Nitartha Digital Library
Tibetan
 
previousརྟག་པ་རང་བྱུང་གི་དབང་ཕྱུག་འཇིག་རྟེན་གྱི་བྱེད་པོར་འགོག་ཚུལ།next

རྟག་པ་རང་བྱུང་གི་དབང་ཕྱུག་འཇིག་རྟེན་གྱི་བྱེད་པོར་འགོག་ཚུལ།

༈ སྒྲ་མ་གྲུབ་ཀྱང་དངོས་པོ་ནི། །ཞེས་སོགས་རྐང་པ་བཞི་གང་ལས་འཕྲོས་ན། གོང་དུ་དབང་ཕྱུག་པས། དབྱིབས་ལྡན་དེ། རི་བོའི་དབྱིབས་སྐྱེས་བུས་བྱས་པར་སྒྲུབ་པའི་རྟགས་ཡང་དག་ཏུ་ཁས་བླངས་པ་ལ། དབྱིབས་ལྡན་དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པར་ཐལ། སྐྱེས་བུས་བྱས་པའི་དབྱིབས་དེ་ཡང་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན། སྐྱེས་བུས་བྱས་པའི་དབྱིབས་དང་། དབྱིབས་ཙམ་དུ་མཚུངས་པ་དེ་ཡང་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན། སྐྱེས་བུས་བྱས་པའི་དབྱིབས་དང་དབྱིབས་ཞེས་པའི་སྒྲ་འཇུག་རུང་དུ་མཚུངས་པ་དེ་ཡང་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པའི་ཕྱིར། དང་པོ་མ་ཡིན། ཞེས་འཆད་པར་བྱེད་པ་ལ། བྱིན་རློབས་ཡོད་མེད་རྗེས་འཇུག་ཅན། །ཞེས་སོགས་བྱུང་། གཉིས་པ་མ་ཡིན། ཞེས་འཆད་པར་བྱེད་པ་ལ། ཐ་དད་དངོས་ལ་རབ་གྲུབ་པ། །ཞེས་སོགས་བྱུང་། རང་ལ་མཚུངས་པ་དེ་སྤོང་བར་བྱེད་པ་ལ། བསྒྲུབ་བྱའི་རྗེས་འགྲོ་ཕྱིར་འབྲས་བུ། །ཞེས་སོགས་བྱུང་། གསུམ་པ་ཡིན་ནོ། །ཟེར་ན། དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པར་ཐལ། དེའི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཁྱབ་པ་འཁྲུལ་བའི་ཕྱིར། དཔེར་ན། གཽ་ཞེས་པའི་སྒྲ་འཇུག་རུང་གི་རྟགས་ལས་ངག་དང་ཕྱོགས་ལ་སོགས་པ་རྭ་ཅན་དུ་སྒྲུབ་པའི་ཁྱབ་པ་འཁྲུལ་བའི་དཔེ་འདི་བཞིན་ནོ། །ཞེས་འཆད་པར་བྱེད་པ་ལ། རིགས་ཀྱི་ཁྱད་པར་ལ་གྲུབ་པ། །ཞེས་སོགས་རྐང་པ་བཞི་བྱུང་། དེ་ལྟར་མ་ཡིན་ན་སྐྱེས་བུ་ཐམས་ཅད་ཀྱི་དོན་ཐམས་ཅད་འབད་མེད་དུ་གྲུབ་པ་ཡིན་པར་ཐལ། ཆོས་དེ་ཞེས་པའི་སྒྲ་འཇུག་རུང་ཡིན་ན་ཆོས་དེ་ཡིན་དགོས་པའི་ཕྱིར། དེར་ཐལ། རྗོད་བྱེད་ཀྱི་སྒྲ་ཐམས་ཅད་དོན་ཐམས་ཅད་ལ་འཇུག་རུང་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། རྗོད་བྱེད་ཀྱི་སྒྲ་ཐམས་ཅད་རང་ཡུལ་ལ་འདོད་པའི་དབང་གིས་འཇུག་པའི་གཞན་དབང་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། བརྗོད་པར་འདོད་པའི་གཞན་དབང་ཕྱིར། །ཞེས་སོགས་རྐང་པ་བཞི་བྱུང་། དེ་ན་དབྱིབས་ལྡན་དེ་རི་བོའི་དབྱིབས་སྐྱེས་བུས་བྱས་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པ་བཀག་པའི་རིགས་པ་དེས་ནི་ཆོས་ཅན། དགོས་པ་གཞན་ཡང་ཡོད་དེ། གྲངས་ཅན་གྱིས་སྐྱེ་འཇིག་ཅན་དེ་བློ་བདེ་སེམས་མེད་དུ་སྒྲུབ་པའི་རྟགས་ཡང་དག་ཏུ་འདོད་པ་དེ་དང་། གཅེར་བུ་པས། ཤུན་པགས་བཤུས་ན་འཆི་བ་དེ་ཤིང་སེམས་ལྡན་དུ་སྒྲུབ་པའི་རྟགས་ཡང་དག་ཏུ་འདོད་པ་དེ་ཁེགས་སོ། །ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། འདིས་ནི་སེར་སྐྱ་ལ་སོགས་ཀྱི། །ཞེས་སོགས་རྐང་པ་བཞི་བྱུང་། དེས་ན། བྱིན་རློབས་ཡོད་མེད་རྗེས་འཇུག་ཅན། །ཞེས་པའི་སྐབས་སུ་དབྱིབས་ལྡན་དེ་རི་བོའི་དབྱིབས་སྐྱེས་བུས་བྱས་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པ་བཀག་པ་ལ་བརྟེན་ནས་རྟགས་ཡང་དག་ཏུ་འགྱུར་བ་ལ་རྟགས་ཀྱི་ཁྱད་པར་དང་། ངོ་བོ་གཉིས་ཀྱི་ནང་ནས་ངོ་བོ་གཙོ་ཆེ་བར་གྲུབ་བོ། །ཞེས་འཆད་པར་བྱེད་པ་ལ། དངོས་པོའི་ངོ་བོ་མ་གྲུབ་ན། །ཞེས་སོགས་རྐང་པ་བཞི་བྱུང་། རིགས་ཀྱི་ཁྱད་པར་ལ་གྲུབ་པ། །ཞེས་པའི་སྐབས་སུ་སྐྱེས་བུས་བྱས་པའི་དབྱིབས་དང་དབྱིབས་ཞེས་པའི་སྒྲ་འཇུག་རུང་དུ་མཚུངས་པ་དེ། རི་བོའི་དབྱིབས་སྐྱེས་བུས་བྱས་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པ་བཀག་པ་ལ་བརྟེན་ནས་རྟགས་ཡང་དག་ཏུ་འགྱུར་བ་ལ། རྟགས་ནི་སྒྲ་དང་དོན་གཉིས་ཀྱི་ནང་ནས་དོན་གཙོ་ཆེ་བར་གྲུབ་བོ། །ཞེས་འཆད་པར་བྱེད་པ་ལ། སྒྲ་མ་གྲུབ་ཀྱང་དངོས་པོ་ནི། །ཞེས་སོགས་རྐང་པ་བཞི་བྱུང་། ངག་དོན་ནི། བྱས་པ་ཆོས་ཅན། སྒྲ་ཁྱོད་ཅེས་པའི་སྒྲའི་བརྗོད་བྱར་མ་གྲུབ་ཀྱང་། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ཏེ། སྒྲ་ཁྱོད་ཅེས་པའི་སྒྲའི་བརྗོད་བྱར་མ་གྲུབ་ཀྱང་ཁྱོད་སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་གྲུབ་པའི་སྒོ་ནས་ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་གྲུབ་པའི་ཕྱིར། དཔེར་ན། སངས་རྒྱས་པས་བྱེ་བྲག་པའི་ངོར་འབྱུང་བཞིའི་རྡུལ་ཕྲན་ཆོས་ཅན། མི་རྟག་སྟེ། རེག་བྱ་ཅན་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་བྱེ་བྲག་པས་ལུས་ཅན་ཞེས་པའི་སྒྲ་དེ་འབྱུང་བཞིའི་རྡུལ་ཕྲན་ལ་འཇུག་པར་ཚད་མས་མ་གྲུབ་ཀྱང་། དེའི་ཚེ་ན་བྱེ་བྲག་པས་འབྱུང་བཞིའི་རྡུལ་ཕྲན་རེག་བྱ་ཅན་དུ་གྲུབ་པའི་སྒོ་ནས་རེག་བྱ་ཅན་འབྱུང་བཞིའི་རྡུལ་ཕྲན་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་སུ་འགྲུབ་པའི་དཔེ་འདི་བཞིན་ནོ། །ཞེས་འཆད་པར་བྱེད་པ་ལ། གཞུང་འདི་བྱུང། །

༈ འདིའི་སྐབས་སུ་མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། སངས་རྒྱས་པས་བྱེ་བྲག་པའི་ངོར་འབྱུང་བཞིའི་རྡུལ་ཕྲན་ཆོས་ཅན། མི་རྟག་སྟེ། ལུས་ཅན་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། རེག་བྱ་ཅན་དེ་འབྱུང་བཞིའི་རྡུལ་ཕྲན་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་ཟེར་བ་དང་། བཀོད་ཚེ་མ་ནུས་ཡོད་འདོད་པ་ནང་འགལ་ཏེ། འོ་ན། འབྱུང་བཞིའི་རྡུལ་ཕྲན་ཆོས་ཅན། མི་རྟག་སྟེ། ལུས་ཅན་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་རེག་བྱ་ཅན་དེ་འབྱུང་བཞིའི་རྡུལ་ཕྲན་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་སྐྱེས་པ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་ཚེ་ན་དངོས་པོ་ཡང་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་པར་ཐལ། འདོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མ་ཁྱབ་སྟེ། འོ་ན། བ་སྤྱི་རྟག་དངོས་རང་གི་གསལ་བ་དུ་མ་ལ་དོན་དམ་པར་འཕྲོ་འདུ་མ་འབྲེལ་བར་བསྒྲུབ་པ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ་ན་བ་ལང་གི་དོན་སྤྱི་དེ་བ་སྤྱི་རྟག་དངོས་རང་གི་གསལ་བ་དུ་མ་ལ་དོན་དམ་པར་འཕྲོ་འདུ་མ་འབྲེལ་བར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་པར་ཐལ། དེ་ལྟར་སྒྲུབ་པ་ལ་དུ་མ་མ་ཡིན་པ་རྟགས་སུ་བཀོད་པའི་ཚེ་ན། བ་ལང་གི་དོན་སྤྱི་དེ་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་པའི་ཕྱིར། ཁྱབ་པ་ཁས་ཟེར་ན་མི་འགྲིག་གོ། རྟགས་གྲུབ་སྟེ། དེའི་ཚེ་ན་དུ་མ་མ་ཡིན་པ་དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། བྱས་པ་དེ་སྒྲུབ་ཀྱི་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། ཁ་ཅིག་ན་རེ། སངས་རྒྱས་པས་བྱེ་བྲག་པའི་ངོར་འབྱུང་བཞིའི་རྡུལ་ཕྲན་ཆོས་ཅན། མི་རྟག་སྟེ། ལུས་ཅན་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་ལུས་ཅན་དེ་འབྱུང་བཞིའི་རྡུལ་ཕྲན་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་ཟེར་བ་དང་། སྒྲ་བྱས་པར་ཚད་མས་མ་གྲུབ་པའི་གང་ཟག་གི་ངོར་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་མ་གྲུབ་པའི་གཏན་ཚིགས་ཡིན་ཟེར་ན་ནང་འགལ་ཏེ། དེའི་ཚེ་ན་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་མ་གྲུབ་པའི་གཏན་ཚིགས་མ་ཡིན་པར་ཐལ། དེའི་ཚེ་ན་བྱས་པ་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་པའི་ཕྱིར། དེར་ཐལ། འབྱུང་བཞིའི་རྡུལ་ཕྲན་ལུས་ཅན་དུ་ཚད་མས་མ་གྲུབ་པའི་གང་ཟག་གི་ངོར་འབྱུང་བཞིའི་རྡུལ་ཕྲན་ཆོས་ཅན། མི་རྟག་སྟེ། ལུས་ཅན་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་ལུས་ཅན་དེ་འབྱུང་བཞིའི་རྡུལ་ཕྲན་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པའི་ཕྱིར། དེར་ཐལ། སངས་རྒྱས་པས་དེ་འདྲའི་གང་ཟག་གི་ངོར་དེ་འདྲའི་རྟགས་སྦྱོར་བཀོད་པའི་ཚེ་ན། ལུས་ཅན་དེ་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་པའི་ཕྱིར། དེར་ཐལ། སངས་རྒྱས་པས་བྱེ་བྲག་པའི་ངོར་དེ་འདྲའི་རྟགས་སྦྱོར་བཀོད་པའི་ཚེ་ན་ལུས་ཅན་དེ་དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག །བྱེ་བྲག་པ་དེ་འབྱུང་བཞིའི་རྡུལ་ཕྲན་ལུས་ཅན་དུ་ཚད་མས་མ་གྲུབ་པའི་གང་ཟག་ཡིན་པའི་ཕྱིར། ཁ་ཅིག་ན་རེ། སངས་རྒྱས་པས་བྱེ་བྲག་པའི་ངོར་འབྱུང་བཞིའི་རྡུལ་ཕྲན་ཆོས་ཅན། མི་རྟག་སྟེ། རེག་བྱ་ཅན་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་རེག་བྱ་ཅན་དེ་བྱེ་བྲག་པའི་ངོར་འབྱུང་བཞིའི་རྡུལ་ཕྲན་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཀྱང་ཡིན། དེའི་ཚེ་ན་བྱེ་བྲག་པའི་ངོར་རེག་བྱ་ཅན་དེ་འབྱུང་བཞིའི་རྡུལ་ཕྲན་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཀྱང་ཡིན་ནོ། །ཟེར་ན། དང་པོ་ལ། དེའི་ཚེ་ན་རེག་བྱ་ཅན་ཆོས་ཅན། བྱེ་བྲག་པའི་ངོར་འབྱུང་བཞིའི་རྡུལ་ཕྲན་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡོད་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། བྱེ་བྲག་པ་དེ་འབྱུང་བཞིའི་རྡུལ་ཕྲན་རྟག་མི་རྟག་ཐེ་ཚོམ་ཟ་བའི་གང་ཟག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། བྱེ་བྲག་པ་དེ་འབྱུང་བཞིའི་རྡུལ་ཕྲན་རྟག་པར་ཁས་ལེན་པའི་གང་ཟག་ཡིན་པའི་ཕྱིར། གཞན་ཡང་། དེའི་ཚེ་ན་བྱེ་བྲག་པ་བྱེ་བྲག་པ་མ་ཡིན་པར་ཐལ། དེའི་ཚེ་ན་བྱེ་བྲག་པ་དེ་འབྱུང་བཞིའི་རྡུལ་ཕྲན་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་འགོད་པ་སྐབས་སུ་བབས་པའི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། དེའི་ཚེ་ན་བྱེ་བྲག་པའི་ངོར་རེག་བྱ་ཅན་དེ་འབྱུང་བཞིའི་རྡུལ་ཕྲན་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། དེའི་ཚེ་ན་བྱེ་བྲག་པ་སངས་རྒྱས་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་ཚེ་ན་བྱེ་བྲག་པ་དེས་ལུས་ཅན་ཞེས་པའི་སྒྲ་དེ་འབྱུང་བཞིའི་རྡུལ་ཕྲན་ལ་འཇུག་པར་ཁས་ལེན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཊཱིཀྐ་ལས། ལུས་ཅན་ཞེས་པའི་སྒྲ་དེ་སྦྱོར་ས་རྒོལ་ཕྱི་རྒོལ་མཐུན་སྣང་དུ་མ་གྲུབ་སྟེ། ཞེས་གསུངས་པའི་ཕྱིར། གཞན་ཡང་། སངས་རྒྱས་པས་བྱེ་བྲག་པའི་ངོར་བ་སྤྱི་རྟག་དངོས་ཆོས་ཅན། དུ་མར་ཐལ། རང་གི་གསལ་བ་དུ་མ་ལ་དོན་དམ་པར་འཕྲོ་འདུ་འབྲེལ་བའི་ཕྱིར། ཞེས་པའི་ཐལ་འགྱུར་འཕང་པའི་ཚེ་ན་བྱེ་བྲག་པ་དེ་དུ་མ་མ་ཡིན་པའི་རྟགས་ཀྱིས་བ་སྤྱི་རྟག་དངོས་རང་གི་གསལ་བ་དུ་མ་ལ་དོན་དམ་པར་འཕྲོ་འདུ་མ་འབྲེལ་བར་སྒྲུབ་པའི་སྒྲུབ་བྱེད་ཡང་དག་འཕེན་པའི་ཐལ་འགྱུར་ཡང་དག་འཕེན་པ་སྐབས་སུ་བབས་པའི་གང་ཟག་ཡིན་པར་ཐལ། སངས་རྒྱས་པས་བྱེ་བྲག་པའི་ངོར་འབྱུང་བཞིའི་རྡུལ་ཕྲན་ཆོས་ཅན། མི་རྟག་སྟེ། རེག་བྱ་ཅན་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་བྱེ་བྲག་པ་དེ་རེག་བྱ་ཅན་གྱི་རྟགས་ཀྱིས་འབྱུང་བཞིའི་རྡུལ་ཕྲན་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་འགོད་པ་སྐབས་སུ་བབས་པའི་གང་ཟག་ཡིན་པའི་ཕྱིར། འདོད་ན། དེའི་ཚེ་ན་བྱེ་བྲག་པ་དེས་དུ་མ་མ་ཡིན་ན། རང་གི་གསལ་བ་དུ་མ་ལ་དོན་དམ་པར་འཕྲོ་འདུ་མ་འབྲེལ་བའི་ཁྱབ་པ་ཁས་ལེན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེའི་ཚེ་ན་བྱེ་བྲག་པ་དེ་དུ་མ་མ་ཡིན་པ་དང་། རང་གི་གསལ་བ་དུ་མ་ལ་དོན་དམ་པར་འཕྲོ་འདུ་འབྲེལ་བའི་གཞི་མཐུན་ཁས་ལེན་པའི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། དེའི་ཚེ་ན་དེ་འདྲའི་ཐལ་འགྱུར་དེ་བྱེ་བྲག་པའི་ཁས་བླངས་ངན་པ་རྟགས་སུ་བཀོད་ནས། བྱེ་བྲག་པ་ལ་མི་འདོད་པ་ཐལ་བར་འཕེན་པའི་ཐལ་འགྱུར་ཡིན་པའི་ཕྱིར་ཏེ། གཞན་གྱི་བཏགས་པ་ཡིས། །ཞེས་གསུངས་པའི་ཕྱིར། གཞན་ཡང་། སངས་རྒྱས་པས་བྱེ་བྲག་པའི་ངོར་འབྱུང་བཞིའི་རྡུལ་ཕྲན་ཆོས་ཅན། མི་རྟག་སྟེ། རེག་བྱ་ཅན་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་བྱེ་བྲག་པ་བྱེ་བྲག་པ་ཡིན་པར་ཐལ། དེའི་ཚེ་ན་བྱེ་བྲག་པ་ཡོད་པའི་ཕྱིར། དེར་ཐལ། དེའི་ཚེ་ན་བྱེ་བྲག་པ་དེ་གང་ཟག་ཡིན་པའི་ཕྱིར། དེར་ཐལ། དེའི་ཚེ་ན་བྱེ་བྲག་པ་དེ་རེག་བྱ་ཅན་གྱི་རྟགས་ཀྱིས་འབྱུང་བཞིའི་རྡུལ་ཕྲན་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡིན་པའི་ཕྱིར། དེར་ཐལ། དེ་སྐོར་གྱི་ཕྱི་རྒོལ་ཡང་དག་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེའི་ཚེ་ན་བྱེ་བྲག་པ་དེ་རེག་བྱ་ཅན་གྱི་རྟགས་ཀྱིས་འབྱུང་བཞིའི་རྡུལ་ཕྲན་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་འགོད་པ་སྐབས་སུ་བབས་པའི་གང་ཟག་ཡིན་པར་ཐལ། དཔལ་ལྡན་ཆོས་གྲགས་ཀྱིས་བྱེ་བྲག་པའི་ངོར་འབྱུང་བཞིའི་རྡུལ་ཕྲན་ཆོས་ཅན། མི་རྟག་སྟེ། རེག་བྱ་ཅན་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་བྱེ་བྲག་པ་དེ་དེ་སྐོར་གྱི་རྟགས་ཡང་དག་འགོད་པ་སྐབས་སུ་བབས་པའི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། དེའི་ཚེ་ན་དཔལ་ལྡན་ཆོས་གྲགས་དེས་དེའི་ཚེ་ན་བྱེ་བྲག་པའི་ངོར་རེག་བྱ་ཅན་དེ་འབྱུང་བཞིའི་རྡུལ་ཕྲན་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་བཀོད་པའི་ཕྱིར། དེར་ཐལ། དེའི་ཚེ་ན་དཔལ་ལྡན་ཆོས་གྲགས་དེས་དེའི་ཚེ་ན་བྱེ་བྲག་པའི་ངོར་རེག་བྱ་ཅན་དེ་འབྱུང་བཞིའི་རྡུལ་ཕྲན་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་བཀོད་པའི་དུས་ནི་ཡོད། དེའི་ཚེ་ན་དཔལ་ལྡན་ཆོས་གྲགས་དེ་རེག་བྱ་ཅན་འབྱུང་བཞིའི་རྡུལ་ཕྲན་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་འགོད་པའི་དུས་དང་། དུས་མ་ཡིན་པ་ལ་མཁས་པའི་གང་ཟག་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། སྒྲ་བྱས་པར་ཚད་མས་མ་གྲུབ་པའི་གང་ཟག་གི་ངོར་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་སྒྲ་བྱས་པར་ཚད་མས་མ་གྲུབ་པའི་གང་ཟག་དེ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་འགོད་པ་སྐབས་སུ་བབས་པའི་གང་ཟག་ཡིན་པར་ཐལ། དཔལ་ལྡན་ཆོས་གྲགས་ཀྱིས་སྒྲ་བྱས་པར་ཚད་མས་མ་གྲུབ་པའི་གང་ཟག་གི་ངོར་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་སྒྲ་བྱས་པར་ཚད་མས་མ་གྲུབ་པའི་གང་ཟག་དེ་དེ་སྐོར་གྱི་རྟགས་ཡང་དག་འགོད་པ་སྐབས་སུ་བབས་པའི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། དེའི་ཚེ་ན་དཔལ་ལྡན་ཆོས་གྲགས་དེས་དེའི་ཚེ་ན་སྒྲ་བྱས་པར་ཚད་མས་མ་གྲུབ་པའི་གང་ཟག་གི་ངོར་བྱས་པ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་བཀོད་པའི་ཕྱིར། དེར་ཐལ། དེའི་ཚེ་ན་དཔལ་ལྡན་ཆོས་གྲགས་དེས་དེའི་ཚེ་ན་སྒྲ་བྱས་པར་ཚད་མས་མ་གྲུབ་པའི་གང་ཟག་གི་ངོར་བྱས་པ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་བཀོད་པའི་དུས་ནི་ཡོད། དེའི་ཚེ་ན་དཔལ་ལྡན་ཆོས་གྲགས་དེ་བྱས་པ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་འགོད་པའི་དུས་དང་། དུས་མ་ཡིན་པ་ལ་མཁས་པའི་གང་ཟག་ཡིན་པའི་ཕྱིར། ཁྱབ་པ་ཁས། རང་རེས། སངས་རྒྱས་པས་བྱེ་བྲག་པའི་ངོར་འབྱུང་བཞིའི་རྡུལ་ཕྲན་ཆོས་ཅན། མི་རྟག་སྟེ། ལུས་ཅན་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་ལུས་ཅན་དེ་འབྱུང་བཞིའི་རྡུལ་ཕྲན་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན། སངས་རྒྱས་པས་བྱེ་བྲག་པའི་ངོར་འབྱུང་བཞིའི་རྡུལ་ཕྲན་ཆོས་ཅན། མི་རྟག་སྟེ། རེག་བྱ་ཅན་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་རེག་བྱ་ཅན་དེ་ཡང་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་ནོ། །བྱས་པ་ལ་ཁོ་ན་རེ། གྲངས་ཅན་གྱིས་སངས་རྒྱས་པའི་ངོར་བློ་བདེ་ཆོས་ཅན། སེམས་མེད་ཡིན་ཏེ། སྐྱེ་འཇིག་ཅན་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་སྐྱེ་འཇིག་ཅན་དེ་བློ་བདེ་སེམས་མེད་དུ་སྒྲུབ་པའི་ཕྱོགས་ཆོས་ཡིན་པར་ཐལ། དམ་བཅའ་འཐད་པ་གང་ཞིག །སྤྱིར་སྐྱེ་འཇིག་ཅན་དེ་བློ་བདེ་སེམས་མེད་དུ་སྒྲུབ་པའི་ཕྱོགས་ཆོས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། འདིས་ནི་སེར་སྐྱ་ལ་སོགས་ཀྱི། །མི་རྟག་སོགས་ཕྱིར་ཡང་སེམས་མེད། །ཅེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེའི་ཚེ་ན་སྐྱེ་འཇིག་ཅན་དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པ་དེ་ལུང་དེའི་དོན་ཡིན་པའི་ཕྱིར། གཞན་ཡང་། ཁ་ཅིག་ན་རེ། གཅེར་བུ་པས་སངས་རྒྱས་པའི་ངོར་ཤིང་ཆོས་ཅན། སེམས་ལྡན་ཡིན་ཏེ། ཤུན་པ་བཤུས་ན་འཆི་བའི་ཕྱིར། ཞེས་བཀོད་པའི་ཚེ་ན་ཤུན་པ་བཤུས་ན་འཆི་བ་དེ་ཤིང་སེམས་ལྡན་དུ་སྒྲུབ་པའི་ཕྱོགས་ཆོས་ཡིན་པར་ཐལ། གྲངས་ཅན་གྱིས་སངས་རྒྱས་པའི་ངོར་བློ་བདེ་ཆོས་ཅན། སེམས་མེད་ཡིན་ཏེ། སྐྱེ་འཇིག་ཅན་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་སྐྱེ་འཇིག་ཅན་དེ་བློ་བདེ་སེམས་མེད་དུ་སྒྲུབ་པའི་ཕྱོགས་ཆོས་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། གཅེར་བུ་པས་སངས་རྒྱས་པའི་ངོར་དེ་ལྟར་བཀོད་པའི་ཚེ་ན་ཤུན་པ་བཤུས་ན་འཆི་བ་དེ་ཤིང་གི་སྟེང་དུ་འགོད་ཚུལ་དང་མཐུན་པར་གྲུབ་པ་ཐལ། གྲངས་ཅན་གྱིས་སངས་རྒྱས་པའི་ངོར་དེ་ལྟར་བཀོད་པའི་ཚེ་ན་སྐྱེ་འཇིག་ཅན་དེ་བློ་བདེའི་སྟེང་དུ་འགོད་ཚུལ་དང་མཐུན་པར་གྲུབ་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ཤིང་དེ་དེའི་ཚེ་ན་ཤུན་པ་བཤུས་ན་འཆི་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཤིང་ཤུན་པགས་བཤུས་ན་འཆི་བར་ཐལ། འདོད་པའི་ཕྱིར། འདོད་ན། ཤིང་འཆི་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཤིང་སེམས་ལྡན་ཡིན་པར་ཐལ་ལོ། །

༈ རང་ལུགས་བཞག་པ་ལ། བྱེ་བྲག་པའི་ལུགས་ཅུང་ཟད་བརྗོད་པ་དང་། སྒྲ་བཤད་པ་གཉིས། དང་པོ་ནི། སྤྱིར་བྱེ་བྲག་པ་དེས་ཤེས་བྱ་ཐམས་ཅད་ཚིག་གི་དོན་དྲུག་ཏུ་འདུས་པར་འདོད་པ་ཡིན་ལ། ཚིག་གི་དོན་དྲུག་པོ་དེ་ཡང་། རྫས། ཡོན་ཏན། ལས། སྤྱི། བྱེ་བྲག །འདུ་བ་རྣམས་ལ་བྱེད་པ་ཡིན། དེ་ཡང་ཡོན་ཏན་དོན་གཞན་གྱི་རྟེན་བྱེད་པ་དེ་རྫས་ཀྱི་མཚན་ཉིད་ཡིན། དེ་ལ་དབྱེ་ན། རྟག་པའི་རྫས་དང་། མི་རྟག་པའི་རྫས་གཉིས། དང་པོ་ནི། བདག་དང་། ཕྱོགས་དང་། དུས་དང་། ནམ་མཁའ་ལ་སོགས་པ་ལ་བྱེད། གཉིས་པ་ནི། འབྱུང་བཞིའི་རྡུལ་ཕྲན་ལ་སོགས་པ་ལ་བྱེད། ཡང་དེ་ལ་དབྱེ་ན། ཐམས་ཅད་དུ་སོང་བའི་རྫས་དང་། ཐམས་ཅད་དུ་མ་སོང་བའི་རྫས་གཉིས། དང་པོ་ནི། བདག་དང་། ཕྱོགས་དང་། དུས་དང་། ནམ་མཁའ་ལ་སོགས་པ་ལ་བྱེད། གཉིས་པ་ནི། འབྱུང་བཞིའི་རྡུལ་ཕྲན་ལ་སོགས་པ་ལ་བྱེད་ཅེས་ཟེར། རྫས་དོན་གཞན་གྱི་རྟེན་བྱེད་པ་དེ་ཡོན་ཏན་གྱི་མཚན་ཉིད། ཡོན་ཏན་དེ་ལ་ཁྱད་ཆོས་གསུམ་དང་ལྡན་པ་གཅིག་དགོས་ཏེ། སྤྱིར་རྫས་ལ་བརྟེན་པ། ཡོན་ཏན་གཉིས་པ་ལ་མི་བརྟེན་པ། འཕྲོད་པ་འདུ་བའི་རྒྱུ་བྱེད་པ་སྟེ། ཁྱད་ཆོས་གསུམ་དང་ལྡན་པ་གཅིག་དགོས་པའི་ཕྱིར། ཡོན་ཏན་དེ་ལ་དབྱེ་ན། གཟུགས། དྲི། རོ། རེག་བྱ། གྲངས། ཚད། སོ་སོ། ལྡན་པ་ལ་སོགས་པ་བཅུ་ཡོད། གཟུགས་དེ་མིག་ཤེས་ཀྱི་གཟུང་བྱ་ཡིན་པས་ས་ཆུ་མེ་གསུམ་གྱི་ཡོན་ཏན་ཡིན། དྲི་དེ་སྣའི་རྣམ་ཤེས་ཀྱི་གཟུང་བྱ་ཡིན་པས་སའི་ཡོན་ཏན་ཡིན། རོ་དེ་ལྕེའི་རྣམ་ཤེས་ཀྱི་གཟུང་བྱ་ཡིན་པས་ཆུའི་ཡོན་ཏན་ཡིན། རེག་བྱ་དེ་ལུས་ཀྱི་རྣམ་ཤེས་ཀྱི་གཟུང་བྱ་ཡིན་པས་འབྱུང་བ་བཞིའི་ཡོན་ཏན་ཡིན། གྲངས་དེ་གཅིག་དང་གཉིས་ལ་སོགས་པ་ཐ་སྙད་འདོགས་པའི་རྒྱུར་གྱུར་པའི་དངོས་པོ་ཞིག་གི་ཡོན་ཏན་ཡིན། ཚད་དེ་ཆེ་བ་དང་ཆུང་བ་ལ་སོགས་པ་ལ་ཐ་སྙད་འདོགས་པའི་རྒྱུར་གྱུར་པའི་དངོས་པོ་ཞིག་གི་ཡོན་ཏན་ཡིན་ནོ། །ཞེས་ཟེར། བྱ་བ་དོན་གཞན་གྱི་རྟེན་བྱེད་པ་ལས་ཀྱི་མཚན་ཉིད། ལས་དོན་གཞན་གྱི་རྟེན་བྱེད་པ་དེ་བྱ་བའི་མཚན་ཉིད། བྱེ་བྲག་དོན་གཞན་གྱི་རྟེན་བྱེད་པ་དེ་སྤྱིའི་མཚན་ཉིད། སྤྱི་དོན་གཞན་གྱི་རྟེན་བྱེད་པ་དེ་བྱེ་བྲག་གི་མཚན་ཉིད་ཟེར། ཐར་པ་ཐོབ་ཚུལ་ནི། གཟུགས་ལ་སོགས་པའི་ཡོན་ཏན་བཅུ་པོ་དེ་དག་བདག་ལ་འཕྲོད་པ་འདུ་བ་དེ་སྲིད་དུ་ཆོས་དང་ཆོས་མ་ཡིན་པའི་ལས་བསགས་པས་བདེ་འགྲོ་དང་ངན་འགྲོར་སྐྱེས་ནས་འཁོར་བར་འཁྱམས་པ་ཡིན་ལ། དབང་པོ་སོགས་བདག་གི་བ་སྡུག་བསྔལ་དུ་སྒོམ་པས་གཟུགས་ལ་སོགས་པའི་ཡོན་ཏན་བཅུ་པོ་དེ་དག་སྤངས་ནས་བདག་རྟག་པ་འབའ་ཞིག་ཏུ་གནས་པ་དེའི་ཚེ་ཐར་པ་ཐོབ་པ་ཡིན་ནོ། །ཞེས་བྱེ་བྲག་པ་ཟེར། གཉིས་པ་སྒྲ་བཤད་པ་ནི། འུག་པ་པ་ལ་སངས་རྒྱས་པས། །ཞེས་བྱེ་བྲག་པ་ལ་འུག་པ་པ་ཞེས་བརྗོད་པའི་རྒྱུ་མཚན་གང་ཞེ་ན། དེ་ལྟར་བརྗོད་པའི་རྒྱུ་མཚན་ཡོད་དེ། འུག་པའི་རྟུལ་ཞུགས་འཛིན་པའི་རྒྱུ་མཚན་གྱིས་དེ་ལྟར་དུ་བརྗོད་པའི་ཕྱིར། འོ་ན། རིན་ཆེན་ཕྲེང་བ་ལས། འཇིག་རྟེན་གྲངས་ཅན་འུག་ཕྲུག་དང་། །གོས་མེད་བཅས་ལ་གལ་ཏེ་ཞིག །ཅེས་བྱེ་བྲག་པ་ལ་འུག་ཕྲུག་པ། ཞེས་བརྗོད་པའི་རྒྱུ་མཚན་གང་ཞེ་ན། དེ་ལྟར་བརྗོད་པའི་རྒྱུ་མཚན་ཡོད་དེ། བྱེ་བྲག་པ་དེ་བདེ་བྱེད་པའམ་དབང་ཕྱུག་པའི་སློབ་མ་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་དུ་བརྗོད་པའི་ཕྱིར། །


previousརྟག་པ་རང་བྱུང་གི་དབང་ཕྱུག་འཇིག་རྟེན་གྱི་བྱེད་པོར་འགོག་ཚུལ།next