Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་སོ་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
དམ་ཚིག་རབ་འབྱེད།
   
   


 
previousདམ་ཚིག་རབ་འབྱེད།next

དམ་ཚིག་རབ་འབྱེད།

དམ་ཚིག་རབ་འབྱེད་ཅེས་བྱ་བ་བཞུགས་སོ། །མན་ངག་ང་བརྒྱད་པ། ༈ བཱཏྱ།ཐཏྱར།ཏྱ།྅ཧཱ༔྅྅྅ རྒྱ་གར་སྐད་དུ། ས་མ་ཡཱ་པྲ་ཀ་རི་ནཱ་མ། བོད་སྐད་དུ། དམ་ཚིག་རབ་ཏུ་འབྱེད་པ་ཞེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གསང་སྔགས་རྣམས་ཀྱི་རྒྱུད་ལས་ངེས་ཕྱེ་བའོ། །དེ་ཡི་སྒྲ་དོན་འཁྲུལ་པ་མེད་པའི་བློས། །ངེས་པ་བརྟགས་ཏེ་འགལ་བ་མེད་པར་ཡང་། །སྔགས་ལ་དད་པའི་འགྲོ་ལ་ཕན་གདགས་ཕྱིར། །བླ་མ་མཆོག་ལ་གསོལ་བཏབ་ལེགས་སྤྱད་པའི། །དབང་མཆོག་བརྟན་ཕྱིར་དམ་ཚིག་དམ་པ་བཤད། །དབང་བསྐུར་སྔོན་དུ་སོང་བའི་སྔགས་པས། གསང་བ་སྔགས་གཞུང་ལས་བྱུང་བའོ། །དམ་ཚིག་དང་སྡོམ་པ་ལ་གསན་པར་བྱ་སྟེ། དེ་ཡང་དམ་ཚིག་རྣམ་པར་བཀོད་པ་སྡོམ་པ་འཇུག་པའི་འཁོར་ལོ་ལས། འགྲོ་བའི་སྨིན་སོ་གསུམ་དག་ལས། །སྔགས་ཀྱི་དམ་ཚིག་གསུམ་དུ་བཤད། །དེ་ལ་ཁྱད་པར་ངེས་ཕྱེ་བ། །རེ་རེ་ལ་ཡང་བཞི་བཞི་སྟེ། །འཇུག་དང་ལས་ཀྱི་རྣམ་པས་ཤེས། །ཞེས་པ་དང་། བརྟན་པའི་ཁྱད་པར་ལ་བརྟེན་ནས། །དམ་ཚིག་གནས་པ་སྐྱེད་བཞིན་ཏེ། །ཞེས་གསུངས་པས། དེ་ཡང་འགྲོ་བའི་ལུས་ཀྱི་ཚོགས་པ་ལ་བརྟེན་ནས་སངས་རྒྱས་ཐམས་ཅད་ཀྱི་སྐུའི་དམ་ཚིག་ལ་གནས་པ་དང་། བརྟེན་པ་དང་། ཐོབ་པའི་རྒྱུད་དང་། ཉམས་པའི་སྐྱོན་ལ་སོགས་པ་རྣམས་སུ་ཤེས་པར་བྱའོ། །ཁྱད་པར་དུ་ལུས་དམ་ཚིག་ལ་གནས་པས་ན། སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ་མི་འགྱུར་བ་ཐོབ་པ་ལ་དཀའ་བ་མེད་པ་དང་། དེ་བཞིན་དུ་ངག་གི་དམ་ཚིག་ལ་གནས་པས་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེ་མི་འགྱུར་བ་ཐོབ་པ་ལ་དཀའ་བ་མེད་པ་དང་། སེམས་དམ་ཚིག་ལ་གནས་པས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་མི་འགྱུར་བ་ཐོབ་པ་ལ་དཀའ་བ་མེད་པ་སྟེ། དེ་ལ་འདིར་ལུས་ཀྱི་རྟེན་མེད་ན་སྐུའི་དམ་ཚིག་གི་རྟེན་མེད་པས། ཁྱད་པར་དུ་ལུས་སྔགས་ཀྱི་ལམ་དུ་འགྲོ་བར་བྱེད་པ་ནི་གནད་དོ། །དེ་གནས་པར་བྱེད་པའི་ཡན་ལག་ཏུ། ལུས་འཇིག་རྟེན་གྱི་བྱ་བ་ལ་འཇུག་པ་རྣམས་སྤངས་ལ་ལུས་ཀྱི་དམ་ཚིག་བསྟན་པ་ནི། དལ་བར་གནས་ཤིང་རང་གཅིག་པུར་འདུག་པ་གནད་ཡིན་ནོ། །དེ་ཐོབ་པའི་ཉེ་བརྒྱུད་ནི། ལུས་ཀྱི་སྡིག་པ་རྣམས་སྤངས་ཏེ། ལུས་ཀྱིས་དགེ་སྦྱོར་ལས་མི་འདའ་བར་བྱེད་པའོ། །དེ་ཉམས་པའི་སྐྱོན་ནི། ལུས་འཇིག་རྟེན་གྱི་བྱ་བ་ལ་ཞུགས་པས་རང་བཞིན་གྱི་མི་དགེ་བ་དང་། ལུང་དུ་མ་བསྟན་པའི་མི་དགེ་བ་སྣ་ཚོགས་པས་རྐྱེན་སློང་བྱས་ནས་སངས་རྒྱས་ཐམས་ཅད་ཀྱི་སྐུའི་ཕྱིའི་དམ་ཚིག་ཉམས་ཏེ། ཁྱད་པར་དུ་སེམས་ཅན་དམྱལ་བའི་གནས་སུ་ལུས་ཀྱི་གཤགས་གཏུབས་ལ་སོགས་པའི་སྡུག་བསྔལ་རྣམས་མྱོང་བར་འགྱུར་ཏེ། དེ་ཡང་ལུས་ཀྱི་གཡང་བའི་འཁྲུལ་འཁོར་མཆོད་པ་ལས་བྱུང་བའོ། །དེ་ལྟར་ཡང་གསེར་གྱི་སྙིང་པོ་རྣམ་པར་བརྩེགས་པའི་རྒྱུད་ལས། ངག་གི་སྐྱེས་བུ་རྩོལ་བ་ཅན། །ལུས་ཀྱི་གཡེངས་ས་མ་སྤངས་པས། །སྐུ་ལས་གྱུར་པའི་དམ་ཚིག་ནི། །འདི་ཡིས་ཉམས་ནས་མནར་མེད་འགྱུར། །དེ་བས་དལ་རྟེན་གཡེངས་ས་རབ་སྤངས་ལ། །སྔགས་པས་དགོན་པ་བསྟེན་པར་བྱ། །ཞེས་པས། དེ་ཡང་སྐུའི་དམ་ཚིག་གི་རྟེན་དུ། སྤྱིར་ལུས་ཀྱི་ལས་སུ་མ་བྱིན་པར་བླང་བ་དང་། མི་ཚངས་པར་སྤྱོད་པ་དང་། སྲོག་གཅོད་པ་རྣམས་སྤང་ངོ་། །དེ་ཡང་རྡོ་རྗེ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། མ་བྱིན་བླངས་པའི་སྡུག་བསྔལ་ནི། །སངས་རྒྱས་ན་བཟའ་ཆོས་གོས་དག །བརྒྱ་ཕྲག་ཕྱེད་དང་བདུན་བརྒྱ་ཉིད། །བསྲེགས་ཤིང་ཆུ་ལ་བོར་བ་དང་། །སྡིག་པ་འདི་ནི་མཉམ་པའི་ཕྱིར། །འདི་ནས་སྐྱེ་བ་མི་འདྲ་བ། །ལྔ་བརྒྱ་དག་གི་འོག་ཏུ་ཡང་། །ཡི་དྭགས་དྲག་པོའི་གནས་སུ་སྐྱེ། །དེ་ནས་ཡི་དྭགས་ཕལ་པའི་ལུས། །སྟོང་ཕྲག་དྲུག་ཅུ་བླངས་ནས་ནི། །སེམས་ཅན་དམྱལ་བའི་ལུས་སུའོ། །ཞེས་པ་དང་། ཡང་རྡོ་རྗེ་སྙིང་པོ་ཁང་བུ་བརྩེགས་པ་ལས། གལ་ཏེ་མི་ཚངས་སྤྱད་པ་ཡིས། །སངས་རྒྱས་ཞིང་ཁམས་སྟོང་ཕྲག་ལྔར། །དུག་གི་སྐྱུགས་པས་བཀང་བ་དང་། །སྡིག་པ་འདི་ནི་མཉམ་པའི་ཕྱིར། །ཤུ་བ་ཅན་གྱི་ལུས་ངན་བརྒྱ། །དེ་འོག་འཁྲིག་པའི་ལུས་ནི་སྟོང་། །དེ་ལས་ཚ་བའི་དམྱལ་བར་འགྱུར། །ཞེས་དང་། ཡང་རིན་པོ་ཆེ་རྣམ་པར་སྤངས་པ་ལས། སྲོག་བཅད་པ་ཡི་སྡིག་པ་ནི། །སངས་རྒྱས་དཀྱིལ་འཁོར་འབུམ་ཕྲག་བདུན། །སྨད་ཅིང་གཏན་པ་སྤངས་པ་དང་། །འདི་ཡི་སྡིག་པའི་དམ་ཚིག་མཉམ། །དེ་ནས་ཤི་འཕོས་འོག་རྣམས་སུ། །སྨེ་ཤ་ཅན་གྱི་ལུས་ཉིས་བརྒྱ། །དེ་ནས་གྲང་བའི་དམྱལ་བར་འགྱུར། །ཞེས་པ་དང་། ཡང་དེ་ཉིད་ལས། སྐུ་ཡི་ཕྱི་ཡི་དམ་ཚིག་ལ། །རྣམ་པ་གསུམ་དུ་ཕྱེ་བ་སྟེ། །མ་བྱིན་བླངས་པས་ཕྱི་ཡི་ཡང་། །སྐུ་ཡི་དམ་ཚིག་ཉམས་པར་འགྱུར། །དེ་ཡི་རྟགས་སུ་ཡན་ལག་ནད། །མི་ཟད་སྣ་ཚོགས་ལུས་ལ་འབྱུང་། །མི་ཚངས་སྤྱད་པ་ནང་ཡིན་ཏེ། །རྟགས་སུ་དབང་པོའི་ནད་རྣམས་སོ། །སྲོག་བཅད་པ་ནི་གསང་བ་སྟེ། །དེ་ཡི་རྟགས་སུ་དོན་སྣོད་དང་། །རྣལ་འབྱོར་བ་ཡི་མྱོང་བས་སོ། །ཞེས་པས་སོ། །དེ་དག་ལས་སྐོང་བར་བྱེད་པའི་ཆོ་ག་ནི། །དམ་ཚིག་མཆོག་གི་རྒྱུད་ལས། རྟགས་དང་སྦྱར་བའི་རྣལ་འབྱོར་པས། །ཕྱི་ཡི་ཕྱི་ལ་ལྡེར་ཚོ་དང་། །རི་མོའི་ལས་ནི་ལན་བདུན་གྱིས། །དེ་ཡིས་སྔགས་ལས་གྲོལ་བའོ། །ཞེས་པས་སྔགས་ཕྱིའི་ལྷ་རྣམས་ཀྱི་ལྡེར་ཚོ་རང་གི་ལོ་གྲངས་ཙམ་མོ། །ཡང་ཕྱིའི་ལྷ་རྣམས་ཀྱི་བྲིས་སྐུ་བདུན་ནམ་བཅུ་གཅིག་བྱས་པས་བསྐངས་སོ། །ཡང་དེ་ཉིད་ལས། ཕྱི་ཡི་ནང་ལ་ལུགས་སྐུ་བདུན། །རབ་ཏུ་གནས་པ་རྩོལ་བས་བཞེངས། །བླ་མ་མཆོག་ལ་དབུལ་བར་བྱ། །ཞེས་པ་ནི། སྔགས་ནང་གི་ལྷ་ཚོགས་ཀྱི་ལུགས་མ་བདུན་བཞེངས་ནས་རང་གི་བླ་མ་ལ་ཕུལ་ན་ངེས་པར་བསྐངས་སོ། །ཡང་དེ་ཉིད་ལས། ཕྱི་ཡི་གསང་བའི་རྟགས་བྱུང་ན། །རྡོ་རྗེ་དང་ནི་དྲིལ་བུ་ཉིད། །དགུའམ་བཅུ་གཅིག་བླ་མ་ལའོ། །དེས་ནི་ནད་ལས་གྲོལ་བ་དང་། །དད་པ་ཕུན་སུམ་ཚོགས་པ་དང་། །དེ་དག་ཞི་བས་འགྲུབ་པ་དང་། །འགྲོ་བ་རྣམས་ནི་བྱམས་པར་འགྱུར། །ཞེས་པས་སོ། །དེ་ལྟར་སྐུའི་ཕྱིའི་དམ་ཚིག་ཏུ་སྡིག་པ་མི་དགེ་བའི་ལས་རྣམས་བསྲུང་ངོ་། །དེ་ཡང་རང་བཞིན་གྱི་ལུས་ཐམས་ཅད་ལྷའི་སྐུར་དམིགས་པ་མ་ལོག་ན། སྐུའི་དམ་ཚིག་ལས་འདའ་མི་སྲིད་དོ། །དེ་ལྟར་ཡང་རྡོ་རྗེ་ནམ་མཁའ་ལྡིང་འཇིགས་པའི་རྒྱུད་ལས། ཡི་དམ་ལྷར་གསང་སྔགས་པ་ཡིས། །གཟུགས་རྣམས་བཟློག་པར་མི་སྤངས་ཕྱིར། །སྐུ་གསལ་བས་ནི་མི་འདའོ། །ཞེས་པའོ། །སྐུའི་ནང་གི་དམ་ཚིག་ནི་གསུམ་སྟེ། ཕྱི་ནང་གསང་བ་གསུམ་མོ། །དེ་ཡང་གསེར་གྱི་ཁང་བུ་བརྩེགས་པ་ལས། ནང་གི་ཕྱི་ནི་སྤུན་དང་ཡང་། །གང་གི་ཕ་དང་མ་ཉིད་དང་། །རང་གི་ལུས་ལ་མི་དམོད་དེ། །ནང་གི་ནང་ཉིད་སྤྱིར་ན་ཡང་། །ཐེག་པ་ཆེ་ཆུང་ཆོས་རྣམས་ལ། །འཇུག་པར་འདོད་དང་ཞུགས་པ་དང་། །ཞུགས་ཏེ་གཟུགས་བརྙན་འཛིན་པའི་ལུས། །སྨད་ཅིང་མཐོ་བརྩམས་རྒྱན་སྨད་ན། །སངས་རྒྱས་སྐུ་ནི་བརྒྱ་ཕྲག་བསླུས། །ནང་གི་གསང་བ་རང་གི་ལུས། །ལྷ་ཡི་དཀྱིལ་འཁོར་ཡིན་པའི་ཕྱིར། །སྨན་དང་ཟས་ལ་དུག་འདྲེས་ཟོས། །གལ་ཏེ་མཚོན་གྱིས་བཏབ་ན་ཡང་། །ཟག་པའི་ལམ་མེད་ལུས་བརྒྱ་བླངས། །དེ་འོག་ཚ་བའི་དམྱལ་བ་མྱོང་། །དེ་བས་ཙམ་མེད་མདོག་བས་ལེགས། །ཞེས་པས་ལུས་ཀྱི་བྱེད་པའི་ལས་རྣམས་ཐམས་ཅད་ཉེ་བར་སྤང་བར་བྱའོ། །སྐུའི་གསང་བའི་གསུམ་ནི། རྡོ་རྗེའི་སྤུན་ནམ་སྲིད་མོ་ཡི། །ལུས་ཀྱི་རྒྱན་ལ་དཔྱས་པ་དང་། །འཐོ་བཙམས་ལ་སོགས་བརྡེག་པའི་ཚུལ། །གལ་ཏེ་གཞན་གྱིས་བྱེད་བཅུག་ན། །འདི་ཡང་མནར་མེད་རྒྱུད་འཕེལ་འགྱུར། །ནང་གི་ཤིན་ཏུ་འདྲེས་པའི་མཆེད། །ཀུ་རེ་རྩེད་མོའི་ཚུལ་དུ་ཡང་། །བརྡེག་གམ་བརྡེག་པར་བརྩམས་པའམ། །རྨི་ལམ་ན་ཡང་ཡུམ་ལ་གཙེས། །དེ་མ་ཐག་ཏུ་མ་བཤགས་ན། །འདི་ཡང་སྔར་དང་སྡིག་པ་མཉམ། །གསང་བའི་གསང་བ་བླ་མ་ཡི། །སྐུ་ཡི་གྲིབ་མ་མི་འགོམ་ལ། །བླ་མའི་སྤྱན་ལམ་དག་ཏུ་ཡང་། །མཚོན་ཆ་བཟུང་བར་མི་བྱའོ། །རྐང་ལག་བརྐྱངས་དང་ཉལ་མི་བྱ། །སྐྱིལ་ཀྲུང་འདུག་དང་རྒྱབ་མི་བསྟན། །ལྷྭམ་དང་སྟན་དང་བཞོན་པ་དང་། །གདུགས་ལ་སོགས་པའི་རྒྱན་རྣམས་སྤངས། །བླ་མའི་གཟིམས་ཁང་དག་ལ་ཡང་། །ལག་པས་མཚོན་དང་རྡོ་མི་རྡེག །བརྩམ་པར་བྱ་བ་མ་ཡིན་ནོ། །དེ་དག་ལས་ནི་འབུམ་འགྱུར་དུ། །བླ་མའི་གནས་ཁང་བཤིག་པ་དང་། །སྐུ་ལ་བརྩམས་ཤིང་སྡིག་བྱས་པས། །འདི་ཡི་སྡིག་པ་ཕ་མཐའ་ཡས། །གལ་ཏེ་བླ་མ་བག་མེད་པས། །མ་དཔྱད་སྡང་ནའང་ཕ་མཐའ་ཡས། །མཆེད་སྤུན་སྐུ་ལ་བརྙས་བྱས་ན། །འདི་ཡི་རྣམ་སྨིན་བརྗོད་མི་ནུས། །ཞེས་གསུངས་པས། བླ་མའི་སྐུའི་གྲིབ་མ་ལ་འགོམ་ན་རབ་གནས་དང་ལྡན་པའི་མཆོད་རྟེན་བཤིག་པ་དང་མཉམ་མོ། །མི་སྡུག་པའི་མཚོན་ཆ་བཟུང་ན་རབ་གནས་དང་ལྡན་པའི་ལྷ་ཁང་བཤིག་པ་དང་མཉམ་མོ། །རྐང་ལག་བརྐྱངས་ནས་བླ་མའི་སྤྱན་སྔར་ཉལ་ན་དུད་འགྲོ་བརྒྱའི་སྲོག་བཅད་པ་དང་མཉམ་མོ། །བླ་མའི་སྤྱན་སྔར་སྐྱིལ་ཀྲུང་འདུག་པ་དང་རྒྱབ་བསྟན་ན་གསུང་རབ་མེ་ཡིས་བསྲེགས་པ་དང་མཉམ་མོ། །བླ་མ་ལ་བྱིན་རླབས་ཞུ་བའི་དུས་སུ་ལྷྭམ་སྔོན་ལ་གྱོན་པ་དང་། སྟན་བཏིང་བ་དང་། རྟ་དང་གླང་པོ་ལ་སོགས་པ་ཞོན་ན་གྲོང་ཁྱེར་ཆེན་པོ་སུམ་ཅུ་རྩ་གཉིས་བཅོམ་པ་དང་མཉམ་མོ། །གདུགས་དང་རྒྱན་ཆ་བླ་མ་གཤེགས་པའི་ཚེ་བཟུང་ན་རྔ་མོ་ལྔ་བརྒྱའི་སྲོག་བཅད་པ་དང་མཉམ་མོ། །དེ་དག་ནི་ཐུན་མོང་ཙམ་དུ་བསྟན་པའོ། །གལ་ཏེ་བླ་མའི་གཟིམས་ཁང་ལ་ལག་པས་རྡེག་པའམ་རྡོ་འཕངས་པའམ་མཚོན་གྱིས་བསྣུན་པའི་ཚུལ་བསྟན་ན་ཡང་། དེ་མ་ཐག་ཏུ་མ་བཤགས་ན་ཉེས་པ་གོང་མ་རྣམས་དང་མཉམ་མོ། །འདི་མན་ཆད་རྣམས་ནི་གོང་མ་རྣམས་དྲིལ་བ་ལས་འབུམ་འགྱུར་གྱི་སྡིག་པ་ཆེ་བར་རིག་པར་བྱའོ། །དེ་ལས་ལྡོག་པའི་ལུས་ཀྱི་བྱ་བ་བརྟེན་ན་དངོས་གྲུབ་ཀྱི་རྒྱུ་དང་རྐྱེན་དུ་འགྲོ་བ་ཡང་དེ་སྙེད་དུ་འགྱུར་རོ། །གོང་གི་སྤྱོད་པ་དེ་དག་རྨི་ལམ་དུ་ཡང་སྤངས་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པ་ལ་དཀའ་བ་མེད་དོ། །དེ་ཡང་རྡོ་རྗེ་སྙིང་པོ་སྲ་བ་འབྱུང་གནས་ཀྱི་རྒྱུད་ལས། མཆོད་པའི་རྟེན་དང་གཟུགས་བརྙན་དག །སུ་ཡིས་བཤིག་པའི་རྣམ་སྨིན་ནི། །མཛེ་འབྲས་ཕོལ་གྱིས་ཟིན་ནས་ནི། །གླིང་བར་མུན་པའི་སྲོག་ཆགས་ལུས། །བརྒྱ་ཕྲག་ཕྱེད་དང་གཉིས་བླངས་ནས། །ཡི་དྭས་དྲག་པོའི་སྐྱེ་གནས་སོ། །ལྷ་ཁང་གང་གིས་སྐྱེལ་ན་ཡང་། །སྲིན་མོའི་ལུས་ཀྱི་སྐྱེ་གནས་ནི། །བྱོལ་སོང་ཕལ་པའི་ལུས་ནི་སྟོང་། །རྟག་ཏུ་མཚོན་གྱིས་འདེབས་པར་འགྱུར། །དེ་ནས་ཁ་འཐོར་དམྱལ་བའོ། །ཞེས་གསུངས་སོ། །གཞན་དག་གི་རྣམ་སྨིན་ནི་མདོ་དང་རྒྱུད་ལས་རབ་ཏུ་མང་བར་བཤད་དོ། །སྐུའི་རྣམ་གྲངས་ཀྱི་དམ་ཚིག་ལས། ལན་བདུན་ལས་འདས་ན་བཤགས་པའི་རྟེན་ཉམས་མཚོག་རྣམས་ལ་གཉིས་ལས་འདས་ན་བཤགས་པའི་རྟེན་ཉམས་སོ། །དམ་ཚིག་རབ་ཏུ་འབྱེད་པ་ལས། གནས་པ་དྲུག་པ་ཞེས་བྱ་བ། སྐུའི་དམ་ཚིག་བསྟན་པའི་དུམ་བུ་སྟེ་དང་པོ་རྫོགས་སོ།། །།ཐ།ཐརྒྱ།བཱ༔྅྅྅ མཆོག་ཏུ་གསང་བའི་དཔལ་ལ་ཕྱག་འཚལ་ལོ། །གསང་སྔགས་དབང་གི་རྒྱུད་ལས་གསུང་པ་ཡི། །ཁྱད་པར་མཆོག་གི་དམ་ཚིག་རབ་བཤད་པ། །གཉིས་མེད་ཐབས་ལས་ཁྱད་པར་ཉེས་པའི་སྐྱོན། །འགལ་བ་མེད་པར་མཆོག་གི་འབུང་བར་བྱའོ། །རྣལ་འབྱོར་གྱི་ལམ་དུ་འགྲོ་བ་རྣམས་ཀྱིས་འདི་ལྟར་ཡིད་ཆེས་པར་བྱས་ལ་དང་དུ་བླང་བར་བྱའོ། །བཀྲ་ཤིས་ཉི་མ་འབུམ་གྱིས་བརྒྱན་པའི་རྒྱུད་ལས། གསུང་གི་དམ་ཚིག་ཁྱད་པར་ངེས་ཕྱེ་ནས། །སྐྱོབ་པ་ལྔ་ཡི་རྣལ་འབྱོར་ལམ་བཟུང་ཕྱིར། །རྣམ་གྲངས་ཕྱེ་ནས་བཀོད་པ་བསམ་ཡས་ཀྱང་། །ངེས་པར་བསྡུས་ན་བསྲུང་མཚམས་བཅུ་གཉིས་སོ། །ཕྱི་དང་ནང་དང་གསང་བ་གསུམ་དག་ལས། །གསུམ་གསུམ་དག་ལས་དབྱེ་ན་དགུར་འགྱུར་རོ། །རྩ་བ་གསུམ་སྟེ་བཅུ་གཉིས་ཁོ་ནའོ། །ཞེས་པས་གནས་བརྟེན་པ་དང་། ཐོབ་པ་དང་། ཉམས་པའི་སྐྱོན་རྣམས་ཀྱིས་སྐུའི་སྐབས་ཀྱིས་ཤེས་པར་བྱའོ། །གསུང་གི་དམ་ཚིག་ཏུ། ངག་གི་སྡིག་པ་མི་དགེ་བ་རྣམས་སྤངས་བར་བྱའོ། །དེ་ལ་ངག་གི་ཕྱིའི་དམ་ཚིག་ཏུ་རྫུན་མི་སྨྲ་སྟེ། དེ་ལྟར་ཡང་འཁོར་ལོ་རྣམ་དག་བརྩེགས་པ་ལས། སྔགས་ལ་མོས་པའི་སྤྱོད་པ་ཡིས། །འགྲོ་བ་ཕལ་བ་དག་ལ་ཡང་། །རྫུན་པའི་ཚིག་ནི་རང་འདོད་ཀྱིས། །སྨྲ་ལ་རྟག་ཏུ་དགའ་བ་ལ། །སྔགས་བཟླས་ནུས་པ་མི་འབྱུང་ཞིང་། །གཞན་ལ་སྨྲས་པ་བཙུན་པ་མིན། །རང་གི་རང་ཉིད་ཉམས་པ་ཡིས། །འགྲོ་བ་གཞན་གྱིས་ལྕེ་འབབ་འགྱུར། །མ་འོངས་དུས་ནི་སྨེ་ཤའི་ལུས། །བྱང་གི་ཕྱོགས་སུ་མྱོང་བར་འགྱུར། །དེ་འོག་ངན་སོང་སྡུག་བསྔལ་ཡང་། །རྣམ་པ་སྣ་ཚོགས་མྱོང་བར་འགྱུར། །ཞེས་པའོ། །དེའི་ནང་གི་དམ་ཚིག་ཏུ་ཕྲ་མ་མི་སྨྲ་བ་སྟེ། ཡང་དེ་ཉིད་ལས། སྔགས་ལ་ཞུགས་པའི་གང་ཟག་གང་། །གཞན་གཉིས་དབྱེན་འཇུག་ཕྲ་མ་སྨྲ། །ཆོས་སྨྲས་འཁོར་རྣམས་མི་འདུ་དང་། །ཅི་བྱས་ལོག་པར་འགྱུར་བ་དང་། །མ་དཔྱད་པ་རྣམས་དགྲར་འགྱུར་དང་། །ལུས་ལ་མཚོན་གྱིས་འདེབས་པ་དང་། །ཤི་འཕོས་ནས་ནི་སྡེར་ཅན་ལུས། །དེ་ནས་ངན་སོང་རིམ་གྱིས་མྱོང་། །ཞེས་པ་དང་། དེ་ཡང་འདིའི་གསང་བའི་དམ་ཚིག་ཏུ་གཞན་གྱི་ཞེ་གཅོད་པའི་ཚིག་རྣམས་སྨྲ་བར་མི་བྱའོ། །ཡང་དེ་ཉིད་ལས། རྟག་ཏུ་ཞེ་གཅོད་ཚིག་སྨྲ་བ། །སྔ་མའི་ལས་དང་ཕྱི་མའི་རྟགས། །འགྲོ་བ་བྱམས་བྲལ་བཤེས་ཀྱང་སྡང་། །ཆོས་ཀྱི་ཚིག་ཀྱང་འཆོལ་བར་འགྱུར། །ཤི་འཕོས་རབ་ཏུ་གྲགས་པའི་ལུས། །དེ་ནས་ངན་སོང་གསུམ་དུ་འཁོར། །ཞེས་པས། དེ་ལྟར་ཡང་དག་གི་སྡིག་པ་དེ་དག་ཆོས་འདྲེས་པའི་སྒོ་ནས་སྨྲས་ན་རྣམ་པར་སྨིན་པ་བདུན་འགྱུར་འགྲོ། རང་ཉིད་འདོད་པ་རླབས་པོ་ཆེས་སྨྲས་ན་གོང་མ་རྣམས་ལས་ཉིས་འགྱུར་རོ། །རང་བཞིན་གྱི་བསྲུངས་ཀྱང་སྨྲ་འདོད་ཅིང་། ཤེས་བཞིན་གྱིས་མ་ཟིན་ན་ནི་སྔ་མ་བྱས་པའི་རྣམ་པར་སྨིན་པར་ཤེས་པར་བྱའོ། །དེ་ཡང་སྔགས་ཀྱི་སྒོར་ཞུགས་པ་རྣམས་ལ་རང་བཞིན་ཙམ། དབང་བསྐུར་བ་རྣམས་ཀྱིས་སྨྲས་ན་ནི་ཉིས་འགྱུར། ལྟ་སྒོམ་ལ་ཞུགས་པ་རྣམས་ཀྱིས་ནི་ལྔ་འགྱུར་རོ། །ཆོས་སྨྲ་བའི་གང་ཟག་གིས་སྨྲས་ན་ནི་བདུན་འགྱུར་རོ། །གསུང་གི་ནང་གི་དམ་ཚིག་གསུམ་ནི་དམ་ཚིག་རྣམ་པར་བཀོད་པའི་རྒྱུད་ལས། སྔགས་པ་སྡོམ་པ་གནས་པ་ཡིས། །ཆོས་སྨྲས་རྣམས་དང་ཆོས་བསྒྲུབས་དང་། །ཆོས་ནི་བསྒོམས་པའི་གང་ཟག་ལ། །སྒྲོ་ཞིང་སྐུར་པ་བཏབ་པ་དང་། །གཤེ་ཞིང་སྨད་པའི་ཚིག་སྨྲས་ན། །གཞན་པའི་མོས་པ་ཉམས་པ་དང་། །རང་གི་སྡོམ་པ་ཉམས་པ་དང་། །རང་གི་ཆོས་རྣམས་བརྗེད་ངས་ཆེ། །ཡིད་དཔྱོད་འདྲ་མིན་འཆོལ་བར་འགྱུར། །ཡང་དེ་ཉིད་ལས། ས་ཞེས་བྱ་བ་བསྐྱེད་པ་ལ། །མ་ཞེས་བྱ་བ་མ་ཉམས་ན། །དངོས་གྲུབ་ཐམས་ཅད་སྟེར་བ་ཉིད། །ཡ་ཞེས་ཉམས་ན་ཡས་པར་འགྱུར། །ཞེས་པ་དང་། ཡང་དེ་ཉིད་ལས། དམ་ཞེས་བྱ་བ་བཅིངས་པ་སྟེ། །དེ་ཉིད་གྲོལ་ན་ཉམས་པ་སྟེ། །དེ་ལས་འདས་ན་གསོར་མི་རུང་། །ཚིག་ཅེས་བྱ་བ་དེ་འདས་ན། །མེ་ཡི་སྡུག་བསྔལ་མྱོང་བའོ། །ཡང་ན་དམ་པ་བསྲུང་བ་ཉིད། །སྐུ་དང་གསུང་དང་ཐུགས་དག་ལས། །སུ་ཡིས་འདས་པས་འཚིག་པར་བྱེད། །བསྐལ་པ་བརྒྱ་ཕྲག་དག་ཏུའོ། །ཞེས་པས་ཤེས་སོ། །གསང་བའི་གསུམ་ནི། གསུང་གི་གསང་བའི་ཕྱི་ནི། རྡོ་རྗེ་སྤུན་དང་སྲིང་མོ་ལ་ཚིག་གིས་སྨད་པ་དང་། གཤེ་སྐུར་མི་བྱ། ཇི་སྐད་གསུངས་པའི་ཚིག་ཉན་པར་བྱའོ། །གསང་བའི་ནང་གི་ལ། བླ་མའི་ཕྱག་རྒྱ་མ་དང་ཉེ་འཁོར། གསང་བའི་གསང་བ་བླ་མའོ། །དེ་ལྟར་ཡང་ཕྱག་རྒྱ་གཉིས་སྦྱོར་གྱི་རྒྱུད་ལས། རྡོ་རྗེའི་མཆེད་དང་ལྕམ་དྲལ་ལ། །ཚིག་གིས་སྨྲས་དང་ངག་བཅག་ན། །བསྐལ་པ་བརྒྱ་ཕྲག་བྱེ་བ་ནི། །ཁྱད་པར་ངན་སོང་གསུམ་པོ་ཡི། །སྡུག་བསྔལ་མི་བཟད་དྲག་པོ་ཉིད། །གང་ཟག་དེ་ཡིས་མྱོང་བ་དང་། །སྔར་དང་ཕྱི་མ་ད་ལྟའི་བར། །རིམ་པར་མྱོང་བར་འགྱུར་བ་ནི། །སྔ་མ་བྱས་པས་ཚེ་འདི་ལ། །བར་ནས་ཐ་མར་མྱོང་འགྱུར་ལ། །ཡང་སྔ་ཚེའི་སྟོད་ལ་བྱ་སྟེ། །སྐྱེས་མ་ཐག་ཏུ་མྱོང་བར་འགྱུར། །འདི་ལ་བྱས་པའི་ལམ་མཐའ་ནི། །ཚེ་ཡི་ཞབས་ལ་ངག་གི་ལས། །འཁོར་དང་གཞན་གྱི་ལྕེ་འབབ་དང་། །གློ་བུར་དག་ཏུ་སྨ་རྒྱུད་འགག །བླ་མའི་བུ་དང་ཆུང་མ་དང་། །གང་དག་ཉེ་གནས་དག་ཀྱང་རུང་། །བཀའ་ལས་འདས་ཤིང་ངག་འདས་ན། །སྔ་མ་ལས་ནི་ཉིས་འགྱུར་རོ། །ཡང་ན་བླ་མའི་བྱེ་བྲག་གི། །རྩ་བ་དང་ནི་ཡན་ལག་གི། །ངག་བཟླས་ངག་ཏུ་སྨྲས་པ་དང་། །སྒྲོ་སྐུར་འདོད་ཚིག་སྨྲས་བྱས་ན། །སྔ་མ་ལས་ནི་སྟོང་ཕྲག་དགུ། །རྣམ་པར་སྨིན་པ་མི་ཟད་པ། །རིམ་པས་བླ་མའི་ཁྱད་ཀྱིས་སྤང་། །དེ་མ་ཐག་ཏུ་མྱོང་བར་འགྱུར། །ཞེས་པས། རྡོ་རྗེའི་མཆེད་དང་ལྕམ་སྲིང་ལ་ཚིག་གིས་སྨད་པར་མི་བྱ་བ་དང་། གཞན་ཡང་ཆོས་དང་གང་ཟག་ལ་སྨད་པར་བྱ་བ་མ་ཡིན་ནོ། །བླ་མའི་ཉེ་འཁོར་རྣམས་དང་ཡང་སྔར་དང་འདྲའོ། །བླ་མའི་བཀའ་བཅག་ན་སངས་རྒྱས་ཀྱི་གསུང་རྣམས་རྒྱབ་ཀྱིས་ཕྱོགས་པ་དང་མཉམ། བླ་མའི་བཀའ་ཉམས་པར་བྱས་ན་དེའི་ཆ་གཉིས་སོ། །གསུང་ལས་འདས་ན་སྟོང་ཕྲག་གཉིས་འགྱུར་གྱི་རྣམ་པར་སྨིན་པ་འོང་ངོ་། །དེ་ལྟར་ཡང་རྡོ་རྗེ་ཉི་མ་དམ་ཚིག་ལས་བཀོད་པའི་རྒྱུད་ལས། སྤྱིར་ན་དམ་ཚིག་ཁྱད་པར་ལས། །དུས་ལ་ཁྱད་པར་ངེས་ཕྱེ་བ། །དམ་ལས་འདས་ཤིང་ཉེས་བྱས་གང་། །ཞག་གིས་བར་མ་ཆོད་པར་ནི། །དམིགས་པའི་ཡུལ་ལ་བཤགས་བྱས་ན། །དེས་ནི་སོར་ཡང་ཆུད་པའོ། །ཉམས་ཞེས་ཟླ་བས་མ་ཆོད་པར། །འགྱོད་པ་དྲག་པོས་བཤགས་པས་སོ། །དམ་ལས་འདས་ན་ལོ་དག་གི། །བར་དུ་མ་ཆོད་བཤགས་པས་སོ། །ལོ་ནི་གཉིས་དང་གསུམ་དག་ལས། །དམ་ཚིག་རལ་པ་ཞེས་བྱ་བ། །མཆོག་ཏུ་དྲག་ན་གསོ་རུ་རུང་། །ལོ་གསུམ་དག་ལས་འདས་པ་ནི། །དེ་ནི་གསོར་ཡང་མི་རུང་སྟེ། །གལ་ཏེ་བླངས་ན་གཉིས་ཀ་འཚིག །ངེས་པར་ས་སྤྱོད་སྡུག་བསྔལ་ལོ། །རྒྱུན་དུ་སྤྱོད་པ་ཁོ་ནའོ། །འགལ་ན་ཚོགས་ཀྱི་འཁོར་ལོས་བཤགས། །ཉམས་ན་རང་གི་བདོག་པས་བསྐང་། །འདས་ན་བུ་དང་ཆུ་མ་དང་། །ཉེ་འཁོར་ལུས་དང་ངག་དང་ནི། །ཡིད་དང་བདོག་པར་བཅས་པར་བསྐང་། །རལ་པ་རང་གི་སྲོག་གིས་བསྐང་། །དེ་ལས་ཕྱིར་ཡང་གྱུར་པ་ན། །དམ་ཚིག་ཉམས་པ་ཞེས་བྱ་སྟེ། །གསོ་བར་རུང་བ་མ་ཡིན་ནོ། །ཞེས་པས་སོ། །རྣམ་གྲངས་ཀྱི་དམ་ཚིག་ལ་བསམ་གྱི་མི་ཁྱབ་བོ། །དེ་ཡང་བཀོད་པ་ཆེན་པོ་ལས། བླ་མ་དང་ནི་ཉེ་བའི་འཁོར། །རྡོ་རྗེ་སྤུན་དང་སྲིང་མོ་ལ། །ངན་སྨྲས་ཚིག་གི་ཟུང་ཙམ་ཡང་། །བརྡའམ་དངོས་པོར་བརྗོད་མི་བྱ། །གལ་ཏེ་རྨི་ལམ་ངག་ཏུ་ཡང་། །བྱུང་ན་ཡིད་ཀྱིས་བཤགས་པར་བྱ། །དངོས་དང་ཞེ་ཡིས་བྱས་པ་དང་། །གལ་ཏེ་དྲན་པས་མ་ཟིན་པར། །ཐལ་བར་གྱུར་ཀྱང་མ་བཤགས་ན། །ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །ཞེས་པས་སོ། །དེ་དག་ལ་སོགས་ཏེ་གཞན་གྱི་ཟླ་དང་ཞོར་དང་སྡེབས་པ་དང་། གཞན་ལ་བརྟེན་ནས་ཀྱང་བྱ་བ་མ་ཡིན་ནོ། །ཡང་འཁོར་ལོ་རིན་པོ་ཆེ་རྣམ་པར་བརྩེགས་པའི་རྒྱུད་ལས། སྐུ་ཡི་དམ་ཚིག་ལས་འདས་ན། །སངས་རྒྱས་སྐུ་ཞེས་ཚིག་དང་བྲལ། །འདི་ལྟར་ཁམས་གསུམ་སེམས་ཅན་རྣམས། །སྲོག་ནི་དུས་གཅིག་བཅད་པ་བས། །ཕས་ཕམ་པ་ནི་སྡིག་མཐའ་ཡས། །དེ་བཞིན་གསུང་གི་ཞིག་པ་ན། །སངས་རྒྱས་གསུང་གི་ཚིག་མི་གནས། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི། །ལྕེ་ཡི་དབང་པོ་དུས་གཅིག་ལ། །བཅད་པའི་སྡིག་པས་འདི་མཐའ་ཡས། །གལ་ཏེ་ཐུགས་ཉམས་གྱུར་པ་ཡང་། །ཁམས་གསུམ་གང་བའི་བསམ་གཏན་པའི། །དགེ་ལ་གནས་པའི་དགེ་སློང་རྣམས། །དུས་གཅིག་སེམས་དཀྲུགས་སེམས་སུན་ཕྱུང་། །འདི་རྣམས་སྡིག་པ་ཆེར་འཕེལ་འགྱུར། །སྡིག་པ་འདི་ཀུན་རྣམ་གྲངས་ནི། །བརྗོད་པར་ནུས་པ་མ་ཡིན་ནོ། །ཞེས་པས། གལ་ཏེ་བག་མེད་པ་དང་། དྲན་པས་མ་ཟིན་པ་དང་། ནད་ཀྱིས་དཀྲུགས་པ་དང་། གདོན་གྱི་དབང་དུ་གྱུར་པ་དང་། རྨི་ལམ་ན་ཡང་བླ་མ་ལ་སྐུ་གསུང་ཐུགས་ཀྱི་ཉེས་པ་བྱས་པ་བྱུང་ན། དེ་ཉིད་ཀྱི་རྗེས་ལ་མ་བཤགས་ན། ཉེས་པ་ཆེན་པོར་འགྱུར་རོ། །དེ་ལྟར་ཡང་དཔལ་ནམ་མཁའ་ཟད་པའི་རྒྱུད་ལས། གལ་ཏེ་ངན་པའི་སེམས་མེད་པར། །དྲན་པ་ཉམས་པའི་རྨི་ལམ་མམ། །བག་མེད་གྱུར་པའི་མི་དགེ་རྣམས། །བླ་མ་ལ་དམིགས་བཤགས་པ་བྱ། །ལུས་ཀྱི་ཉེས་པ་ལུས་ཀྱིས་ཏེ། །དེ་ཉིད་ངག་དང་སེམས་ཀྱང་ངོ་། །འདིས་ཀྱང་མནར་མེད་སྡུག་བསྔལ་མྱོང་། །ཞེས་པས་སོ། །དམ་ཚིག་རབ་འབྱེད་ལས། སྦྱོར་བ་ལྔར་གཏན་ལ་ཕབ་པ་སྟེ། གསུང་གི་དམ་ཚིག་རྣམ་པར་བཞག་པ་གཉིས་པ་རྫོགས་སོ།། །།རབ་ཏུ་གནས་པའི་མགོན་ལ་ཕྱག་འཚལ་ལོ། །ཇི་ལྟར་སྔགས་ཀྱི་རྒྱུད་རྣམས་ལས། །དམ་ཚིག་རྣམ་པ་མང་བཤད་ཀྱང་། །རྣམ་པར་བསྡུས་ཏེ་འབྱེད་ངེས་པའི། །མདོ་དོན་རྣམ་པར་བཤད་པར་བྱའོ། །གང་ཞུགས་དུས་ལ་ཞུགས་པ་ཡི། །དངོས་གྲུབ་མཆོག་ཏུ་འདོད་པའི་མིས། །འདི་ལྟར་ཉེས་པའི་སྐྱོན་སྤངས་ཏེ། །ལེགས་པའི་ཡོན་ཏན་བསྒྲུབ་པར་བྱའོ། །བླ་མ་མཆོག་གིས་བཀའ་སྩལ་པ། །གལ་ཏེ་ཉེས་པའི་སྐྱོན་རིག་ཀྱང་། །ཇི་སྐད་སྨྲས་པ་དེ་བཞིན་བྱ། །དེ་བཞིན་བླ་མའི་བྱ་བ་ལ། །ལུས་ཀྱི་སྡུག་བསྔལ་མཆོག་གྱུར་ཀྱང། །རང་གི་ནུས་པས་འབད་དེ་བྱ། །བླ་མའི་ཐུགས་ནི་སྐད་ཅིག་ཀྱང་། །དཀྲུག་པར་བྱ་བ་མ་ཡིན་ནོ། །བླ་མའི་ཟས་དང་ནོར་རྣམས་ལ། །རང་གི་སྲོག་བས་འཕངས་པ་བཞིན། །རྣལ་འབྱོར་པས་ནི་རྟག་ཏུ་བྱའོ། །གལ་ཏེ་བླ་མའི་ཞིང་ཁམས་སུ། །ཆོས་བཤད་དབང་བསྐུར་རབ་གནས་དང་། །བསམ་གཏན་བསྒོམ་པར་བྱ་བ་རྣམས། །རྗེས་མ་གནང་བར་མི་བྱའོ། །མདོར་ན་ལུས་ངག་ཡིད་གསུམ་གྱི་བྱ་བའི་རྣམ་པ་གང་བྱེད་ཀྱང་། །བླ་མ་ལ་ཞུས་མ་གནང་བར། །ཅུང་ཟད་ཙམ་ཡང་མི་བྱའོ། །གཞན་ཡང་དགེ་བའི་ལས་གང་ཡང་། །བླ་མ་ལ་ཞུས་བརྩམས་པར་བྱ། །རྣལ་འབྱོར་སྤྱོད་ལམ་ཐམས་ཅད་དུ། །བླ་མ་མཆོག་དང་འབྲལ་མི་བྱ། །དུས་གསུམ་ཟས་ནི་ནམ་ཟ་ཡང་། །སུམ་ཆ་བཅད་པའི་ཕུད་རྣམས་ཀྱིས། །བླ་མ་མཆོག་ལ་དབུལ་བར་བྱ། །ནོར་དང་དཀོན་པའི་རིན་པོ་ཆེས། །བླ་མ་རྡོ་རྗེ་འཛིན་པ་ལ། །འདོད་པ་མེད་ཀྱང་ཕྱོགས་སུ་དབུལ། །ཅི་དང་ཅི་ཡི་ཕུད་རྣམས་ཀྱིས། །བླ་མ་མཆོག་ལ་བསྔོས་ཏེ་དབུལ། །མདོར་ན་བདག་གིས་བསམ་པ་ཡིས། །རྣམ་པར་དག་པས་ཟོལ་ཆུང་བར། །བླ་མའི་ཕྱོགས་སུ་དམིགས་པར་བྱའོ། །རྣམ་དག་མཆོག་དང་དགེ་བས་ནི། །ལེགས་པའི་ཡོན་ཏན་ཐོབ་པར་ངེས། །དེས་ནི་འདི་ལ་འབད་པར་བྱ། །དེ་ལྟར་ཐུགས་ཀྱི་དམ་ཚིག་རྣམ་པར་ཕྱེ་སྟེ། ངེས་པར་བསྡུས་ན་ནི་ཕྱི་ནང་གསང་བ་གསུམ་མོ། །དང་པོ་ཕྱིའི་གསུམ་ནི། སེམས་ཀྱི་ལས་སུ་བདག་དང་གཞན་ལ་གནོད་པའི་སེམས་རྣམས་སྤང་བར་བྱའོ། །དེ་ལྟར་ཡང་སྙིང་པོའི་དོན་རྣམ་པར་ལེན་པའི་རྒྱུད་ལས། གང་དག་སྔགས་པ་རྡོ་རྗེ་འཛིན། །སེམས་ཅན་གཞན་ནམ་རང་ཡང་རུང་། །གནོད་པར་བྱེད་པའི་ལས་འཆད་ན། །འདི་ནི་ཤུ་བ་ཅན་གྱི་ལུས། །གྲང་བའི་རེག་པར་ལྡན་པ་ཡི། །ལུས་ནི་སྟོང་ཕྲག་ལྔ་བླངས་ནས། །གྲང་བའི་དམྱལ་བར་ངེས་པར་འགྱུར། །ཞེས་པ་དང་། ཡང་དེ་ཉིད་ལས། མཆོག་ཏུ་སྔགས་ལ་ཞུགས་པ་ལ། །གནོད་པ་བྱ་བའི་སེམས་བྱས་ན། །གོང་མའི་སྡུག་བསྔལ་མྱོང་བར་འགྱུར། །འགྲོ་བ་གཞན་ལ་ངེས་པ་མེད། །ཅེས་སོ། །ཕྱིའི་ནང་དུ། ལུས་དང་བྱས་པའི་གནོད་པའི་སེམས་སྤང་བར་བྱའོ། །འདིར་འགྲོ་བ་ཕལ་བ་དང་། ཆོས་ཀྱི་སྒོར་ཞུགས་སོ་ཅོག་དང་། །མཆོག་ཏུ་སྔགས་ཀྱི་སྒོར་ཞུགས་པ་རྣམས། ཤིན་ཏུ་རྡོ་རྗེའི་སྤུན་སྲིང་དང་། བརྒྱུད་པའི་བླ་མ་དང་རབ་ཏུ་རང་གི་བླ་མ་ལ་སྐྱེས་ན་རྣམ་པར་མིན་པ་བརྒྱད་འགྱུར་རོ། །དེ་ལྟར་ཡང་གནམ་ལྕགས་མེ་འབར་བའི་རྒྱུད་ལས། གལ་ཏེ་སེམས་ཅན་ཕལ་པ་ལ། །ཡུལ་འགྱུར་གནོད་པའི་སེམས་སྐྱེས་ན། །འགྲོ་བ་ཐུན་མོང་ལུས་ཅན་ནི། །བརྒྱ་ཕྲག་གསུམ་གྱི་སྲོག་བཅད་པས། །འདི་ཡི་སྡིག་པའི་ཆ་དང་མཉམ། །གལ་ཏེ་བསྟན་པའི་རྟགས་འཛིན་པའོ། །ཤུགས་ཅན་རྣམས་ལ་ལོག་འགྱུར་རོ། །སྔགས་ལ་ཞུགས་པ་ཕྲག་འགྱུར་རོ། །རྡོ་རྗེ་སྤུན་སྲིང་བདུན་འགྱུར་རོ། །བརྒྱུད་པའི་བླ་མ་བརྒྱ་ཕྲག་གོ། །རང་གི་བླ་མ་དེ་བས་བརྒྱད། །སྔགས་ཀྱི་སྒོར་ཞུགས་དབང་ཐོབ་པས། །མཆོག་ཏུ་རྣམ་སྨིན་དེ་ལྟར་རོ། །དེ་བས་ཐོབ་པ་ཐོབ་པའི་ཆོས། །རབ་ཏུ་ཉེས་པ་སྤངས་ནས་ནི། །ཉེས་པ་མེད་པའི་ཆོས་སྤྱོད་བྱ། །ཞེས་སོ། །ཕྱིའི་གསང་བ་གསུམ་ནི། སྔགས་པས་རང་ངམ་གཞན་གྱི་གྲུབ་པའི་མཐའ་ལ་ལོག་ལྟ་སྐྱེས་པ་ནི། འདི་ནས་ཤི་འཕོས་མ་ཐག་ཏུ་སེམས་ཅན་དམྱལ་བའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །དེ་ཡང་གཞན་གྱི་གྲུབ་པའི་མཐའ་ལ་ཞེ་ཡིས་སྨད་ན་སེམས་ལ་སྡུག་བསྔལ་ཉམས་སུ་མྱོང་། ལུས་ཀྱིས་སྨད་ན་ལུས་ལ་མྱོང་། ངག་གིས་བརྗོད་ཅིང་སྨད་ན་ངག་ཉམས་སུ་སྨིན་པ་དང་བཅས་པའི་སྡུག་བསྔལ་ཆེན་པོ་སྨིན་པའོ། །རང་གི་གྲུབ་པའི་མཐའ་ལ་ལོག་ལྟ་སྐྱེས་ན་ཚ་བའི་དམྱལ་བ་ནས་དམྱལ་བ་ཉེར་གཅིག་གནས་རྣམས་སུ་རིམ་པར་གྱུར་ནས། སྡུག་བསྔལ་མི་བཟོད་པ་སྨིན་པ་ངེས་སོ། །དེ་ལྟར་ཡང་བཀོད་པ་ཆེན་པོ་ལས། རང་ངམ་གཞན་གྱི་གྲུབ་པ་ཡི། །ཆོས་ལ་སྨོད་པ་ལོག་པའི་ལམ། །རྩ་བའི་དམ་ཚིག་ལ་འདུས་ན། །ས་སྤྱོད་མེ་ཡི་སྡུག་བསྔལ་ལ། །ཡུན་རིང་བར་དུ་གནས་པའོ། །རང་གི་གྲུབ་མཐའ་ལོག་པ་ཡི། །དམྱལ་བ་ཉིད་ལས་ཐར་སྐབས་མེད། །སྔར་དང་ད་ལྟའི་ཁྱད་པར་མེད། །དེ་མ་ཐག་ཏུ་སྡུག་བསྔལ་ལོ། །ཞེས་སོ། །ཐུགས་ཀྱི་ནང་གི་གསུམ་ལས་དང་པོ་ཕྱིའི་ནི། སྤྱོད་པ་ལོག་པ་ལྷ་མིན་ལས། དམྱལ་བའི་སྡུག་བསྔལ་ལ་སྤྱོད་དོ། །སྒོམ་པ་ལོག་པ་ལན་གཅིག་དང་གཟུགས་མེད་པ་ལས་སེམས་ཅན་དམྱལ་བའི་སྡུག་བསྔལ་མྱོང་། ལྟ་བ་ལོག་པ་ལས་དེ་མ་ཐག་ཏུ་རྡོ་རྗེའི་དམྱལ་བར་འགྱུར་རོ། །དེ་ལྟར་ཡང་ཤེལ་གྱི་ཁང་བུ་བརྩེགས་པའི་རྒྱུད་ལས། ལྷ་སྒོམ་དང་སྤྱོད་པ་ལོག །འདི་ནི་ལམ་ལོག་ཆེན་པོ་སྟེ། །སེམས་ཅན་ཀུན་གྱི་སྡུག་བསྔལ་གང་། །འདི་ཡི་སེམས་ལ་སྨིན་པར་ངེས། །ཞེས་སོ། །གསང་བའི་གསང་བ་གསུམ་ནི། ལྟ་དང་སྒོམ་དང་སྤྱོད་པ་དང་དུ་མ་བླངས་ཤིང་། །སྙོམས་ལས་སུ་ལུས་ཤིང་ཡིད་ལ་མ་བྱས་པ་དང་། ཡི་དམ་གྱི་ལྷ་ཡིད་ལ་མ་བྱས་པ་དང་། བླ་མ་རྡོ་རྗེ་སྤུན་སྲིང་ཡིད་ལ་མ་བྱས་པ་རྣམས་སོ། །དེ་ལྟར་ཡང་པདྨ་ཀློང་ཡངས་ལས། སུ་ཡི་ཡིད་ཀྱི་ལས་འཆལ་ཏེ། །ཡིད་ལ་བྱ་ཡི་ཆོས་རྣམས་ལ། །ཡིད་ལ་བྱས་པ་ཉམས་པ་དང་། །འདས་དང་ཞིག་པའི་ལས་ཀྱི་མཐའ། །མནར་མེད་སྡུག་བསྔལ་མྱོང་བར་འགྱུར། །ཞེས་པའོ། །ཡང་སྙིང་པོ་ལྷན་ཅིག་སྐྱེས་པ་ཉེ་བར་ལེན་པའི་རྒྱུད་ལས། དངོས་གྲུབ་མཆོག་ནི་འདོད་པ་ཡི། །ཡི་དམ་སྤང་བར་མི་བྱ་ཞིང་། །བླ་མ་སྤངས་ན་དངོས་གྲུབ་བརླག །གཞན་དུ་བསྒྲུབས་ཀྱང་མི་རྙེད་དོ། །དེ་བཞིན་ཆོས་ཕྱིར་ཁས་བླངས་དང་། །བླ་མའི་མདུན་དུ་དམ་བཅས་པ། །ཡིད་ལ་བསམ་པའི་དགེ་བ་ཡི། །དེ་ཉིད་སྤངས་ན་དངོས་གྲུབ་ཉམས། །ཞེས་པ་དང་། ཡང་དམ་ཚིག་རྣམ་པར་བཀོད་པ་མཆོག་སྟོང་པའི་རྒྱུད་ལས། དམ་བཅའ་འདའ་བར་མི་བྱ་ཞིང་། །བླ་མའི་ཁས་བླངས་མ་བཅག་ཅིང་། །བླ་མའི་བྱ་བ་མ་ལོག་དང་། །རང་གི་ལུས་ངག་སེམས་རྣམས་ཀུན། །ཆོས་ལས་གཞན་པ་མི་བྱའོ། །སེམས་ཅན་ཀུན་གྱི་དོན་བྱ་ཞིང་། །རྟག་ཏུ་བླ་མ་ལ་གུས་དང་། །དམ་ཚིག་མཆོག་ལས་འདའ་མི་བྱ། །རྡོ་རྗེ་དྲིལ་བུ་བཟུང་བ་དང་། །སྔགས་ལས་འོས་པའི་རྫས་རྣམས་བཟུང་། །སྤྱིར་ཡང་རྩ་བའི་དམ་ཚིག་ལས། །གསང་བར་འོས་དང་གཉེན་གཏད་དང་། །ནང་པར་ཁས་བླངས་བསྟན་པ་དང་། །སྨྲས་དང་ཡིད་ཀྱིས་ལོག་སྤྱད་ན། །འདི་ཡང་མནར་མེད་རྒྱུར་འགྱུར་རོ། །དབང་ལས་བྱུང་བའི་ཁྱད་པར་ཆོས། །གཞན་ལ་མི་བསྒྲགས་སེམས་ལ་སྦྱར། །བླ་མའི་ཐུགས་ལ་གནོད་པ་ཡི། །ལུས་སམ་ངག་གམ་ཡིད་ངག་གིས། །བྱ་བ་ལོག་པར་མི་བྱའོ། །དེ་བཞིན་རྡོ་རྗེའི་སྤུན་ཟླ་ལ། །གཞན་ལས་ཁྱད་པར་མན་ངག་རྣམས། །གཞན་ལ་གསང་ལ་སེམས་བཞག་ན། །ཁྱད་པར་དངོས་གྲུབ་མཆོག་ཏུ་འགྱུར། །དེས་ན་དམ་ལས་མི་འདའོ། །ཞེས་པས་སོ། །དེ་ལྟར་བླ་མའི་བྱ་བ་ལ་མཁས་པར་བྱ་ཞིང་། སྔགས་ཀྱི་དམ་ཚིག་ལ་འཛེམ་པར་བྱས་ན་དངོས་གྲུབ་གང་འདོད་པ་ལ་ཐོགས་པ་མེད་པར་འབྱུང་བར་འགྱུར་རོ། །གང་ཡང་ཡི་དམ་དུ་བྱས་པ་ལས་མ་འགལ་བར་རྗེས་སུ་བཟུང་ན། འདི་དང་ཕ་རོལ་འདོད་པའི་དོན་རྣམས་ངེས་པར་འགྲུབ་བོ། །གང་གིས་དམ་བཅས་པ་ལ་མ་འདས་ན། བླ་མ་དང་མཁའ་འགྲོའི་བྱིན་རླབས་འཇུག་ཅིང་། གང་ལ་ཡང་ཐོགས་པ་མེད་པར་འགྱུར་རོ། །བླ་མ་ལ་དུས་རྟག་ཏུ་མོས་པ་དང་གུས་པ་མ་ལོག་ཅིང་དུས་གསུམ་དུ་གསོལ་བ་བཏབ་ན་ལུས་ངག་ལ་བདེ་བ་ཁྱད་པར་ཅན་སྐྱེ་བར་ངེས་སོ། །གལ་ཏེ་ལུས་ངག་ཡིད་ཀྱིས་བླ་མ་ལ་མོས་གུས་ལོག་པ་དག་སྐད་ཅིག་ཙམ་མམ་ཐང་གཅིག་གམ་ཉིན་གཅིག་གམ་རྨི་ལམ་དུ་བྱུང་ན་ཡང་དྲན་པའི་རྗེས་ལ་བླ་མ་དངོས་མེད་ན་ཡང་ཡིད་ཀྱི་ཡུལ་དུ་བྱས་ལ་དེ་མ་ཐག་ཏུ་བཤགས་ན་སངས་རྒྱས་ཀྱི་ཡོན་ཏན་མང་པོ་མངོན་པར་མཐོང་བར་འགྱུར་རོ། །དེའི་ཕྱིར་དངོས་གྲུབ་ཀྱི་རྩ་བ་བླ་མ་ཡིན་པར་ཤེས་པར་བྱའོ། །དམ་ཚིག་གི་རྩ་བ་རྡོ་རྗེའི་སྤུན་སྲིང་ཡིན་པར་ཤེས་པར་བྱའོ། །སྒྲུབ་པའི་རྩ་བ་བཟླས་པ་ཡིན་པར་ཤེས་པར་བྱའོ། །ལོངས་སྤྱོད་ཀྱི་རྩ་བ་བླ་མ་མཆོད་པ། འཁོར་འདུ་བའི་རྩ་བ་རང་གཅིག་པུར་འདུག་པ་ཡིན། མན་ངག་གི་རྩ་བ་དྲག་ལ་ཡུན་རིང་བ་ཡིན། སངས་རྒྱས་ཀྱི་རྩ་བ་རང་སེམས་ཡིན། ཉམས་ལེན་གྱི་རྩ་བ་འདུག་ཐུབ་པ་ཡིན། ཆོས་སྤྱོད་ཀྱི་རྩ་བ་ངག་བཅད་པ་ཡིན། བཟང་པོའི་རྩ་བ་རང་གི་ཡུལ་སྤངས་པ། ཆོས་ཀྱི་རྩ་བ་རྟག་ཏུ་གྲོགས་སྤངས་ཏེ་རྟག་ཏུ་དགོན་པ་བརྟེན་པ། སྤྱོད་པའི་རྩ་བ་གང་ལ་ཡང་ཞེན་ཅིང་ཆགས་པ་མེད་པ། སྒོམ་པའི་རྩ་བ་ཉོན་མོངས་པ་རང་སར་གྲོལ་བ། ལྟ་བའི་རྩ་བ་འཁོར་བའི་འབྲེལ་པ་ཆོད་པ། གྲུབ་པའི་རྩ་བ་སྣང་བ་ཐམས་ཅད་དབང་དུ་འདུས་པ། ཏིང་ངེ་འཛིན་གྱི་རྩ་བ་འགྱུ་བའི་རླུང་ཟད་པ་ཡིན་པར་ཤེས་པར་བྱའོ། །སྙིང་པོའི་དོན་རྒྱུད་ལས་སྐྱེ་བར་འདོད་ན་བླ་མ་དང་རྡོ་རྗེའི་སྤུན་ལ་བརྩེ་གདུང་རྒྱུན་མི་གཅད། མཁའ་འགྲོ་འདུ་བར་འདོད་ན་ཚོགས་དང་གཏོར་མ་ལ་འབད་པར་བྱའོ། །སྐྱེ་བོའི་ཚོག་འདུ་ཞིང་བྱམས་པར་འདོད་ན་རྣལ་འབྱོར་མའི་ཚོགས་ལ་རྟག་ཏུ་མཆོད་པར་བྱའོ། །བླ་མ་མཉེས་པར་འདོད་ན་རང་སེམས་ལ་ཟོལ་ཟོག་མེད་ཅིང་། བླ་མའི་ཡོན་ཏན་ལ་ནན་ཏན་དུ་བྱ། ལུས་ཀྱི་ནད་དབྱུང་བར་འདོད་ན་ལུས་ངག་གི་གནད་དང་། དུས་ལ་བབས་པའི་རྩ་གནས་ཀྱི་ཡི་གེ་བརྗོད་པར་བྱ། འཁྲུལ་པའི་སྣང་བ་ནུབ་པར་འདོད་ན། རིག་པ་མངོན་སུམ་གྱི་སྣང་བ་ལ་འདྲིས་པར་བྱ། རང་གི་རྒྱུད་ཕྱིན་ཅི་མ་ལོག་ཅིང་སྨིན་པར་འདོད་ན་ཡང་ནས་ཡང་དུ་བསྐུར་བར་བྱའོ། །དེ་ཉིད་སེམས་དང་མི་འབྲལ་བར་འདོད་ན་སྔགས་ཕྱི་ནང་སོ་སོའི་དམ་ཚིག་ལས་མི་འདའ་བར་བྱ། ལུས་ངག་ལ་རྟགས་འབྱུང་བར་འདོད་ན། རྟག་ཏུ་སྒྲུབ་པ་ལ་བརྩོན་པར་བྱ། སེམས་ཀྱི་རྟོག་པ་ཟད་པར་འདོད་ན་རླུང་འགྲོ་འོང་དུས་ཤེས་པར་བྱའོ། །ཡང་དམ་ཚིག་ཆེན་པོ་མཆོག་གི་རྒྱུད་ལས། སྤྱིར་ན་དམ་ཚིག་ཅེས་བྱ་བ། །རང་སེམས་ཚིག་པ་མེད་པ་ལས། །གཡོ་སྒྱུ་དག་དང་བྲལ་བའོ། །ཞེས་པ་དང་། ས་མ་ཡ་དམ་ཚིག་གི་རྒྱུད་ལས། སྔགས་ཀྱི་དམ་ཚིག་རྣམ་ཕྱེ་བ། །རྣམ་གྲངས་དམ་ཚིག་དཔག་ཏུ་མེད། །ཀྲི་ཡ་རྣམས་ལ་ཁྱད་པར་དུ། །ལུང་གཅིག་ཆུ་ལ་མི་བཏུང་དང་། །སྔགས་དང་ལྷ་ཡི་ངེས་ཕྱེ་པའོ། །ཡོ་ག་རྣམས་ཀྱི་དམ་ཚིག་ཏུ། །ཡིད་ཀྱི་འགྱུ་བས་ལྡོག་པ་དང་། །དྲན་པའི་སེམས་ཀྱིས་མཁྱེན་པར་བྱ། །མ་ཡཱ་རྣམས་ནི་ཉམས་པ་དང་། །སྐད་ཅིག་ཙམ་ཡང་འཕྲད་མི་བྱ། །ཨ་ནུ་རྣམས་ནི་ཉམས་པ་དང་། །སེམས་ཀྱི་དྲན་པས་མི་བསླང་དང་། །འགྱུར་ཤེས་པ་ཡིས་དགག་པར་བྱ། །ཨ་ཏི་རྣམས་ནི་ཉམས་པ་དང་། །ཚིག་བརྗོད་རིམ་པ་སྤང་བར་བྱ། །སེམས་ཀྱི་སྤྱོད་པ་མི་འགྱུར་བའོ། །དེ་དག་རྣམས་ལས་བསྡུས་པ་ནི། །ཡན་ལག་དང་ནི་རྩ་བའོ། །ཡན་ལག་ནང་པའི་ལུང་གི་ནི། །ཤེས་པར་བྱ་དང་མི་སྤང་དང་། །སྤྱད་པར་བྱ་དང་དང་དུ་བླངས། །བསྒྲུབ་པར་བྱ་བ་རྟོགས་པ་ལས། །རྣམ་གྲངས་བརྗོད་ཀྱིས་མི་ལང་བའོ། །རྩ་བ་གསུམ་ལས་ངེས་ཕྱེ་བ། །དགུ་ཡི་རྣམ་པར་ཕྱེ་བ་ལས། །ཉི་ཤུ་རྩ་བདུན་དབྱེ་བ་ཡིས། །སྔགས་ལས་ཁྱད་པར་ནང་པ་ཡི། །དམ་ཚིག་རྣམ་པར་བསྡུས་ཏེ་ཕྱེ། །འདི་ལས་འགལ་བར་མ་བྱས་ན། །རྡོ་རྗེ་འཛིན་པ་རྫོགས་སངས་རྒྱས། །ཚེ་འདི་ཉིད་ལ་ཐོབ་པར་ངེས། །དེ་ནས་སྔགས་པས་འབད་པར་བྱ། །ཤེས་བཞིན་གྱིས་ནི་ཟིན་པར་བྱ། །མཆོག་ཏུ་དངོས་གྲུབ་འདོད་པས་ནི། །བླ་མ་བསླུ་བར་མི་བྱ་ཞིང་། །མཆེད་ལ་བརྩེ་གདུང་རྒྱུན་མི་གཅོད། །ཅེས་པས་སོ། །འཁོར་བའི་ཉེས་དམིགས་མ་དྲན་ན་ཐར་པ་དང་ཐམས་ཅད་མཁྱེན་པའི་རྩ་བ་ཉམས། ངན་སོང་གསུམ་གྱི་སྡུག་བསྔལ་ཡིད་ལ་མ་བྱས་ན་བྱང་ཆུབ་ཀྱི་ས་བོན་ཉམས། ལས་རྒྱུ་འབྲས་ཀྱི་འབྲེལ་པ་ལ་མ་བརྟགས་ན་སྙིང་རྗེའི་རླན་དང་བྲལ། འཇིག་རྟེན་གྱི་བྱ་བ་མ་བཏང་ན་ཡེ་ཤེས་ཀྱི་འཕེལ་སྒོ་ཉམས། ཚོགས་གཉིས་དང་དུ་མ་བླངས་ན་ལོངས་སྤྱོད་དང་ཐར་པའི་འབྲས་བུ་ཉམས། རྟག་ཏུ་རང་སེམས་ལ་མ་བསྒོམས་ན་ཚོམས་གཉིས་ཀྱི་རྩ་བ་ཉམས། རི་ཁྲོད་དགོན་པ་མ་བརྟེན་ན་སེམས་ཀྱི་མཐོང་བ་ཉམས་སོ། །ལྟ་བས་མ་ཟིན་པའི་སྒོམ་པ་རྣམ་རྟོག་གི་གྲོགས་ཡིན་པར་ཤེས་པར་བྱའོ། །སྒོམ་པས་མ་ཟིན་པའི་སྤྱོད་པ་བཅོས་མ་ཡིན་པར་ཤེས་པར་བྱའོ། །སྤྱོད་པས་མ་ཟིན་པའི་དགེ་སྦྱོར་ཚུལ་འཆོས་ཡིན་པར་ཤེས་པར་བྱའོ། །དད་པས་མ་ཟིན་པའི་དམ་ཚིག་ཁ་ཚོང་ཡིན་པར་ཤེས་བྱའོ། །སྙིང་རྗེས་མ་ཟིན་པའི་སྤྱིན་པ་ཁེ་གྲགས་སུ་ཤེས་པར་བྱའོ། །དམ་ཚིག་གིས་མ་ཟིན་པའི་དབང་བསྐུར་གོལ་སར་ཤེས་པར་བྱའོ། །དྲན་པས་མ་ཟིན་པའི་བྱ་བ་དོན་མེད་དུ་ཤེས་པར་བྱའོ། །བླ་མས་མ་ཟིན་པའི་ལྟ་བ་ཡིད་དཔྱོད་དུ་ཤེས་པར་བྱའོ། །བླ་མ་ལ་མ་གུས་པའི་བྱིན་རླབས་བར་ཆོད་དུ་ཤེས་པར་བྱའོ། །དམ་ཚིག་མི་བསྲུང་བའི་སྒྲུབ་པ་ཚི་ཆད་པ་ལ་དོན་མེད་དུ་ཤེས་པར་བྱའོ། །གདམས་ངག་མེད་པའི་ཉམས་ལེན་ཏོམ་ཏོམ་དུ་ཤེས་པར་བྱའོ། །བླ་མ་ལས་མ་བྱུང་བའི་བཤད་པ་ངག་འཁྱལ་དུ་ཤེས་པར་བྱའོ། །ཆོས་ལས་མ་བྱུང་བའི་འབྲས་བུ་ཡི་ཆད་པར་ཤེས་པར་བྱའོ། །རྒྱུད་ལས། དམ་ཚིག་སྡོམ་པ་རྣམས་བཤད་པ། །ཀུན་ཀྱང་རང་གི་སེམས་ལས་སོ། །དེ་ཡི་ཕན་པ་བླ་མས་ཤེས། །དེ་ཕྱིར་སེམས་ལ་འདྲེས་པའི་མིས། །སངས་རྒྱས་ཞིང་ཁམས་མཐོང་བ་དང་། །སྐུ་གསུམ་ཚད་དུ་འབྱོངས་པ་དང་། །སངས་རྒྱས་ཡོན་ཏན་མངོན་པར་གྲུབ། །བླ་མ་རྟག་ཏུ་བརྟེན་པའི་མིས། །མཁའ་འགྲོའི་གཟུགས་རྣམས་མཐོང་བ་དང་། །དེ་ཡི་བྱིན་རླབས་འཇུག་པ་དང་། །དུས་གསུམ་ལུང་ཡང་སྟོན་པ་དང་། །སྐྱེ་ཤི་གཉིས་ལ་དབང་ཐོབ་འགྱུར། །གྲོགས་ལ་བརྩེ་གདུང་ལྡན་པའི་མིས། །འགྲོ་བ་ཐམས་ཅད་འདུལ་བ་དང་། །ཀུན་གྱིས་སྙན་པར་གྲགས་པ་དང་། །གཟུགས་ཅན་ཀུན་ཀྱང་བྱམས་པ་དང་། །རྟག་ཏུ་དམ་ཚིག་ལ་གནས་དང་། །མཁའ་འགྲོ་མ་རྣམས་འདུ་བ་དང་། །མ་བསྒྲུབ་དངོས་གྲུབ་འབྱུང་བ་དང་། །ངག་གི་ནུས་པ་འབར་བ་དང་། །དེ་བཞིན་མཆོག་དང་ཐུན་མོང་གི། །བྱ་བ་ཐམས་ཅད་རྫོགས་པར་འགྱུར། །རྟག་ཏུ་དགོན་པར་གནས་པ་ཡིས། །རླུང་སེམས་ཚད་རྣམས་ཟིན་པ་དང་། །སྣང་བ་གྲོགས་སུ་འཆར་བ་དང་། །རང་གི་སེམས་ལ་དབང་ཐོབ་འགྱུར། །བླ་མ་རབ་བསྙེན་བསྐུར་བྱས་མིའི། །ལོངས་སྤྱོད་མཆོག་ཏུ་ལྡན་པ་དང་། །འཁོར་འདབ་རྒྱས་ཤིང་བསོད་ནམས་ལྡན། །འགྲོ་བ་ཡོངས་ལས་རྒྱལ་བར་འགྱུར། །རྟག་ཏུ་དབང་རྫོགས་བྱས་པའི་མི། །འགྲོ་བའི་གཙོ་བོར་འགྱུར་བ་དང་། །ཀུན་གྱིས་མཐོང་ན་དགའ་བ་དང་། །ཡེ་ཤེས་མངོན་དུ་འབྱོངས་པ་དང་། །སངས་རྒྱས་རྣམས་ཀྱིས་བྱིན་བརླབས་འགྱུར། །རྟག་ཏུ་གཏོར་མའི་ལས་བྱེད་པས། །བསོད་ནམས་ཚོགས་རྣམས་རྫོགས་པ་དང་། །བར་ཆོད་མེད་ཅིང་ལས་རྣམས་འགྲུབ། །འདོད་པ་ཕུན་སུམ་ཚོགས་པ་དང་། །མཁའ་འགྲོ་བྲན་བཞིན་འཁོལ་བར་འགྱུར། །ཞེས་གསུངས། དམ་ཚིག་རབ་ཏུ་འབྱེད་པ་ལས། བཀོད་པ་གསུམ་དུ་གཏན་ལ་ཕབ་པའོ། །བྲམ་ཟེའི་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། དམ་ཚིག་ཏུ་འབྱེད་པ་ཞེས་བྱ་བ་རྫོགས་སོ། །ས་མ་ཡཱ། གཏད་རྒྱ། སྤས་རྒྱ། ྅྅྅ཐ།ཧ།ཧཱརྨཱཅ།༔ སམཱཧྱ།ཙ།ཐ྄ཐཾ༔ སམཧྱ།མཧྱ།ཁ྄།༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔ ༔


previousདམ་ཚིག་རབ་འབྱེད།next