Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བརྒྱད་པ།

48 occurrences of གཙང་
[Clear Hits]


  
  
  
  
  
  
 
  
  
 
 
27   
  
སྲུང་མ་གཉན་པོ་རྟེན་འཛུག ཁྲག་འཐུང་བདུད་འཇོམས་རྡོ་རྗེ།
  
  
 
  
  
 
 
 
 
  
  


48 occurrences of གཙང་
[Clear Hits]

 
previousསྲུང་མ་གཉན་པོ་རྟེན་འཛུགཁྲག་འཐུང་བདུད་འཇོམས་རྡོ་རྗེ།next

སྲུང་མ་གཉན་པོ་རྟེན་འཛུག
ཁྲག་འཐུང་བདུད་འཇོམས་རྡོ་རྗེ།

༈ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ སྲུང་མ་གཉན་པོ་རྟེན་འཛུག་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བཀའ་སྲུང་གཉན་པོ་སྒྲུབ་པའི་རྟེན༔ འབྱོར་ཚད་བཤམས་ལ་མ་འབྱོར་བ༔ ཙཀླི་ལ་བྲིས་དེ་བཤམས་ལ༔ དེ་ནས་རྟེན་འཛུག་པ་ལ༔ ཨོཾ་ཨཱཿཧཱུྃ༔ བྷྲཱུྃ་ཡིག་ཡོངས་སུ་གྱུར་པ་ལས་ལྷ་མིའི་དཔལ་ཡོན་ལོངས་སྤྱོད་འདོད་ཡོན་ཕུན་སུམ་ཚོགས་པ་ནམ་མཁའ་མཛོད་དུ་གྱུར༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཏཏ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ལན་བདུན་བརྗོད༔ དེ་ནས་འདི་སྐད་དོ༔ ཧཱུྃ༔ རིན་ཆེན་ལྕགས་ལས་གྲུབ་པ་ཡི༔ ཁྲབ་རྨོག་ཚེམ་ཚེམ་བེམ་དང་ཕུབ༔ བཙན་པའི་གོ་ཁྲབ་སྣ་ཚོགས་འདི༔ བཀའ་སྲུང་གཉན་པོའི་རྟེན་དུ་བཙུག༔ ལྷ་སྲུང་རྟེན་ལ་བཞུགས་སོ་འཚལ༔ མི་དང་སྟག་སེང་དོམ་དྲེད་གཟིག༔ གུང་རིགས་ཝ་གཡི་འཕར་སྤྱང་དང་༔ གཅན་གཟན་སྣ་ཚོགས་པགས་པ་ཡང་༔ བཀའ་སྲུང་དྲེགས་པའི་རྟེན་དུ་འབུལ༔ ལྷ་སྲུང་རྟེན་ལ་བཞུགས་སོ་འཚལ༔ དར་ཟབ་སྣ་ཚོགས་གོས་སྣ་ཚོགས༔ རས་ཕྲུག་སྣམ་ཐེར་སྣ་ཚོགས་པ༔ བཀའ་སྲུང་དྲེགས་པའི་རྟེན་དུ་འབུལ༔ ལྷ་སྲུང་རྟེན་ལ་བཞུགས་སོ་འཚལ༔ མདའ་གཞུ་མདུང་དང་རལ་གྲི་དང་༔ དུག་མདའ་མེ་མདའ་མདའ་བོ་ཆེ༔ གྲི་དང་ཤང་ལང་དགྲ་ཟོར་སོགས༔ རྣོ་བའི་མཚོན་ཆ་སྣ་ཚོགས་པ༔ བཀའ་སྲུང་གཉན་པོའི་རྟེན་དུ་འབུལ༔ ལྷ་སྲུང་རྟེན་ལ་བཞུགས་སོ་འཚལ༔ དར་གདུགས་བ་དན་འཕན་རྒྱལ་མཚན༔ གནམ་ཡོལ་བླ་རེ་དྲྭ་ཕྱེད་དང་༔ མེ་ཏོག་སྣ་ཚོགས་ཉལ་ཉིལ་བཅས༔ ནམ་མཁའ་བར་སྣང་ས་གཞིའི་རྒྱན༔ བཀའ་སྲུང་གཉན་པོའི་རྟེན་དུ་འབུལ༔ ལྷ་སྲུང་རྟེན་ལ་བཞུགས་སོ་འཚལ༔ མཁར་ཐབས་མདོས་དང་སྲོག་འཁོར་དང་༔ སྙིང་སྣའི་སྙིང་གཟུགས་བསྒྲིལ་བ་འདི༔ བཀའ་སྲུང་གཉན་པོའི་རྟེན་དུ་འབུལ༔ ལྷ་སྲུང་རྟེན་ལ་བཞུགས་སོ་འཚལ༔ གཏོར་མ་སྔགས་ཀྱི་བཅུད་ཅན་ལ༔ ཤ་སྣ་སྙིང་སྣ་དར་སྣས་བརྒྱན༔ བཀའ་སྲུང་གཉན་པོའི་རྟེན་དུ་འབུལ༔ ལྷ་སྲུང་རྟེན་ལ་བཞུགས་སོ་འཚལ༔ སྐུ་གཟུགས་གསང་རྟེན་འབྲལ་མེད་རྫས༔ རྡོ་རྗེ་ཕུར་པ་མཚོན་ཐུན་ཚོགས༔ བཀའ་སྲུང་གཉན་པོའི་རྟེན་དུ་འབུལ༔ ལྷ་སྲུང་རྟེན་ལ་བཞུགས་སོ་འཚལ༔ དཀྱིལ་འཁོར་གཡང་རྟེན་གཏེར་བུམ་དང་༔ མཛེས་པའི་གཟུགས་དང་ཁ་ཏོག་ཅན༔ བཀའ་སྲུང་གཉན་པོའི་རྟེན་དུ་འབུལ༔ ལྷ་སྲུང་རྟེན་ལ་བཞུགས་སོ་འཚལ༔ གསེར་དངུལ་ཟངས་ལྕགས་བསེ་རྡོ་རྗེ༔ ནོར་བུ་མུ་མེན་དུང་གཡུ་རྨུག༔ འབྱོར་ཚོགས་རིན་ཆེན་སྣ་ཚོགས་པ༔ བཀའ་སྲུང་གཉན་པོའི་རྟེན་དུ་འབུལ༔ ལྷ་སྲུང་རྟེན་ལ་བཞུགས་སོ་འཚལ༔ སྦྲ་ཁྱིམ་དར་གུར་གནས་ཁང་དང་༔ བླ་རྡོ་ཕ་འོང་ལོང་བུར་བཅས༔ བཀའ་སྲུང་གཉན་པོའི་རྟེན་དུ་འབུལ༔ ལྷ་སྲུང་རྟེན་ལ་བཞུགས་སོ་འཚལ༔ ཀྱཻ༔ ལྷ་དང་སྲུང་མ་དགོངས་སུ་གསོལ༔ བདག་གི་འབྱོར་པའི་རྫས་ཡོ་བྱད༔ མ་འབྱོར་པ་དག་ཡིད་ཀྱིས་སྤྲུལ༔ ཡང་ན་རི་མོའི་གཟུགས་བཀོད་དེ༔ བཀའ་སྲུང་གཉན་པོའི་རྟེན་དུ་འབུལ༔ ལྷ་སྲུང་རྟེན་ལ་བཞུགས་སོ་འཚལ༔ བཀའ་སྲུང་རྟེན་ལ་བཞུགས་སུ་གསོལ༔ ཆོས་སྐྱོང་རྟེན་ལ་བཞུགས་སུ་གསོལ༔ དམ་ཅན་རྟེན་ལ་བཞུགས་སུ་གསོལ༔ དགྲ་ལྷ་རྟེན་ལ་བཞུགས་སུ་གསོལ༔ ཡུལ་ལྷ་རྟེན་ལ་བཞུགས་སུ་གསོལ༔ འགོ་བའི་ལྷ་དང་སྐྱོབ་པའི་ལྷ༔ ཚེ་རབས་ལས་ལྷ་ད་ལྟའི་ལྷ༔ མ་ལུས་སྒྲུབ་པའི་རྟེན་ལ་བཞུགས༔ རྟེན་ལ་བཞུགས་ཤིང་གོང་མ་གཡེལ༔ རྟེན་ལ་བཞུགས་ཤིང་རྒྱུད་མ་ངན༔ རྟེན་ལ་བཞུགས་ཤིང་ཕྲག་མ་དོག༔ རྟེན་ལ་བཞུགས་ཤིང་ཐུགས་མ་གཡེལ༔ རྟེན་ལ་བཞུགས་ཤིང་གཞུང་མ་ངན༔ རྟེན་ལ་བཞུགས་ཤིང་མཐུ་མ་ཆུང་༔ རྟེན་ལ་བཞུགས་ཤིང་རྩལ་མ་ཞན༔ རྟེན་ལ་བཞུགས་ཤིང་བང་མ་བུལ༔ རྟེན་ལ་བཞུགས་ཤིང་ལས་མ་འགྱང་༔ རྟེན་ལ་བཞུགས་ཤིང་དགྱེས་ཞལ་སྟོན༔ རྟེན་ལ་བཞུགས་ཤིང་འགྲུབ་རྟགས་སྟོན༔ རྟེན་ལ་བཞུགས་ཤིང་འདོད་དོན་སྒྲུབས༔ རྟེན་ལ་བཞུགས་ཤིང་དགྲ་ལྷ་མཛོད༔ རྟེན་ལ་བཞུགས་ཤིང་ནོར་ལྷ་མཛོད༔ རྟེན་ལ་བཞུགས་ཤིང་གཡང་ལྷ་མཛོད༔ རྟེན་ལ་བཞུགས་ཤིང་ཕུག་ལྷ་མཛོད༔ རྟེན་ལ་བཞུགས་ཤིང་ཕྱུགས་ལྷ་མཛོད༔ རྟེན་ལ་བཞུགས་ཤིང་འཕྲིན་ལས་སྒྲུབས༔ རྟེན་ལ་བཞུགས་ཤིང་དགྲ་བོ་སོད༔ རྟེན་ལ་བཞུགས་ཤིང་བགེགས་དཔུང་ཐུལ༔ དེ་ལྟར་བཅོལ་བའི་ཚིག་དེ་དག༔ རྡོ་རྗེ་ཅན་དང་པད་འབྱུང་སོགས༔ རིག་འཛིན་བརྒྱུད་པའི་བླ་མ་ཡི༔ དམ་ཚིག་དང་ནི་བཀའ་གཉན་པོ༔ དཔང་དུ་བཙུགས་ཤིང་གཏའ་རུ་བཞག༔ དེ་ཕྱིར་མ་འདའ་ས་མ་ཡཱ༔ ཞེས་བརྗོད༔ དེ་ཡིས་འཕྲིན་ལས་ངེས་པར་འགྲུབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མཐར་སློབ་བུ་མཁྱེན་རབ་རྒྱ་མཚོས་བསྐུལ་ངོར་དག་པར་ཕབ་པའི་ཡི་གེ་པ་ཡང་དེ་ཉིད་ཀྱིས་བགྱིས་པའོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །


previousསྲུང་མ་གཉན་པོ་རྟེན་འཛུགཁྲག་འཐུང་བདུད་འཇོམས་རྡོ་རྗེ།next