Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།


  collapse section
   
   
   
   
   
   
   
  collapse section
   
  collapse section
   
  collapse section
   
སྤྱིར་བསྟན་པ།
  collapse section
  collapse section
   
  collapse section
   
   
   
  collapse section
   
  collapse section
   
   
   
  collapse section
   
   
   
   
   
   
   


 
previousསྤྱིར་བསྟན་པ།next

སྤྱིར་བསྟན་པ།


MLP007_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལ་སྤྱིར་བསྟན་པ་དང་། སོ་སོར་བཤད་པའོ། །དང་པོ་ནི། ཚིགས་སུ་བཅད་པ་དེ་ཡང་། བྲྀཏྟ་དང་ཛཱ་ཏི་རྣམ་པ་གཉིས་སུ་དབྱེ་སྟེ། མེ་ལོང་ལས། ཚིགས་བཅད་རྐང་བཞི་ཅན་དེ་ཡང་། །བྲྀཏྟ་ཛཱ་ཏི་ཞེས་རྣམ་གཉིས། །དེ་ཡི་སྤྲོས་པ་མཐའ་དག་ནི། །སྡེབ་སྦྱོར་གཞུང་དུ་ངེས་པར་བསྟན། །ཅེས་སོ། །དེ་ཉིད་ཀྱི་མཚན་ཉིད་ནི། སྡེབ་སྦྱོར་གང་ཞིག་དབྱངས་ཀྱི་ཡི་གེ་བགྲང་བ་བྲྀཏྟའི་མཚན་ཉིད། ཞུགས་པ་དང་། སྦྱར་བ་དང་། རྒྱུད་འཕེལ་རྣམས་ནི་
མིང་གི་རྣམ་གྲངས་ཏེ། བྲྀཏྟ་ཉིད་བསྒྱུར་བ་ཡིན་ནོ། །སྡེབ་སྦྱོར་གང་ཞིག་དབྱངས་ཐུང་བ་ཕྱི་མོ་རེ་རེ་དང་། རིང་བ་དང་ཤིན་ཏུ་རིང་བ་ལ་གཉིས་གཉིས་སུ་བགྲང་བའི་སྒོ་ནས་ཕྱི་མོ་བགྲང་བ་ཛཱ་ཏིའི་མཚན་ཉིད། རིགས་དང་སྐྱེད་མ་ཞེས་པ་ནི་བསྒྱུར་བ་སྟེ་མིང་གི་རྣམ་གྲངས་སུ་འགྱུར་རོ། །དེའི་ཕྱིར་ཚིགས་སུ་བཅད་པ་ལ་དབྱངས་བགྲང་གི། གསལ་བྱེད་བགྲང་བར་མི་བྱ་སྟེ། འགྲེལ་པར། ཡི་གེ་བགྲང་བ་ན་དབྱངས་བགྲང་བར་བྱའི། གསལ་བྱེད་རྣམས་ནི་མ་ཡིན་ནོ། །ཞེས་དང་། འདིར་ནི་དབྱངས་ཡིག་ཉི་ཤུ་གཉིས། །གསལ་བྱེད་རྣམས་ནི་སུམ་ཅུ་བདུན། །འདི་རྣམས་ཡི་གེ་ལྔ་བཅུ་དགུ། །དབྱངས་ཀྱི་ཡི་གེ་བགྲང་བར་བྱ། །ཞེས་སོ། །དེ་ལ་དབྱངས་ཡིག་ཉི་ཤུ་རྩ་གཉིས་ནི། ཐུང་ངུ་ལྔ། རིང་པོ་བརྒྱད། ཤིན་ཏུ་རིང་པོ་དགུའོ། །དང་པོ་ནི། ཕྱི་མོ་གཅིག་པ་སྟེ། ཨ་ཨི་ཨུ་རྀ་ལྀ་ལྔའོ། །གཉིས་པ་ནི། ཕྱི་མོ་གཉིས་པ་སྟེ། ཨཱ་ཨཱི་ཨཱུ་རཱྀ་ཨེ་ཨཻ་ཨོ་ཨཽ་བརྒྱད་དོ། །གསུམ་པ་ནི། ཕྱི་མོ་གསུམ་པསྟེ། ཨ྅་ཨི྅་ཨུ྅་རྀ྅་ལྀ྅་ཨེ྅་ཨཻ྅་ཨོ྅་ཨཽ྅་སྟེ་པླུ་ཏའི་མཚན་མ་ཅན་དགུའོ། །དེ་ལྟ་ནའང་ཛཱ་ཏིའི་གཞུང་གི་དཔེར་བརྗོད་རྣམས་སུ་པླུ་ཏའི་མཚན་མ་ཅན་ཉིད་ཕྱི་མོ་གཉིས་པར་བགྲངས་བ་ཤ་སྟག་སྣང་ངོ་། །གསལ་བྱེད་སོ་བདུན་ནི། སྡེ་པ་ལྔ་ལ་ནང་ཚན་ལྔ་ལྔ་སྟེ་ཉེར་ལྔ། མཐར་གནས་བཞི། དྲོ་བ་བཞི། ང་རོ་ཅན་སོགས་བཞིའོ། །དང་པོ་ནི། ཀ་ཁ་ག་གྷ་ང་། ཙ་ཚ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ་རྣམས་སོ། །གཉིས་པ་ནི། ཡ་ར་ལ་ཝ་བཞིའོ། །གསུམ་པ་ནི། ཤ་ཥ་ས་ཧ་བཞིའོ། །བཞི་པ་ནི། ཨཾ་ཨཿྈྐ་ྉྤ་བཞིའོ། །དེ་ལྟར་དབྱངས་གསལ་གཉིས་བསྡོམས་པས་ལྔ་བཅུ་རྩ་དགུའོ། །དེ་ནས་ཡི་གེ་ལྕི་ཡང་གི་ཁྱད་པར་བཤད་པ་ནི། ཕ་རོལ་ཏུ་ཡི་གེ་བརྩེགས་མ་དང་། རྣམ་བཅད་དང་། ང་རོ་རྣམས་མེད་པའི་དབྱངས་ཐུང་ངུ་རྣམས་ལ་ནི་ཡང་བ་ཞེས་གྲགས་ཏེ། དབྱངས་ཅན་བརྡ་སྤྲོད་ལས། ཕ་རོལ་ཏུ་རབ་སྦྱོར་ལ་སོགས་པ་མེད་པའི་ཐུང་ངུ་ནི་ཡང་བའོ། །ཞེས་སོ། །དེར་མ་ཟད་ལ་གྷུ་ཡང་བ་ལ་འཇུག་པའི་ཐོག་མ་བརྗོད་དེ་ལ་ཞེས་ཀྱང་བརྡ་འདོགས་ཏེ། པྲསྟཱ་ར་འདྲི་བ་ན་རི་མོ་དྲང་པོར་བྲིའོ། །སྤྱིར་ཐུང་ངུ་ལ་ཡིག་ཡིན་ཡང་རྐང་པའི་མཐའ་རྣམས་སུ་ཡོད་པའི་དབྱངས་


MLP007_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ཐུང་ངུ་མང་པོ་ཞིག་ཀྱང་ལྕི་བ་དང་ག་ཞེས་བརྡ་འདོགས་ཏེ་རི་མོ་ཡང་འཁྱོག་པོར་བྲིའོ། །འདིར་མང་པོ་ཞེས་པ་ནི་འགྱུར་རྙིང་ལྟར་ཕལ་ཆེ་བའི་དོན་ཏེ། འདྲ་མཚུངས་ལ་སོགས་པ་སྡེབ་སྦྱོར་འགའ་ཞིག་གི་རྐང་མཐའི་ཐུང་ངུ་ལྕི་བར་མི་འགྱུར་བའི་ཕྱིར། གཞན་དུ་ན་རྐང་པ་གཉིས་པ་དང་བཞི་པ་སྟེ་ཟུང་གི་རྐང་མཐའི་ཐུང་ངུ་ལྕི་བར་འགྱུར་བ་དང་། དབང་རྡོར་ལ་སོགས་པའི་དང་པོ་དང་གསུམ་པ་སྟེ་ཟུང་མིན་གྱི་རྐང་མཐའ་ཡང་ལྕི་བར་འགྱུར་བ་ཡིན་ནོ། །ཕ་རོལ་ན་དབྱངས་དང་བྲལ་བ་ཧ་ལནྟའི་མཚན་མ་ཅན་གྱི་གསལ་བྱེད་དམ་གསལ་བྱེད་བརྩེགས་པ་ཡོད་ནའང་དེ་ལས་ཚུ་རོལ་སྔ་མའི་ཡི་གེ་ཐུང་ངུ་དེའང་ལྕི་བའོ། །དབྱངས་རིང་ཆ་དང་འགྲེང་བུ་རྣ་རུ་ཅན་ཏེ་རིང་པོ་རྣམས་དང་པླུ་ཏའི་རྟགས་ཅན་ཤིན་ཏུ་རིང་པོ་ཉིད་ནི་གནས་སྐབས་ཐམས་ཅད་དུ་ལྕི་བ་ཡིན་ལ། དེར་མ་ཟད་རྣམ་བཅད་དང་རྗེས་སུ་ང་རོ་ཅན་རྣམས་ཀྱང་ལྕི་བའོ། །དེ་ལྟར་ལྕི་བ་དེ་དག་ལ་འདིར་ག་ཞེས་བརྡ་བྱེད་པ་ནི་གུ་རུ་ལྕི་བ་ལ་འཇུག་པའི་གུའི་ཨུ་ཕྱིས་པ་སྟེ། པྲསྟཱ་ར་ཡང་འཁྱོག་པོར་བྲིའོ། །དེ་སྐད་དུའང་། བརྩེགས་པའི་ཐོག་མར་གང་བྱུང་དང་། །ཚེག་དྲག་ཅན་དང་ཐིག་ལེ་ཅན། །རྐང་མཐའ་རིང་པོའི་ཡི་གེ་རྣམས། །ལྕི་བའི་ཡི་གེ་རྣམས་སུ་བཤད། །ཅེས་སོ། །པྲསྟཱ་ར་འགོད་པའི་མདོ་ནི། བྲྀཏྟ་ལ་ཡི་གེ་གསུམ་གསུམ་ལ་མིང་རེ་འདོགས་པ་ལས། ཡི་གེ་གསུམ་གྱི་ཐོག་མའི་ཡི་གེ་ལྕི་བ་བྱུང་བ་དེ་ལ་བྷ་ཞེས་བྱེད་དོ། །དེ་བཞིན་དུ། ཛ་ཞེས་པ་ནི་དབུས་ལྕི་བའོ། །ས་ཞེས་པ་ནི་མཐའ་ལྕི་བའོ། །མ་ཞེས་པ་ནི་ཀུན་ལྕི་བ་སྟེ། དེ་དག་ནི་ལྕི་བའི་ཕྱོགས་ནས་བཤད་དོ། །ཡང་བའི་ཕྱོགས་ནས་བཤད་པ་ནི། ཡ་ཞེས་པ་ནི་གསུམ་གྱི་ཐོག་མ་དེ་ཡང་བའོ། །དེ་བཞིན་དུ་ར་དབུས་ཡང་བ། ཏ་མཐའ་ཡང་བ། ན་ཞེས་པ་ཀུན་ཡང་བའོ། །དེ་ལྟར་བརྡ་ཆད་བྱས་པའི་ཡི་གེ་བརྒྱད་པོ་འདི་སྡེབ་སྦྱོར་གྱི་སྐབས་གང་དང་གང་དུ་བརྗོད་པ་དེ་དང་དེའི་དུས་སུ་དྲན་པར་བྱའོ། །དེའི་སྡོམ་ཚིག་ནི། བྷ་ཐོག་ལྕི་བ་ཛ་དབུས་ལྕི། །ས་མཐའ་ལྕི་བ་མ་ཀུན་ལྕི། །ཡ་ཐོག་ཡང་བ་ར་དབུས་ཡང་། །ཏ་མཐའ་ཡང་བ་ན་ཀུན་ཡང་། །ཞེས་པ་བློ་ལ་བྱང་ཞིང་ཆུབ་པར་བྱའོ། །དེ་ནས་མཉམ་པའི་བྲྀཏྟའི་སྡེབ་སྦྱོར་གྱི་སྤྱིའི་མིང་འདོགས་ལ། གང་


MLP007_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གདགས་བྱའི་གཞི་དང་། དེ་ལ་བཏགས་པའི་མིང་ངོ་། །དང་པོ་ནི། གལ་ཏེ་ཏ་ཡ་དབུས་ཕྲའོ་ཞེས་པ་ལྟ་བུ་ཡི་གེ་དྲུག་རེ་ལ་རྐང་པ་རེར་བྱས་པ་ནས་བརྩམས་ཏེ་ཡི་གེ་རེ་རེ་འཕེལ་བའི་རྐང་པས་སྡེབ་སྦྱོར་རྣམས་རྟོགས་པར་བྱེད་དོ། །འོ་ན་ཡི་གེ་གཅིག་པ་ནས་ལྔ་པའི་བར་ལ་རྐང་པར་བྱས་པའི་སྦྱོར་བ་དམར་སེར་སོགས་ཀྱིས་བཀོད་པ་ལྟར་གཞུང་འདིར་ཡང་མི་བཞེད་དམ་ཞེ་ན། ཡི་གེ་ལྔ་པ་མན་ཆད་ཀྱི་སྡེབ་སྦྱོར་གྱི་སྦྱོར་བ་ཆེས་ཉུང་བའི་དབང་དུ་མཛད་ནས་འདིར་བྱེ་བྲག་མ་ཕྱེ་མོད་ཀྱི། དེ་ལྟ་ནའང་ངོ་མཚར་བའི་སྦྱོར་བ་རྣམས་ཀྱི་དཔེར་བརྗོད་ཡི་གེ་བཞི་པ་ལ་མཛད་པའི་ཕྱིར། གཏན་ནས་མི་བཞེད་པ་ནི་མ་ཡིན་ནམ་སྙམ་དུ་སེམས་སོ། །བླ་མ་རྣམས། སློབ་དཔོན་ནི་ཡི་གེ་དྲུག་པ་མན་ཆད་ནས་ཚིགས་བཅད་མཚན་ཉིད་པར་བཞེད་ཅིང་གསུང་ངོ་། །གཉིས་པ་ནི། བོད་སྔ་རབས་ཀྱི་མཁས་པ་དག །བྲམ་ཟེ་ཀ་པི་ལའི་གཞུང་ལས། གང་གི་དང་པོར་ངེས་ལྡན་པ། །དེ་ཡི་རྐང་པ་ཡི་གེ་དྲུག །གཞོན་ནུ་རོལ་པ་བདུན་པ་སྟེ། །བརྒྱད་པ་རྗེས་སུ་བསྔགས་པའོ། །ཡི་གེ་དགུ་པ་བཤོལ་དང་ལྡན། །ཡི་གེ་བཅུ་པ་ཕྱག་འཚལ་བ། །བཅུ་བཞི་དབང་པོ་རྡོ་རྗེའོ། །བཅུ་གཉིས་མགྲིན་པ་འདོན་པ་སྟེ། །ཡི་གེ་བཅུ་གསུམ་མཉམ་དུ་རྒོད། །ཡི་གེ་བཅུ་བཞི་དཔྱིད་ཐིག་ལེ། །བཅོ་ལྔ་པ་ནི་ཕྲེང་བ་ཅན། །བཅུ་དྲུག་པ་ནི་སྒྲ་གཅན་ནོ། །མི་ཡི་གདུ་བུ་བཅུ་བདུན་པ། །དལ་བུས་འདོན་པ་དག་ཏུ་བཤད། །བཅོ་བརྒྱད་པ་ནི་བརྩེ་བ་ཅན། །རྣམ་སྣང་རྩེན་མ་བཅུ་དགུ་པ། །ཡི་གེ་ཉི་ཤུ་མཉམ་པར་ལྡན། །ཉི་ཤུ་རྩ་གཅིག་ཕྲེང་བ་འཛིན། །ཉི་ཤུ་རྩ་གཉིས་དལ་བར་བརྗོད། །ཉི་ཤུ་རྩ་གསུམ་ལྷས་བོས་པའོ། །དྲག་པོས་བྱས་པ་ཉི་ཤུ་བཞི། །ཁྲུང་ཁྲུང་རྐང་པ་ཉི་ཤུ་ལྔ། །ཡི་གེ་བརྗོད་པ་ཉི་ཤུ་དྲུག །ལག་འགྲོས་རྣམ་པར་རྩེན་པའོ། །ཞེས་པའི་རྗེས་སུ་འབྲངས་ནས་མིང་འདོགས་དེ་ལྟར་མཛད་ནའང་། མིང་དེ་དག་སྡེབ་སྦྱོར་དེ་དང་དེ་དག་གི་བྱེ་བྲག་རེ་བརྗོད་པར་ཟད་ཀྱི། སྤྱིའི་མིང་རྫོགས་པར་བརྗོད་པ་མ་ཡིན་ཞེས་བཞེད་པ་དོན་ལ་གནས་སོ། །འོ་ན་རྫོགས་པར་བརྗོད་པ་གང་ཞེ་ན། ཡི་གེ་གཅིག་པ་ནས་ལྔ་པའི་བར་གྱི་མིང་གཞུང་འདི་ལས་མི་འབྱུང་ཡང་། མེ་ཏོག་ཆུན་པོ་ལས། བརྗོད་དང་ཤིན་ཏུ་བརྗོད་བར་མ། །རབ་


MLP007_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལེགས་པར་རབ་གནས་དང་། །ཞེས་པ་ལྟར་ཡི་གེ་གཅིག་པའི་ཚིགས་བཅད་ལ་བརྗོད་པ། གཉིས་པ་ལ་ཤིན་ཏུ་བརྗོད་པ། གསུམ་པ་ལ་ལྷན་ཅིག་བར་མ། བཞི་པ་ལ་རབ་གནས། ལྔ་པ་ལ་ལེགས་པར་རབ་གནས་ཞེས་བྱའོ། །ཡི་གེ་དྲུག་པ་མན་ཆད་ཀྱི་མིང་ནི་གཞུང་འདིར་གསུངས་ཏེ། དེ་ལ་རྐྱང་པ་དང་། སྦྲགས་མ་གཉིས། དང་པོ་ནི། ཡི་གེ་དྲུག་པ་ལ་དབྱངས་སྒྲོག་ཅེས་འདོགས་ལ། དེ་བཞིན་དུ། བདུན་པ་རབ་དགའ། བརྒྱད་པ་རྗེས་བསྔགས། དགུ་པ་བྲྀ་ཧ་ཏཱི། བཅུ་པ་ཕྲེང་ལྡན། བཅུ་གཅིག་པ་སུམ་བསྔགས་སོ། །གཉིས་པ་ལ། ཤིན་ཏུས་ཕྱེ་བ་དང་རབ་སོགས་དྲུག་གིས་ཕྱེ་བའོ། །དང་པོ་ནི། སྐྱེ་འགྲོ། ནུས་ལྡན། ལེགས་སྤྱོད། བརྟན་འཛིན་རྣམས་སོ་སོ་སྟེ་རྐྱང་པ་རེ་རེ་དང་། དེའི་ཕྱི་དེ་མ་ཐག་ཏུ་རང་རང་གི་མགོར་ཤིན་ཏུ་སྦྱར་བ་རེ་རེ་སྤེལ་མར་གནས་ཏེ། རིམ་པར་ཡི་གེ་བཅུ་གཉིས་པ་སྐྱེ་འགྲོ། བཅུ་གསུམ་པ་ཤིན་ཏུ་སྐྱེ་འགྲོ། བཅུ་བཞི་པ་ནུས་ལྡན། བཅོ་ལྔ་པ་ཤིན་ཏུ་ནུས་ལྡན། བཅུ་དྲུག་པ་ལེགས་སྤྱོད། བཅུ་བདུན་པ་ཤིན་ཏུ་ལེགས་སྤྱོད། བཅོ་བརྒྱད་པ་བརྟན་འཛིན། བཅུ་དགུ་པ་ཤིན་ཏུ་བརྟན་འཛིན་རྣམས་སོ། །གཉིས་པ་ནི། བྱེད་ལྡན་དག་པ་ཞེས་པ་དག་པའི་སྒྲ་ཁོ་ནའི་དོན་དང་། རབ་སོགས་དྲུག་ལས་དེའི་ཕྱི་མར་ཡང་བྱེད་ལྡན་རེ་རེ་སྦྱར་བ་སྟེ། ཉི་ཤུ་པ་བྱེད་ལྡན། ཉེར་གཅིག་པ་རབ་བྱེད་ལྡན། ཉེར་གཉིས་པ་ཀུན་བྱེད་ལྡན། ཉེར་གསུམ་པ་རྣམ་བྱེད་ལྡན། ཉེར་བཞི་པ་ལེགས་བྱེད་ལྡན། ཉེར་ལྔ་པ་ཤིན་ཏུ་ལེགས་བྱེད་ལྡན། ཉེར་དྲུག་པ་ལྷག་པར་བྱེད་ལྡན་ནོ། །ཡི་གེ་ཉེར་བདུན་པ་ཕན་ཆད་རྐང་པས་བཅད་པའི་ཡི་གེ་བགྲང་བ་ལ་རྒྱུན་ཆགས་དང་རབ་བསགས་ཞེས་ཟེར་ཏེ། དེ་དག་ཀྱང་ཚིགས་སུ་བཅད་པ་ཡིན་མོད་ཀྱི། དེ་ལྟ་ནའང་བྲྀཏྟའི་ཚིགས་བཅད་ལ་ཡི་གེ་ཉེར་དྲུག་ལས་མང་བ་ངོ་མཚར་བའི་བྱ་བས་སྤེལ་དུ་ཡོད་ཀྱང་སྦྱོར་བ་ཆེས་ཉུང་བ་ལ་དགོངས་ནས། འདིར་ན་གཉིས་ཀྱི་རྗེས་སུ་ར་དང་ཡ་འབའ་ཞིག་བསྒྲིགས་པ་རྒྱུན་ཆགས་དང་རབ་བསགས་ལས་གཞན་པའི་རྣམ་གཞག་མ་མཛད་དོ། །དེ་ལྟར་ན་དབྱངས་སྒྲོགས་ལ་སོགས་པ་དྲུག་དང་། སྐྱེ་འགྲོ་སོགས་བརྒྱད་དང་། རྟ་ནི་བདུན་ཏེ་བྱེད་ལྡན་ལ་སོགས་པ་བདུན་རྣམས་སོ། །འགྲེལ་པར་སྐབས་འདིར་འཕྲོས་


MLP007_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ་གསུངས་པའི་གྲངས་ཀྱི་བརྡ་ཆད་ཀྱི་སྡོམ་ཚིག་ནི། གཟུགས་གཅིག་ཟུང་གཉིས་མེ་ནི་གསུམ། །རིག་བྱེད་དང་ནི་ཆུ་གཏེར་བཞི། །མདའ་དང་དབང་པོ་ཡུལ་ནི་ལྔ། །དུས་དང་རོ་ནི་དྲུག་ཡིན་ཏེ། །འཇིག་རྟེན་རྟ་དབྱངས་ཐུབ་པ་བདུན། །ནོར་ལྷ་ཡན་ལག་མྱོས་བྱེད་བརྒྱད། །གཟའ་དང་བུ་ག་དགུ་ཡིན་ནོ། །ཕྱོགས་བཅུ་དྲག་པོ་བཅུ་གཅིག་གོ །བཅུ་གཉིས་ཉི་མ་བཅུ་གསུམ་སྲིད། །ཡིད་སྐྱེས་ཞེས་པ་བཅུ་བཞིའོ། །དེ་དག་གི་རྒྱུ་མཚན་ནི། གཟུགས་ནི་གཟུགས་ཕུང་གཅིག་ཡིན་པ་དང་། ཟུང་ནི་གོ་སླའོ། །མེ་ནི་རྟ་གདོང་གི་མེ་དང་ཉི་མ་དང་བསྲེག་བྱ་ཟ་བའི་མེ་དང་གསུམ་མོ། །རིག་བྱེད་བཞི་ནི། མཆོད་སྦྱིན། སྙན་ངག །སྲིད་སྲུང་། ངེས་བརྗོད་དང་བཞིའོ། །ཆུ་གཏེར་ནི་ཕྱིའི་རྒྱ་མཚོ་བཞིའོ། །མདའ་ནི་རྒྱལ་བའི་ལྷའི་སྡེབ་སྦྱོར་འགྲེལ་པ་ལས། དགའ་བྱེད་རབ་ཏུ་སྲེག་བྱེད་དང་། །རྨོངས་བྱེད་དེ་བཞིན་བརྒྱལ་བར་བྱེད། །འཆིང་བྱེད་རྣམས་ནི་འདོད་དབང་གི། མདའ་ལྔ་རྣམས་སུ་རབ་ཏུ་བསྒྲགས། །ཞེས་འདོད་འཇོར་བགྲངས་སོ། །དབང་པོ་ནི་མིག་དབང་སོགས་སོ། །ཡུལ་ལྔ་ནི་གཟུགས་སོགས་སོ། །དུས་ནི་དཔྱིད་ཀསོས་ཀདབྱར། སྟོན། དགུན་སྟོད་སྨད་དང་དྲུག་གོ །རོ་ནི་མངར་སྐྱུར་ཁ་བ་བསྐ་བ་ཚ་བ་ལན་ཚྭ་བའོ། །འཇིག་རྟེན་ནི་ངན་སོང་གསུམ་དང་མི་དང་འདོད་ལྷ་དང་ཁམས་གོང་མ་གཉིས་སོ། །རྟ་ནི་སྡེབ་སྦྱོར་གྱི་འགྲེལ་པ་ལས། རླུང་དང་ཡིད་མགྱོགས་མདོག་ལྔ་དང་། །དེ་བཞིན་ཐིག་ལེ་ཅན་དང་ནི། །ངེས་བརྗོད་ཤིན་ཏུ་རྒྱལ་མཚན་དང་། །རི་བོ་འཇོམས་རྣམས་ཉི་མའི་རྟ། །ཞེས་སོ། །དབྱངས་ནི། དྲུག་སྐྱེས་རྨ་བྱའི་སྒྲ་ལྟར་སྒྲོགས། །ཁྱུ་མཆོག་བ་ལང་སྐད་ཀྱིས་རྩོམ། །དྲི་འཛིན་སྐྱེས་ནི་ར་ཡི་སྐད། །བར་མ་ཁྲུང་ཁྲུང་སྒྲ་སྒྲོགས་བཞིན། །ལྔ་པ་མེ་ཏོག་རྒྱས་དུས་སུ། །ཁུ་བྱུག་སྒྲོག་པ་ལྟ་བུ་སྟེ། །བློ་གསལ་རྟ་སྐད་ལྟ་བུར་འཚེར། །འཁོར་ཉན་གླང་པོ་སྒྲོགས་པ་བཞིན། །ཞེས་ཐུབ་པ་མིས་བྱིན་བུས་བཤད་དོ། །ཐུབ་པ་ནི་སངས་རྒྱས་རབས་བདུན་ནམ། ཡང་ན་སྨེ་བདུན་ལ་གནས་པའི་དྲང་སྲོང་བདུན་ནོ། །ནོར་ལྷ་ནི། འདོད་འཇོ་ལས། ཆུ་དང་བརྟན་པ་ཟླ་བ་དང་། །འཛིན་བྱེད་རླུང་དང་མེ་དང་ནི། །ནམ་ལངས་འོད་བྱེད་ཅེས་བྱ་བ། །བརྒྱད་པོ་ནོར་གྱི་ལྷ་ཞེས་བྱ། །ཞེས་སོ། །ཡན་


MLP007_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ནི། འདུལ་བ་ལས། བསིལ་དང་ཞིམ་དང་ཡང་དང་འཇམ། །དང་ཞིང་དྲི་མ་མེད་པ་དང་། །འཐུངས་ན་ལྟོ་བར་བྱམས་པ་དང་། །མགྲིན་པ་ལ་ཡང་མི་གནོད་པ། །འདི་དག་ཡན་ལག་བརྒྱད་ལྡན་ཆུ། །ཞེས་པའོ། །མྱོས་བྱེད་བརྒྱད་ལ་འཇུག་པའི་རྒྱུ་མཚན་ནི་མ་མཐོང་ངོ་། །གཟའ་ནི་རེས་གཟའ་བདུན་སྒྲ་གཅན་མཇུག་རིང་དང་བཅས་པའོ། །བུ་ག་ནི་མིག་རྣ་བ་སྣ་ཁ་བཤང་གཅིའི་ལམ་རྣམས་སོ། །ཕྱོགས་བཅུ་ནི་གོ་སླའོ། །དྲག་པོ་ནི་འདོད་འཇོར། མ་སྐྱེས་རྐང་གཅིག་འཕེལ་དང་བསྟོད། །དྲག་པོ་དང་ནི་བརྩོན་འགྲུས་ལྡན། །འཕྲོག་བྱེད་དེ་ནས་བདེ་འབྱུང་དང་། །སྤྱན་གསུམ་གཞན་ལས་རྒྱལ་བ་དང་། །དབང་ལྡན་དང་ནི་ས་གསུམ་པ། །དྲག་པོ་བཅུ་གཅིག་ཤེས་པར་བྱ། །ཞེས་སོ། །ཉི་མ་ནི་འདོད་འཇོར། དེ་ལ་ཉི་མ་བཅུ་གཉིས་འདི་ལྟ་སྟེ། དབང་པོ་བྱེད་པོ་ལམ་པ་དང་། །ཆར་འབབ་བསྟོད་བྱེད་མིག་སྔོན་འཕགས། །མིག་གཟུགས་ཁྱབ་འཇུག་འོད་ཅན་དང་། །ཆུ་བདག་གཤིན་རྗེ་ཉིད་ཀྱང་ངོ་། །ཞེས་སོ། །སྲིད་པ་ནི་དྲན་ཉེར། ལྷ་མིན་དུད་འགྲོ་ཀླུ་དུད་འགྲོ། །ཞེས་པ་ལྟར་ལྷ་མིན་དུད་འགྲོར་བསྡུས་པས་འདོད་ཁམས་ན་འགྲོ་བ་རིགས་ལྔ་དང་། གཟུགས་ཁམས་བསམ་གཏན་བཞི། གཟུགས་མེད་སྐྱེ་མཆེད་མུ་བཞི་སྟེ་བཅུ་གསུམ་མོ། །ཡིད་སྐྱེས་ཀྱང་མ་ནུ་ཞེས་པའི་སྒྲས་སྲིད་པ་སྟེ། སྔར་ལྟར་ལས་ལྷ་མིན་དང་དུད་འགྲོ་སོ་སོར་ཕྱེ་བ་ཙམ་དུ་ཟད་དོ། །དེ་ནས་གཞུང་ཚིག་འགའ་ཞིག་གོང་འོག་བསྒྱུར་ནས་སྐབས་འདིར་ངལ་གསོ་བའི་ཐ་སྙད་བརྡ་ཆད་དང་བཅས་པ་བཤད་པར་བྱ་སྟེ། དེ་ལ་ངལ་གསོ་ཞེས་པ་ནི་ཚིགས་བཅད་འདོན་པའི་གནས་ཀྱི་བྱེ་བྲག་ཡིན་ལ། གང་དུ་བྱ་ཞེ་ན། བྲྀཏྟ་དང་ཛཱ་ཏི་གཉིས་ཀ་ལ་རྐང་མཐར་ཀླད་ཀོར་གྱི་མཚན་མ་ཅན་གྱི་པྲསྟཱ་རས་ངལ་གསོ་བ་ནི་ངེས་པར་དགོས་པ་མ་ཡིན་ཡང་། དེ་ལྟར་བྱ་བར་འདོད་པ་རྣམས་ཀྱིས་བྱས་པས་ཆོག་གོ །གནས་པ་དང་སྡོད་པ་དང་འཇོག་པ་རྣམས་ནི་ངལ་གསོའི་མིང་གི་རྣམ་གྲངས་སོ། །དེ་ལྟ་བུའི་ངལ་གསོ་དེ་རྐང་པ་བཞི་པོ་གང་ལ་བྱེད་ཀྱང་དེ་རྣམས་ཀྱི་སོ་སོའི་རྐང་པའི་མཐའ་ལ་བྱའི། དབུས་དང་ཐོག་མར་མི་བྱའོ། །ངལ་གསོ་ངེས་པར་དགོས་པ་ནི། བྷ་སོས་ཞེས་པས་སྔར་ཚིགས་བཅད་ཀྱི་ནང་གི་ཡི་གེ་གསུམ་གསུམ་ལ་
མིང་བཏགས་པའི་ཡི་གེ་བརྒྱད་པོ་ལ་ཨུ་ཏྲ་སྟེ་ཨུ་ཐུང་སྦྱར་བའི་བྷུ་ཛུ་སུ་མུ། ཡུ་རུ་ཏུ་ནུ་རྣམས་བྱུང་བ་ལ་ངལ་གསོ་དེ་ངེས་པར་ལྡན་པའི་བརྡ་ཡིན་པས་སྦྱར་དགོས་ཏེ། བྷུ་ལྟ་བུའི་ནང་གི་ཡི་གེ་གསུམ་གྱི་མཐའ་མ་དེའི་པྲ་སྟཱ་ར་ལ་སྡོད་པའི་ཕྱིར་དེར་ཐིག་ལེའི་མཚན་མ་བྱའོ། །གལ་ཏེ་ཡི་གེ་རེ་རེ་ལ་ངལ་གསོ་བའི་ཚེ། ལྕི་བ་ལ་ཝ་དང་། ཡང་བ་ལ་ཀ་ཞེས་མིང་གདགས་ཤིང་མཉམ་པའི་བྲྀཏྟ་ལ་རྐང་པ་བཞི་པོ་སོ་སོ་ལ་གང་འདོད་པའི་མཐར་ངལ་གསོ་བྱར་རུང་བར་ཤེས་པར་བྱའོ། །


previousསྤྱིར་བསྟན་པ།next