Nitartha Digital Library
Tibetan
གསུང་འབུམ་པོད་བདུན་པ། དྲང་ངེས་སོགས།


  collapse section
   
   
   
   
   
   
   
   
   
   
   
   
   
གཉིས་པ་ཐེག་ཆེན་བཀའ་ཁས་ལེན་པ་རྣམས་ཀྱིས་དྲང་ངེས་ཇི་ལྟར་ཕྱེ་ཚུལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
  expand section


 
previousགཉིས་པ་ཐེག་ཆེན་བཀའ་ཁས་ལེན་པ་རྣམས་ཀྱིས་དྲང་ངེས་ཇི་ལྟར་ཕྱེ་ཚུལ།next

གཉིས་པ་ཐེག་ཆེན་བཀའ་ཁས་ལེན་པ་རྣམས་ཀྱིས་དྲང་ངེས་ཇི་ལྟར་ཕྱེ་ཚུལ།

གཉིས་པ་ཐེག་ཆེན་བཀའ་ཁས་ལེན་པ་རྣམས་ཀྱིས་དྲང་ངེས་ཇི་ལྟར་ཕྱེ་ཚུལ་ལ།

སེམས་ཙམ་པའི་དྲང་ངེས་ཕྱེ་ཚུལ་དང༌། དབུ་མ་པའི་དྲང་ངེས་ཕྱེ་ཚུལ་དང་གཉིས། དང་པོ་ནི། སྤྱིར་གསུང་རབ་ཀྱི་དྲང་ངེས་ཕྱེ་བ་ནི། གསུང་རབ་ཀྱི་ནང་ནས་དྲང་དོན་གྱི་གསུང་རབ་དང༌། ངེས་དོན་གྱི་གསུང་རབ་གང་ཡིན་སོ་སོར་ངོས་བཟུང་བ་ལ་བྱེད་པས། འདི་ནི་རྗོད་བྱེད་ཚིག་གི་དྲང་ངེས་ཡིན་ལ། དེ་ཡང་གནས་ལུགས་མཐར་ཐུག་རྟོགས་པ་ལ་གསུང་རབ་ཀྱི་དྲང་ངེས་འབྱེད་པ་ཧ་ཅང་གལ་ཆེ་བ་ཡིན། ངེས་དོན་གྱི་གསུང་རབ་ཟབ་མོ་ཞིག་གི་རྗེས་སུ་མ་འབྲངས་པར་དྲང་བའི་དོན་གྱི་གསུང་རབ་ཙམ་ལ་བརྟེན་ནས་དེ་ཁོ་ན་རྟོགས་པར་མི་ནུས་ཤིང༌། དེ་ལ་ངེས་དོན་གྱི་གསུང་རབ་ངོས་ཟིན་དགོས། དེ་ངོས་ཟིན་པ་གསུང་རབ་ཀྱི་དྲང་ངེས་ཚུལ་བཞིན་དུ་འབྱེད་པ་ལ་རག་ལས་པས་སོ། །བརྗོད་བྱ་དོན་གྱི་དྲང་ངེས་ཕྱེ་བ་ནི་གནས་ལུགས་མཐར་ཐུག་ལེགས་པར་གཏན་ལ་ཕབ་པའོ། །མཁས་པ་གཞན་གྱི་ལུགས་ལ་སེམས་ཙམ་པའི་ལུགས་ལ་ངེས་དོན་དོན་དམ་བདེན་པ་བསྟན་བྱའི་གཙོ་བོར་བྱས་པའི་སྒོ་ནས་ངེས་དོན་གྱི་མདོ་ཡིན་པར་མི་འཇོག་ཀྱང༌། སྒྲས་ཟིན་སྒྲ་ཇི་བཞིན་པའི་མདོ་ངེས་དོན་གྱི་མདོ་ཡིན་པར་བཞག་པས་གནས་ལུགས་རྟོགས་པའི་ཐབས་སུ་འགྱུར་རོ། །སེམས་ཙམ་པའི་སློབ་དཔོན་ནི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་མ་བྱུང་གོང་དུ་སྔོན་གྱི་སློབ་དཔོན་ཨ་བི་ཏརྐ་ལ་སོགས་པ་སློབ་དཔོན་ལྔ་བརྒྱ་བྱུང་བར་རྗེ་བཙུན་ཏཱ་ར་ནཱ་ཐས་གསུངས་པ་ལྟར་བཤད་ན་ལེགས་བཤད་བླ་ན་མེད་པ་ཡིན་ལ། མཁས་པ་གཞན་མང་པོས་སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་འཕགས་པ་ཐོགས་མེད་བཞག་པ་ནི་རྣམ་པར་བརྟག་ན་མི་འཐད་དེ། སེམས་ཙམ་པའི་ཤིང་རྟའི་སྲོལ་འཕགས་པ་ཀླུ་སྒྲུབ་ཀྱི་དུས་སུ་སྔར་བྱུང་ཟིན་པའི་ཕྱིར་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས་སེམས་ཙམ་པའི་ལུགས་ལ་དགག་པ་མཛད་པའི་ཕྱིར་ཏེ། བྱང་ཆུབ་སེམས་འགྲེལ་ལས། རྣམ་པར་ཤེས་པ་སྨྲ་བ་ལ། །སྣ་ཚོགས་འདི་ནི་སེམས་སུ་གྲུབ། །རྣམ་ཤེས་རང་བཞིན་གང་ཞེ་ན། །ད་ནི་དེ་ཉིད་བཤད་བྱ་སྟེ། །འདི་དག་ཐམས་ཅད་སེམས་ཙམ་ཞེས། །ཐུབ་པས་བསྟན་པ་གང་མཛད་པ། །བྱིས་པ་རྣམས་ཀྱིས་སྐྲག་པ་ནི། །སྤང་བའི་ཕྱིར་ཡིན་དེ་ཉིད་མིན། །ཞེས་དང༌། རྣལ་འབྱོར་སྤྱོད་པ་པ་རྣམས་ཀྱིས། །རང་གི་སེམས་ཀྱིས་དབང་བྱས་ཏེ། །གནས་ཡོངས་གྱུར་ནས་དག་པའི་སེམས། །སོ་སོ་རང་རིག་སྤྱོད་ཡུལ་བརྗོད། །ཅེས་སོགས་གསུངས་པའི་ཕྱིར། དེ་ལྟར་རྩ་བ་ཤེས་རབ་ལས་དགག་པ་མཛད་པའི་ཕྱིར་རོ། །ཤནྟི་བས་མདོ་ཀུན་བཏུས་འགྲེལ་བར་ཀླུ་ཐོགས་དགོངས་པ་གཅིག་ཏུ་འགྲེལ་བ་ཡིན་ཏེ། རིན་ཆེན་འབྱུང་གནས་ཞི་བའི་མདོ་ཀུན་བཏུས་འགྲེལ་བ་རིན་པོ་ཆེའི་སྣང་བའི་རྒྱན་ལས།འཕགས་པ་ཀླུ་སྒྲུབ་དང༌། ཐོགས་མེད་ཀྱི་ལུང་གི་རྗེས་སུ་འབྲངས་པས་ལུང་ཉིད་ཚད་མ་ཡིན་ཏེ། སྔར་བཤད་པ་ལྟ་བུའོ། །ཅིའི་ཕྱིར་ཞེ་ན། འཕགས་པ་ཀླུ་སྒྲུབ་ནི་ས་དང་པོ་ལ་གནས་པ་ཡིན་ལ། འཕགས་པ་ཐོགས་མེད་ནི་ས་གསུམ་པ་ལ་གནས་པ་ཡིན་པས་གྲུབ་པའི་མཐའ་ཡང་མཚུངས་པ་ཉིད་དེ། ཅི་ལྟར་ཁོ་བོས་བསྒྲུབ་པ་བཞིན་ནོ། །ཁོ་བོ་ཅག་ཤེས་བྱ་ནང་གི་ཡིན་པར་འདོད་པ་ལ་སུན་འབྱིན་པའི་གང་ཟག་ཞེ་སྡང་བས་སྨྲ་བ་རྣམས་ཀྱིས་ལོག་པར་ཟིན་པའི་རྣམ་གྲངས་མང་དུ་ཡོད་མོད་ཀྱི། འདིར་ཧ་ཅང་སྤྲོས་པས་ཆོག་ཅེས་དང༌། ཇི་སྐད་དུ། ཀླུ་སྒྲུབ་དང་ནི་ཐོགས་མེད་གཉིས། །གྲུབ་པའི་མཐའ་ཡང་མཚུངས་སོ་ཞེས། །རིན་ཆེན་འབྱུང་གནས་ཞི་བ་སྨྲ། །ཞེས་དང༌། གཞན་སྟོང་དབུ་མའི་རྒྱན་ལས། ཀླུ་སྒྲུབ་དང་ནི་ཐོགས་མེད་སྐུ་མཆེད་ཀྱིས། །འཁོར་ལོ་རྣམ་གསུམ་དགོངས་པ་གཅིག་ཏུ་བསྒྲུབས། །ཞེས་དང༌། དཀར་པོ་རྣམ་པར་འཆར་བའི་ཊཱི་ཀ་རུ། །རིགས་ཚོགས་གཞན་སྟོང་ཚུལ་དུ་བཀྲལ་ཞེས་གྲགས། །ག་ལས་འཇིགས་མེད་སོགས་ཀྱང་མཐུན་ཤས་ཆེ། །བཞི་བརྒྱ་པ་ནི་གནས་བརྟན་ཆོས་སྐྱོང་གིས། །རྣམ་རིག་དབུ་མར་བཀྲལ་ཞེས་ཟླ་གྲགས་གསུངས། །ཞེས་དང༌། གཞན་སྟོང་དབུ་མའི་ལུང་སྦྱོར་ལས། ཐོགས་མེད་སྐུ་མཆེད་རྗེས་འབྲང་དང་བཅས་པ་རྣམས་དབུ་མ་ཁོ་ན་ལ་ཡོངས་སུ་སྤྱོད་དོ་ཞེས་ཤེས་པར་བྱའོ། །ཞེས་གསུངས་པ་དང༌། གཞན་སྟོང་སྙིང་པོ་ལས།དོན་དམ་ཡེ་ཤེས་རང་རིག་རང་གསལ་ནི་རང་ལུགས་ལ་མི་འདོད་ཅིང་དེ་དག་གི་གནས་ཚུལ་མ་གོ་བས། སློབ་དཔོན་སྔ་མ་རྣམས་ཀྱིས་གཞན་སྟོང་ལ་དགག་པ་བྱས་པ་ནི་མེད་ལ། རྗེས་འབྲང་ཕྱིས་བྱུང་བ་རྣམས་ཀྱིས་དགག་པ་བྱེད་མོད་ཀྱང༌། གཞན་སྟོང་གི་གྲུབ་མཐའི་གནད་གོ་བ་ནི་གཅིག་ཀྱང་མེད་པས་ཕྱོགས་སྔ་མ་ལོངས་པའི་དགག་པ་ཤ་སྟག་གོ། །


previousགཉིས་པ་ཐེག་ཆེན་བཀའ་ཁས་ལེན་པ་རྣམས་ཀྱིས་དྲང་ངེས་ཇི་ལྟར་ཕྱེ་ཚུལ།next