Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།


   
   
   
   
   
   
   
   
   
   
   
   
   
   
འདུས་པ་མདོའི་དབང་གི་དོགས་གནས།


 
previousའདུས་པ་མདོའི་དབང་གི་དོགས་གནས། no next

འདུས་པ་མདོའི་དབང་གི་དོགས་གནས།


MLP021_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པ་མདོའི་དབང་གི་དོགས་གནས་བཞུགས་སོ། །རིག་འཛིན་འགྱུར་མེད་རྡོ་རྗེ། ༈ མདོ་དབང་དོགས་གནས། ༀ་སྭ་སྟི། ཆོས་ཀུན་མཁྱེན་གཟིགས་ཐེ་ཚོམ་གྱི། །ར་བ་མ་ལུས་གཅོད་མཛད་པའི། །སངས་རྒྱས་འགྲོ་བའི་བླ་མ་ཡི། །ཞབས་ལ་དངོས་པོ་ཀུན་གྱིས་འདུད།། ༡ གསང་ཆེན་ཟབ་མོ་རྟོགས་དཀའི་གནས། །བྱིས་བློའི་སྤྱོད་ཡུལ་ལས་འདས་མོད། །འོན་ཀྱང་བདག་བློ་ཐེ་ཚོམ་གྱི། །དོགས་པའི་ཞུ་བ་འགའ་ཞིག་གསོལ། །༢ འདུས་པ་མདོ་ཡི་དབང་བསྐུར་གྱི། །རྩ་བའི་ཁུངས་དང་ད་ལྟའི་དུས། །ཕྱག་ལེན་མཛད་པ་འགའ་ཞིག་ལ། །དགོས་པའི་སྦྱང་གཞི་འགའ་ཞིག་མཐོང་། །༣ རྩ་བ་ཨ་ནུའི་ཆོ་ག་ལ། །ཐེག་བརྒྱད་སྒོས་ཆོས་བྱེ་བྲག་ཏུ། །སྦྱར་བ་ཉིད་ལ་གཏོངས་དགོས་ན། །ཨ་ནུའི་མཚན་གཞིར་ཇི་ལྟར་ངེས། །༤ དེས་ན་ཁུངས་དང་ཨ་ནུ་ལས། །གཞན་པ་ཐེག་བརྒྱད་དབྱེ་རིགས་པའི། །དགོས་པ་ཡང་ནི་གང་དུ་འགྱུར། །ཨ་ནུ་ཉིད་ཀྱིས་ཁྱབ་མིན་ནམ། །༥ ཡོ་ག་གསུམ་ཀའི་བརྒྱུད་པའི་ཚུལ། །སྐབས་འདིར་གནུབས་ལ་འདྲེན་དགོས་ན། །དེ་ཡི་གོང་དུ་འདུས་པ་མདོའི། །དབང་བསྐུར་མེད་པར་མི་འགྱུར་རམ། །༦ འོན་ཀྱང་བྱིན་རླབས་ཆུ་བོའི་རྒྱུན། །འདྲེས་ཕྱིར་ཞེ་ན་མཐའ་མེད་ཅིང་། །འོན་ཏེ་ཨ་ཏི་སྒྱུ་འཕྲུལ་གཉིས། །འདྲེན་པ་ཙམ་ཞིག་འཐད་ཅེ་ན། །༧ ཨ་ཏི་སྒྱུ་འཕྲུལ་བརྒྱུད་པ་ལས། །མདོ་ཡི་དབང་བསྐུར་ཇི་ལྟར་འབྱུང་། །འབྱུང་ན་ཨ་ཏི་སྒྱུ་འཕྲུལ་ལའང་། །མདོ་ཡི་བརྒྱུད་པ་འདྲེན་ལ་བསམ། །༨ རྒྱུད་སྡེ་སོ་སོའི་སྒོས་ཆོས་རྣམས། །རང་གཞུང་བཞིན་དུ་མི་འགྲེལ་བར། །གཞན་གྱི་རྣམ་བཞག་དང་བསྟུན་པའི། །དགོས་པ་ཡང་ནི་གང་ཞིག་ཡིན། །༩ ཡོ་ག་སོགས་ལ་ཆོ་ག་གཞན། །སྦྱོར་བར་བྱེད་མོད་ཕྱི་དབང་གི །


MLP021_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་ག་དེ་ལ་རྫོགས་པ་ཡི། །གྲངས་ངེས་མཛད་དང་མི་འགལ་ལམ། །༡༠ འཐད་ན་དེ་ཡི་ཁུངས་ཐུབ་པའི། །ཟིན་སོ་གསལ་པོ་ཇི་ལྟར་ཡོད། །མི་འཐད་ན་ནི་ཕྱིས་འབྱུང་བའི། །བསྟན་བཅོས་རྣམས་སུ་བཀོད་པ་གང་། །༡༡ མ་ཧཱ་ཡོ་གའི་དཀྱིལ་འཁོར་ཡང་། །ཨ་ནུར་འདུས་པ་དེས་ཁྱབ་ན། །དེ་གཉིས་ཐེག་པ་སོ་སོ་རུ། །དབྱེ་བ་དག་ཀྱང་ཇི་ལྟར་རིགས། །༡༢ རིགས་ན་ལྷ་ཡི་སྒོམ་རིམ་དང་། །རྫོགས་རིམ་ཟབ་མོའི་རྣལ་འབྱོར་ལ། །མི་འདྲ་བ་ཡི་ཁྱད་པར་གནད། །གསུངས་པའི་དགོངས་པ་གང་དུ་གྲང་། །༡༣ ཚོགས་ཆེན་འདུས་པའི་དཀྱིལ་འཁོར་ཡང་། །ཀུན་འདུས་རྔམ་གློག་ལ་སོགས་པར། །སྒོ་རིམ་དགུ་པར་གསུངས་པ་ལ། །བཅུ་གཅིག་མཛད་པའི་འཐད་པ་ཅི། །༡༤ ཨ་ནུ་ཉིད་ལ་ཕྱི་དབང་སོགས། །སླར་ཡང་སྦྱར་ན་ལྷག་མིན་ནམ། །མིན་ན་གོང་གི་ཐེག་པ་དྲུག །འདུས་པའི་ཆོ་གར་ཇི་ལྟར་རིགས། །༡༥ དེ་བཞིན་སེམས་སྡེའི་སྒོས་དབང་ཡང་། །འདི་རུ་སྦྱར་བའི་དགོས་པ་གང་། །དེ་དག་ཐེག་དགུའི་ལམ་རིམ་དང་། །མཚུངས་ཕྱིར་སྦྱར་བ་ཡིན་ཞེ་ན། །༡༦ ཐེག་དགུའི་ཁོངས་སུ་མ་འདུས་པའི། །ཐུབ་པའི་ཆོས་ལུགས་གཞན་ཡོད་དམ། །མེད་ན་འདུས་པ་ལས་གཞན་པའི། །ཆོ་ག་ངལ་བར་མི་འགྱུར་རམ། །༡༧ དེས་ན་ཕྱི་དབང་ནང་དབངདང་། །སྒྲུབ་པའི་དབང་དང་གསང་བའི་དབང་། །བཅུ་དང་བཅུ་གཅིག་བཅུ་གསུམ་དང་། །རྣམ་པ་གཉིས་ཀྱིས་རྫོགས་པར་འགྱུར། །༡༨ ཞེས་པའི་གྲངས་ངེས་མཛད་པ་ལ། །བརྒྱད་བརྒྱ་སོ་གཅིག་ཏུ་ངེས་ན། །དེ་ལས་ལྷག་པའི་ཆོ་ག་ལ། །གོང་གི་རྫོགས་མཐས་མི་གནོད་དམ། །༡༩ དེ་ཕྱིར་གཞུང་གི་དགོངས་པའི་དོན། །གྲངས་ངེས་མཛད་པའི་རྣམ་བཞག་དང་། །ད་ལྟའི་ཆོ་ག་འགལ་མེད་དུ། །གྲུབ་པའི་ལེགས་བཤད་སྤྲོ་བར་མཛོད། །༢༠ རེ་ཞིག་དེ་ཙམ་དེ་ཉིད་ཀྱིས། །དོགས་པའི་གགས་རྣམས་སེལ་བ་དང་། །བསྟུན་ནས་སླར་ཡང་ཞུས་ཕྱིར་ན། །ལེགས་བཤད་སྒོ་བརྒྱ་དབྱེ་བར་གསོལ། །༢༡


previousའདུས་པ་མདོའི་དབང་གི་དོགས་གནས། no next