Nitartha Digital Library
Tibetan
 
previousརང་མཚན་ཁོ་ན་གཞལ་བྱར་བཞག་པའི་དགོངས་པ་བསྟན་པ།next

རང་མཚན་ཁོ་ན་གཞལ་བྱར་བཞག་པའི་དགོངས་པ་བསྟན་པ།

གཞུང་གི་འཕྲོས་ཚུལ་རྒྱས་པར་བཤད་པ།

༈ རང་གི་མཚན་ཉིད་གཅིག་གཞལ་བྱ། །ཞེས་སོགས་རྐང་པ་གསུམ་གང་ལས་འཕྲོས་ན། བརྗོད་བྱ་ཉིད་ཕྱིར་དེ་དངོས་མིན། །ཞེས་པ་ནས། དེ་ནི་དངོས་མེད་མཚན་ཉིད་ཡིན། །ཞེས་པའི་བར་གྱིས་སྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་ཡང་དག་བརྒྱད་བསྟན་ནས། དེ་འདྲའི་རིགས་པ་བརྒྱད་ཀྱི་ལྡོག་ཕྱོགས་ལ་བརྟེན་ནས་དངོས་པོ་ཐམས་ཅད་རང་མཚན་དུ་གྲུབ་བོ། །ཞེས་འཆད་པར་བྱེད་པ་ལ། ཇི་སྐད་བཤད་ལས་བཟློག་གང་ཡིན། །ཞེས་སོགས་རྐང་པ་གཉིས་བྱུང་། སྤྱི་མཚན་དངོས་མེད་ཡིན་ན། སྤྱི་མཚན་གྱི་དབྱེ་བ་མི་འཐད་པར་ཐལ་ལོ་ཞེ་ན། སྐྱོན་མེད་དེ། སྤྱི་མཚན་དེ་ལ་དབྱེ་ན། དངོས་པོ་ལ་བརྟེན་པའི་སྤྱི་མཚན། དངོས་མེད་ལ་བརྟེན་པའི་སྤྱི་མཚན། དེ་གཉིས་ཀ་ལ་བརྟེན་པའི་དེ་དང་གསུམ་དུ་ཡོད་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དངོས་དང་དངོས་མེད་གཉིས་ཀ་ལ། །ཞེས་སོགས་རྐང་པ་གཉིས་བྱུང་། རང་རེས་གོང་དུ། སྔོན་འཛིན་རྟོག་པ་དོན་མཐུན་དེས། སྔོན་པོ་གཟུང་དོན་དུ་མི་བྱེད་པར་བསྟན་པ་ལ་ཁོ་ན་རེ། དེས་དེ་གཟུང་དོན་དུ་བྱེད་པ་ཡིན་ཏེ། དེ་སྔོན་པོ་ལ་བརྟེན་ནས་སྐྱེས་པའི་ཕྱིར། ཞེས་པའི་འདོད་པ་རྗོད་པར་བྱེད་པ་ལ། གལ་ཏེ་དངོས་བརྟེན་དངོས་འབྲེལ་ཕྱིར། །ཞེས་སོགས་རྐང་པ་ཕྱེད་དང་གཉིས་བྱུང་། སྔོན་འཛིན་རྟོག་པ་དོན་མཐུན་དེ། སྔོན་པོ་གཟུང་དོན་དུ་བྱེད་པའི་རྟོག་པ་མ་ཡིན་ཏེ། དེས་སྔོན་པོ་གཟུང་དོན་དུ་བྱེད་པ་ལ་གནོད་བྱེད་གོང་དུ་བསྟན་ཟིན་པའི་ཕྱིར་དང་། དེ་དང་སྔོན་པོ་འདས་པ་དང་། སྔོན་པོ་མ་འོངས་པ་འཛིན་པའི་རྟོག་པ་རྣམས་གཟུང་དོན་དང་མི་ལྡན་པར་ཚད་མས་རྟོགས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། ལན་བཏབ་ཕྱིར་དང་འདས་སོགས་ལ། །ཞེས་སོགས་རྐང་པ་གཉིས་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། སྔོན་པོ་འཛིན་པའི་རྟོག་པ་དོན་མཐུན་དེ། སྔོན་པོ་ལ་བརྟེན་ནས་སྐྱེས་པ་མ་ཡིན་པར་ཐལ། དེས་སྔོན་པོ་གཟུང་དོན་དུ་མི་བྱེད་པའི་ཕྱིར། ཞེས་པའི་འདོད་པ་རྗོད་པར་བྱེད་པ་ལ། གལ་ཏེ་དངོས་ཆོས་ཉིད་ཉམས་ན། །ཞེས་པ་འདི་བྱུང་། དེ་ལྟར་ཟེར་ན། སྔོན་འཛིན་རྟོག་པ་དོན་མཐུན་དེ་སྔོན་པོ་ལ་བརྟེན་ནས་སྐྱེས་པ་ཡིན་ཏེ། དེ་སྔོན་འཛིན་དབང་མངོན་ལས་དངོས་སུ་སྐྱེས་ནས། སྔོན་པོ་ལས་བརྒྱུད་ནས་སྐྱེས་པ་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དངོས་པོར་འཛིན་པ་སྔོན་འགྲོ་ཅན། །ཞེས་སོགས་རྐང་པ་གཉིས་བྱུང་། འོ་ན། སྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་ཡང་དག་བརྒྱད་བསྟན་པ་ལ་བརྟེན་ནས། གྲུབ་དོན་གང་གྲུབ་པ་ཡིན་ཞེ་ན། དེ་ལ་བརྟེན་ནས་དོན་བྱེད་ནུས་པར་གྱུར་པའི་གཞལ་བྱ་དེ་ལ་རང་མཚན་གཅིག་པུར་གྲངས་ངེས་པར་གྲུབ་བོ། །ཞེས་འཆད་པར་བྱེད་པ་ལ། རང་གི་མཚན་ཉིད་གཅིག་གཞལ་བྱ། །ཞེས་སོགས་རྐང་པ་གསུམ་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། སློབ་དཔོན་གྱིས་གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པར་བསྟན་པ་དེ་མི་འཐད་པར་ཐལ། དོན་བྱེད་ནུས་པར་གྱུར་པའི་གཞལ་བྱ་ལ། རང་མཚན་གཅིག་པུར་གྲངས་ངེས་པའི་ཕྱིར་ཟེར་ན། སྐྱོན་མེད་དེ། སློབ་དཔོན་གྱིས་རང་མཚན་དེ་ལ་མངོན་སུམ་གྱིས་རང་མཚན་སྣང་ཡུལ་དུ་བྱས་པའི་སྒོ་ནས། རང་མཚན་རྟོགས་ཚུལ་གཅིག་དང་། རྗེས་དཔག་གིས་རང་མཚན་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་སྒོ་ནས། རང་མཚན་རྟོགས་ཚུལ་གཉིས་ཡོད་པའི་དབང་དུ་བྱས་ནས། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པར་བསྟན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེ་ནི་རང་གཞན་ངོ་བོ་ཡིས། །ཞེས་སོགས་རྐང་པ་གཉིས་བྱུང་། རང་རེས། དེའི་སྐབས་སུ་རྗེས་དཔག་གིས་རང་མཚན་དངོས་སུ་རྟོགས་ཤིང་། རང་མཚན་སྣང་ཡུལ་དུ་མི་བྱེད་པར་བསྟན་པ་ལ་ཁོ་ན་རེ། རྗེས་དཔག་ཆོས་ཅན། མ་འཁྲུལ་བའི་ཤེས་པ་ཡིན་པར་ཐལ། རང་མཚན་དངོས་སུ་རྟོགས་པའི་ཤེས་པ་ཡིན་པའི་ཕྱིར། ཞེ་ན། རྗེས་དཔག་འཁྲུལ་ཤེས་ཡིན་པའི་རྒྱུ་མཚན་འཆད་པར་བྱེད་པ་ལ། ཇི་བཞིན་མངོན་ཞེན་མིན་པའི་ཕྱིར། །ཞེས་སོགས་རྐང་པ་གཉིས་བྱུང་། རང་རེས། གོང་དུ་རྗེས་དཔག་གིས་རང་མཚན་དངོས་སུ་རྟོགས་ཤིང་། རང་མཚན་སྣང་ཡུལ་དུ་མི་བྱེད་པ་དང་། རྗེས་དཔག་འཁྲུལ་ཤེས་སུ་བསྟན་པ་ལ་ཁོ་ན་རེ། རྗེས་དཔག་ཆོས་ཅན། ཚད་མ་མ་ཡིན་པར་ཐལ། འཁྲུལ་ཤེས་ཡིན་པའི་ཕྱིར། དེ་ལྟར་ཐལ་བ་ལ། དེ་ཆོས་ཅན། འཁྲུལ་ཤེས་མ་ཡིན་ཏེ། ཚད་མ་ཡིན་པའི་ཕྱིར་ཏེ། དཔེར་ན། གཟུགས་འཛིན་མིག་ཤེས་བཞིན། རྗེས་དཔག་ཆོས་ཅན། རང་མཚན་དངོས་སུ་རྟོགས་པའི་ཚད་མ་མ་ཡིན་པར་ཐལ། དེ་སྣང་ཡུལ་དུ་བྱེད་པའི་ཚད་མ་མ་ཡིན་པའི་ཕྱིར། དེ་ལྟར་ཐལ་བ་ལ། རྗེས་དཔག་ཆོས་ཅན། རང་མཚན་སྣང་ཡུལ་དུ་བྱེད་པའི་ཚད་མ་ཡིན་པའི་ཕྱིར་ཏེ། རང་མཚན་དངོས་སུ་རྟོགས་པའི་ཚད་མ་ཡིན་པའི་ཕྱིར། དཔེར་ན། གཟུགས་འཛིན་མིག་ཤེས་དེ། རང་མཚན་དངོས་སུ་རྟོགས་པའི་ཚད་མ་ཡིན་པས། རང་མཚན་སྣང་ཡུལ་དུ་བྱེད་པའི་དཔེ་འདི་བཞིན་ནོ། །ཞེས་པའི་འདོད་པ་རྗོད་པར་བྱེད་པ་ལ། གལ་ཏེ་གཞན་གྱི་ངོ་བོས་ནི། །ཞེས་སོགས་རྐང་པ་གཉིས་བྱུང་། དེ་ལྟར་ཟེར་ན། རྗེས་དཔག་ཚད་མ་ཡང་ཡིན་འཁྲུལ་ཤེས་ཀྱང་ཡིན་པའི་རྒྱུ་མཚན་འཆད་པར་བྱེད་པ་ལ། བསམ་པ་ལ་ནི་བསླུ་མེད་ཕྱིར། །ཞེས་སོགས་རྐང་པ་གཉིས་བྱུང་། རྗེས་དཔག་གིས་རང་མཚན་དངོས་སུ་རྟོགས་པའི་རྒྱུ་མཚན་འཆད་པར་བྱེད་པ་ལ། རྣམ་གཞན་གྱིས་ཀྱང་རྟོགས་པ་མཐོང་། །ཞེས་པ་འདི་བྱུང་། རྗེས་དཔག་གིས་རང་མཚན་སྣང་ཡུལ་དུ་བྱེད་པ་དེ་ལ་གནོད་བྱེད་འཆད་པར་བྱེད་པ་ལ། །ཕྱོགས་འདི་ལ་ནི་ལན་བཏབ་ཟིན། །ཞེས་པ་འདི་བྱུང་། དེས་ན། རང་གི་མཚན་ཉིད་གཅིག་གཞལ་བྱ། །ཞེས་སོགས་ཀྱི་ངག་དོན་ནི། དོན་བྱེད་ནུས་པར་གྱུར་པའི་གཞལ་བྱ་དེ་ལ་རང་མཚན་གཅིག་པུར་གྲངས་ངེས་པ་ཡིན་ཏེ། གྲོལ་བ་དོན་གཉེར་གྱི་སྐྱེས་བུའི་འདོད་དོན་སྒྲུབ་ནུས་དེ་ལ། རང་མཚན་གཅིག་པུར་གྲངས་ངེས་པའི་ཕྱིར་ཏེ། སྤྱི་མཚན་གྱིས་དེའི་འདོད་དོན་སྒྲུབ་མི་ནུས་པའི་ཕྱིར། །

ངག་དོན་དང་མཐའ་དཔྱད་སོགས་བཤད་པ།

༈ མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། གྲོལ་བ་དོན་གཉེར་གྱི་སྐྱེས་བུའི་འདོད་དོན་སྒྲུབ་ནུས་ཡིན་ན། རང་མཚན་ཡིན་པའི་ཁྱབ་པར་ཐལ། སྦྱོར་བ་འཐད་པའི་ཕྱིར། འདོད་ན། ངོ་བོ་ཉིད་སྐུ་ཆོས་ཅན། ཐལ་ཕྱིར། དེ་འདྲའི་སྐྱེས་བུ་སྡུག་བསྔལ་ལས་སྐྱོབ་ནུས་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེའི་ཐོབ་བྱ་མཐར་ཐུག་ཡིན་པའི་ཕྱིར། གཞན་ཡང་། མེ་དོན་གཉེར་གྱི་སྐྱེས་བུའི་འདོད་དོན་སྒྲུབ་ནུས་ཡིན་ན། མེ་ཡིན་དགོས་པར་ཐལ། གྲོལ་བ་དོན་གཉེར་གྱི་སྐྱེས་བུའི་འདོད་དོན་སྒྲུབ་ནུས་ཡིན་ན། རང་མཚན་ཡིན་དགོས་པའི་ཕྱིར་ན་མ་ཁྱབ། འདོད་ན། ཆུ་ཆོས་ཅན། ཐལ་ཕྱིར། རྟགས་གྲུབ་སྟེ། དེ་འདྲའི་སྐྱེས་བུ་སྐོམ་པའི་སྡུག་བསྔལ་ལས་སྐྱོབ་ནུས་ཡིན་པའི་ཕྱིར་ཟེར་ན། ཁོ་རང་ལ། མེ་དོན་གཉེར་གྱི་སྐྱེས་བུའི་འདོད་དོན་སྒྲུབ་ནུས་དང་། ཆུ་དོན་གཉེར་གྱི་སྐྱེས་བུའི་དེ་གཉིས་འགལ་བར་ཐལ། ཆུ་དེ་མེ་དོན་གཉེར་གྱི་སྐྱེས་བུའི་འདོད་དོན་སྒྲུབ་ནུས་མ་ཡིན་པའི་ཕྱིར། འདོད་ན། མེ་དོན་གཉེར་གྱི་སྐྱེས་བུ་དང་། ཆུ་དོན་གཉེར་གྱི་དེ་གཉིས་འགལ་བར་ཐལ། འདོད་པའི་ཕྱིར། འདོད་ན། སྐོམ་པས་གདུང་བའི་སྐྱེས་བུ་དང་། ཚ་བས་གདུང་བའི་སྐྱེས་བུ་གཉིས་འགལ་བར་ཐལ་ལོ། །ཁ་ཅིག་ན་རེ། མེ་དོན་གཉེར་གྱི་སྐྱེས་བུའི་འདོད་དོན་སྒྲུབ་ནུས་ཡིན་ན། མེ་ཡིན་པས་ཁྱབ་ཟེར་ན། རྣམ་མཁྱེན་དོན་གཉེར་གྱི་སྐྱེས་བུའི་འདོད་དོན་སྒྲུབ་ནུས་ཡིན་ན། རྣམ་མཁྱེན་ཡིན་དགོས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། རྣམ་མཁྱེན་དོན་གཉེར་གྱི་བྱང་འཕགས་ཀྱི་རྒྱུད་ཀྱི་མཁྱེན་པ་ཆོས་ཅན། ཐལ་ཕྱིར། རྟགས་གྲུབ་སྟེ། དེ་འདྲའི་བྱང་འཕགས་ཀྱི་འདོད་དོན་སྒྲུབ་ནུས་ཡིན་པའི་ཕྱིར་ཏེ། རྣམ་མཁྱེན་དེ་སངས་འཕགས་ཀྱི་བཞེད་དོན་སྒྲུབ་ནུས་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མེ་དོན་གཉེར་གྱི་སྐྱེས་བུ་དེ་ཆུ་དོན་གཉེར་ལ་འཇུག་པར་ཐལ། ཆུ་དེ་མེ་དོན་གཉེར་གྱི་སྐྱེས་བུའི་འདོད་དོན་སྒྲུབ་ནུས་ཡིན་པའི་ཕྱིར། འདོད་ན། འཇུག་པ་ལ་སོགས་ཐལ་འགྱུར་ཕྱིར། །ཞེས་གསུངས་པ་མི་འཐད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་སྟེ། མེ་དོན་གཉེར་གྱི་སྐྱེས་བུ་དེ་ཆུ་ཙམ་དོན་དུ་གཉེར་བ་ལ་མི་འཇུག་པ་དེ། ལུང་དེའི་དོན་ཡིན་པའི་ཕྱིར། ཁ་ཅིག་ན་རེ། འདིའི་ཐད་ཀྱི་ཊཱིཀྐ་ལས། གང་དག་དགག་རྟགས་ལ་བརྟེན་པའི་རྗེས་དཔག་གིས་དགག་བྱ་འཇལ་བར་འདོད་པ་ནི་ཆེས་ཤིན་ཏུ་རགས་ཏེ། རྟགས་དེ་ལ་བརྟེན་པའི་རྗེས་དཔག་དང་། སྒྲོ་འདོགས་གཉིས་འཛིན་སྟངས་མི་མཚུངས་པར་འདོད་པའི་ཕྱིར། ཡང་རྗེས་དཔག་དེས་དགག་གཞི་འཇལ་བར་འདོད་པ་ཡང་རྟགས་གསུམ་གྱི་རྣམ་དབྱེ་སོ་སོར་མ་ངེས་པར་འགྱུར་རོ། །ཞེས་པའི་དོན་དུ་བསམས་ནས། སྒྲ་རྟག་པ་མ་ཡིན་པར་རྟོགས་པའི་རྗེས་དཔག་གིས་སྒྲ་མ་རྟོགས་ཟེར་ན། དེས་དེ་རྟོགས་པར་ཐལ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གིས་སྒྲ་རྟོགས་པའི་ཕྱིར་ཏེ། དེས་སྒྲའི་ཁྱད་པར་གྱི་ཆོས་རྟོགས་པའི་ཕྱིར། ཁྱབ་སྟེ། དེ་དག་བདག་ཉིད་ལས་འབྲེལ་ཕྱིར། །གཅིག་ཤེས་ན་ནི་གཉིས་ཀ་བཟུང་། །ཞེས་གསུངས་པའི་ཕྱིར། རྟགས་གྲུབ་སྟེ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་དེ། ཁྱད་གཞི་སྒྲ་ལ་ཁྱད་ཆོས་མི་རྟག་པ་སྦྱར་ནས་འཛིན་པའི་ཞེན་རིག་དོན་མཐུན་ཡིན་པའི་ཕྱིར་ཏེ། ཁྱད་པར་དང་ནི་ཁྱད་པར་གཞི། །ཞེས་གསུངས་པའི་ཕྱིར། གཞན་ཡང་། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གིས་སྒྲ་རྟོགས་པར་ཐལ། དེས་སྒྲ་གཟུང་བའི་ཕྱིར་ཏེ། ཤ་ཤུག་གཉིས་ཤིང་དུ་རིགས་མཐུན་པར་འཛིན་པའི་རྟོག་པ་དེས། ཤ་ཤུག་གཉིས་བཟུང་བའི་ཕྱིར་ཏེ། དེས་དེ་གཉིས་ཤིང་དུ་རིགས་མཐུན་པར་བཟུང་བའི་ཕྱིར། ཁྱབ་སྟེ། བློ་ཡི་སྣང་བ་འཐད་པའི་ཕྱིར། །དེ་དག་མཚུངས་ཞེས་འཛིན་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཕུང་པོ་གང་ཟག་གི་བདག་མེད་དུ་རྟོགས་པའི་རྗེས་དཔག་དེས་ཕུང་པོ་རྟོགས་པར་ཐལ། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་དེས་སྒྲ་རྟོགས་པའི་ཕྱིར། འདོད་ན། ཕུང་པོ་གང་ཟག་གི་བདག་མེད་ཡིན་ཞེས་པའི་ངག་དེས་ཕུང་པོ་དངོས་སུ་བརྗོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཕུང་པོ་གང་ཟག་གི་བདག་མེད་ཡིན་པ་དེ་ཆོས་ཅན། མ་ཡིན་དགག་ཡིན་པར་ཐལ། དགག་པ་གང་ཞིག །ཁྱོད་ཅེས་པའི་ངག་གི་འཕང་བྱར་གྱུར་པའི་སྒྲུབ་པ་ཡོད་པའི་ཕྱིར། ཕྱི་མ་གྲུབ་སྟེ། དེ་འདྲའི་ངག་དེས་ཕུང་པོ་དངོས་སུ་འཕངས་པའི་ཕྱིར་ཏེ། དེས་དེ་དངོས་སུ་བརྗོད་པའི་ཕྱིར་ན་མ་ཁྱབ། གཞན་ཡང་། ཊཱིཀ་ཆེན་ལས། གང་དག་དགག་རྟགས་ལ་བརྟེན་པའི་རྗེས་དཔག་གིས་ཞེས་གསུངས་པ་མི་འཐད་པར་ཐལ། དགག་རྟགས་ལ་བརྟེན་པའི་སྒྲ་རྟག་པ་མ་ཡིན་པར་རྟོགས་པའི་རྗེས་དཔག་དེས། དགག་གཞི་སྒྲ་རྟོགས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ནི་རིགས་གཏེར་གྱི་རྗེས་འབྲང་ཁ་ཅིག་གིས། ཚད་མ་ཡིན་ན། རང་གི་འཇུག་ཡུལ་དུ་གྱུར་པའི་རང་མཚན་ལ་ཚད་མ་ཡིན་པས་ཁྱབ་པ་ཁས་བླངས་པ་དེ་འགོག་པར་བྱེད་པ་ལ། ཊཱིཀྐ་འདི་བྱུང་བ་ཡིན་ལ། འདིའི་དོན་ཡང་། ཕུང་པོ་གང་ཟག་གི་བདག་མེད་དུ་རྟོགས་པའི་རྗེས་དཔག་ཆོས་ཅན། རང་གི་འཇུག་ཡུལ་དུ་གྱུར་པའི་རང་མཚན་ལ་ཚད་མ་ཡིན་པར་ཐལ། ཚད་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེའི་འཇུག་ཡུལ་ཏུ་གྱུར་པའི་རང་མཚན་ཡོད་པར་ཐལ་ལོ། །འདོད་ན། ཕུང་པོ་དེ་དེའི་འཇུག་ཡུལ་དུ་གྱུར་པའི་རང་མཚན་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཕུང་པོ་དེ་ཕུང་པོ་གང་ཟག་གི་བདག་མེད་དུ་སྒྲུབ་པའི་བསྒྲུབ་བྱ་ཡང་དག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་བསྒྲུབ་བྱ་ཡང་དག་དང་། སྒྲུབ་པའི་གཞི་མཐུན་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། གང་ཟག་གི་བདག་ཚད་མས་མ་དམིགས་པ་དེ། དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སྒྲུབ་རྟགས་དང་། དགག་རྟགས་ཀྱི་རྣམ་དབྱེ་སོ་སོར་མེད་པར་ཐལ་ལོ། །ཞེས་པའི་དོན་ཡིན་ནོ། །ཡང་ཁོ་ན་རེ། སྒྲ་ཆོས་ཅན། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གི་ཡུལ་བཞི་པོ་གང་རུང་ཡིན་པར་ཐལ། དེའི་ཡུལ་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། དེ་ཆོས་ཅན། དེའི་ཞེན་ཡུལ་དང་འཇུག་ཡུལ་གང་རུང་ཡིན་པར་ཐལ། འདོད་པ་གང་ཞིག །དེའི་སྣང་ཡུལ་དང་གཟུང་ཡུལ་གང་རུང་མ་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། རང་མཚན་ཡིན་པའི་ཕྱིར། འདོད་ན། སྒྲ་དེ་སྒྲ་མི་རྟག་པར་དམ་བཅས་པའི་དམ་བཅའི་ཞེན་དོན་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སྒྲ་དེ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གི་རྒྱུད་ཀྱི་ཚད་མའི་གཞལ་བྱ་ཡིན་པའི་ཕྱིར་ཟེར་ན། སྒྲ་དེ་དེ་འདྲའི་རྗེས་དཔག་གི་ཡུལ་ཡིན་པར་ཐལ། སྒྲ་དེ་སྒྲ་མི་རྟག་ཅེས་པའི་ངག་གི་བརྗོད་བྱ་ཡིན་པའི་ཕྱིར་ཏེ། དེ་འདྲའི་ངག་གིས་སྒྲ་བརྗོད་པའི་ཕྱིར། གཞན་ཡང་། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གིས་སྒྲ་རྟོགས་པར་ཐལ། དེས་སྒྲ་མི་རྟག་པ་དང་ལྡན་པར་རྟོགས་པའི་ཕྱིར་ཏེ། དེས་སྒྲ་མི་རྟག་པའི་ཁྱད་གཞིར་རྟོགས་པའི་ཕྱིར། ཁ་ཅིག་ན་རེ། བློ་དེ་ལ་སྣང་བ་ཙམ་གྱི་སྒོ་ནས་རིག་པར་བྱ་བ་བློ་དེའི་སྣང་ཡུལ་གྱི་མཚན་ཉིད། བློ་དེས་ཞེན་པ་ཙམ་གྱི་སྒོ་ནས་རིག་པར་བྱ་བ་བློ་དེའི་ཞེན་ཡུལ་གྱི་མཚན་ཉིད་ཟེར་ན། དང་པོ་ལ། རི་བོང་གི་རྭའི་དོན་སྤྱི་ཆོས་ཅན། རི་བོང་གི་རྭ་འཛིན་པའི་རྟོག་པས་སྣང་བ་ཙམ་གྱི་སྒོ་ནས་རིག་པར་བྱ་བ་ཡིན་པར་ཐལ། དེའི་སྣང་ཡུལ་ཡིན་པའི་ཕྱིར། འདོད་ན། དེས་རིག་པར་བྱ་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེས་རིག་པར་བྱ་བ་མེད་པའི་ཕྱིར། གཉིས་པ་ལ། རི་བོང་གི་རྭ་ཆོས་ཅན། རི་བོང་གི་རྭ་འཛིན་པའི་རྟོག་པས་ཞེན་པ་ཙམ་གྱི་སྒོ་ནས་རིག་པར་བྱ་བ་ཡིན་པར་ཐལ། དེའི་ཞེན་ཡུལ་ཡིན་པའི་ཕྱིར། འདོད་ན། དེས་རིག་པར་བྱ་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེས་རིག་པར་བྱ་བ་མེད་པའི་ཕྱིར། །

༈ རང་ལུགས་བཞག་པ་ནི། བློས་རིག་པར་བྱ་བ་ཡུལ་གྱི་མཚན་ཉིད། དེ་ལ་དབྱེ་ན། སྣང་ཡུལ། གཟུང་ཡུལ། ཞེན་ཡུལ། འཇུག་ཡུལ་དང་བཞི་ཡོད། ཚད་མ་ལ་སྣང་བའི་སྒོ་ནས་ཚད་མའི་ཡུལ་དུ་བཞག་པར་བྱ་བ། ཚད་མའི་སྣང་ཡུལ་གྱི་མཚན་ཉིད། ཚད་མས་ཞེན་པ་ཙམ་གྱི་སྒོ་ནས་ཚད་མའི་ཡུལ་དུ་བཞག་པར་བྱ་བ། དེའི་ཞེན་ཡུལ་གྱི་མཚན་ཉིད། གཞི་གྲུབ་ན་ཚད་མའི་ཡུལ་བཞི་པོ་གང་རུང་ཡིན་པས་ཁྱབ། མངོན་སུམ་གྱི་སྣང་ཡུལ། དེའི་གཟུང་ཡུལ་རང་མཚན་རྣམས་དོན་གཅིག་ཅིང་། གཞི་གྲུབ་ན་མངོན་སུམ་གྱི་ཞེན་ཡུལ་ཡིན་པས་ཁྱབ། བྱས་པ་ལ་ཁོ་ན་རེ། ཤེས་བྱ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། མངོན་སུམ་གྱིས་ཞེན་པ་ཙམ་གྱི་སྒོ་ནས་རིག་པར་བྱ་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མངོན་སུམ་དེ་ཁྱོད་ལ་ཞེན་པའི་རིག་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། རྣམ་མཁྱེན་དེ་ཁྱོད་ལ་ཞེན་པའི་རིག་པ་ཡིན་པར་ཐལ་ལོ། །འདོད་ན། རྣམ་མཁྱེན་ཆོས་ཅན། ཞེན་རིག་ཏུ་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། རྟོག་པར་ཐལ་ལོ་ཟེར་ན། ཁོ་རང་ལ། རྣམ་མཁྱེན་ཆོས་ཅན། ངེས་ཤེས་ཡིན་པར་ཐལ། ཤེས་བྱ་ངེས་པའི་ཤེས་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། རྟོག་པར་ཐལ་ལོ། །གཞན་ཡང་། རྣམ་མཁྱེན་དེ་ཤེས་བྱ་ལ་ཞེན་པའི་རིག་པ་ཡིན་པར་ཐལ། དེ་ཤེས་བྱ་རྟག་པར་ཞེན་པའི་རིག་པ་ཡིན་པའི་ཕྱིར་ཏེ། སངས་འཕགས་དེ་ཤེས་བྱ་རྟག་པར་ཞེན་པའི་གང་ཟག་ཡིན་པའི་ཕྱིར་ཏེ། དེ་ཤེས་བྱ་རྟག་པར་བདེན་ཞེན་གྱིས་འདོད་པའི་གང་ཟག་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སངས་འཕགས་དེ་ཤེས་བྱ་རྟག་པར་ཞེན་པའི་གང་ཟག་མ་ཡིན་པར་ཐལ། དེ་དེ་ལ་ཞེན་པའི་ཞེན་པ་སྤངས་པའི་གང་ཟག་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་ཤེས་བྱ་རྟག་པ་ལ་ཆགས་པའི་ཆགས་པ་སྤངས་པའི་གང་ཟག་ཡིན་པའི་ཕྱིར། །

མངོན་རྗེས་གཉིས་ཀྱིས་གཞལ་བྱ་རྟོགས་ཚུལ་སོགས་ལ་དཔྱད་པ།

༈ གང་ལ་དོན་གྱི་ནུས་པ་ལས། །ཞེས་སོགས་རྐང་པ་བཞི་གང་ལས་འཕྲོས་ན། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་པའི་སྐབས་སུ། ཚད་མའི་སྣང་ཡུལ་དུ་གྱུར་པའི་གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་ན། ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་པས་ཁྱབ་པ་ཁས་བླངས་པ་ལ། དེ་ལྟར་ཁྱབ་པའི་རྒྱུ་མཚན་གང་ཞེ་ན། དེ་ལྟར་ཁྱབ་པ་ཡིན་ཏེ། ཚད་མའི་སྣང་ཡུལ་དུ་གྱུར་པའི་གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་ན། ཚད་མ་ལ་རང་ཡུལ་དུ་གྱུར་པའི་སྤྱི་མཚན་སྣང་ཡུལ་དུ་མི་བྱེད་ཅིང་། རང་ཡུལ་མངོན་དུ་གྱུར་པའི་ཚུལ་གྱིས་འཇལ་བའི་ཚད་མ་གཅིག་དང་། རང་ཡུལ་དུ་གྱུར་པའི་རང་མཚན་སྣང་ཡུལ་དུ་མི་བྱེད་ཅིང་། རང་ཡུལ་ལྐོག་ཏུ་གྱུར་པའི་ཚུལ་གྱིས་འཇལ་བའི་ཚད་མ་གཉིས་སུ་གྲངས་ངེས་པས་ཁྱབ། དེ་ལྟར་གྲངས་ངེས་ན། ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་པས་ཁྱབ་པའི་ཕྱིར། རྟགས་ཕྱི་མ་གྲུབ་སྟེ། རང་ཡུལ་དུ་གྱུར་པའི་སྤྱི་མཚན་སྣང་ཡུལ་དུ་མི་བྱེད་ཅིང་། རང་ཡུལ་མངོན་དུ་གྱུར་པའི་ཚུལ་གྱིས་འཇལ་བའི་ཚད་མ་དེ་མངོན་སུམ་གྱི་ཚད་མ། རང་ཡུལ་དུ་གྱུར་པའི་རང་མཚན་སྣང་ཡུལ་དུ་མི་བྱེད་ཅིང་། རང་ཡུལ་ལྐོག་ཏུ་གྱུར་པའི་ཚུལ་གྱིས་འཇལ་བའི་ཚད་མ་དེ། རྗེས་སུ་དཔག་པའི་ཚད་མ་ཡིན་པའི་ཕྱིར། དེ་ཡང་དང་པོ་དེ་མངོན་སུམ་གྱི་ཚད་མར་སྒྲུབ་པའི་སྒོ་ནས་གཞལ་བྱ་མངོན་གྱུར་གྱི་ངོ་བོ་ངོས་འཛིན་པར་བྱེད་པ་ལ། གང་ལ་དོན་གྱི། ཞེས་སོགས་རྐང་པ་གསུམ་བྱུང་། གཉིས་པ་དེ་རྗེས་སུ་དཔག་པའི་ཚད་མར་སྒྲུབ་པའི་སྒོ་ནས་གཞལ་བྱ་ལྐོག་གྱུར་དེ་འཆད་པར་བྱེད་པ་ལ། དེ་ལས་གཞན་དངོས། ཞེས་པ་ནས། །སྒྲུབ་བྱེད་གཅིག་ཏུ་ངེས་པ་ཡིན། །ཞེས་པའི་བར་བྱུང་། དེ་ཡང་གཞལ་བྱ་ལྐོག་གྱུར་གྱི་ངོ་བོ་ངོས་འཛིན་པར་བྱེད་པ་ལ། དེ་ལས་གཞན་དངོས་དབང་པོ་འདས། །ཞེས་པ་འདི་བྱུང་། དེ་ལྟར་ཡིན་ན། གཞལ་བྱ་ལྐོག་གྱུར་དེ་གང་ལ་བརྟེན་ནས་རྟོགས་པ་ཡིན་ཞེ་ན། དེ་ཡང་ལྐོག་གྱུར་གྱི་མཚན་གཞི། དུ་ལྡན་ལ་དང་མེ་ཡོད་ཀྱི་ཚོགས་དོན་ལྟ་བུ་དེ། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ལ་བརྟེན་ནས་རྟོགས་སོ། །ཞེས་འཆད་པར་བྱེད་པ་ལ། མ་མཐོང་བདག་ཉིད་ངོ་བོ་དེ། །ཞེས་སོགས་རྐང་པ་གཉིས་བྱུང་། འོ་ན། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་དེ་གང་ཞེ་ན། དུ་བ་དེ་དེ་ལྟར་སྒྲུབ་པའི་རྟགས་ཡང་དག་ཡིན་ནོ། །ཞེས་འཆད་པར་བྱེད་པ་ལ། གལ་ཏེ་དེ་རྟེན་དང་འབྲེལ་ཅན། །ཞེས་སོགས་རྐང་པ་བཞི་བྱུང་། དུ་བ་དུ་ལྡན་ལ་ལ་རྩྭ་དང་སོག་མའི་མེ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་བསྟན་པའི་སྒོ་ནས་རྟགས་ལྟར་སྣང་དེ་ངོས་འཛིན་པར་བྱེད་པ་ལ། དེས་ན་ལྐོག་གྱུར་དོན་ཐམས་ཅད། །ཅེས་སོགས་རྐང་པ་གཉིས་བྱུང་། དེ་ལྟར་ཡིན་ན། རྗེས་སུ་དཔག་པའི་ཚད་མའི་མཚན་ཉིད་དེ་གང་ཞེ་ན། རང་གི་རྟེན་དུ་གྱུར་པའི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་པའི་གསར་དུ་མི་བསླུ་བའི་ཞེན་རིག་དེ། རྗེས་སུ་དཔག་པའི་ཚད་མའི་མཚན་ཉིད་ཡིན་ནོ། །ཞེས་འཆད་པར་བྱེད་པ་ལ། འབྲེལ་པ་ཅན་གྱི་ཆོས་ལས་ནི། །ཞེས་སོགས་རྐང་པ་གཉིས་བྱུང་། རང་ཡུལ་དུ་གྱུར་པའི་རང་མཚན་སྣང་ཡུལ་དུ་མི་བྱེད་ཅིང་། རང་ཡུལ་ལྐོག་ཏུ་གྱུར་པའི་ཚུལ་གྱིས་འཇལ་བའི་ཚད་མ་ཡིན་ན། རྗེས་སུ་དཔག་པའི་ཚད་མ་ཡིན་པས་ཁྱབ་པའི་རྒྱུ་མཚན་དེ་འཆད་པར་བྱེད་པ་ལ། དེ་ནི་རྗེས་དཔག་ལྐོག་གྱུར་གྱི། །ཞེས་པ་རྐང་པ་གཉིས་བྱུང་། དེ་ཐམས་ཅད་ཀྱི་དོན་བསྡུ་འཆད་པར་བྱེད་པ་ལ། མངོན་སུམ་ལྐོག་ཏུ་གྱུར་པ་ལས། །ཞེས་སོགས་རྐང་པ་གཉིས་བྱུང་། དེ་ཡང་ཚད་མའི་འཇུག་ཡུལ་དུ་གྱུར་པའི་གཞལ་བྱ་ལ། མངོན་གྱུར་དང་ལྐོག་གྱུར་གཉིས་སུ་གྲངས་ངེས་ཏེ། དེ་ལ་མངོན་སུམ་གྱི་ཚད་མས་དངོས་སུ་རྟོགས་པར་བྱ་བ་དང་། རྗེས་སུ་དཔག་པའི་ཚད་མས་དངོས་སུ་རྟོགས་པར་བྱ་བ་གཉིས་སུ་གྲངས་ངེས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། མངོན་སུམ་ལྐོག་ཏུ་གྱུར་པ་ལས། །ཞེས་སོགས་རྐང་པ་གཉིས་བྱུང་། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་པའི་མཇུག་བསྡུ་དངོས་འཆད་པར་བྱེད་པ་ལ། དེ་ཕྱིར་གཞལ་བྱ་གཉིས་ཉིད་ཀྱིས། །ཞེས་སོགས་རྐང་པ་གཉིས་བྱུང་། །

༈ མངོན་སུམ་ལྐོག་ཏུ་གྱུར་པ་ལས། །ཞེས་སོགས་ཀྱི་སྐབས་སུ། མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། མྱོང་སྟོབས་ཀྱིས་སྒྲོ་འདོགས་བཅད་པར་བྱ་བ། མངོན་གྱུར་གྱི་མཚན་ཉིད། རྟགས་སྟོབས་ཀྱིས་སྒྲོ་འདོགས་བཅད་པར་བྱ་བ། ལྐོག་གྱུར་གྱི་མཚན་ཉིད། ཟེར་ན། དང་པོ་ལ། གཟུགས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་མྱོང་བྱེད་ཀྱི་ཤེས་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་ཁྱོད་རང་མྱོང་བྱེད་ཀྱི་ཤེས་པའི་མྱོང་བྱ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཤེས་པ་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། མྱོང་བྱ་ཉིད་ཕྱིར་སེམས་ཡིན་ནོ། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། གཟུགས་མྱོང་བྱེད་ཀྱི་ཤེས་པ་ཡོད་པར་ཐལ། རོ་མྱོང་བྱེད་ཀྱི་ཤེས་པ་ཡོད་པའི་ཕྱིར་ཏེ། ལྕེ་ཤེས་ཀྱིས་རོ་མྱོང་བའི་ཕྱིར། མིག་ཤེས་ཀྱིས་གཟུགས་མཐོང་བའི་ཕྱིར་ན་མ་ཁྱབ། ཁོ་རང་ལ། མྱོང་བྱེད་དོན་གཞན་ཡོད་པར་ཐལ། ལྕེ་ཤེས་ཀྱིས་རོ་མྱོང་བ་གང་ཞིག །ལྕེ་ཤེས་དང་རོ་གཉིས་དོན་གཞན་ཡིན་པའི་ཕྱིར། དང་པོ་དངོས། འདོད་ན། རང་རིག་མེད་པར་ཐལ་ལོ། །གཞན་ཡང་། གཟུགས་འཛིན་མིག་ཤེས་ཀྱིས་གཟུགས་མྱོང་བར་ཐལ། གཟུགས་མྱོང་བྱེད་ཀྱི་ཤེས་པ་ཡོད་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། ཁོ་ཁོ་རང་ཉམས་སུ་མྱོང་བའི་རང་རིག་གི་མྱོང་བྱ་ཡིན་པའི་རྒྱུ་མཚན་གྱིས་ཁོས་གཟུགས་མྱོང་ཞེས་མིང་གིས་བཏགས་པ་ཡིན་པའི་ཕྱིར་ཏེ། དེ་མྱོང་ཕྱིར་ན་འཇིག་རྟེན་འདོགས། །ཞེས་གསུངས་པའི་ཕྱིར། གཞན་ཡང་། གཟུགས་འཇལ་བའི་ཚད་མས་གཟུགས་མྱོང་བར་ཐལ། གཟུགས་མྱོང་བྱེད་ཀྱི་ཤེས་པ་ཡོད་པའི་ཕྱིར། འདོད་ན། ཚོར་བ་སྡུག་བསྔལ་འཇལ་བའི་ཚད་མས་ཚོར་བ་སྔུག་བསྔལ་མྱོང་བར་ཐལ། འདོད་པའི་ཕྱིར། འདོད་ན། ཚོར་བ་སྡུག་བསྔལ་འཇལ་བའི་རྣམ་མཁྱེན་གྱིས་ཚོར་བ་སྡུག་བསྔལ་མྱོང་བར་ཐལ། འདོད་པའི་ཕྱིར། འདོད་ན། སངས་འཕགས་ཀྱིས་ཚོར་བ་སྡུག་བསྔལ་མྱོང་བར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེས་དེ་སྤངས་པའི་ཕྱིར། མཚན་ཉིད་གཉིས་པ་ལ། གཞི་གྲུབ་ན། རྟགས་ཡང་དག་ལ་བརྟེན་ནས་རྟོགས་པར་བྱ་བ་ཡིན་དགོས་པར་ཐལ། གཞི་གྲུབ་ན། རྟགས་སྟོབས་ཀྱིས་སྒྲོ་འདོགས་བཅད་པར་བྱ་བ་ཡིན་དགོས་པའི་ཕྱིར་ཏེ། རྟགས་སྟོབས་ཀྱིས་སྒྲོ་འདོགས་བཅད་པར་བྱ་བ་ལྐོག་གྱུར་གྱི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། རྟགས་ཡག་དག་ལ་མ་བརྟེན་པར་རྟོགས་པར་བྱ་བ་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལ་མ་བརྟེན་པར་མངོན་སུམ་ཚད་མས་རྟོགས་པར་བྱ་བ་ཡོད་པའི་ཕྱིར་ཏེ། མངོན་སུམ་གྱི་ཚད་མས་རང་དབང་དུ་རྟོགས་པར་བྱ་བ་ཡོད་པའི་ཕྱིར་ཏེ། དེ་ལ་འཛིན་པ་རང་དབང་ཅན། །ཞེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། རྟགས་ཡང་དག་ལ་མ་བརྟེན་པར་མངོན་སུམ་གྱི་ཚད་མས་དངོས་སུ་རྟོགས་པར་བྱ་བ་མངོན་གྱུར་གྱི་མཚན་ཉིད། དེ་ལ་བརྟེན་ནས་རྗེས་དཔག་གི་ཚད་མས་དངོས་སུ་རྟོགས་པར་བྱ་བ། གཅིག་ཤོས་ཀྱི་མཚན་ཉིད་ཟེར་ན། དེ་ལ་སྐྱོན་འཕེན་པ་ཁ་ཅིག་ན་རེ། སྒྲ་མི་རྟག་པ་ཆོས་ཅན། མཚན་ཉིད་དང་པོ་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། རྟགས་ཡང་དག་ལ་མ་བརྟེན་པར་ཚད་མས་རྟོགས་པར་བྱ་བ་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། དེ་ལ་བརྟེན་ནས་ཚད་མས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ཏེ། བསྒྲུབ་བྱ་ཡང་དག་ཡིན་པའི་ཕྱིར། གཉིས་པ་ལ་སྔོན་པོ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་ལ་བརྟེན་ནས་ཚད་མས་རྟོགས་པར་བྱ་བ་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། དེ་ལ་མ་བརྟེན་པར་ཚད་མས་རྟོགས་པར་བྱ་བ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་ལ་མ་བརྟེན་པར་ཚད་མས་རྟོགས་པར་བྱ་བ་ཡོད་པའི་ཕྱིར་ཟེར་ན། ཁོ་རང་ལ། སྒྲ་མི་རྟག་པ་ཆོས་ཅན། རྟགས་ཡང་དག་ལ་མ་བརྟེན་པར་མངོན་སུམ་གྱི་ཚད་མས་དེར་ཐལ། མངོན་སུམ་གྱི་ཚད་མས་རྟགས་ཡང་དག་ལ་མ་བརྟེན་པར་དངོས་སུ་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ཏེ། དེས་རང་དབང་དུ་དངོས་སུ་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ཏེ། མངོན་གྱུར་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ལ་འཛིན་པ་རང་དབང་ཅན། །ཞེས་གསུངས་པའི་ཕྱིར། གཞན་ཡང་། སྔོན་པོ་ཆོས་ཅན། མཚན་ཉིད་གཉིས་པ་དེར་ཐལ། རྗེས་སུ་དཔག་པའི་ཚད་མས་རྟགས་ཡང་དག་ལ་བརྟེན་ནས་དངོས་སུ་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ཏེ། ཁྱོད་ཁྱོད་རང་རྟོགས་པའི་རྗེས་སུ་དཔག་པའི་ཚད་མས་དེ་ལ་བརྟེན་ནས་དངོས་སུ་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ཏེ། ཁྱོད་རྟོགས་པའི་རྗེས་དཔག་དེ་དེ་ལ་བརྟེན་ནས་རང་གི་གཞལ་བྱ་དངོས་སུ་རྟོགས་པའི་ཚད་མ་ཡིན་པའི་ཕྱིར། མ་གྲུབ་ན། སྔོན་པོ་རྟོགས་པའི་རྗེས་དཔག་ཆོས་ཅན། རྟགས་ཡང་དག་ལ་བརྟེན་ནས་རང་གི་དེར་ཐལ། རྗེས་སུ་དཔག་པའི་ཚད་མ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། གང་ཟག་དེའི་རྒྱུད་ཀྱི་མངོན་སུམ་གྱི་ཚད་མས་རྟོགས་པར་བྱ་བ་གང་ཟག་དེ་ལ་མངོན་གྱུར་གྱི་མཚན་ཉིད་དང་། དེའི་རྒྱུད་ཀྱི་རྗེས་སུ་དཔག་པའི་ཚད་མས་རྟོགས་པར་བྱ་བ། གང་ཟག་དེ་ལ་གཅིག་ཤོས་ཀྱི་མཚན་ཉིད་ཟེར་ན། དང་པོ་ལ། ཁ་ཅིག་ན་རེ། ཤེས་བྱ་ཆོས་ཅན། སངས་འཕགས་ལ་མངོན་གྱུར་ཡིན་པར་ཐལ། སངས་འཕགས་ཀྱི་རྒྱུད་ཀྱི་མངོན་སུམ་གྱི་ཚད་མས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ཏེ། རྣམ་མཁྱེན་གྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། སངས་འཕགས་ལ་མངོན་གྱུར་དུ་སྣང་བར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། མངོན་གྱུར་ཡིན་པར་ཐལ། འདོད་པ་གང་ཞིག། སངས་འཕགས་ལ་སྣང་བ་སྣང་བ་ལྟར་དུ་གྲུབ་པའི་ཕྱིར། མཚན་ཉིད་གཉིས་པ་ལ། སྒྲ་མི་རྟག་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གི་རྒྱུད་ཀྱི་རྗེས་སུ་དཔག་པའི་ཚད་མས་དེར་ཐལ། དེ་ལ་ལྐོག་གྱུར་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། དེ་ལ་བསྒྲུབ་བྱ་ཡང་དག་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་ལ་བསྒྲུབ་བྱ་ཡང་དག་ཏུ་སོང་བ་ཡིན་པའི་ཕྱིར། གཞན་ཡང་། མཚན་ཉིད་གཉིས་པ་ལ། སྔོན་པོ་ཆོས་ཅན། ཚུར་མཐོང་ལ་མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། ཚུར་མཐོང་གི་རྒྱུད་ཀྱི་རྗེས་སུ་དཔག་པའི་ཚད་མའི་གཞལ་བྱ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་ལ་མངོན་གྱུར་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། ཚུར་མཐོང་དེ་སྔོན་པོ་མངོན་སུམ་གྱིས་རྟོགས་པའི་གང་ཟག་ཡིན་པའི་ཕྱིར། ཁ་ཅིག་ན་རེ། བློ་དེས་མངོན་སུམ་གྱིས་རྟོགས་པར་བྱ་བ། བློ་དེ་ལ་མངོན་གྱུར་གྱི་མཚན་ཉིད་ཟེར་ན། བློ་དེས་མངོན་སུམ་གྱིས་རྟོགས་པར་བྱ་བ་ཡོད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། བློ་དེ་རྟོག་མེད་ཀྱི་ཤེས་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བློ་དེ་ཡོད་ན། བློ་དེ་རྟོག་མེད་ཀྱི་ཤེས་པ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། རི་བོང་རྭ་འཛིན་རྟོག་པ་རྟོག་མེད་ཀྱི་ཤེས་པ་ཡིན་པར་ཐལ། རི་བོང་རྭ་འཛིན་རྟོག་པ་ཡོད་པའི་ཕྱིར། ཁ་ཅིག་ན་རེ། སྒྲ་མི་རྟག་པ་དེ་སྒྲ་འཛིན་དབང་མངོན་ལ་མངོན་གྱུར་ཡིན་ནོ་ཟེར་ན། དེ་གྲངས་ཅན་གྱི་རྒྱུད་ཀྱི་སྒྲ་འཛིན་དབང་མངོན་ལ་མངོན་གྱུར་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་གྲངས་ཅན་ལ་མངོན་གྱུར་ཡིན་པར་ཐལ་ལོ། །འདོད་མི་ནུས་ཏེ། དེ་དེ་ལ་ལྐོག་གྱུར་ཡིན་པའི་ཕྱིར། མ་གྲུབ་ན། གྲངས་ཅན་ཆོས་ཅན། སྒྲ་མི་རྟག་པ་ཁྱོད་ལ་དེ་ཡིན་པར་ཐལ། ཁྱོད་སྒྲ་མི་རྟག་པ་ཚད་མས་ངེས་དགོས་ཀྱི་གང་ཟག་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སྒྲ་མི་རྟག་པ་དེ་གྲངས་ཅན་གྱི་རྒྱུད་ཀྱི་སྒྲ་འཛིན་དབང་མངོན་ལ་མངོན་གྱུར་ཡིན་པར་ཐལ། དེ་དེ་ལ་མངོན་གྱུར་དང་། ལྐོག་གྱུར་གང་རུང་གང་ཞིག །དེ་དེ་ལ་ལྐོག་གྱུར་མ་ཡིན་པའི་ཕྱིར། ཕྱི་མ་མ་གྲུབ་ན། གྲངས་ཅན་གྱི་རྒྱུད་ཀྱི་དེ་ཆོས་ཅན། སྒྲ་མི་རྟག་པ་ཁྱོད་ལ་ལྐོག་གྱུར་མ་ཡིན་པར་ཐལ། ཁྱོད་སྒྲ་མི་རྟག་པ་གསལ་བར་སྣང་བའི་བློ་ཡིན་པའི་ཕྱིར་ན་མ་ཁྱབ། ཚུར་མཐོང་ཆོས་ཅན། སྒྲ་མི་རྟག་པ་ཁྱོད་ལ་ལྐོག་གྱུར་མ་ཡིན་པར་ཐལ། ཁྱོད་དེ་གསལ་བར་སྣང་བའི་གང་ཟག་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེ་དེ་མ་ཡིན་པར་ཐལ། ཚུར་མཐོང་གི་རྒྱུད་ཀྱི་སྒྲ་འཛིན་དབང་མངོན་དེ་སྒྲ་མི་རྟག་པ་གསལ་བར་སྣང་བའི་ཤེས་པ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་ཕྲ་བའི་མི་རྟག་པ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཚུར་མཐོང་ཆོས་ཅན། སྒྲ་མི་རྟག་པ་གསལ་བར་སྣང་བའི་གང་ཟག་མ་ཡིན་པར་ཐལ། སྒྲ་མི་རྟག་པ་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་གང་ཟག་ཡིན་པའི་ཕྱིར་ན་མ་ཁྱབ། གཞན་ཡང་། ཚུར་མཐོང་ཆོས་ཅན། སྒྲ་མི་རྟག་པ་མི་གསལ་བར་སྣང་བའི་གང་ཟག་ཡིན་པར་ཐལ། རང་རྒྱུད་ཀྱི་རྟོག་པ་ལ་དེ་མི་གསལ་བར་སྣང་བའི་གང་ཟག་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། རང་རྒྱུད་ཀྱི་རྟོག་པ་དེ་དེ་མི་གསལ་བར་འཛིན་པའི་རྟོག་པ་ཡིན་པའི་ཕྱིར་ཟེར་ན། ཁོ་རང་ལ། ཚུར་མཐོང་ཆོས་ཅན། སྔོན་པོ་ལྐོག་གྱུར་དུ་སོང་བའི་གང་ཟག་ཏུ་ཐལ། རང་རྒྱུད་ཀྱི་རྟོག་པ་ལ་དེ་ལྐོག་གྱུར་དུ་སོང་བའི་གང་ཟག་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། སྔོན་པོ་དེ་ཁྱོད་ཀྱི་རྒྱུད་ཀྱི་རྟོག་པ་ལ་ལྐོག་གྱུར་དུ་སོང་བ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་མངོན་གྱུར་དུ་སོང་བའི་གང་ཟག་ཡིན་པའི་ཕྱིར་ཏེ། དེ་མངོན་སུམ་གྱིས་རྟོགས་པའི་གང་ཟག་ཡིན་པའི་ཕྱིར། ཁ་ཅིག་ན་རེ། མངོན་གྱུར་དང་ལྐོག་གྱུར་གཉིས་འགལ་ལོ་ཟེར་ན། གཟུགས་འཛིན་ཡིད་མངོན་ཆོས་ཅན། ལྐོག་གྱུར་མ་ཡིན་པར་ཐལ། གཅིག་ཤོས་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། རང་མཚན་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཤིན་ཏུ་ལྐོག་གྱུར་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མངོན་ལྐོག་གཉིས་འགལ་བར་ཐལ། གང་ཟག་གཅིག་ལ་ལྟོས་ཏེ་མངོན་ལྐོག་གཉིས་འགལ་བའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། གང་ཟག་གཅིག་ལ་ལྟོས་ཏེ་མངོན་སུམ་གྱིས་རྟོགས་པ་དང་། དོན་སྤྱིའི་ཚུལ་གྱིས་རྟོགས་པ་གཉིས་འགལ་བའི་ཕྱིར་ཟེར་ན། ཁོ་རང་ལ། རྒྱུ་འབྲས་འགལ་བར་ཐལ། དུ་བ་ལ་ལྟོས་ཏེ་རྒྱུ་འབྲས་འགལ་བའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། དངོས་པོ་ཡིན་ན། རྒྱུ་འབྲས་གཉིས་ཀ་ཡིན་དགོས་པའི་ཕྱིར། ཁ་ཅིག་ན་རེ། རྗེས་སུ་དཔག་པའི་ཚད་མ་ཡིན་ན། རང་གི་གཞལ་བྱ་ལྐོག་གྱུར་ལ་གསར་དུ་མི་བསླུ་བའི་ཞེན་རིག་ཡིན་པས་ཁྱབ་ཟེར་ན། བུམ་པ་རྟོགས་པའི་རྗེས་དཔག་ཆོས་ཅན། ཐལ་ཕྱིར། འདོད་ན། དེས་བུམ་པ་ལྐོག་གྱུར་ཡིན་པ་དེ་རྟོགས་པར་ཐལ། འདོད་པའི་ཕྱིར། འདོད་ན། བུམ་འཛིན་དབང་མངོན་དེས། བུམ་པ་མངོན་གྱུར་ཡིན་པ་དེ་རྟོགས་པར་ཐལ། འདོད་པའི་ཕྱིར། ཁ་ཅིག་ན་རེ། རང་གི་རྟེན་དུ་གྱུར་པའི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་པའི་གསར་དུ་མི་བསླུ་བའི་ཞེན་རིག་དེ། རྗེས་དཔག་ཚད་མའི་མཚན་ཉིད་དང་། རྗེས་དཔག་གི་དེ་ཡང་ཡིན་ནོ་ཟེར་ན། ཆོས་དེ་ལ་རྗེས་དཔག་ཚད་མ་ཡིན་ན། ཆོས་དེ་ལ་རྗེས་དཔག་ཡིན་དགོས་པར་ཐལ། རྗེས་དཔག་དང་རྗེས་དཔག་གི་ཚད་མ་གཉིས་པོ་མཚན་ཉིད་གཅིག་གིས་མཚོན་པར་ནུས་པའི་ཕྱིར། འདོད་ན། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཆོས་ཅན། སྒྲ་རྟག་པ་མ་ཡིན་པ་ལ། ཐལ་ཕྱིར། ཁྱབ་པ་ཁས། འདོད་ན། དེ་ཆོས་ཅན། དེ་ལ་རྟོག་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་ལ་དེའི་རྣམ་པ་ཤར་བར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་དེ་ཤུགས་ལ་རྟོགས་པའི་བློ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཆོས་དེ་ལ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའི་རིག་པ་ཡིན་ན། ཆོས་དེ་ལ་མངོན་སུམ་ཡིན་དགོས་པར་ཐལ། རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའི་རིག་པ་མངོན་སུམ་གྱི་མཚན་ཉིད་ཡིན་པའི་ཕྱིར། ཁྱབ་པ་ཁས་ཟེར་ན། མི་འགྲིག་གོ །འདོད་ན། རྣམ་མཁྱེན་ཆོས་ཅན། གང་ཟག་གི་བདག་མེད་ལ། ཐལ་ཕྱིར། རྟགས་གྲུབ་སྟེ། དེ་ལ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་ཚད་མ་ཡིན་པའི་ཕྱིར་ཏེ། དེ་ལ་མ་འཁྲུལ་བའི་ཚད་མ་གང་ཞིག །རྟོག་པ་དང་བྲལ་བ་ཡིན་པའི་ཕྱིར། རྩ་བར་འདོད་ན། རྣམ་མཁྱེན་ཆོས་ཅན། ཁྱོད་ལ་གང་ཟག་གི་བདག་མེད་ཀྱི་རྣམ་པ་ཤར་བར་ཐལ། འདོད་པའི་ཕྱིར། རང་རེས། རྣམ་མཁྱེན་དེ་གང་ཟག་གི་བདག་མེད་ལ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའི་རིག་པར་ཁས་བླངས་པ་ལ། ཁ་ཅིག་ན་རེ། རྣམ་མཁྱེན་ཆོས་ཅན། གང་ཟག་གི་བདག་མེད་ལ་མ་འཁྲུལ་པའི་རིག་པ་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་ལ་མངོན་སུམ་ཡིན་པར་ཐལ། འདོད་པ་གང་ཞིག །མ་འཁྲུལ་པའི་རིག་པ་ཡིན་ན། མངོན་སུམ་ཡིན་དགོས་པའི་ཕྱིར་ན་མ་ཁྱབ། ཁོ་རང་ལ། རྣམ་མཁྱེན་ཆོས་ཅན། གང་ཟག་གི་བདག་མེད་ལ་མངོན་སུམ་དུ་ཐལ། དེ་ལ་མངོན་སུམ་ཚད་མ་གང་ཞིག །མངོན་སུམ་གྱི་ཚད་མ་ཡིན་ན་མངོན་སུམ་ཡིན་དགོས་པའི་ཕྱིར། ཁྱབ་པ་ཁས། རང་རེས། གང་ཟག་གཅིག་ལ་ལྟོས་ཏེ་མངོན་ལྐོག་གཉིས་འགལ། བྱས་པ་ལ་ཁོ་ན་རེ། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་ཡིད་མངོན་ཆོས་ཅན། ཚུར་མཐོང་ལ་མངོན་གྱུར་མ་ཡིན་པར་ཐལ། དེ་ལ་གཅིག་ཤོས་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་ལ་ཤིན་ཏུ་ལྐོག་གྱུར་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེའི་རྒྱུད་ཀྱི་གཟུགས་འཛིན་ཡིད་མངོན་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ལ་མངོན་གྱུར་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཁྱོད་རང་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ལ་དེར་ཐལ། ཁྱོད་ཤེས་པ་ཡིན་པའི་ཕྱིར་ན་མ་ཁྱབ། གཞན་ཡང་། སྒྲ་མི་རྟག་པ་ཆོས་ཅན། གྲངས་ཅན་ལ་ལྐོག་གྱུར་མ་ཡིན་པར་ཐལ། དེ་ལ་གཅིག་ཤོས་དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེའི་རྒྱུད་ཀྱི་སྒྲ་འཛིན་དབང་མངོན་ལ་དེ་ཡིན་པའི་ཕྱིར། མ་གྲུབ་ན། དེའི་རྒྱུད་ཀྱི་དེ་ཆོས་ཅན། སྒྲ་མི་རྟག་པ་ཁྱོད་ལ་དེར་ཐལ། སྒྲ་ཁྱོད་ལ་དེ་གང་ཞིག །སྒྲ་དང་སྒྲ་མི་རྟག་པ་གཉིས་པོ་ཡུལ་དུས་རང་བཞིན་གང་ལ་ལྟོས་ཏེ་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར་ན་མ་ཁྱབ། ཁ་ཅིག་ན་རེ། རང་གི་རྟེན་དུ་གྱུར་པའི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་ཤིང་། རང་གི་གཞལ་བྱར་གྱུར་པའི་དངོས་སྟོབས་ཀྱིས་གྲུབ་པ་ལ་གསར་དུ་མི་བསླུ་བའི་ཞེན་རིག་དངོས་སྟོབས་རྗེས་དཔག་གི་མཚན་ཉིད། དེ་ལ་བརྟེན་ནས་སྐྱེས་ཤིང་། རང་གི་གཞལ་བྱར་གྱུར་པའི་ཤིན་ཏུ་ལྐོག་གྱུར་ལ་གསར་དུ་མི་བསླུ་བའི་ཞེན་རིག་དེ། ཡིད་ཆེས་དཔག་གི་མཚན་ཉིད། དེ་ལ་བརྟེན་ནས་སྐྱེས་ཤིང་། རང་གི་གཞལ་བྱར་གྱུར་པའི་གྲགས་དབང་གིས་གྲུབ་པ་ལ་གསར་དུ་མི་བསླུ་བའི་རིག་པ་དེ། གྲགས་པའི་དེའི་མཚན་ཉིད་ཟེར་ན། རྗེས་དཔག་ཆོས་ཅན། མཚོན་བྱ་དང་པོ་ལ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། དང་པོ་གང་ཞིག །ཕྱི་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རྗེས་དཔག་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། རྗེས་དཔག་གི་གཞལ་བྱར་གྱུར་པའི་དངོས་སྟོབས་ཀྱིས་གྲུབ་པ་དེ། རྗེས་དཔག་གི་གཞལ་བྱ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཡིད་ཆེས་རྗེས་དཔག་ཡིན་པའི་ཕྱིར་ཏེ། མཚན་ཉིད་དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དང་པོ་གང་ཞིག །ཕྱི་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རྗེས་དཔག་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། དེའི་གཞལ་བྱར་གྱུར་པའི་ཤིན་ཏུ་ལྐོག་གྱུར་དེ་རྗེས་དཔག་གི་གཞལ་བྱ་ཡིན་པའི་ཕྱིར། གཞན་ཡང་། རྗེས་དཔག་ཆོས་ཅན། གྲགས་པའི་རྗེས་དཔག་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། ཁྱབ་པ་ཁས། རྟགས་དེར་ཐལ། དང་པོ་གང་ཞིག །ཕྱི་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རྗེས་དཔག་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། དེའི་གཞལ་བྱར་གྱུར་པའི་གྲགས་དབང་གིས་གྲུབ་པ་དེ། རྗེས་དཔག་གི་གཞལ་བྱ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རང་གི་རྟེན་དུ་གྱུར་པའི་དངོས་སྟོབས་ཀྱི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་ཤིང་། རང་གི་གཞལ་བྱར་གྱུར་པའི་ཞེས་སོགས་ཀྱི་དེ། དངོས་སྟོབས་རྗེས་དཔག་གི་མཚན་ཉིད། ཕྱི་མ་ཡང་རིགས་འགྲེའོ་ཟེར་བ་དང་། རྗེས་དཔག་གསུམ་གྱི་གཞལ་བྱ་འགལ་ཟེར་བ་ནང་འགལ་ཏེ། འོ་ན། རྗེས་དཔག་ཆོས་ཅན། དངོས་སྟོབས་རྗེས་དཔག་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དང་པོ་གང་ཞིག །ཕྱི་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རྗེས་དཔག་གི་རྟེན་དུ་གྱུར་པའི་དངོས་སྟོབས་ཀྱི་རྟགས་ཡང་དག་ཡོད་པའི་ཕྱིར་ཏེ། དེའི་རྟེན་དུ་གྱུར་པའི་རྟགས་ཡང་དག་ཡོད། དེའི་རྟེན་དུ་གྱུར་པའི་ཡིད་ཆེས་ཀྱི་རྟགས་ཡང་དག་མེད། གྲགས་པའི་རྟགས་ཡང་དག་མེད་པ་གང་ཞིག །རྟགས་ཡང་དག་ཡིན་ན། དངོས་སྟོབས་ཀྱི་རྟགས་ཡང་དག་སོགས་གསུམ་པོ་གང་རུང་ཡིན་དགོས་པའི་ཕྱིར། ཕྱི་མ་གྲུབ་སྟེ། རྟགས་ཡང་དག་ཡིན་ན། འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་པོ་གང་རུང་ཡིན་དགོས་པའི་ཕྱིར། རྩ་བར་འདོད་ན། ཤིན་ཏུ་ལྐོག་གྱུར་རྟོགས་པའི་དངོས་སྟོབས་རྗེས་དཔག་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཤིན་ཏུ་ལྐོག་གྱུར་དེ་དེ་འདྲ་བའི་རྗེས་དཔག་གི་གཞལ་བྱ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཤིན་ཏུ་ལྐོག་གྱུར་ཆོས་ཅན། ཁྱོད་དངོས་སྟོབས་རྗེས་དཔག་གི་དེ་ཡིན་པར་ཐལ། ཁྱོད་རང་རྟོགས་པའི་དེའི་གཞལ་བྱ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཡིད་ཆེས་རྗེས་དཔག་གི་གཞལ་བྱ་ཡིན་པའི་ཕྱིར། ཁྱབ་པ་ཁས། བྱས་པ་ལ་ཁོ་ན་རེ། རྗེས་དཔག་གི་གཞལ་བྱ་ཡིན་ན། རྗེས་དཔག་གསུམ་པོ་གང་རུང་གི་གཞལ་བྱ་ཡིན་དགོས་པར་ཐལ། རྟགས་ཡང་དག་ཡིན་ན། དངོས་སྟོབས་ཀྱི་རྟགས་ཡང་དག་སོགས་གསུམ་པོ་གང་རུང་ཡིན་དགོས་པའི་ཕྱིར། འདོད་ན། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་པའི་ལུང་དང་། དེ་འདྲ་བའི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་གཉིས་ཀ་ཆོས་ཅན། ཐལ་ཕྱིར། འདོད་ན། དེ་ཆོས་ཅན། དངོས་སྟོབས་རྗེས་དཔག་གི་གཞལ་བྱ་ཡིན་པར་ཐལ། འདོད་པ་གང་ཞིག །གཞན་གཉིས་རེ་རེ་ནས་ཀྱི་གཞལ་བྱ་མ་ཡིན་པའི་ཕྱིར། འདོད་ན། དེ་འདྲ་བའི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་དེ་ཡང་དེའི་གཞལ་བྱ་ཡིན་པར་ཐལ། དེ་གཉིས་དེ་ཡིན་པའི་ཕྱིར། འདོད་ན། གོ་སྐབས་མེད་པའི་ཕྱིར་བློ་ནི། །རྗེས་སུ་དཔག་པ་ཉིད་དུ་གསུངས། །ཞེས་གསུངས་པ་མི་འཐད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་སྟེ། དཔྱད་གསུམ་གྱིས་དག་པའི་ལུང་དེ། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་སྒྲུབ་པའི་དངོས་སྟོབས་ཀྱི་རྟགས་ཡང་དག་མ་ཡིན་པ་དེ། དེའི་དོན་ཡིན་པའི་ཕྱིར། དེ་ལྟར་ཡིན་ན། སྦྱིན་པས་ཞེས་སོགས་ཀྱི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་དངོས་སྟོབས་རྗེས་དཔག་གི་གཞལ་བྱ་ཡིན་པར་ཐལ། གཟུགས་འཛིན་ཡིད་མངོན་དེ་དེའི་གཞལ་བྱ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དངོས་སྟོབས་རྗེས་དཔག་གི་དེར་ཐལ། གཟུགས་འཛིན་ཡིད་མངོན་མི་རྟག་པར་རྟོགས་པའི་རྗེས་དཔག་གི་གཞལ་བྱ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། དེ་འདྲའི་རྗེས་དཔག་གིས་གཟུགས་འཛིན་ཡིད་མངོན་རྟོགས་པའི་ཕྱིར་ཏེ། གཟུགས་འཛིན་དབང་མངོན་མི་རྟག་པར་རྟོགས་པའི་རྗེས་དཔག་གིས་གཟུགས་འཛིན་དབང་མངོན་རྟོགས་པའི་ཕྱིར། གཞན་ཡང་། རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་ཆོས་ཅན། དངོས་སྟོབས་རྗེས་དཔག་གི་གཞལ་བྱ་མ་ཡིན་པར་ཐལ། ཡིད་ཆེས་རྗེས་དཔག་གི་གཞལ་བྱ་ཡིན་པའི་ཕྱིར། ཁྱབ་པ་ཁས། དེར་ཐལ། སྦྱིན་པས་ཞེས་སོགས་ཀྱི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་རྟོགས་པའི་རྗེས་དཔག་གི་གཞལ་བྱ་ཡིན་པའི་ཕྱིར་ཏེ། དེ་འདྲའི་རྗེས་དཔག་དེས་ཁྱོད་རྟོགས་པའི་ཕྱིར། མ་གྲུབ་ན། དེས་དེ་རྟོགས་པར་ཐལ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་དེས་སྒྲ་རྟོགས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། བདེན་བཞི་སྟོན་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་རྟོགས་པའི་རྗེས་དཔག་གི་གཞལ་བྱ་ཡིན་པའི་ཕྱིར་ཏེ། དེ་འདྲའི་རྗེས་དཔག་དེས་ཁྱོད་རྟོགས་པའི་ཕྱིར། མ་གྲུབ་ན། དེས་དེ་རྟོགས་པར་ཐལ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གིས་མི་རྟག་པ་རྟོགས་པའི་ཕྱིར། ཁ་ཅིག་ན་རེ། དངོས་སྟོབས་ཀྱི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་པའི་རྗེས་དཔག་ཡིན་ན། རང་གི་རྟེན་དུ་གྱུར་པའི་དངོས་སྟོབས་ཀྱི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་པའི་ཁྱབ་ཟེར་ན། དངོས་སྟོབས་ཀྱི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་པའི་རི་བོང་ཅན་ཟླ་སྒྲས་བརྗོད་རུང་དུ་རྟོགས་པའི་རྗེས་དཔག་ཆོས་ཅན། ཐལ་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་འདྲའི་རྗེས་དཔག་ཡོད་པའི་ཕྱིར་ཏེ། དངོས་སྟོབས་ཀྱི་རྟགས་ཡང་དག་བཀོད་པ་ལ་བརྟེན་ནས་སྐྱེས་པའི་དེ་འདྲའི་རྗེས་དཔག་ཡོད་པའི་ཕྱིར་ཏེ། དངོས་སྟོབས་ཀྱི་རྟགས་ཡང་དག་གི་རྟགས་སྦྱོར་རྣམ་དག་བཀོད་པ་ལ་བརྟེན་ནས་སྐྱེས་པའི་དེ་འདྲའི་རྗེས་དཔག་ཡོད་པའི་ཕྱིར་ཏེ། དངོས་སྟོབས་ཀྱི་རྟགས་ཡང་དག་གི་རྟགས་སྦྱོར་རྣམ་དག་གི་འབྲས་བུར་གྱུར་པའི་དེ་འདྲའི་རྗེས་དཔག་ཡོད་པའི་ཕྱིར། མ་གྲུབ་ན། དེ་འདྲའི་རྟགས་སྦྱོར་རྣམ་དག་ཆོས་ཅན། ཁྱོད་ཀྱི་འབྲས་བུར་གྱུར་པའི་དེ་འདྲའི་རྗེས་དཔག་ཡོད་པར་ཐལ། ཁྱོད་འདུས་བྱས་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་པའི་རི་བོང་ཅན་ཟླ་སྒྲས་བརྗོད་རུང་དུ་རྟོགས་པའི་རྗེས་དཔག་ཡོད་པར་ཐལ། དེ་སྒྲུབ་ཀྱི་རྟགས་ཡང་དག་བཀོད་པ་ལ་བརྟེན་ནས་སྐྱེས་པའི་དེ་འདྲའི་རྗེས་དཔག་ཡོད་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་རྟགས་སྦྱོར་རྣམ་དག་བཀོད་པ་ལ་བརྟེན་ནས་སྐྱེས་པའི་དེ་འདྲའི་རྗེས་དཔག་ཡོད་པའི་ཕྱིར་ཏེ། དེ་འདྲའི་རྟགས་སྦྱོར་རྣམ་དག་གི་འབྲས་བུར་གྱུར་པའི་དེ་འདྲའི་རྗེས་དཔག་ཡོད་པའི་ཕྱིར། ཁྱབ་པ་ཁས། རྩ་བར་འདོད་ན། དེ་ལ་བརྟེན་ནས་སྐྱེས་པའི་དེ་འདྲའི་རྗེས་དཔག་ཆོས་ཅན། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་པའི་རྗེས་དཔག་ཡིན་པའི་ཕྱིར་ན་རེ་ཞིག་མ་ཁྱབ། གཞན་ཡང་། གོང་དུ་རྗེས་དཔག་གི་རྟེན་དུ་གྱུར་པའི་དངོས་སྟོབས་ཀྱི་རྟགས་ཡང་དག་མེད་ཟེར་བ་དེ་ལ། དེ་འདྲའི་རྟགས་ཡང་དག་ཡོད་པར་ཐལ། རྗེས་དཔག་གི་རྟེན་ཡིན་ན། དངོས་སྟོབས་ཀྱི་རྟགས་ཡང་དག་མ་ཡིན་པས་མ་ཁྱབ་པའི་ཕྱིར་ཏེ། རྗེས་དཔག་གི་རྟེན་དེ་དངོས་སྟོབས་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར་ཏེ། དེ་རྗེས་དཔག་གི་ཉེར་ལེན་གང་ཟག་གི་བདག་མེད་དུ་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར་ཏེ། རྗེས་དཔག་གི་ཉེར་ལེན་དེ་རྗེས་དཔག་གི་རྟེན་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རྗེས་དཔག་གི་ཉེར་ལེན་ཡིན་ན། རྗེས་དཔག་གི་རྟེན་ཡིན་དགོས་པར་ཐལ། དེའི་ཉེར་ལེན་དེའི་རྟེན་ཡིན་པའི་ཕྱིར། འདོད་ན། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གི་རྒྱུ་ཡིན་ན། དེའི་རྟེན་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་རྟེན་ཡིན་ན། དེའི་རྒྱུ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཆོས་ཅན། ཐལ་ཕྱིར། རྟགས་གྲུབ་སྟེ། དེ་འདྲའི་རྗེས་དཔག་དེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་པའི་རྗེས་དཔག་ཡིན་པའི་ཕྱིར། གཞན་ཡང་། རྗེས་དཔག་གསུམ་གྱི་གཞལ་བྱ་འགལ་ཟེར་བ་དེ་ལ། དངོས་སྟོབས་རྗེས་དཔག་གི་གཞལ་བྱ་དང་། གྲགས་པའི་རྗེས་དཔག་གི་གཞལ་བྱ་མི་འགལ་བར་ཐལ། རི་བོང་ཅན་ཟླ་སྒྲས་བརྗོད་རུང་དང་དངོས་པོ་གཉིས་ཀ་ཡིན་པ་དེ། དངོས་སྟོབས་རྗེས་དཔག་གི་གཞལ་བྱ་ཡིན། གྲགས་པའི་རྗེས་དཔག་གི་གཞལ་བྱ་ཡང་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རི་བོང་ཅན་ཟླ་སྒྲས་བརྗོད་རུང་དུ་གྱུར་པའི་དངོས་པོ་ཡིན་པ་དེ་དངོས་སྟོབས་རྗེས་དཔག་གི་གཞལ་བྱ་ཡིན་པའི་ཕྱིར། མ་གྲུབ་ན། རི་བོང་ཅན་ཆོས་ཅན། ཁྱོད་ཟླ་སྒྲས་བརྗོད་རུང་དུ་གྱུར་པའི་དངོས་པོ་ཡིན་པ་དེ་དེར་ཐལ། ཁྱོད་འདུས་བྱས་ཡིན་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། རི་བོང་ཅན་དངོས་པོར་གྱུར་པའི་ཟླ་སྒྲས་བརྗོད་རུང་ཡིན་པ་དེ། གྲགས་པའི་རྗེས་དཔག་གི་གཞལ་བྱ་ཡིན་པའི་ཕྱིར། མ་གྲུབ་ན། རི་བོང་ཅན་ཆོས་ཅན། ཁྱོད་དངོས་པོར་གྱུར་པའི་ཟླ་སྒྲས་བརྗོད་རུང་ཡིན་པ་དེ་དེར་ཐལ། ཁྱོད་འདུས་བྱས་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རྗེས་དཔག་ཡིན་ན། དངོས་སྟོབས་རྗེས་དཔག་སོགས་གསུམ་པོ་གང་རུང་ཡིན་དགོས་པར་ཐལ། གཞི་གྲུབ་ན། དེ་གསུམ་པོ་གང་རུང་གི་གཞལ་བྱ་ཡིན་དགོས་པའི་ཕྱིར། འདོད་ན། རི་བོང་ཅན་ཟླ་སྒྲས་བརྗོད་རུང་དང་། དངོས་པོ་གཉིས་ཀར་རྟོགས་པའི་རྗེས་དཔག་ཆོས་ཅན། ཐལ་ཕྱིར། འདོད་ན། དེ་ཆོས་ཅན། དངོས་སྟོབས་རྗེས་དཔག་ཡིན་པར་ཐལ། འདོད་པ་གང་ཞིག། གཞན་གཉིས་རེ་རེ་ནས་མ་ཡིན་པའི་ཕྱིར། འདོད་ན། རི་བོང་ཅན་ཟླ་སྒྲས་བརྗོད་རུང་དུ་རྟོགས་པའི་རྗེས་དཔག་དེ་ཡང་། དངོས་སྟོབས་རྗེས་དཔག་ཏུ་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། གྲགས་པའི་རྗེས་དཔག་ཡིན་པའི་ཕྱིར། ཟེར་ན། ཁོ་རང་ལ། རི་བོང་ཅན་ཟླ་སྒྲས་བརྗོད་རུང་དང་། དངོས་པོ་གཉིས་ཀར་རྟོགས་པའི་རྗེས་དཔག་དེ། དངོས་སྟོབས་རྗེས་དཔག་ཡིན་པར་ཐལ། རི་བོང་ཅན་ཟླ་སྒྲས་བརྗོད་རུང་དང་། གང་ཟག་གི་བདག་མེད་གཉིས་ཀར་རྟོགས་པའི་རྗེས་དཔག་དེ་དངོས་སྟོབས་རྗེས་དཔག་ཡིན་པའི་ཕྱིར་ཏེ། །རི་བོང་ཅན་ཟླ་སྒྲས་བརྗོད་རུང་དུ་གྱུར་པའི་གང་ཟག་གི་བདག་མེད་དུ་རྟོགས་པའི་རྗེས་དཔག་དེ་དངོས་སྟོབས་རྗེས་དཔག་ཡིན་པའི་ཕྱིར་ཏེ། རི་བོང་ཅན་དངོས་པོས་ཁྱད་པར་དུ་བྱས་པའི་གང་ཟག་གི་བདག་མེད་དུ་རྟོགས་པའི་རྗེས་དཔག་དེ་དེ་ཡིན་པའི་ཕྱིར་ཏེ། རི་བོང་ཅན་གང་ཟག་གི་བདག་མེད་དུ་རྟོགས་པའི་རྗེས་དཔག་དེ་དེ་ཡིན་པའི་ཕྱིར། གཞན་ཡང་། མི་རྟག་པས་ཁྱད་པར་དུ་བྱས་པའི་དབང་པོ་གཟུགས་ཅན་པ་དེ་ཆོས་ཅན། ཡིད་ཆེས་རྗེས་དཔག་གི་གཞལ་བྱ་མ་ཡིན་པར་ཐལ། དངོས་སྟོབས་རྗེས་དཔག་གི་གཞལ་བྱ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། དབང་པོ་གཟུགས་ཅན་པ་མི་རྟག་པར་རྟོགས་པའི་རྗེས་དཔག་གི་གཞལ་བྱ་ཡིན་པའི་ཕྱིར། དབང་པོ་གཟུགས་ཅན་པ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱ་ཡང་དག་ཡིན་པའི་ཕྱིར། རྟགས་གྲུབ་མཐའ་ལ་ཁས། རྩ་བར་འདོད་མི་ནུས་ཏེ། ཤིན་ཏུ་ལྐོག་གྱུར་ཡིན་པའི་ཕྱིར་ཏེ། དབང་པོ་གཟུགས་ཅན་པ་ཡིན་པའི་ཕྱིར། །

རང་ལུགས་ཀྱི་མངོན་ལྐོག་སོ་སོའི་ངོ་བོ་སོགས་བཤད་པ།

༈ རང་ལུགས་བཞག་པ་ལ། མངོན་ལྐོག་སོ་སོའི་ངོ་བོ་དང་། ལྐོག་གྱུར་རྟོགས་པའི་རྗེས་དཔག་གི་རྣམ་གཞག་བཤད་པ་གཉིས། དང་པོ་ནི། མངོན་སུམ་གྱི་ཚད་མས་དངོས་སུ་རྟོགས་པར་བྱ་བ་མངོན་གྱུར་གྱི་མཚན་ཉིད། དེ་དང་དངོས་པོ་རང་མཚན་རྣམས་དོན་གཅིག །བུམ་པ་ལ་མངོན་གྱུར་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་མངོན་སུམ་གྱི་ཚད་མས་སྣང་ཡུལ་དུ་བྱེད་པའི་སྒོ་ནས་མངོན་དུ་གྱུར་པའི་ཚུལ་གྱིས་རྟོགས་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། རྗེས་སུ་དཔག་པའི་ཚད་མས་དངོས་སུ་རྟོགས་པར་བྱ་བ་ལྐོག་གྱུར་གྱི་མཚན་ཉིད། དེ་ལ་དབྱེ་ན། ཅུང་ཟད་ལྐོག་གྱུར་དང་། ཤིན་ཏུ་ལྐོག་གྱུར་གཉིས། དང་པོ་ནི། སྒྲ་མི་རྟག་པ་ལྟ་བུ་ལ་བྱེད། གཉིས་པ་ལ། ཁོ་རང་དུ་གྱུར་པའི་བེམ་པོ། ཤེས་པ། ལྡན་མིན་འདུ་བྱེད་གསུམ་ཡོད། དང་པོ་ནི། རྟེན་བཅས་ཀྱི་མིག་དབང་གཟུགས་ཅན་པ་ལྟ་བུ་ལ་བྱེད། གཉིས་པ་ནི། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་ཡིད་མངོན་ལྟ་བུ་ལ་བྱེད། གསུམ་པ་ནི། ལྷའི་ཚེ་ཚད་དང་དམྱལ་བའི་ཚེ་ཚད་ལ་སོགས་པ་ལས་འབྲས་ཕྲ་ཞིང་ཕྲ་བ་རྣམས་ལ་བྱེད་དོ། །གཉིས་པ་ལྐོག་གྱུར་རྟོགས་པའི་རྗེས་དཔག་གི་རྣམ་གཞག་བཤད་པ་ལ། རྗེས་སུ་དཔག་པའི་ཚད་མ་ལ་མཚན་ཉིད། དབྱེ་བ། སྒྲ་བཤད་པ་དང་གསུམ། དང་པོ་ནི། རང་གི་རྟེན་དུ་གྱུར་པའི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་པའི་གསར་དུ་མི་བསླུ་བའི་ཞེན་རིག་དེ། རྗེས་སུ་དཔག་པའི་ཚད་མའི་མཚན་ཉིད་ཡིན། གཉིས་པ་དེ་ལ་དབྱེ་ན། དངོས་སྟོབས་རྗེས་དཔག་གི་ཚད་མ། ཡིད་ཆེས་རྗེས་དཔག་གི་ཚད་མ། གྲགས་པའི་རྗེས་དཔག་གི་ཚད་མ་དང་གསུམ། དང་པོ་ནི། རང་གི་རྟེན་དུ་གྱུར་པའི་དངོས་སྟོབས་ཀྱི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་ཤིང་རང་ཉིད་དངོས་སྟོབས་རྗེས་དཔག་ཚད་མར་སོང་བའི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་ཞེན་རིག་དེ། རང་ཉིད་དངོས་སྟོབས་རྗེས་དཔག་གི་ཚད་མ་ཡིན་པའི་མཚན་ཉིད། རང་གི་རྟེན་དུ་གྱུར་པའི་ཡིད་ཆེས་ཀྱི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་ཤིང་། རང་ཉིད་ཡིད་ཆེས་རྗེས་དཔག་ཚད་མར་སོང་བའི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་ཞེན་རིག་དེ། རང་ཉིད་ཡིད་ཆེས་རྗེས་དཔག་གི་ཚད་མ་ཡིན་པའི་མཚན་ཉིད། རང་གི་རྟེན་དུ་གྱུར་པའི་གྲགས་པའི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་ཤིང་། རང་ཉིད་གྲགས་པའི་རྗེས་དཔག་ཚད་མར་སོང་བའི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་ཞེན་རིག་དེ། རང་ཉིད་གྲགས་པའི་རྗེས་དཔག་གི་ཚད་མ་ཡིན་པ་དེའི་མཚན་ཉིད་ཡིན་ནོ། །

༈ གསུམ་པ་སྒྲ་བཤད་པ་ལ། བྱས་རྟགས་ལས་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་དེ་ལ། རྗེས་དཔག་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་རང་གི་རྟེན་དུ་གྱུར་པའི་ཚུལ་གསུམ་ཚད་མས་རྟོགས་པའི་རྗེས་སུ་རང་གི་གཞལ་བྱར་གྱུར་པའི་བསྒྲུབ་བྱ་རྟོགས་པའི་ཚད་མ་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། དེ་ལ་དངོས་སྟོབས་རྗེས་དཔག་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་སྒྲ་མི་རྟག་པ་གཙོ་བོར་དངོས་སྟོབས་ཀྱི་རིགས་པ་ཡང་དག་ལ་བརྟེན་ནས་རྟོགས་པའི་རྗེས་དཔག་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་དུ་བརྗོད་པའི་ཕྱིར། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་རྟོགས་པའི་རྗེས་དཔག་དེ་ལ་ཡིད་ཆེས་རྗེས་དཔག་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་དེ། ཡིད་ཆེས་ཀྱི་རྟགས་ཡང་དག་ལ་བརྟེན་ནས་རྟོགས་པའི་རྗེས་དཔག་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་དུ་བརྗོད་པའི་ཕྱིར། རི་བོང་ཅན་ཟླ་སྒྲས་བརྗོད་རུང་དུ་རྟོགས་པའི་རྗེས་དཔག་དེ་ལ་གྲགས་པའི་རྗེས་དཔག་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། འཇིག་རྟེན་ན་རི་བོང་ཅན་ཟླ་སྒྲས་བརྗོད་རུང་དུ་གྲགས་པ་གང་ཞིག །དེ་ལྟར་དུ་རི་བོང་ཅན་ཟླ་སྒྲས་བརྗོད་རུང་དུ་རྟོགས་པའི་རྗེས་དཔག་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་དུ་བརྗོད་པའི་ཕྱིར། །

༈ རྩོད་པ་སྤང་བ་ལ། ཁ་ཅིག་ན་རེ། གཞལ་བྱ་ལ་མངོན་གྱུར་དང་ལྐོག་གྱུར་གཉིས་སུ་གྲངས་མ་ངེས་པར་ཐལ། གཞལ་བྱ་ལ་དེ་གཉིས་ལས་གྲངས་མང་མི་དགོས་ཤིང་། ཉུང་ན་མི་འདུ་བ་དེ་མ་ཡིན་པའི་ཕྱིར་ཏེ། གཞལ་བྱ་ལ་དེ་གཉིས་ལས་གྲངས་ཉུང་ན་འདུ་བའི་ཕྱིར་ཏེ། གཞལ་བྱ་ཐམས་ཅད་ལྐོག་གྱུར་ཏུ་འདུ་བའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། གཞལ་བྱ་ཡིན་ན་ལྐོག་གྱུར་ཡིན་དགོས་པའི་ཕྱིར་ཟེར་ན། ཁོ་རང་ལ། སངས་རྒྱས་ཀྱི་སྐུ་དེ་ལ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་དུ་གྲངས་མ་ངེས་པར་ཐལ། དེ་ལ་དེ་གསུམ་ལས་གྲངས་མང་མི་དགོས་ཤིང་། ཉུང་ན་མི་འདུ་བ་མ་ཡིན་པའི་ཕྱིར་ཏེ། སངས་རྒྱས་ཀྱི་སྐུ་དེ་ལ་དེ་གསུམ་ལས་གྲངས་ཉུང་ན་འདུ་བའི་ཕྱིར་ཏེ། སངས་རྒྱས་ཀྱི་སྐུ་ཐམས་ཅད་ཆོས་སྐུར་འདུ་བའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། སངས་རྒྱས་ཀྱི་སྐུ་ཡིན་ན་ཆོས་སྐུ་ཡིན་དགོས་པའི་ཕྱིར། ཁ་ཅིག་ན་རེ། གང་ཟག་དེས་མངོན་སུམ་གྱི་ཚད་མས་དངོས་སུ་རྟོགས་པར་བྱ་བ་ཡིན་ན། གང་ཟག་དེ་ལ་མངོན་གྱུར་ཡིན་དགོས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། གང་ཟག་དེས་རྗེས་དཔག་གི་ཚད་མས་དངོས་སུ་རྟོགས་པར་བྱ་བ་ཡིན་ན། གང་ཟག་དེ་ལ་ལྐོག་གྱུར་ཡིན་དགོས་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། སྒྲ་ཆོས་ཅན། ཚུར་མཐོང་ལ་ལྐོག་གྱུར་དུ་ཐལ། དེའི་རྗེས་སུ་དཔག་པའི་ཚད་མས་དེའི་ཕྱིར། རྟགས་གྲུབ་སྟེ། གཞི་གྲུབ་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལ་མངོན་གྱུར་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རྟེན་བཅས་ཀྱི་དབང་པོ་གཟུགས་ཅན་པ་ཆོས་ཅན། བྱང་སེམས་ཚོགས་ལམ་པ་ལ་མངོན་གྱུར་དུ་ཐལ། དམ་བཅའ་དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེའི་རྒྱུད་ཀྱི་ཤའི་སྤྱན་དེས་རྟེན་བཅས་ཀྱི་དབང་པོ་གཟུགས་ཅན་པ་མངོན་སུམ་དུ་རྟོགས་པའི་ཕྱིར་ཏེ། དེས་དཔག་ཚད་བརྒྱ་ཚུན་ཆད་ཀྱི་དབང་པོ་གཟུགས་ཅན་པ་ཐམས་ཅད་མངོན་སུམ་གྱིས་རྟོགས་པའི་ཕྱིར། དེས་དཔག་ཚད་བརྒྱ་ཚུན་ཆད་ཀྱི་གཟུགས་ཕྲ་རགས་ཐམས་ཅད་མངོན་སུམ་དུ་རྟོགས་པ་གང་ཞིག །དབང་པོ་གཟུགས་ཅན་པ་གཟུགས་ཡིན་པའི་ཕྱིར། ཕྱི་མ་ཁས་ཟེར། དང་པོ་གྲུབ་སྟེ། མདོ་ལས། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤའི་མིག་གིས་དཔག་ཚད་བརྒྱ་མཐོང་བ་ཡོད། དཔག་ཚད་སྟོང་མཐོང་བ་ཡང་ཡོད། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། བྱང་སེམས་ཚོགས་ལམ་པའི་ཤའི་སྤྱན་དེས་དཔག་ཚད་བརྒྱ་ཚུན་ཆད་ཀྱི་གཟུགས་ཀྱི་སྐྱེ་མཆེད་ཕྲ་རགས་ཐམས་ཅད་མངོན་སུམ་དུ་མཐོང་བ་ལུང་དེའི་དོན་ཡིན་པའི་ཕྱིར། །


previousརང་མཚན་ཁོ་ན་གཞལ་བྱར་བཞག་པའི་དགོངས་པ་བསྟན་པ།next