དེ་ནས་དབང་རྫོགས་ནས་ཚེ་ཐིལ་མ་བརྒྱབ་པའི་གོང་དུ་གཏོར་མའི་བཀའ་བསྒོ།
དེ་ནས་དབང་རྫོགས་ནས་ཚེ་ཐིལ་མ་བརྒྱབ་པའི་གོང་དུ་གཏོར་མའི་བཀའ་བསྒོ་བྱ་བ་ནི༔ གཏོར་མ་འདི་ཉིད་སངས་རྒྱས་ཚེ་དཔག་མེད་ཀྱི་ལྷ་ཡོངས་རྫོགས་འཁོར་དང་བཅས་པ་དངོས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྲིན་འཁྲིགས་པ་ལྟར་བྱོན་ནས༔ ངེད་ཀྱིས་གསོལ་བ་ཇི་ལྟར་བཏབ་པའི་བྱིན་རླབས་དངོས་གྲུབ་ཐམས་ཅད་སྩོལ་ཞིང་ཡོད་སྙམ་པའི་མོས་པ་མཛོད་ཅིག༔ གཏོར་མ་ལག་ཏུ་ཐོགས་ལ༔ ཆོས་སྐུ་སྣང་བ་མཐའ་ཡས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ༔ སྤྲུལ་སྐུ་པདྨ་འབྱུང་གནས་སྒྲ་བསྒྱུར་བེ་རོ་ཙཱ་ན༔ ཤུད་བུ་དཔལ་སེང་ཆུ་བོ་གྱེན་བཟློག༔ མི་འགྱུར་རྡོ་རྗེ་བདུད་འདུལ་རོལ་པ་རྩལ༔ མཁས་གྲུབ་ཀརྨ་ཆགས་མེད༔ ཀུན་བཟང་ཤེས་རབ༔ ལྷུན་གྲུབ་རྒྱ་མཚོ༔ རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡའ་བརྒྱུད༔ མཁའ་འགྲོ་གཏད་རྒྱ་བརྒྱུད་པ༔ གཏེར་ཆོས་སྨོན་ལམ་བརྒྱུད་པ༔ ཐུགས་རྗེ་བྱིན་རླབས་བརྒྱུད་པ༔ བཀའ་བབ་དོན་གྱི་བརྒྱུད་པའི་རིག་འཛིན་བླ་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དང་བསོད་ནམས་གཟི་བརྗིད་དང་ཡོན་ཏན་
དང་ཡེ་ཤེས་ཚད་མེད་པའི་རྒྱལ་པོས་བྱིན་གྱིས་རློབས་ཤིག༔ རིགས་བཞིའི་སངས་རྒྱས་ཚེ་དཔག་མེད་བཞི༔ སེམས་དཔའ་ཚེ་མཆོག་རིགས་བཞི༔ ཚེ་འགུགས་མཆོད་པའི་ལྷ་མོ་བཞི༔ མར་ཏ་དཀར་མོ་སོགས་ཚེ་ཡུམ་བཞི༔ འགུགས་བྱེད་དཀར་མོ་སོགས་ཚེ་ལྕམ་བཞི༔ སྲས་ཆེན་དཀར་མོ་སོགས་ཚེ་སྲས་བཞི་ལཱ་གདོང་དཀར་སེར་སོགས་གདོང་ཅན་བཞི༔ བྱ་རྒོད་གདོང་སོགས་སྒོ་བ་ཁྲོ་བོ་བཞི༔ སྒོ་མ་ཁྲོ་མོ་བཞི་ལ་སོགས་པ་འཆི་མེད་ཚེའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག༔ དགའ་རབ་རྡོ་རྗེ༔ ཤྲཱི་སེང་ཧ༔ ཧཱུཾ་ཆེན་ཀ་ར༔ བི་མ་ལ་མི་ཏྲ༔ ནམ་མཁའི་སྙིང་པོ་སོགས་ཚེའི་རིག་འཛིན་རྣམས་ཀྱིས་བྱིན་གྱིས་རློབས་ཤིག༔ ལྷ་ལྕམ་མནྡྷ་ར་བ༔ བདེ་ཆེན་རྒྱལ་མོ༔ རིན་ཆེན་ཞི་བ་འཚོ༔ བྲམ་ཟེའི་བུ་མོ་བདེ་ལྡན་མ༔ དབྱིངས་ཕྱུག་རྒྱལ་མོ༔ ཇོ་མོ་མཁར་ཆེན་བཟའ༔ ཤེལ་དཀར་རྡོ་རྗེ་མཚོ་ལ་སོགས་པ་ཚེ་ལ་དབང་བའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག རྡོ་རྗེའི་སློབ་མ་འདི་རྣམས་ལ་འཆི་མེད་ཚེའི་དབང་བསྐུར་དུ་གསོལ༔ ནད་མེད་བདེ་བའི་བྱིན་དབབ་ཏུ་གསོལ༔ རྒས་མེད་ལུས་ཀྱི་
གཟི་བརྗིད་བསྐྱེད་དུ་གསོལ༔ ནམ་འཆི་འཕོ་བའི་ཚེ་ཡང་དག་པའི་ཞིང་ཁམས་སུ་ལམ་སྣ་འདྲེན་དུ་གསོལ༔ ཕྱི་མ་ཡང་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་ནས་སྐྱེ་འཆི་བགྲེས་རྒུད་མེད་པ་རྡོ་རྗེའི་སྐུ་ཐོབ་པར་མཛད་དུ་གསོལ༔ ཨོཾ་ཨཱ༔ ཧཱུྃ་མ་ཧཱ་གུ་རུ་ཨཱ་ཡུ་ཤེ་སིདྡྷི་ཕ་ལ་སྭཱ་ཧྭ༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གཏོར་མ་འགྲིམ༔ ཞེས་པའང་གནམ་ཆོས་ཀྱི་དབང་རྒྱས་པའི་ཁ་བསྐང་དུ༔ རཱ་ག་ཨ་སྱས་སྦྱར་བའི་ཡི་གེ་པ་ནི་འཕེན་ཤུལ་དགེ་བཤེས་པདྨ་ཐབས་མཁས་སོ༔ ༈ དེ་ནས་ཚེ་ཐིལ་བརྒྱག་སྟེ༔ ཤིན་ཏུ་གསལ་བར་དོད་ན་བཟང་༔ མི་གསལ་ཙམ་དོད་ན་ཅུང་ཟད་བསྲིང་ཐུབ་རྟགས༔ ཡེ་མ་དོད་ན་བསྲིང་མི་ཐུབ་རྟགས་གསུངས་སོ༔ སྐྱེས་པའི་དཔུང་པ་གཡས་དང་༔ བུད་མེད་ཀྱི་དཔུང་པ་གཡོན་གྱི་ཕྱི་ནང་དུ་མཚལ་ལམ་ཙག་གིས་བརྒྱབ་བོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།