབས་ཕྱག་འཚལ་ལོ། །འདི་ལྟར་སྣང་གྲགས་ལྷ་ཡི་ངོ་བོ་ཉིད། །གཞི་ཡི་སངས་རྒྱས་སེམས་ཅན་ཐམས་ཅད་དང་། །གསང་སྔགས་སྒོར་ཞུགས་གསང་བའི་དམ་ཚིག་ཅན། །རྡོ་རྗེའི་མཆེད་བཅས་རྒྱལ་བའི་དཀྱིལ་འཁོར་ལོར། །རྡོ་རྗེ་མཆོག་གསུམ་འདུ་འབྲལ་མེད་པའི་གཤིས། །བྱ་རྩོལ་བྲལ་བ་བདེ་ཆེན་སྙིང་པོ་ལ། །རང་བབ་བཞག་པ་བཅོས་སླད་ཀུན་བྲལ་བར། །རང་ངོ་ཤེས་པའི་ངང་ནས་གསོལ་བ་འདེབས། །དེ་ལྟར་དཔལ་ལྡན་བརྒྱུད་གསུམ་བླ་མ་ལྟར། །བྱང་ཆུབ་བར་དུ་སྐྱབས་མཆི་གསོལ་འདེབས་ན། །ལམ་བཟང་བསྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་སྨོན་པའི་དོན་ཀུན་འགྲུབ་པར་མཛོད། ༈ །ཤིན་ཏུ་རྙེད་དཀའི་དལ་རྟེན་ཡིད་བཞིན་ནོར། །ཐོབ་དཀའ་འཇིགས་སླ་ཆུ་ཡི་ལྦུ་བ་ལྟར། །ཡིད་བརྟན་མི་རུང་སྲིད་པའི་བདེ་བ་ལ། །ཞེན་པ་སྙིང་ནས་ལྡོག་པར་བྱིན་གྱིས་རློབས། །འཇིགས་རུང་འཁོར་བའི་མེ་འོབས་ཉམས་ང་བར། །གངྒཱའི་ཆུ་ལྟར་བསིལ་བའི་ལོག་ཤེས་ཀྱིས། །ཐར་མེད་དུས་རིང་ལས་ཀྱིས་མནར་བའི་འགྲོར། །ཤིན་ཏུ་སྙིང་རྗེ་ཆེན་པོས་ཡིད་དྲངས་ཏེ། །སྐྱབས་གནས་རིན་ཆེན་གསུམ་གྱི་གདུགས་དཀར་དབུབས། །ཕན་བདེའི་འདོད་པ་འཇོ་བའི་ངལ་འཚོ་ཐོབ། །རླབས་ཆེན་བྱང་ཆུབ་སེམས་དང་རྒྱལ་སྲས་ཀྱི། །སྤྱོད་པ་རྒྱ་མཚོ་འབྱོངས་པར་བྱིན་གྱིས་རློབས། །གསང་ཆེན་གཉིས་མེད་མཐར་ཐུག་ལུང་གི་སྤྱི། །རྒྱུད་ཆེན་དཔལ་ལྡན་སྒྱུ་འཕྲུལ་གསང་སྙིང་སྒོར། །དོན་ཆེན་ཚེ་འདིར་འགྲུབ་པའི་ཐབས་གཅིག་པུ། །བརྩེ་ཆེན་མཚན་ཉིད་བརྒྱད་ལྡན་བླ་མ་ལས། །སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེའི་ཐེག །ཕན་ནུས་ཟབ་མོའི་དབང་གི་ཆུ་བོ་ཡིས། །བདག་རྒྱུད་སྒྲིབ་པའི་དྲི་མ་ལེགས་འཁྲུད་ཅིང་། །རྡོ་རྗེ་གསུམ་ཞལ་སྙིང་དབུས་འཛུམ་པར་ཤོག །དབང་དུས་གདན་གསུམ་དཀྱིལ་འཁོར་བླ་མར་བཅས། །དཔང་དུ་བཙུགས་ནས་སྲུང་བར་ཁས་བླངས་པའི། །རྩ་བ་ཡན་ལག་སྡོམས་པའི་དམ་ཚིག་ཚོགས། །སྙིང་དང་མིག་ལས་གཅེས་པར་སྲུང་བར་ཤོག །རྨད་བྱུང་རྒྱུད་སྡེའི་རྒྱ་མཚོ་ཐོས་བསམ་གྲུ། །བརྩོན་འགྲུས་ཤེས་རབ་བ་དན་དཀར་པོ་ཡིས། །ལེགས་པར་བརྒལ་ཏེ་ཟབ་རྒྱས་རིན་ཆེན་གླིང་། །སྒོམ་པའི་ནོར་བཟང་བདེ་བླག་རྙེད་པར་ཤོག །རང་སེམས་སྣང་བ་འཁྲུལ་པའི་གཉིས་ཆོས་ཀུན། །སྣང་དུས་ཉིད་ནས་དོན་དམ་མཉམས་པ་ཉིད། །དག་པ་རབ་འབྱམས་ཀུན་རྫོབ་རྒྱལ་བའི་དངོས། །རྒྱུད་དོན་ཆ་རྐྱེན་འབྲས་བུ་གདོད་མ་ནས། །རང་གནས་རྡོ་རྗེའི་ལུས་ཀྱི་འཁོར་ལོ་དྲུག །སྲོག་ཤིང་གསུམ་དབུས་ཨེ་ཝམ་མ་ཡའི་གཟུགས། །རྩ་དབྱིབས་འོད་འབྱུང་གཞི་ཡི་གསང་བ་སྙིང་། །རྟོགས་པའི་གེགས་གྱུར་གློ་བུར་སྒྲིབ་བསལ་ནས། །བདེན་གཉིས་དབྱེར་མེད་གཞི་རྩ་བྲལ་བའི་ཡུལ། །དངོས་ཚུལ་གཏན་ཚིགས་ཤེས་རབ་མིག་གིས་གཞལ། །རྟག་ཆད་གཟུང་འཛིན་རང་རིག་དོན་དམ་བདེན། །བདེན་གཉིས་རིས་ཕྱེའི་དྲི་བྲལ་དེ་ཉིད་རིག །བཟང་ངན་ཕྱོགས་རིས་བློ་འདས་གཉུག་མའི་གཤིས། །ལམ་དང་རྒྱུད་ཀྱི་རྒྱུ་ཤེས་ལྟ་བ་ནི། །ཚངས་ལ་མ་ནོར་ངོ་སྤྲོད་དོན་མཐོང་ཤོག །བསམ་གཏན་འགལ་རྐྱེན་ཚོགས་སྤངས་དབེན་པའི་གནས། །ཡིད་འོང་སྒྲ་མེད་ཞི་བའི་ནགས་ཚལ་དུ། །འཆི་བ་ཆོས་སྐུ་སྟོང་པ་ཆེན་པོ་ཡི། །དེ་ཏིང་རྣལ་འབྱོར་ཟབ་མོས་སྦྱོང་བར་ཤོག །ལོག་རྟོག་མཁའ་དབྱིངས་ཆུ་སྐྱེས་སྲིད་པའི་ཚལ། །སྡུག་བསྔལ་མྱོས་པའི་སེམས་ཅན་ཡུལ་མེད་ལ། །སྙིང་རྗེ་ཀུན་སྣང་སྒྱུ་མའི་རྣལ་འབྱོར་གྱིས། །བར་དོ་ལོངས་སྤྱོད་རྫོགས་སྐུར་སྦྱོང་བར་ཤོག །རྣམ་རྟོག་རླུང་གིས་མ་བསྐྱོད་ཏིང་ངེ་འཛིན། །སྒྲོན་མེ་རབ་གསལ་ཕྲ་རགས་ཆོ་ག་གསུམ། །རིམ་གྱིས་བསྐྱེད་པས་སྐྱེ་སྲིད་སྦྱོང་བྱེད་པ། །ཕྱག་རྒྱ་གཅིག་པའི་ལྷར་སྣང་བརྟན་པར་ཤོག །ལམ་གྱི་གསང་སྙིང་རྒྱུད་དོན་ཉམས་བླངས་ཚེ། །རྒྱལ་ཆེན་བཞི་དང་དཔལ་ལྡན་ཁྲོ་བོ་བཅུའི། །འཁོར་གྱིས་བསྐོར་བའི་ཞེ་སྡང་རྡོ་རྗེ་ཡིས། །བགེགས་འཇོམས་ཕྱོགས་བཅིངས་ཕྱི་ནང་གསང་བའི་མཚམས། །བདག་གི་རྣམ་རྟོག་སེམས་ལ་ལེགས་བཅད་དེ། །སྣོད་ཀྱི་སྣང་བ་འོག་མིན་གཞལ་མེད་ཁང་། །བཅུད་ཀྱི་སེམས་ཅན་བཅོམ་ལྡན་འཁོར་ལོའི་ཚོགས། །གྲགས་པ་གསུང་དང་རྟོགས་པ་བློ་འདས་ཐུགས། །ཡིད་འོང་ལྷ་སྐུ་ཕྱི་ཡི་རྡོ་རྗེ་སེམས། མི་ཤིག་ཐིག་ལེ་ནང་གི་སྒྱུ་འཕྲུལ་ཏེ། །རྟོག་ཚོགས་རང་གྲོལ་གསང་བའི་གསང་བ་སྙིང་། །རང་ཞལ་མཐོང་བའི་ཟུང་འཇུག་ཏིང་འཛིན་འཕྲུལ། །དཀྱིལ་འཁོར་ཚོམ་བུ་ཕྱག་རྒྱ་སྤྲོས་བཅས་ལ། །རིགས་གཅིག་རིགས་གསུམ་རིགས་ལྔ་སངས་རྒྱས་སྟོང་། །ཉི་ཁྲི་བཞི་སྟོང་བདུན་ཁྲི་དྲུག་སྟོང་སོགས། །རྣམ་པ་གསལ་ཞིང་དག་དྲན་ང་རྒྱལ་བརྟན། །ཚུལ་དགུས་རབ་མཛེས་སངས་རྒྱས་ཞི་བའི་ལྷ། །གར་དགུས་བརྗིད་ལྡན་འབར་བ་ཁྲག་འཐུང་གི། །ལྷ་རུ་གསལ་བ་བསྐྱེད་པའི་རིམ་པ་དང་། །བདེ་ཆེན་ཡེ་ཤེས་རྫོགས་པར་མཉམ་སྦྱོར་བས། །འདོད་ཡོན་ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་ལ། །བདེ་བར་རོལ་མཐུས་ཚོགས་ཆེན་གཉིས་རྫོགས་ཏེ། །ཐལ་མལ་སྣང་ཞེན་སྒྲིབ་འདི་སྒྱུ་མའི་སྐུ། །ཡེ་ཤེས་ཁ་སྦྱོར་གཟུགས་སུ་སྦྱོང་བར་ཤོག །གནས་དུས་སྟོན་འཁོར་སྒྲུབ་རྫས་ཕུན་ཚོགས་ལྔ། །མ་ཉམས་ཆོ་ག་ལྔ་རྫོགས་ཡོ་བྱད་ལྡན། །ཡན་ལག་ལྔ་ཚངས་བསྙེན་དང་ཉེ་བར་བསྙེན། །སྒྲུབ་པ་སྒྲུབ་ཆེན་ཨཱ་ལི་ཀཱ་ལི་ཡིས། །ཚོམ་བུ་ཚོགས་ཀྱི་བསྒྲུབ་པ་ཡོངས་སུ་རྫོགས། །ཐུན་མོང་གཏེར་སོགས་ལུ་གུ་རྒྱུད་ཀྱི་ལས། །རིམ་པ་དང་པོའི་དངོས་གྲུབ་བརྒྱད་བསྒྲུབ་པས། །ཟག་མེད་ལམ་སྦྱོང་སྤྱོད་པ་མཐར་ཕྱིན་ཤོག ༈ །མཁའ་དཀྱིལ་དྭངས་པའི་དབྱིངས་ན་ཉི་ཟླ་ལ། །ཡེ་ཤེས་རྒྱལ་པོ་སྟངས་དཔྱལ་ཡེ་སངས་རྒྱས། །བསྒོམས་མཐུས་སྐྱེ་གནས་བཞི་སྦྱོངས་གང་སྣང་ཀུན། །བསམ་མི་ཁྱབ་པའི་འོད་གསལ་འཆར་བར་ཤོག །ཚངས་པའི་གནས་སུ་པད་དཀར་ཨཿཧཾ་ལྟོར། །སངས་རྒྱས་ཀུན་འདུས་བླ་མ་རིན་པོ་ཆེ། །གཉིས་མེད་སྦྱོར་བའི་བདུད་རྩིས་ལུས་ཀུན་ཁྱབ། །བྱིན་རླབ་དངོས་གྲུབ་གནད་ཀྱིས་དབང་ཐོབ་ཤོག །ཁམས་དྲུག་ལྡན་པ་རྡོ་རྗེའི་ལུས་འདི་ནི། །གནད་དུ་བསྣན་ན་སངས་རྒྱས་ཚེ་འདི་ལ། །ཐོབ་ཕྱིར་ལུས་ཀྱི་གནས་ལུགས་ལ་མཁས་ནས། །སྟོང་རའི་གནད་ཀྱིས་དབུ་མར་རླུང་ཟིན་ཤོག །ལ་ལ་རཱ་སའི་ལྕགས་ཀྱུས་བརྟན་གཡོའི་དཔལ། །དྷུ་ཏིའི་ཕོ་བྲང་ནང་དུ་བསྡུ་བ་ལ། །ངག་གི་རྒྱལ་པོ་འབྲུ་གསུམ་རྡོར་བཟླས་ཀྱིས། །སྲོག་གི་གནད་མཁས་རང་སྣང་དབང་འདུས་ཤོག །སྤྲུལ་འཁོར་གཏུམ་མོའི་ཐབ་ཁུང་ཀུན་རྟོག་གི། །བུད་ཤིང་བསྲེགས་པས་སྦར་བའི་ཡེ་ཤེས་མེས། །བདེ་ཆེན་འཁོར་ལོའི་ཧཾ་དཀར་བཞུ་བླུགས་རྒྱུན། །རྩོལ་བའི་གནད་ཀྱིས་ཆོས་འཁོར་བདེ་འབར་ཤོག །དབུ་མའི་ཡར་སྣར་དྭངས་མ་ཉུང་འབྲུ་ཙམ། །དབྱེར་མེད་འདྲེས་པ་ལོངས་སྤྱོད་འཁོར་ལོའི་བཅུད། །དྲོད་ཀྱིས་རེག་པས་རྩ་གང་ཚད་མེད་བདེ། །བདེ་སྟོང་ཡིད་ཕྲོག་མཚན་དཔེའི་སྐུ་འགྲུབ་ཤོག །སྙིང་གའི་དྭངས་མའི་འོད་འབར་མགྲིན་རྟེན་ཞུ། །སྙིང་གར་ཞུགས་པས་རྒྱུ་དང་མི་རྒྱུ་བ། །ཀུན་བྱེད་ལས་རླུང་ཉེར་ཞི་ཟག་མེད་བདེ། །བདེ་སྟོངས་ཚངས་དབྱངས་རྡོ་རྗེའི་གསུང་ཐོབ་ཤོག །ལྟེ་བས་སྙིང་གའི་ཁམས་བསྐུལ་དེ་དང་དེར། །ཡོངས་ཁྱབ་དྲན་རྟོག་ཞི་བའི་ཏི་ལ་ཀ །སྨྲ་བསམ་བརྗོད་དུ་མེད་པ་མཆོག་བདེ་འཆར། ། བདེ་སྟོང་མཁྱེན་གཉིས་གཟིགས་པའི་ཐུགས་བརྙེས་ཤོག །དེ་ལྟར་འཁོར་ལོ་བཞི་དབུས་མཁའ་སེམས་དང་། །ས་ཆུ་མེ་རླུང་གཅིག་འདྲེས་དྭངས་མའི་རྒྱུན། །ཕྲ་བས་ཀུན་ཁྱབ་ཉེར་ཞིའི་བདེ་བ་རྫོགས། །ཡས་བབ་སྐུ་བཞིའི་ལང་ཚོ་ངོམ་པར་ཤོག །སྙིང་གའི་ཟེར་གྱིས་ལྟེ་བའི་ཐིག་ལེ་བསྡུས། །མགྲིན་དང་གཙུག་ཏོར་ཀུན་ཀྱང་ཀུན་གཞིར་ཐིམ། །འདོད་ལྔ་དབུས་ཀྱི་ནམ་མཁའི་ངང་ཉིད་དུ། །མས་བརྟན་དགའ་བཞིའི་སྤྲོས་པ་ཀུན་བསྡུས་ནས། །དོན་གྱི་འོད་གསལ་སྟོང་པ་ཆེན་པོའི་སྦུབས། །དཔེ་ཡི་ཡེ་ཤེས་རྫོགས་པའི་རིམ་པས་སྦྱོར། །གྱ་ནོམ་ལྷར་ཞེན་རྟོག་པའི་འགྲོས་བཅོམ་ནས། །ཟག་མེད་སྒྲིབ་བྲལ་འཆར་བར་བྱིན་གྱིས་རློབས། །དེ་ལྟར་མེ་རླུང་འགྲོ་བས་ནམ་མཁའི་བ། །སྟོང་ཕྲག་དོན་གཉིས་རྩ་རུ་བཞོས་པའི་བཅུད། །སྙིང་ལ་བསྟར་བས་བདེ་སྟོང་མཛའ་ན་མོ། །ཐར་པའི་དཔྱིད་དུ་འབྲལ་བ་མེད་གྱུར་ཅིག །སྐྱེ་འགགས་གནས་དམིགས་བྲལ་བ་གདོད་མའི་གཤིས། །འགྲོ་འོང་སྤྲོས་པས་མ་གོས་གཉུག་མའི་སེམས། །ཀུན་བཟང་བསམ་མི་ཁྱབ་པའི་མན་ངག་གིས། །ཇི་བཞིན་རྫོགས་པ་ཆེན་པོར་རྫོགས་གྱུར་ཅིག །ཡིད་ཀྱིས་ལྷ་སྐུ་སྟོབས་རྫོགས་རྣམ་པར་སྨིན། །ལུས་སེམས་རྡོ་རྗེའི་གནས་གྲུབ་ཚེ་ལ་དབང་། །འཇའ་ལུས་གཡོ་བ་མེད་པ་ཕྱག་རྒྱ་ཆེ། །རྩོལ་མེད་ལྷུན་གྲུབ་རིག་འཛིན་བཞི་བགྲོད་ནས། །དཔལ་ལྡན་བླ་མ་རྣམས་ཀྱི་བྱིན་རླབས་དང་། །གསང་ཆེན་སྒྱུ་དྲྭའི་ཟབ་ལམ་མྱུར་ཁྱད་དང་། །རྩེ་གཅིག་སྒོམ་པ་རྣམ་པར་དག་པའི་སྟོབས། །མཐོང་བའི་ཆོས་ལ་དཔལ་ལྡན་རྡོ་རྗེའི་སེམས། །དོན་གྱི་གསང་སྙིང་མཐར་འབྲས་མངོན་དུ་བྱས། །རྡོ་རྗེའི་ཏིང་འཛིན་འཁྲུལ་པའི་ཚོགས་ཀུན་འཇོམས། །ཉི་ཤུ་རྩ་ལྔ་མི་ཟད་གཏེར་ཆེན་བརྡོལ། །ཧེ་རུ་ཀཿདཔལ་མྱུར་དུ་བརྙེས་གྱུར་ཅིག །གོ་འཕང་མཆོག་དེ་ཚེ་འདིར་མ་ཐོབ་ཀྱང་། །འཆི་ཚེ་བླ་མ་ཀུན་བཟང་འཁོར་བཅས་ཀྱིས། །ཡིད་འོང་མཆོད་སྤྲིན་སྙན་པའི་རོལ་མོའི་སྒྲ། །ངོ་མཚར་ལྟས་བཟང་མང་པོས་བསུ་བར་ཤོག །དེ་ཚེ་འཆི་བ་ཆོས་སྐུའི་འོད་གསལ་ལས། །བར་དོ་ལོངས་སྤྱོད་རྫོགས་པས་སྐྱེ་གནས་ཀུན། །སྤྲུལ་སྐུ་ངོ་མཚར་སྒྱུ་མའི་སྤྲིན་དཀར་པོ། །སེམས་ཉིད་བདེ་ཆེན་མཁའ་ལས་ལྡང་བར་ཤོག །རྒྱལ་བ་ཀུན་གྱི་ཐུགས་ཀྱི་བཅུད་ཕྱུང་ཞིང་། །རྒྱལ་སྲས་ཀུན་གྱི་གུས་པས་ཕྱག་བྱས་པ། །རབ་འབྱམས་ཞིང་ན་གསུང་གི་གསང་བ་ཀུན། །སྤྲོ་བའི་གཞིར་གྱུར་རྒྱུད་རྒྱལ་འདིས་མཚོན་ཏེ། །གསང་ཆེན་རྒྱུད་སྡེའི་བསྟན་པ་རིན་པོ་ཆེ། །འཇིག་རྟེན་ཁམས་སུ་ཡུན་རིང་གནས་པ་དང་། །དེར་འཛིན་རྣམས་ཀྱི་བཞེང་དོན་སྐྱོངས་བ་ལ། །གནས་ཡུལ་མཁའ་འགྲོ་ཀུན་གྱིས་གྲོགས་མཛད་ཅིང་། །བརྒྱུད་གསུམ་རིག་འཛིན་བླ་མའི་ཐུགས་ཀྱིས་དགོངས། །སྣང་སྲིད་དམ་ཅན་དྲེགས་པས་བཀའ་ལ་ཉན། །རང་རྒྱུད་སྨིན་ཅིང་གཞན་རྒྱུད་གྲོལ་བ་ཡི། །བཀྲ་ཤིས་གྲགས་པའི་བ་དན་ཀུན་ཁྱབ་ཤོག །ཅེས་པ་འདིའང་མཁས་གྲུབ་ཆེན་པོའི་ལམ་རིམ་འགྲེལ་ཆེན་དབུར་བཞུགས་བརྒྱུད་འདེབས་ལ་ཁ་སྐོང་གི་ཤོ་ལོ་ཀ་བཅུ་དྲུག་དང་། ལམ་རྣམ་བཀོད་དང་། ལམ་ཆེ་ཆུང་། རིམ་གསུམ་ལ་སོགས་པ་ལས་འབྱུང་བའི་དཔལ་སྒྱུ་འཕྲུལ་དྲ་བའི་ལམ་ཚང་ལ་མ་ནོར་བ་སྨོན་ལམ་དུ་བསྡེབས་ཏེ་སྦྱོར་བ་པོ་ནི། རྒྱུད་ཀྱི་རྒྱལ་པོ་ལ་ཤེས་ནས་དད་པ་ཐོབ་པའི་རིག་འཛིན་གྱི་བཙུན་པ་ཆོས་ཀྱི་རྒྱ་མཚོ་བསྟན་པའི་ཉི་མ་དཔལ་བཟང་པོ་སྟེ། འདིས་ཀྱང་རང་གཞན་སེམས་ཅན་ཐམས་ཅད་ཟབ་མོའི་ལམ་འདི་ལ་བརྟེན་ནས་ཁྱབ་བདག་རྡོ་རྗེ་སེམས་དཔའི་གོ་འཕང་དམ་པ་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག། །།


previousདཔལ་གསང་བ་སྙིང་པོའི་བརྒྱུད་པ་རིན་པོ་ཆེ་ལ་གསོལ་བ་འདེབས་པ་དང་ལམ་རིམ་སྨོན་ལམ་ཕུན་ཚོགས་དཔག་བསམ་སྤྲིན་གྱི་མེ་ཏོག ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ།next