Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།

1 occurrence of དང་ཚ་ལ་དབང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
རྟ་མཆོག་རོལ་པའི་ཚོགས་དཀྱིལ་གྱི་འཕྲིན་ལས།
  
  
 
  
  
  
  
  
  
  
  


1 occurrence of དང་ཚ་ལ་དབང་
[Clear Hits]

 
previousརྟ་མཆོག་རོལ་པའི་ཚོགས་དཀྱིལ་གྱི་འཕྲིན་ལས།next

རྟ་མཆོག་རོལ་པའི་ཚོགས་དཀྱིལ་གྱི་འཕྲིན་ལས།

རྟ་མཆོག་རོལ་པའི་ཚོགས་དཀྱིལ་གྱི་འཕྲིན་ལས་བཞུགས་སོ། །ཕྱག་འཚལ་འབྱུང་པོ་ཐམས་ཅད་འཇིགས་བྱེད་པ། །པདྨ་གར་གྱི་དབང་པོའི་རྟ་མཆོག་ཞལ། །རྡོ་རྗེ་ཕག་མོས་ཙུམྦ་ན་བྱེད་ཅིང་། །དྲག་པོའི་རྟ་སྐད་འཚེར་འཚེར་དེ་ལའོ། །ཏིང་འཛིན་གསུམ་དང་རྟེན་དང་བརྟེན་པ་བསྐྱེད། །གླུ་དང་མཆོད་བཞི་སྦྱོར་དང་སྒྲོལ་བ་པོ། །རྣམ་པར་མི་རྟོག་ཡེ་ནས་སྐྱེ་མེད་ཅིང་། །གཟུང་འཛིན་རྟོག་པའི་མཐའ་ལ་མ་ཆགས་དབྱིངས། །ཐམས་ཅད་སྤྲོས་བྲལ་མཉམ་ཉིད་ཇི་བཞིན་དང་། །རྣམ་རྟོག་བརྗོད་མེད་སྨྲ་བསམ་ཡུལ་ལས་འདས། །ཨོཾ་མཧཱ་ཤུ་ནྱཱ་ཛྙྱཱ་ན་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། རང་བཞིན་ལྷུན་གྱིས་གྲུབ་པའི་རྩལ་ཆེན་པོ། །མ་ལྟར་བྱམས་པའི་སྙིང་རྗེས་ཡོངས་ལ་ཁྱབ། །མཁའ་ལྟར་གོ་འབྱེད་ཆོ་འཕྲུལ་འབྱུང་བའི་ཡུམ། །ཀུན་ཁྱབ་ཡེ་ཤེས་གཏེར་བཞིན་ཆེ་བ་སྟོན། །ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ཐུགས་རྗེས་ཟུང་འཇུག་སེམས་ཀྱི་རང་བཞིན་ཏེ། །ཆགས་པའི་སྐྱོན་བྲལ་རིན་ཆེན་སྣ་ལྔའི་མདོག །འབྱུང་བ་ལྔ་དང་ཡུམ་ལྔ་ཡེ་ཤེས་ལྔ། །གདུལ་བྱའི་འཕྲིན་ལས་རྣམ་པ་ལྔ་རུ་སྦྱོར། །བཛྭ་ཙིཏྟ་ཧཱུྃ། གསལ་བའི་སྒོ་འབྱེད་ནམ་མཁར་གྱུར། །དུས་གསུམ་འགྱུར་མེད་ཀུན་ཏུ་བཟང་། །རྒྱ་གྲམ་རླུང་གི་དཀྱིལ་འཁོར་གསལ། །ཐམས་ཅད་སྐྱེད་བྱེད་དམ་ཚིག་སྒྲོལ། །རཀྟ་ཁྲག་གི་རྒྱ་མཚོ་འཁྱིལ། །ཐམས་ཅད་སྡུད་པའི་མཱ་མ་ཀཱི །ཀེང་རུས་ཆེན་པོའི་རི་རབ་སྟེ། །མ་ལུས་བརྟེན་པའི་སངས་རྒྱས་སྤྱན། །བསྐལ་པའི་མེ་དཔུང་ཆེན་པོ་འབར། །འབྱུང་བ་དྲུད་སྙོམས་ན་བཟའ་དཀར། །བྷ་ག་ཀུན་ཀྱང་ནམ་མཁའ་མཉམ། །གཟུགས་ཁམས་མ་ལུས་དབང་སྡུད་ཕྱིར། །ལྷ་ཆེན་བརྒྱད་ནི་རྨང་དུ་བཏིངས། །འདོད་ཁམས་མ་ལུས་དབང་སྡུད་ཕྱིར། །ཕྱོགས་སྐྱོང་བཅུ་ནི་རྩིགས་པར་བརྩིགས། །སྐུ་བཞི་དཔལ་བརྒྱད་ཚང་པའི་ཕྱིར། །རྒྱལ་ཆེན་བཞི་ནི་ཀ་བར་བཙུགས། །གཏི་མུག་ཡེ་ཤེས་བསྐྱེད་པའི་ཕྱིར། །ཀླུ་ཆེན་བརྒྱད་ནི་གདུང་དུ་བྲེས། །གཞལ་ཡས་མ་བསྒྲིབས་གསལ་བའི་ཕྱིར། །གཟའ་ཆེན་བརྒྱད་ནི་བད་དུ་བོར། །དུས་བཞི་འགྱུར་ལྡོག་མེད་བྱའི་ཕྱིར། །རྒྱུ་སྐར་ཕྱོགས་ནས་མིག་ཚགས་བྱས། །རྒྱལ་མཚན་བཞི་དང་བླ་རེར་བཅས། །ཉ་སྦྲུལ་མཆོག་ཕྲན་ཟ་ར་ཚགས། །རྣམ་པར་ཐར་པ་བཞིར་འཇུག་ཕྱིར། །སྒོ་བཞི་རྟ་བབས་བཞི་ཡིས་བརྒྱན། ཁམས་གསུམ་མ་ལུས་དབང་སྡུད་ཕྱིར། །དབུས་སུ་ཟླ་གམ་དབང་གི་གདན། །པདྨ་གར་གྱི་དབང་པོའི་སྐུ། །རབ་འཇིགས་དུ་བའི་མདོག་འདྲ་ལ། །འོད་ཟེར་བསྐལ་པའི་མེ་ལྟར་འཕྲོ། །ས་གསུམ་འབྱུང་པོ་བརླག་པར་བྱེད། །རྟ་རྒོད་མི་གཟན་མཆེ་གཙིགས་ཞལ། །དྲག་པོའི་རྟ་སྐད་འཚེར་འཚེར་སྒྲོག །རྔོག་མ་ཡེ་ཤེས་མེ་རུ་འབར། །ཕྱག་གཡས་རྡོ་རྗེ་རྩེ་དགུ་པ། །ཧཱུྃ་དགུ་རཾ་དགུས་མཚན་པ་འཕྱར། །གཡོན་པ་གནམ་ལྕགས་སྡིག་པ་ནི། ཁ་དགུ་མིག་དགུ་ལྡན་པ་བསྣམས། །དཔལ་གྱི་ཆས་བཅུས་བརྗིད་པར་བྱས། །གཡོན་ཏུ་ཡུམ་ཆེན་བཱ་རཱ་ཧི། །མཐིང་ནག་ཆེན་མོ་གཅེར་བུ་ལ། །དུར་ཕག་ཁྲོས་པའི་ཞལ་སྤྱན་གདངས། །སྡིགས་མཛུབ་ཕྱག་རྒྱས་ས་འོག་གཟིར། །མགོ་འཕྲེང་སྦྲུལ་དང་ཐོད་སྐམ་བརྒྱན། །གཉིས་ཀའང་གཡོན་བརྐྱང་རོལ་པས་ནི། །ཉིན་མོར་བྱེད་པའི་གདན་ལ་བཞུགས། །ཆོས་རྒྱལ་མཐིང་ནག་མ་ཧེའི་གདོང་། །ཐོད་དབྱུག་འཕྱར་ཞིང་སྡིགས་མཛུབ་མཛད། །ཨེ་ཀ་ཛ་ཊཱི་སྔོ་ནག་ནི། །སྤྱན་གཅིག་མཆེ་གཅིག་སྙིང་སྤྱང་འཛིན། །རཱ་ཧུ་ལ་ནི་དུད་པའི་མདོག །ཆུ་སྲིན་ཞགས་པ་མདའ་གཞུ་འཆང་། །ལངྐ་མགྲིན་བཅུ་མུན་པ་འདྲ། །རལ་གྲི་ཕྱར་ནས་མདུང་ཐུང་འཛིན། །བདུད་རྒྱལ་ཡབ་རྗེ་ནག་པོ་སྟེ། ཁྲམ་ཤིང་ཤོ་རྡེ་ལག་ན་བསྲེལ། །ནོར་བདག་ངལ་གསོས་བུ་གསེར་མདོག །སྟག་གི་རྒྱལ་མཚན་ནེའུ་ལེ་བསྣམས། །ཆུ་བདག་ཆེན་པོ་བ་རུ་ཎ། །རབ་དཀར་ལག་གཉིས་ཐལ་མོ་སྦྱར། །མ་ཧཱ་དེ་བ་དམར་པོ་ནི། །ལྕགས་ཀྱུ་དང་ནི་ལིངྒའོ། །ཀུན་ཀྱང་རང་རང་སྡེར་བཅས་ཏེ། །སྲོག་སྙིང་གད་རྒྱངས་ཆེན་པོ་སྟོན། །སྤྲུལ་པ་ཅི་ཡང་བཀྱེ་ནས་སུ། །ཞི་རྒྱས་དབང་དྲག་ལས་ལ་སྦྱོར། །ཧཱུྃ་བཛྭ་ཀྲོ་དྷ་ཧ་ཡ་གྲཱྀ་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄། བཛྭ་བྷེ་ར་བ་བཱ་རཱ་ཧི་ཨ་ཡ་མ་དུ་རུ་ཙ་ཤ་ན་ལ། ཆུ་ལས་ཆུ་བུར་ཚུལ་དུ་ནི། །གཙོ་འཁོར་དྲན་རིག་རྫོགས་པར་འདོད། །འདི་ཡིས་མགོན་པོ་བསྐུལ་ནས་ནི། །དཀྱིལ་འཁོར་དུ་ནི་ངེས་པར་འགྲུབ། །སྙན་ཞིང་འཇེབས་པའི་དབྱངས་ཀྱི་ནི། །དཔྱིད་ཀྱི་རྒྱལ་པོ་གླུར་བླངས་པས། །དྲི་མེད་མཁའ་འགྲོ་དྲ་བ་ཡིས། །གཟིགས་ཤིང་ལས་ཀུན་མཛད་པ་ཡིན། །ཞེས་གསུངས་འདི་ལའང་ཚད་མ་ཡིན། །ཨོཾ། འཁོར་ལོ་ཡེ་ཤེས་ཅན་རྣམས་ཀྱིས། །འཁོར་ལོ་རྡོ་རྗེ་བསྒོམས་བྱས་ནས། །དེ་ཉིད་ཆོས་སྐུ་ནམ་མཁའ་ཆེ། །ཧོཿ ཧཱུྃ། རྡོ་རྗེ་ཡེ་ཤེས་ཅན་རྣམས་ནི། །རྡོ་རྗེ་རྡོ་རྗེ་བསྒོམས་བྱས་ན། །དེ་ཉིད་ཆོས་ཉིད་ངང་ལས་རྫོགས། །ཧོཿ སྭ། རིན་ཆེན་ཡེ་ཤེས་ཅན་རྣམས་ནི། །རིན་ཆེན་རྡོ་རྗེ་བསྒོམས་བྱས་ན། །དེ་ཉིད་ལོངས་སྤྱོད་ལྷུན་གྱིས་གྲུབ། །ཧོཿ ཨཾ། པདྨ་ཡེ་ཤེས་ཅན་རྣམས་ནི། །པདྨ་རྡོ་རྗེ་བསྒོམས་བྱས་ན། །དེ་ཉིད་བརྟན་པས་འགྱུར་བ་མེད། །ཧོཿ ཧ། རྒྱ་གྲམ་ཡེ་ཤེས་ཅན་རྣམས་ནི། །རྒྱ་གྲམ་རྡོ་རྗེ་བསྒོམས་བྱས་ན། །དེ་ཉིད་སྤྲུལ་སྐུ་ངོ་མཚར་ཆེ། །ཧོཿ རྒྱན་ཉིད་ཡེ་ཤེས་གླུར་བླངས་པས། །བསྐུལ་དང་དོན་བྱས་འདུས་པ་དང་། །ཐམས་ཅད་ཨ་དེ་དངོས་མེད་སྐུ། །སྟོང་པ་ཆེན་པོའི་ངང་ལ་བཞག །ཧོཿ གང་གིས་ཀུན་ནས་ཁྲག་གིས་མཚན། །སྤོས་དང་མེ་ཏོག་དམ་པ་དང་། །མར་མེ་དྲི་ཡི་རྫས་རྣམས་ལ། །དེ་ཡི་མཆོད་པའི་ཕྱག་རྒྱ་ཡིས། །ཀུན་ཏུ་བསྒྲིམས་ཏེ་འདི་ཡིས་འབུལ། །ཨོཾ་གྱི་ཡེ་ཤེས་ལས་བྱུང་པོ། །བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་ལས། །ཀུན་ཏུ་མཉམ་སྦྱོར་ཕྱག་རྒྱ་ཆེ། །གསང་མཆོག་ལྷུན་གྱིས་གྲུབ་པ་ཡི། །མཆོད་པ་ཆེན་པོ་དེ་བཞིན་གཤེགས། །ཡོ་གི་ནཱི་ཤྭ་རཱ་པཱུ་ཛ་ཧཱུྃ། དེ་ནས་གཟུགས་སྒྲ་དྲི་རོ་དང་། །རེག་བྱའི་ལྷ་མོ་ཐམས་ཅད་འདིས། །ཨེ་མ་ཧོ་མཆོད་པ་བླ་ན་མེད། །ཨེ་མ་ཧོ་མཆོད་པ་ཀུན་གྱི་གསང་། །ཨེ་མ་ཧོ་ཡང་དག་མཆོད་པ་ཆེ། །ཨེ་མ་ཧོ་མཆོད་པ་ཆགས་པ་ཆེ། །དེ་ནས་ཚོགས་ཀྱི་མཆོད་པ་འདིས། །སྒྲོན་མ་ལྔ་ཡི་བཟའ་བ་འདི། །སངས་རྒྱས་ལྔ་ཡི་དམ་ཚིག་མཆོག །དཀྱིལ་འཁོར་མཆོད་པ་བགྱིད་པར་འཚལ། །རྒྱལ་བའི་ཡེ་ཤེས་ལྔ་ཐོབ་ཤོག །པཉྩྨ་པྲ་དཱི་པཱ་བྷུཉྫྱ་ཐ། ཉིས་བྲལ་བདུད་རྩི་ལྔ་ཡི་ཆུ། །རྡོ་རྗེ་མཆོད་པ་བླ་ན་མེད། །ཞི་བའི་བཏུང་བ་དམ་པ་འདིས། །དངོས་གྲུབ་དམ་པ་ཐོབ་པར་ཤོག །པཉྩྨ་ཨ་མྲྀ་ཏ་ཨུ་ད་ཀ་ཋཿ དེ་ནས་གཏོར་མ་ཆེན་པོ་འདིས། །བཟའ་དང་བཅའ་བ་ཡང་དག་ཉིད། ཁ་དོག་དྲི་དང་རོ་ལྡན་པ། །ཐམས་ཅད་སྦྱར་བའི་གཏོར་མ་འདི། །ཀུན་བཟང་བདེ་ཆེན་བཞེས་སུ་གསོལ། །ཨ་ཀཱ་རོའི་སྔགས་ཀྱིས་འབུལ། །དེ་ནས་བསྟོད་པའི་མཆོད་པ་འདིས། །སྲཱིཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །དཔལ་ལྡན་གར་གྱི་དབང་ཕྱུག་ཆེ། །ཤིན་ཏུ་དྲག་ཅིང་གཟི་བརྗིད་ལྡན། །ཀུན་ཏུ་སྦྱོར་བ་དམ་པ་ཐོབ། །གཟུགས་ཕུང་ཆོས་དབྱིངས་ཡེ་ཤེས་ཆེ། །མིག་ལ་སངས་རྒྱས་རྣམ་སྣང་མཛད། །རྣམ་གསུམ་གཟུགས་དང་རོལ་མཛད་དེ། །བརྟན་གཡོའི་དངོས་པོ་རྣམ་པར་འཕྲུལ། །ཚོར་བ་ཀུན་རྟོག་ཡེ་ཤེས་ཆེ། །རྣ་བ་རྡོ་རྗེ་ཉི་མ་ཡིན། །རྣམ་གསུམ་སྒྲ་དང་རོལ་མཛད་དེ། །བརྟན་གཡོའི་དངོས་པོ་རྣམ་པར་འཕྲུལ། །འདུ་ཤེས་མཉམ་ཉིད་ཡེ་ཤེས་ཆེ། །ལྕེ་ལ་པདྨ་གར་དབང་རྒྱལ། །རྣམ་གསུམ་རོ་དང་རོལ་མཛད་དེ། །བརྟན་གཡོའི་དངོས་པོ་རྣམ་པར་འཕྲུལ། །འདུ་བྱེད་བྱ་བ་གྲུབ་པའི་ལས། །སྣ་ལ་རྟ་མཆོག་རོལ་པའི་ལས། །རྣམ་གསུམ་དྲི་དང་རོལ་མཛད་ཅིང་། །བརྟན་གཡོའི་དངོས་པོ་རྣམ་པར་འཕྲུལ། །རྣམ་ཤེས་མེ་ལོང་ཡེ་ཤེས་ཆེ། །ཡིད་ལ་རྡོ་རྗེ་ཧེ་རུ་ཀ །རྣམ་གསུམ་ཆོས་དང་རོལ་མཛད་དེ། །བརྟན་གཡོའི་དངོས་པོ་རྣམ་པར་འཕྲུལ། །ཀུན་ཁྱབ་སྟོང་པའི་ཡེ་ཤེས་ཆེ། །ལུས་ལ་རྡོ་རྗེ་སེམས་དཔའ་གནས། །རྣམ་གསུམ་རེག་དང་རོལ་མཛད་དེ། །བརྟན་གཡོའི་དངོས་པོ་རྣམ་པར་འཕྲུལ། །རྡོ་རྗེ་ཕག་མོ་འཕགས་མ་ཆེ། །འཇིགས་རུང་ཁྲོས་པའི་བྱེད་པ་ཡིས། །བདུད་དང་བདུད་ཀྱི་སྡེ་ཐམས་ཅད། །རྨོངས་རེངས་ཕུར་བུས་གདབ་པར་མཛད། །གཤིན་རྗེ་མ་མོ་གཟའ་དང་སྲིན། །བདུད་དང་ཀླུ་དང་གནོད་སྦྱིན་ལྷ། །སྡེར་བཅས་དཔལ་གྱི་མངག་གཞུག་པ། །བདག་གིས་གཉིས་མེད་བསྟོད་པར་བགྱིས། །ཏ་ནའི་ཆེད་དུ་ཕྱག་རྒྱ་འདིས། །མཛེས་མ་འདི་དག་ཕྱག་རྒྱ་ཆེ། །མཐའ་ཡས་བདེ་བ་སྦྱིན་པ་མོ། །རིགས་ལྔ་ལས་བྱུང་འདི་ཕུལ་བས། །རིག་པའི་བརཏལ་ཞུགས་མཐར་ཕྱིན་ཤོག །པཉྩྨ་ཀུ་ལ་བི་དྱཱ་ནིརྻ་ཏ་ཡཱ་མི། མན་ངག་བཞིན་དུ་སྙོམ་ཞུགས་མཐར། །ལྷ་དང་མི་ཡི་བདེ་བ་ནི། །བསྡུས་བྱས་རྡོ་རྗེ་འཛིན་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་པའི། །བདེ་བ་བླ་ན་མེད་པས་མཆོད། །ཨོཾ་མ་ཧཱ་སུ་ཁ་བཛྭ་ས་ཏྭ་ཛཿཧཱུྃ་བཾ་ཧོཿ སུ་ར་ཏེ་ཧྶཾ། ག་ནའི་ཆེད་དུ་ཕོ་ཉའི་ཚོགས། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །འཛིན་པ་ཅི་ཡང་ཕྱོགས་བཅུར་འཕྲོས། །གདུག་པ་ཅན་གྱི་དགྲ་བགེགས་ཀུན། །ཐམས་ཅད་སྙིང་ཕུག་ཞགས་པས་བཅིངས། །ལྕགས་སྒྲོག་གིས་བསྡམས་དྲིལ་བུས་ཉེད། །རླུང་གི་གཞུ་ལ་བསྐྱོན་ནས་སུ། །གཤིན་རྗེའི་བཙོན་བཞིན་མདུན་དུ་ཁྲིད། །སྔགས་ཀྱི་མཐའ་མ་ཆེ་གེ་མོ། །མོ་ཧ་ཡྎ བཏགས་ལ་བཟླས། །རྟ་མཆོག་དེ་ཡི་ཁ་ནས་ཞུགས། །ལུས་བརྒྱངས་ངག་མནན་ཡིད་མནན་པས། །དེ་ཡི་ལུས་ངག་ཡིད་གསུམ་པོ། །དབང་ཆེན་སྐུ་གསུང་ཐུགས་སུ་བསྒྲལ། །སྔགས་མཐར་གནོད་པར་བྱེད་པ་རྣམས། །མཱ་ར་ཡ་ཕཊ྄་བཏགས་པ་བརྗོད། །དཔལ་གྱི་རྟ་སྐད་ཐེངས་གསུམ་འཚེར། །ལྔ་ཕུང་རྩད་ནས་བཅད་པའི་ཕྱིར། །དེ་ཡི་ཕུང་པོ་ཁམས་སྐྱེ་མཆེད། །དབང་ཆེན་རིགས་དྲུག་སྐུར་བཞེངས་ནས། །རོལ་པའི་བྲོ་བརྡུང་འདི་མཛད་དོ། །དབྱིངས་ཉིད་རྫོགས་པའི་ས་གཞི་ལ། །བུད་དྷ་ཁྲག་འཐུང་རོལ་པའི་བྲོ། །གཏི་མུག་གནས་སུ་འཇོམས་པ་སྟེ། །འདའ་ཀ་སྐུ་ཡི་དམ་ཚིག་གོ །མེ་ལོང་འོད་གསལ་ས་གཞི་ལ། །རྡོ་རྗེ་ཁྲག་འཐུང་རོལ་པའི་བྲོ། །ཞེ་སྡང་གནས་སུ་འཇོམས་པ་སྟེ། །འདའ་ཀ་ཐུགས་ཀྱི་དམ་ཚིག་གོ །སོ་སོར་རྟོག་པའི་ས་གཞི་ལ། །པདྨ་ཁྲག་འཐུང་རོལ་པའི་བྲོ། །འདོད་ཆགས་གནས་སུ་འཇོམས་པ་སྟེ། །སྒྲ་མཐའ་གསུང་གི་དམ་ཚིག་གོ །ནན་ཏན་ཆེན་པོའི་ས་གཞི་ལ། །ཀརྨ་ཁྲག་འཐུང་རོལ་པའི་བྲོ། །ཕྲག་དོག་གནས་སུ་འཇོམས་པ་སྟེ། །འཕྲིན་ལས་འདའ་ཀའི་དམ་ཚིག་གོ །སྟོང་ཉིད་རྟོགས་པའི་ས་གཞི་ལ། །དབང་ཆེན་ཁྲག་འཐུང་རོལ་པའི་བྲོ། །དུག་ལྔ་གནས་སུ་འཇོམས་པ་སྟེ། །སྐུ་ལྔ་ལྷུན་གྲུབ་དམ་ཚིག་གོ །དབྱིངས་ཕྱུག་ལྔ་ཡི་ས་གཞི་ལ། །ཡེ་ཤེས་ལྔ་ཡི་བྲོ་བརྡུང་ལ། །དུག་ལྔ་འཇོམས་པའི་གླུ་བླངས་ཤིང་། །སྡུག་བསྔལ་ཆུ་བོའི་རྒྱུན་བསྐམས་ནས། །འཁོར་བའི་རྒྱ་མཚོ་གཏིང་བསྐམས་ཏེ། །སྐུ་གསུང་ཐུགས་སུ་རྒྱས་བཏབ་པས། །བདེ་བ་ཆེན་པོར་རྣམ་སྦྱར་ཏེ། །དམྱལ་སོགས་མེ་དཔུང་གནས་སུ་བསད། །འདི་ནི་དཔལ་གྱི་བྲོ་བོ་ཆེ། །ཐོས་པ་ཙམ་གྱིས་རྟོག་པ་འབྱུང་། །བརྡུངས་བ་ཙམ་གྱིས་ཐུགས་དམ་སྐོང་།། ཞེས་འཁྲབ་སྟོང་ཉིད་དབྱིངས་ལ་བཞག །མཐའ་མར་དགེ་བ་བྱང་ཆུབ་བསྔོ། །དེ་སྐད་བློ་བཟང་དགའ་བོ་ལ། །པདྨ་དཀར་པོས་སྦྱིན་པ་ཡིན། །འདི་འདྲའི་སྦྱོར་སྒྲོལ་ཆོས་ཡིན་ཞེས། །སྔགས་ནག་ཀུན་ལ་སློབ་པས་ན། །ལེགས་པར་བཤད་པ་འདིར་བྱུང་ཚིག །མི་ཟད་རྒྱུད་སྡེའི་གྲོགས་པོ་ཡིན།། །།སརྦ་མངྒ་ལཾ།། །།


previousརྟ་མཆོག་རོལ་པའི་ཚོགས་དཀྱིལ་གྱི་འཕྲིན་ལས།next