Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

1 occurrence of གཏེར་སྲུང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
སྔ་འགྱུར་བསྟན་པའི་སྣང་བྱེད་ཆེན་པོ་རྫོགས་ཆེན་དགེ་མང་རིན་པོ་ཆེའི་མཆོག་གི་སྤྲུལ་པའི་སྐུས་གསུང་བསྐུལ་ཕེབས་པའི་ཞུས་ལེན།
  
  
  
  
  
  
  
 


1 occurrence of གཏེར་སྲུང་
[Clear Hits]

 
previousསྔ་འགྱུར་བསྟན་པའི་སྣང་བྱེད་ཆེན་པོ་རྫོགས་ཆེན་དགེ་མང་རིན་པོ་ཆེའི་མཆོག་གི་སྤྲུལ་པའི་སྐུས་གསུང་བསྐུལ་ཕེབས་པའི་ཞུས་ལེན།next

སྔ་འགྱུར་བསྟན་པའི་སྣང་བྱེད་ཆེན་པོ་རྫོགས་ཆེན་དགེ་མང་རིན་པོ་ཆེའི་མཆོག་གི་སྤྲུལ་པའི་སྐུས་གསུང་བསྐུལ་ཕེབས་པའི་ཞུས་ལེན།


LT36_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱ་གུ་རུ་ཐོད་ཕྲེང་རྩལ་ལ་འདུད། །པདྨ་ཀུན་ཏུ་འཆང་གིས་བྱིན་གྱིས་རློབས། །རིག་པའི་ངོ་བོ་འཁོར་འདས་ཀུན་ལ་ཁྱབ། །ཆོས་རྣམས་ཀུན་གྱི་གནས་ལུགས་དེ་བཞིན་ཉིད། །སྨྲ་བསམ་བརྗོད་པ་ཀུན་གྱི་ཡུལ་ལས་འདས། །ཀ་དག་ནམ་མཁའ་དང་མཚུངས་འདུས་མ་བྱས། །མ་བཅོས་རང་བྱུང་སྤྲོས་པའི་མཐའ་དང་བྲལ། །གདོད་ནས་མ་འཁྲུལ་གྲོལ་བར་བྱ་བའང་མེད། །རིགས་པའི་རང་བཞིན་ཡེ་ནས་འོད་དུ་གསལ། །ཅིར་ཡང་མ་ཡིན་རང་རྩལ་ཅིར་ཡང་འཆར། །ཡེ་ཤེས་ཡིན་པས་སྐུ་དང་ཞིང་ཁམས་ཤར། །ཉོན་མོངས་བྱེ་བས་གཡོགས་ཀྱང་སྒྲིབ་པ་མེད། །གནས་ལུགས་མངོན་ཏུ་གྱུར་ཀྱང་དག་པ་མེད། །རིག་པའི་རྩལ་ལ་རང་ངོ་མ་ཤེས་པའི། །སྐད་ཅིག་རྟོག་པས་གཟུང་འཛིན་གཉིས་སུ་འཁྲུལ། །འཁོར་འདས་རྒྱབ་གྱེས་སྲིད་པ་གསུམ་དུ་འཁྱམས། །བདག་ཅེས་བྱ་བ་གཞི་ནས་མ་གྲུབ་ཀྱང་། བདག་ཏུ་འཛིན་པས་ཀུན་གྱི་འཁྲུལ་གཞི་བྱས། །འཛིན་རྟོག་དེ་ལ་སེམས་ཞེས་ཐ་སྙད་གདགས། །སེམས་ལས་སེམས་བྱུང་མུ་མཐའ་མེད་པར་འཕེལ། །ངོས་མ་ཟིན་པས་སྡུག་བསྔལ་གཟེབ་ཏུ་ཆུད། །སེམས་ཀྱི་མཚང་རིག་འཛིན་པ་ཕུག་རྡིབས་ན། །རང་གྲོལ་རིག་པ་རང་ས་ཟིན་པར་འགྱུར། །ལུང་རིགས་དུ་མས་གནས་ལུགས་དཔྱོད་པ་ཡང་། །ཕྱོགས་མཐོང་ཙམ་ལས་ཇི་བཞིན་རྟོགས་མི་


LT36_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །དོན་དམ་བློ་ཡི་ཡུལ་ལས་ཤིན་ཏུ་འདས། །སོར་རྟོག་ཉིད་ཀྱང་དོན་ལ་སེམས་ཡིན་པས། །གདོད་མའི་གནས་ལུགས་སྒྲིབ་པའི་གེགས་སུ་འགྱུར། །འཁོར་འདས་བདེན་གཉིས་གྲོལ་འཁྲུལ་རྟོགས་མ་རྟོགས། །གཟུང་འཛིན་ཕྱོགས་སུ་གཏོགས་ཚད་སེམས་ཡིན་པས། །དེ་དོན་བསྒོམ་པས་འཁྲུལ་ལ་ཉིང་འཁྲུལ་བསྣན། །བདག་ཏུ་འཛིན་པའི་རྩ་བ་མ་སྟོངས་པ། །ནམ་ཡང་གནས་ལུགས་དངོས་ལ་རེག་མི་ནུས། །འོན་ཀྱང་སེམས་ལ་བརྟེན་པའི་འཇོག་ཚུལ་ཀུན། །དང་པོའི་ལས་ཅན་དྲང་བའི་ཐབས་སུ་གསུངས། །བློ་འདས་རྫོགས་པ་ཆེན་པོའི་རྣལ་འབྱོར་པས། །སེམས་ལ་དགག་སྒྲུབ་མི་བྱེད་ཡན་གར་བཞག །རིག་པ་གཤིས་ཀྱི་གནས་ལུགས་རང་བབས་བསྐྱང་། །ཐ་མལ་ཤེས་པ་མ་བཅོས་མ་བསླད་པ། །སྟོང་གསལ་ཟང་ཐལ་རིག་པའི་སྙིང་པོ་ཅན། །རང་གི་མོས་གུས་བླ་མའི་བྱིན་བརླབས་དང་། །ལས་འཕྲོ་སད་པས་དེ་ཉིད་རྗེན་པར་མཐོང་། །དེ་ཚེ་འཁོར་འདས་ཆོས་ལ་སྤྲོས་པས་ཆོད། །སྒོམ་དང་མི་སྒོམ་བློ་ཡི་ཤུན་པ་བྲལ། །ཡེངས་དང་མ་ཡེངས་རྟོག་པའི་སྦུབས་ལས་གྲོལ། །ཀུན་གཞི་ལུང་མ་བསྟན་དང་མ་འདྲེས་པ། །ས་ལེ་སང་ངེ་ཝ་ལེ་ཧྲིག་གེ་བ། །འཛིན་སྟངས་བྲལ་བདེ་ལས་གཞན་མི་བཙལ། །གནས་ལུགས་རང་ངོ་ཇི་བཞིན་ཤེས་པ་ནི། །ཐོག་མར་ཆོས་ཉིད་མངོན་སུམ་མཐོང་བ་ཡིན། །


LT36_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

གོམས་ཤིང་འདྲིས་པས་ཡིད་ཆེས་བརྟན་ཐོབ་ནས། །ཉམས་མྱོང་སྣ་ཚོགས་གོང་དུ་འཕེལ་བ་སྟེ། །ཐ་མལ་གཤིས་ཐོག་ལྷན་གྱིས་ཕེབས་པ་ནི། །བར་དུ་རིག་པ་ཚད་ལ་ཕེབ་པའོ། །རང་བྱུང་ཡེ་ཤེས་བྲི་དང་གང་མེད་པར། །ཆོས་དབྱིངས་ཡངས་པ་ཆེན་པོར་ཕྱམ་བརྡལ་བ། །ཐ་མ་ཆོས་ཉིད་ཟད་པའི་སྣང་བ་ཞེས། །ཀ་དག་ཁྲེགས་ཆོད་ལུགས་ཀྱི་སྣང་གཞི་ནི། །མཐའ་རུ་ཕྱིན་པས་གདོད་མའི་ཟད་སར་སྐྱོལ། །དེ་ལྟར་རྟོགས་པའི་བློ་བདེའི་རྣལ་འབྱོར་པ། །བདག་ཏུ་རྟོག་པ་ཆོས་ཀྱི་དབྱིངས་སུ་སྟོང་། །འགྱུ་སྟོང་སེམས་ཀྱི་རྩ་བ་རང་སར་ཆོད། །གཟུང་འཛིན་འཁྲུལ་སྣང་སྐྱེ་འགག་མེད་པར་ཐིམ། །ཡིད་དང་ཆོས་སུ་བཏགས་པའི་མདུད་པ་ཞིག །མཐར་གྱིས་གདོད་མའི་གྲོལ་གཞིར་ཕྱིན་པར་འགྱུར། །ཉམས་སུ་ལེན་ལ་མང་དུ་སྨོས་མི་དགོས། །ང་དང་ང་ཡིར་འཛིན་དང་ཉོན་མོངས་སོགས། །དང་པོའི་ཐོལ་སྐྱེས་ཤེས་པ་སྐད་ཅིག་མ། །འཁྲུལ་གྲོལ་རྩ་བ་ཡིན་པས་དེ་མ་ཐག །རིག་པའི་ངང་དུ་རང་ཤར་རང་གྲོལ་ན། །ཆོས་སྐུའི་དགོངས་པ་ལོགས་སུ་ཚོལ་མི་དགོས། །རིག་པའི་རང་ངོ་རྟག་ཏུ་ཟིན་པ་ལས། །ལྷག་པའི་ལྟ་སྒོམ་གང་ཡང་མི་དགོས་ཀྱང་། །རྣམ་གཡེང་དབང་སོང་དྲན་པས་མ་ཟིན་ན། །ངོ་ཤེས་ཙམ་ལས་བརྟན་པ་མི་ཐོབ་པས། །གཡེང་སྦང་དབེན་པར་རྩེ་གཅིག་སྒོམ་པ་


LT36_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

གཅེས། །གཞུང་ལུགས་བཤད་ཉན་ཐོས་བསམ་བྱེད་པ་དག །ལུང་གི་བསྟན་པ་ཡིན་པས་ངོ་མཚར་ཡང་། །གྲུབ་མཐའི་བློ་ཡིས་ཡང་དག་དོན་ལ་སྒྲིབ། །སྒོམ་སྒྲུབ་དོར་ན་སྙིང་པོས་སྟོང་པའི་ཕྱིར། །རྟོགས་པའི་རྒྱུན་ཆད་བྱིན་རླབས་ཆུ་བོ་འགྲིབ། །གནྡྷོ་ལ་ཡིས་སེང་གེའི་གསོབ་བཞིན་ཏུ། །ཕྱག་རྫོགས་པ་ཡང་མིང་ཙམ་ཉིད་དུ་འགྱུར། །ལྟ་བ་མཐོ་ལ་སྤྱོད་པ་ཞིབ་པ་ཉིད། །མདོ་རྒྱུད་ལམ་གྱི་སྙིང་པོར་བསྔགས་པའི་ཕྱིར། །ལྟ་བའི་ཕྱོགས་སུ་སྤྱོད་པ་མ་ཤོར་ཅིང་། །སྤྱོད་པའི་ཕྱོགས་སུ་ལྟ་བ་མ་ལྷུང་བར། །སྲས་བཅས་རྒྱལ་བ་དགྱེས་པའི་ལམ་ལ་འཇུག །ཚིག་གི་སྤྲོས་པའི་ཕ་མཐའ་མི་ཆོད་པས། །དོན་དམ་གནད་དུ་དྲིལ་བའི་ཉམས་ལེན་མཐིལ། །སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་ལ་འདུས། །སྟོང་ཉིད་དཔྱད་ནས་ཕྱི་རུ་མི་བཙལ་བར། །ནང་དུ་རང་སེམས་རྩ་བ་ལེགས་ཆོད་ན། །ཆོས་ཀུན་རང་གི་སེམས་ལས་མ་འདས་པས། །ཆུ་བརྒྱ་ཟམ་པ་གཅིག་གི་འོག་ཏུ་འདུས། །སྐྱེས་ཆེན་སྤྲུལ་བའི་སྐུ་མཆོག་ཉིད་ལྟ་བུར། །ཐ་ཤལ་བདག་འདྲས་འདི་གསོལ་མི་འོས་ཀྱང་། །ཐུགས་བརྩེའི་བཀའ་མཆིད་ཕེབ་ལེན་མ་ལྡོག་ཙམ། གང་ཤར་གང་དྲན་བཟོ་མེད་བྲིས་ནས་ཕུལ། །ཆོས་སྤྱན་ཡངས་པའི་འབབས་སྟེགས་མཛད་ནས་ཀྱང་། །དོན་གཉིས་ལྷུན་གྱིས་གྲུབ་པའི་རྒྱུ་རུ་ཤོག །ཅེས་སྔ་འགྱུར་བསྟན་པའི་སྣང་བྱེད་ཆེན་པོ་རྫོགས་


LT36_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་དགེ་མང་རིན་པོ་ཆེའི་མཆོག་གི་སྤྲུལ་པའི་སྐུས་གསུང་བསྐུལ་ཕེབས་བའི་ཞུས་ལེན་ཏུ་འོད་གསལ་རྡོ་རྗེ་རྩེ་མོ་ལ་མོས་པ་ལམ་དུ་བྱེད་པ་བློ་གྲོས་མཐའ་ཡས་ཀྱིས་ཕུལ་བ་དགེ་ལེགས་འཕེལ། །


previousསྔ་འགྱུར་བསྟན་པའི་སྣང་བྱེད་ཆེན་པོ་རྫོགས་ཆེན་དགེ་མང་རིན་པོ་ཆེའི་མཆོག་གི་སྤྲུལ་པའི་སྐུས་གསུང་བསྐུལ་ཕེབས་པའི་ཞུས་ལེན།next