Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།

6 occurrences of བྱམས་པ་གླིང་
[Clear Hits]


  
expand section
  
collapse section
 collapse section
རིགས་ཀྱི་ནུས་པ་ཉིད་དཀར་པོའི་ལས་ཀྱི་ཟད་ཚུལ།
  
  
  
 
 
 


6 occurrences of བྱམས་པ་གླིང་
[Clear Hits]

 
previousརིགས་ཀྱི་ནུས་པ་ཉིད་དཀར་པོའི་ལས་ཀྱི་ཟད་ཚུལ།next

རིགས་ཀྱི་ནུས་པ་ཉིད་དཀར་པོའི་ལས་ཀྱི་ཟད་ཚུལ།


MLP003_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

དྷརྨ་ཤྲཱི་རང་ཉིད་ཀྱི་ཆོས་དང་རྗེས་སུ་འབྲེལ་བའི་སྤྱོད་པ་ལས་བརྩམས་པའི་ལོ་རྒྱུས་བདེན་གཏམ་རྣ་བའི་བདུད་རྩི། ལོ་ཧེན་དྷརྨ་ཤྲཱི།


MLP003_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

དྷརྨ་ཤྲཱི་རང་ཉིད་ཀྱི་ཆོས་དང་རྗེས་སུ་འབྲེལ་བའི་སྤྱོད་པ་ལས་བརྩམས་པའི་ལོ་རྒྱུས་བདེན་གཏམ་རྣ་བའི་བདུད་རྩི་ཞེས་བྱ་བ་བཞུགས་སོ། །
ༀ་སྭ་སྟི། རང་ཉིད་ཀྱི་ཆོས་དང་རྗེས་སུ་འབྲེལ་བའི་སྤྱོད་པ་ལས་བརྩམས་པའི་ལོ་རྒྱུས་བདེན་གཏམ་རྣ་བའི་བདུད་རྩི་ཞེས་བྱ་བ། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་རྗེ་བཙུན་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །རབ་འབྱམས་རྒྱལ་བ་ཀུན་གྱི་ཡེ་ཤེས་དང་། །ཐ་དད་མ་དམིགས་གཅིག་ཆོག་ཆོས་ཀྱི་རྗེ། །གཏེར་ཆེན་བླ་མ་འགྱུར་མེད་རྡོ་རྗེའི་ཞབས། །དད་བརྒྱའི་གཙུག་གི་པདྨོས་རྟག་ཏུ་མཆོད། །གང་ཐུགས་འགྱུར་མེད་ཀུན་ཁྱབ་རྡོ་རྗེའི་ཁམས། །མཐའ་དག་དངོས་ཀུན་རྗེས་ཞུགས་ཆོས་ཀྱི་སྐུའི། །རྣམ་ཐར་རང་རིག་ངོ་བོར་དབྱེར་མེད་པའི། །བདེ་ཆེན་མཉམ་ཉིད་རྟོགས་པའི་བཀའ་དྲིན་སྩོལ། །ཚུར་མཐོང་བདག་འདྲའི་བླུན་རྨོངས་སྤྱོད་ཚུལ་རྣམས། །ཀུན་གྱིས་གཏན་ལ་ཕེབས་མོད་བཟང་པོའི་གཏམ། །མེད་ལ་སྒྲོ་བཏགས་བརྗོད་པའང་དགོས་མེད་ཕྱིར། །འདི་བརྗོད་དུས་དང་བློ་གྲོས་གྲོན་པའི་རྒྱུ། །འོན་ཀྱང་གདོད་མའི་གཤིས་ལུགས་རང་རིག་དབྱིངས། །རྣམ་འགྱུར་དུ་མའི་འཆར་སྒོ་མ་འགགས་ཀྱང་། །དེ་དོན་རྟོགས་པའི་བློ་ངོར་མཁའ་ལམ་ངོས། །ཆུ་འཛིན་དེངས་བཞིན་གཉིས་འཛིན་གཟེབ་ལས་གྲོལ། །དེ་ཕྱིར་རང་གསལ་གཏད་མེད་འགྱུ་བའི་སེམས། །བློ་ཆུང་རེ་དོགས་གོ་རར་མ་བཅུག་པར། །རང་ཚུལ་བདེན་གཏམ་དམ་པའི་གསུང་གི་ངོར། །འཛེམས་མེད་སྨྲའོ་རྣ་བའི་བདུད་རྩིར་ལོངས། །དེ་ལ་འདིར་རང་གི་རྣམ་ཐར་རང་རྒྱུས་ཀྱི་སྒོ་ནས་ཅུང་ཟད་གླེང་བ་ལ། རིགས་ཀྱི་ནུས་པ་ཉིད་དཀར་པོའི་ལས་ཀྱིས་སད་ཚུལ། དེ་ལྟར་སད་པ་ལས་ལུས་རྟེན་འདི་བཙས་ནས་ན་


MLP003_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཚོད་འཕེལ་ཚུལ། བསྟན་པ་ལ་ཞུགས་ནས་ཐོས་བསམ་གྱིས་རྒྱུད་སྦྱང་ཚུལ། ཇི་ལྟར་ཐོས་པའི་དོན་ཉམས་སུ་བླངས་ཚུལ། རང་ནུས་དང་སྦྱར་བའི་གཞན་དོན་ཆ་ཙམ་སྒྲུབ་ཚུལ། ལྷག་པའི་བསམ་པས་དོན་གཉིས་འགྲུབ་འགྱུར་ལ་སྨོན་ལམ་ཇི་ལྟར་བཏབ་ཚུལ་དང་དྲུག་ལས། དང་པོ་ནི། རང་གི་སེམས་ཉིད་གདོད་མའི་གཤིས་ལུགས་རང་བཞིན་གྱིས་རྣམ་པར་དག་པ་གསེར་བཟང་པོའི་ཁམས་ལྟ་བུ་དེའི་སྟེང་ན། ཐེག་པ་གསུམ་གྱི་རིགས་ཀྱི་ནུས་པ་ཡོད་པ་ལས། ཐེག་པ་ཆེན་པོའི་རིགས་ཀྱི་ནུས་པ་དེ། ཚེ་རབས་སྔ་མར་རྣམ་དཀར་གྱི་ལས་ལ་ཅུང་ཟད་སྦྱངས་ཤིང་སྨོན་ལམ་གྱི་སེམས་པ་ཅུང་ཟད་ཡོད་པས་སད་དེ། སྐྱེ་སྲིད་འདིར་ཡེ་ཤེས་ཀྱི་སྐུ་ཅན་རྗེ་བཙུན་བླ་མ་བཀའ་དྲིན་མཚུངས་མེད་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དང་། སྡོམ་བརྩོན་མཁས་པ་ཆེན་པོ་རྒྱལ་བའི་སྲས་པོ་སྟེ། བླ་མ་དམ་པ་སྐུ་མཆེད་ཀྱི་རིགས་ཀྱི་གཅུང་དུ་སྐྱེས་པས་ཆུང་ངུ་ནས་དམ་པའི་ཆོས་དང་མཇལ་བའི་སྐལ་བཟང་ཐོབ། དེ་ཡང་རྗེ་བླ་མའི་གཏེར་ལུང་ལས། གཡུ་སྒྲའི་སྤྲུལ་པ་བློ་ལྡན་དྷརྨའི་མིང༔ ཞེས་དང་། རྒྱལ་མོ་གཡུ་སྒྲའི་སྤྲུལ་པ་ནི༔ མེ་ཁམས་ཤྲཱི་ལས་ཀྱི་མིང༔ ཞེས་འབྱུང་བ་ལྟར་དྷརྨ་ཤྲཱིའི་མིང་དང་། སྨྱོས་ཀྱི་རུས་ཁམས་ཇི་མེ་ཡིན་པར་མ་ཟད། ལོ་སྙིང་རྟའི་སྲོག་ཁམས་ཀྱང་མེ་ཡིན་པས་སྦྱར་དུ་རུང་བ་ལྟར། གཏེར་འབྱུང་ལོ་རྒྱུས་སུ། རྗེ་བླ་མ་ཉིད་ཀྱིས་ངོས་འཛིན་པར་མཛད་པའི་སྐལ་བཟང་ཐོབ་པ་ནི། སྤྲུལ་པ་དངོས་ཡིན་པར་དཀའ་ཡང་། རྒྱུད་བྱིན་གྱིས་བརླབས་པ་ཙམ་ལ་དགོངས་པར་མངོན་ཞིང་། དེ་ལྟར་བརླབས་པའི་ཡུལ་ཡང་དཀར་པོའི་རིགས་སད་པ་ཞིག་དགོས་པ་ལས། དེའི་རྟགས་སྔ་མའི་བག་ཆགས་བཟང་བར་མཚོན་པ་ནི། རང་ལོ་གཉིས་གསུམ་ཙམ་གྱི་ཚེ། ལུས་གནད་ལྟ་སྟངས་བྱེད་པ་སོགས་བསམ་གཏན་པའི་བག་ཆགས་འདྲ་བ་ཡོད་ཟེར་ཡང་རང་གིས་མ་དྲན། བྱིས་པའི་དུས་དྲན་པ་རྙེད་ཙམ་ནས་བཟུང་། སྤྱིར་སྐྱེས་བུ་དམ་པའི་རིགས་དང་། བྲེ་བྲག་ཀརྨ་པ་ཡབ་སྲས་ལ་བཅོས་མིན་གྱི་དད་པ་རང་ཤུགས་ཀྱིས་འཆར་བ་དང་། ཕྱིས་རྩ་རྒྱུད་གསང་སྙིང་ལ་ཐོས་བསམ་བྱེད་དུས་རོག་པའི་ཡིག་ཆ་འདྲ་མཐོང་བ་ལས་གོ་བའི་སྣེ་རྙེད་པ་ཞིག་བྱུང་བ་ལ་དཔགས་ན། དེ་དག་གི་སློབ་རིགས་ཆོས་ལ་བག་
ཆགས་ཅུང་ཟད་བཞག་པ་ཞིག་ཨེ་ཡིན་སྙམ། གང་ལྟར་ཡང་ཆོས་རིགས་སུ་སྐྱེས་པ་ལ་བརྟེན་བྱིས་པའི་དུས་ནས་ཀྱང་། དད་པ་དང་སྙིང་རྗེ་དང་ངེས་འབྱུང་སོགས་ཆེ་རབ་ཡོད་ཅིང་། འཇིག་རྟེན་གྱི་བྱ་བ་ལ་བློ་མི་འཇུག་པས་ཚེ་འདི་བལྟོས་ཀྱི་དངོས་ཞེན་རང་བཞིན་གྱིས་སྲབ་པ་འདི་ནི་དཀར་པོའི་ལས་ཀྱིས་རིགས་སད་པའི་རྟགས་སུ་མཚོན་ནུས་པ་ཡིན་ནོ། །


previousརིགས་ཀྱི་ནུས་པ་ཉིད་དཀར་པོའི་ལས་ཀྱི་ཟད་ཚུལ།next