Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
རྟ་མགྲིན་ནག་པོ་ལྕགས་རལ་ཅན་གྱི་རྒྱུན་བསྙེན་དང་རྒྱུན་སྤྱོད་གྱི་མན་ངག་ཟབ་མོ་ཐུགས་ཏིག་ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྟ་མགྲིན་ནག་པོ་ལྕགས་རལ་ཅན་གྱི་རྒྱུན་བསྙེན་དང་རྒྱུན་སྤྱོད་གྱི་མན་ངག་ཟབ་མོ་ཐུགས་ཏིག་ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང་།next

རྟ་མགྲིན་ནག་པོ་ལྕགས་རལ་ཅན་གྱི་རྒྱུན་བསྙེན་དང་རྒྱུན་སྤྱོད་གྱི་མན་ངག་ཟབ་མོ་ཐུགས་ཏིག་ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང་།


CMR016_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན་ནག་པོ་ལྕགས་རལ་ཅན་གྱི་རྒྱུན་བསྙེན་དང་རྒྱུན་སྤྱོད་གྱི་མན་ངག་ཟབ་མོ་གཞན་ལ་མེད་པའི་ཁྱད་ཆོས་ཀརྨ་ཆགས་མེད་ཀྱི་ཐུགས་ཏིག་ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང་བཞུགས་པའི་དབུ་ཕྱོགས་ལགས་སོ།།


CMR016_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བྱ་ཤྲཱི་ཝ་ཡེ། རྟ་མཆོག་དཔལ་ལ་ཕྱག་འཚལ་ནས། །འདི་ཉིད་བསྐྱེད་རྫོགས་མན་ངག་བཤད། །དང་པོ་དབང་བསྐུར་ལེགས་ཐོབ་ནས། །དབང་སྲོག་དམ་ཚིག་སྲོག་ལྟར་བསྲུང་། །དམ་ཚིག་ས་ཡ་འབུམ་སྡེ་ཡང་། །བསྡུ་ན་རྣམ་པ་གསུམ་དུ་འདུས། །རང་གིས་དབང་ཐོབ་སློབ་དཔོན་དེ། །བཟང་ངམ་ཡང་ན་ངན་ཀྱང་རུང་། །ཡི་དམ་དངོས་སུ་མོས་གུས་བྱ། །དེ་བྱས་ཡི་དམ་མྱུར་དུ་འགྲུབ། །བསྐྱེད་རྫོགས་སྒོམ་བཟླས་རྒྱུན་མི་ཆད། །རྒྱུན་དུ་གཏོར་བསྔོས་མ་ཆག་པ། །དུས་བཟང་ཚོགས་དང་གཏོར་མ་འབུལ། །མོས་གུས་བླ་མའི་དམ་ཚིག་


CMR016_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །བསྐྱེད་རྫོགས་ཡི་དམ་དམ་ཚིག་སྟེ། །ཚོགས་གཏོར་མཁའ་འགྲོའི་དམ་ཚིག་ཡིན། །དམ་ཚིག་གཙང་ན་ཅི་བསམ་འགྲུབ། །ཕྱི་མ་དག་པའི་ཞིང་དུ་སྐྱེ། །དམ་ཉམས་ཚེ་འདིར་ལོག་དགུ་འབྱུང་། །ཕྱི་མ་རྡོ་རྗེའི་དམྱལ་བར་ལྟུང་།་བསྐྱེད་རྫོགས་བཟླས་པ་བརྩོན་ན་ཡང་། །དམ་ཚིག་མེད་ན་སྔགས་ལོག་ཡིན། །དབང་ཐོབ་དམ་ཚིག་ལྡན་པ་དེས། །དང་པོ་བསྐྱེད་རིམ་བསྒོམ་ལུགས་ནི། །ཕྱི་རོལ་སྣོད་ཀྱི་འཇིག་རྟེན་དང་། །རང་ལུས་གཟུགས་ཀྱི་ཕུང་པོ་དང་། །གསང་བ་རྩ་གནས་ཕོ་བྲང་དང་། །རྟ་མགྲིན་བཞུགས་གནས་གཞལ་ཡས་ཁང་། །


CMR016_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་གཅིག་ཏུ་ཤེས་པར་བྱ། །རྣམ་པར་ཤེས་པའི་ཕུང་པོ་དང་། །ནམ་མཁའི་ཁམས་དང་ཞེ་སྡང་དང་། །གདོལ་པའི་རིགས་ཀྱི་གདོན་རྣམས་དང་། །དམྱལ་བའི་སྡུག་བསྔལ་སྦྱོང་བའི་ཕྱིར། །གཙོ་བོ་རྟ་མགྲིན་ནག་པོ་ནི། །སངས་རྒྱས་ཀུན་གྱི་ཐུགས་འདུས་ཤིང་། །མེ་ལོང་ཡེ་ཤེས་ངོ་བོ་ཡིན། །གཟུགས་ཕུང་དང་ནི་ཆུ་ཡི་ཁམས། །ཉོན་མོངས་གཏི་མུག་རྒྱལ་རིགས་གདོན། །དུད་འགྲོའི་སྡུག་བསྔལ་སྦྱོང་བའི་ཕྱིར། །ཤར་ཕྱོགས་རྟ་མགྲིན་དཀར་པོ་ནི། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །ཆོས་དབྱིངས་ཡེ་ཤེས་ངོ་བོ་ཡིན། །ཚོར་བའི་ཕུང་པོ་ས་ཡི་ཁམས། །ཉོན་མོངས་ང་རྒྱལ་རྗེ་རིགས་གདོན། །ཕམ་ལྟུང་སྡུག་བསྔལ་སྦྱོང་བའི་ཕྱིར། །ལྷོ་ཕྱོགས་རྟ་མགྲིན་སེར་པོ་ནི། །སངས་རྒྱས་ཀུན་གྱི་ཡོན་ཏན་འདུས། །མཉམ་ཉིད་ཡེ་ཤེས་ངོ་བོ་ཡིན། །འདུ་ཤེས་ཕུང་པོ་མེ་ཡི་ཁམས། །ཉོན་མོངས་འདོད་ཆགས་བྲམ་ཟེ་ཀླུ། །མི་དང་ཡི་དྭགས་སྡུག་བསྔལ་རྣམས། །སྦྱོང་ཕྱིར་ནུབ་ཕྱོགས་རྟ་མགྲིན་དམར། །སངས་རྒྱས་ཀུན་གྱི་གསུང་འདུས་པ། །སོར་རྟོག་ཡེ་ཤེས་ངོ་བོ་ཡིན། །འདུ་བྱེད་ཕུང་པོ་རླུང་གི་ཁམས། །ཕྲག་དོག་དམངས་རིགས་ཀླུ་ཡི་གདོན། །


CMR016_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མིན་སྡུག་བསྔལ་སྦྱོང་བའི་ཕྱིར། །བྱང་ཕྱོགས་རྟ་མགྲིན་ལྗང་ཁུ་ནི། །སངས་རྒྱས་ཀུན་གྱི་ཕྲིན་ལས་འདུས། །བྱ་གྲུབ་ཡེ་ཤེས་ངོ་བོ་ཡིན། །དེ་ལྟར་སྦྱང་གཞི་སྦྱོང་བྱེད་རྣམས། །ལེགས་པར་ཤེས་ན་བསྐྱེད་རིམ་ཡིན། །དེ་མིན་ལྷ་གཟུགས་གསལ་ན་ཡང་། །བསྐྱེད་རིམ་གོ་མི་ཆོད་པར་གསུངས། །སྐུ་མདོག་ཕྱག་མཚན་གསལ་དགོས་ཏེ། །སྤྱན་བགྲད་གསལ་ན་བར་ཆད་མེད། །ཞལ་གདོང་མཆེ་བཞི་གསལ་བ་ན། །ལྷ་འདྲེ་མི་གསུམ་བཀའ་ལ་ཉན། །པད་ཉི་གདན་དང་ཞབས་གསལ་ན། །འདུག་ཚུགས་གར་བསྡད་ས་ནོན་འགྱུར། །རྒྱན་ཆ་ཐམས་ཅད་གསལ་བ་ན། །ལོངས་སྤྱོད་ཤུགས་ཀྱིས་འདུ་བ་ཡིན། །ཕྱག་མཚན་ཤིན་ཏུ་གསལ་བ་ན། །ཕྲིན་ལས་གང་བརྩམ་འགྲུབ་པར་འགྱུར། །མེ་རི་སྲིད་པའི་རྩེ་མོ་བར། །རབ་ཏུ་འབར་བ་གསལ་ན་ནི། །བྱ་བ་གང་བརྩམ་མཐར་ཐོན་འགྱུར། །ཐུགས་སྲོག་སྔགས་ཀྱི་འཕྲོ་འདུ་རྣམས། །གསལ་བ་འགྲུབ་རྟགས་མྱུར་དུ་འབྱུང་། །མ་གསལ་སོ་སོའི་སྐྱོན་རྣམས་འབྱུང་། །བྲིས་སྐུ་ལྟ་བུ་ལེབ་ལེབ་མིན། །འདག་སྐུ་ལྟ་བུའི་གདོས་བཅས་མིན། །འཇའ་དང་མེ་ལོང་གཟུགས་བརྙན་དང་། །ཆུ་ནང་ཟླ་


CMR016_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཅི་བཞིན་དུ། །ངོ་བོ་སྟོང་ལ་རང་བཞིན་གསལ། །སྣང་ལ་རང་བཞིན་མེད་པར་བསྒོམ། །རང་ཉིད་རྟ་མགྲིན་བསྒོམ་པའི་ཚེ། །རྟ་མགྲིན་དངོས་ཀྱི་འདུ་ཤེས་ཀྱི། །ཐ་མལ་མི་རུང་གནས་ཁང་སོགས། །བརྗོད་པ་ཙམ་གྱི་ང་རྒྱལ་བསྐྱེད། །དེ་བྱས་ནུས་པ་དཔག་མེད་འབྱུང་། །གདོན་བགེགས་གང་ལའང་ཐོགས་པ་མེད། །ཐུགས་ཀའི་ཧཱུྃལས་མེ་འབར་བའི། །ལུས་ནང་ཐམས་ཅད་མེ་ཡིས་གང་། །ནད་གདོན་ཤ་ཁྲག་གདོས་བཅས་བསྲེགས། །རང་ལུས་ཡེ་ཤེས་ལུས་སུ་གྱུར། །ལུས་ནང་ཐམས་ཅད་ལྕགས་སྲེག་ལྟར། །མེ་ཡི་རང་བཞིན་དམར་ལྷང་ལྷང་། །སྔགས་ཀྱི་འོད་ཟེར་བ་སྤུ་ནས། །མེ་ལྕེ་ཕྱིར་འཕྲོས་འཇིག་རྟེན་གང་། །གནོད་བྱེད་གདོན་བགེགས་མ་ལུས་བསྲེགས། །ཕྱི་སྣོད་གཞལ་ཡས་ཁང་དུ་གྱུར། །སེམས་ཅན་ཐམས་ཅད་རྟ་མགྲིན་སྐུར། །གྱུར་ནས་སྔགས་ཀྱི་རམ་བུ་བཀྱག །སྒྲ་སྐད་ཐམས་ཅད་སྔགས་ཀྱི་སྒྲ། །འབྲུག་ལྟར་འཇིག་རྟེན་ཁྱབ་པར་བསྒོམ། །དེ་ལྟར་བྷེ་པས་ཅུང་ཟད་ཙམ། །བཟླས་ཀྱང་དུང་ཕྱུར་མང་པོར་འགྱུར། །སླར་ཡང་སྔགས་འོད་མེ་དཔུང་འཕྲོས། །འགྲོ་བ་རིགས་དྲུག་ཐམས་ཅད་བསྲེགས། །འཁོར་བའི་རྒྱ་མཚོ་སྐེམ་པར་


CMR016_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། །རིགས་དྲུག་འཁོར་བ་དོང་ནས་སྤྲུགས། །དམྱལ་བའི་སེམས་ཅན་ཐམས་ཅད་ནི། །རྟ་མགྲིན་ནག་པོ་ཁོ་ནར་གྱུར། །མི་དང་ཡི་དྭགས་དམར་པོར་གྱུར། །དུད་འགྲོ་རྟ་མགྲིན་དཀར་པོ་གྱུར། །ལྷ་རྣམས་རྟ་མགྲིན་སེར་པོ་གྱུར། །ལྷ་མིན་རྟ་མགྲིན་ལྗང་ཁུར་གྱུར། །ཀུན་ཀྱང་སྔགས་སྒྲ་སྒྲོགས་པར་བསྒོམ། །དེ་ལྟར་བསྒོམ་ཞིང་སྔགས་བཟླས་ན། །རིགས་དྲུག་སྐྱེ་སྒོ་ཆོད་པ་དང་། །འགྲོ་བ་གཞན་ཡང་འདྲེན་པར་ནུས། །དེ་ནི་རིགས་དྲུག་གནས་སྦྱོང་ཡིན། །རང་ལ་ཞེ་སྡང་སྐྱེས་པའི་དུས། །རང་ཉིད་རྟ་མགྲིན་ཐུགས་ཀ་ནས། །ངོ་བོ་མེ་ལོང་ཡེ་ཤེས་ཀྱི། །རྣམ་པ་མེ་དཔུང་མཐིང་ཁ་འཕྲོས། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །ཞེ་སྡང་སྒྲིབ་པ་ཐམས་ཅད་བསྲེགས། །ཞེ་སྡང་དེ་ཉིད་ཡོངས་གྱུར་ལས། །རྟ་མགྲིན་ནག་པོར་གྱུར་པར་བསྒོམ། །ཉོན་མོངས་འདོད་ཆགས་སྐྱེས་པའི་དུས། །རང་ཉིད་རྟ་མགྲིན་མགྲིན་པ་ནས། །སོར་རྟོག་ཡེ་ཤེས་ངོ་བོ་ལ། །རྣམ་པ་མེ་དཔུང་དམར་པོ་འཕྲོས། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །འདོད་ཆགས་སྒྲིབ་པ་ཀུན་བསྲེགས་ནས། །རྟ་མགྲིན་དམར་པོར་གྱུར་པར་བསྒོམ། །ཉོན་མོངས་གཏི་


CMR016_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

མུག་སྐྱེས་པའི་དུས། །རང་ཉིད་རྟ་མགྲིན་དཔྲལ་བ་ནས། །ཆོས་དབྱིངས་ཡེ་ཤེས་ངོ་བོ་ལ། །རྣམ་པ་མེ་དཔུང་དཀར་པོ་འཕྲོས། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །གཏི་སྒྲིབ་པ་ཀུན་བསྲེགས་ནས། །རྟ་མགྲིན་དཀར་པོར་གྱུར་པར་བསྒོམ། །རང་ལ་ང་རྒྱལ་ནམ་སྐྱེས་ན། །རང་ཉིད་རྟ་མགྲིན་ལྟེ་བ་ནས། །མཉམ་པ་ཉིད་ཀྱི་ཡེ་ཤེས་དེ། །མེ་དཔུང་སེར་པོའི་རྣམ་པ་འཕྲོས། །བདག་དང་འགྲོ་བ་མ་ལུས་པའི། །ང་རྒྱལ་སྒྲིབ་པ་ཐམས་ཅད་བསྲེགས། །རྟ་མགྲིན་སེར་པོར་གྱུར་པར་བསྒོམ། །ཉོན་མོངས་ཕྲག་དོག་ནམ་སྐྱེས་དུས་། །རང་ཉིད་རྟ་མགྲིན་གསང་གནས་ནས། །བྱ་གྲུབ་ཡེ་ཤེས་རང་བཞིན་གྱི། །མེ་དཔུང་ལྗང་ཁུ་འཕྲོས་ནས་ཀྱང་། །བདག་དང་མ་གྱུར་སེམས་ཅན་གྱི། །ཕྲག་དོག་སྒྲིབ་པ་ཐམས་ཅད་བསྲེགས། ཕྲག་དོག་དག་པའི་རང་གཟུགས་དེ། །རྟ་མགྲིན་ལྗང་གུར་གྱུར་པར་བསྒོམ། །དུག་ལྔ་ལྷ་ཡི་སྐུར་སྒྱུར་བ། །བསྒྱུར་ལམ་བསྐྱེད་རིམ་ཟབ་མོ་ཡིན། ། ༈ །ནམ་མཁའ་མུན་ནག་སྐར་ཁུང་དང་། །སྔོ་དང་ནག་པའི་སྲོག་ཆགས་ཀུན། །མཐོང་ཚད་རྟ་མགྲིན་ནག་པོར་བསྒོམ། །ཆུ་དང་ཁ་ཆར་དངུལོ་དང་དུང་། །དཀར་པོའི་མདོག་ཅན་སྲོག་


CMR016_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་རིགས། །མཐོང་ཚད་རྟ་མགྲིན་དཀར་པོར་བསྒོམ། །ས་དང་མཁར་ཁང་ཐང་དང་ཞིང་། །སེར་པོའི་མདོག་ཅན་མི་མཐོང་བ། །ཐམས་ཅད་རྟ་མགྲིན་སེར་པོར་བསྒོམ། །མེ་དང་གོས་དམར་བྲག་རི་དམར། །ཤ་རྩ་དམར་བའི་མི་རྣམས་ཀུན། །ཐམས་ཅད་རྟ་མགྲིན་དམར་པོར་བསྒོམ། །རླུང་དང་འཚུབ་མ་དར་རས་ལྗང་། །ལྗང་ཁུའི་མདོག་ཅན་སྲོག་ཆགས་རྣམས། །རྟ་མགྲིན་ལྗང་ཁུར་ལམ་ལམ་བསྒོམ། །རང་ཉིད་གར་འདུག་གནས་ཁང་དེ། །རྟ་མགྲིན་གཞལ་ཡས་ཁང་པར་བསྒོམ། །ཉེ་དུ་བྲན་འཁོར་ནོར་ཕྱུགས་རྣམས། །རྟ་མགྲིན་རིགས་བཞིའི་ཚོགས་སུ་བསྒོམ། །འགྲོ་བའི་སྐད་དང་འབྱུང་བའི་སྒྲ། །ཐམས་ཅད་སྔགས་སྒྲ་འུར་འུར་བསྒོམ། །སྐེ་རགས་ལྷམ་སྒྲོག་སྦྲུལ་ཆུན་ལ། །སྨད་གཡོགས་སྟག་གི་ཤམ་ཐབས་བསྒོམ། །སྟོད་གོས་ཞིང་གི་གཡང་གཞི་ལ། །གོས་ནི་དར་ནག་བེར་དུ་བསྒོམ། །མཐང་གོས་གླང་ཆེན་ཀོ་རློན་བསྒོམ། །ཞྭ་ནི་ཐོད་སྐམ་དབུ་རྒྱན་ལ། །ཕྲེང་བ་སེ་རལ་ཐོད་རློན་ཕྲེང་། །གདན་ནི་ཉི་ཟླ་པདྨ་བསྒོམ། །ཞལ་བུ་སྡེ་རུ་ཀ་པཱ་ལ། །ཟས་རྣམས་ཤ་ལྔ་བདུད་རྩི་ལྔ། །ཞུ་བའི་བདུད་རྩིར་བསྒོམས་ལ་བཟའ། །འགྲོ་


CMR016_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་ལ་སོགས་བྱེད་པའི་དུས། །རང་ཉིད་རྟ་མགྲིན་དཀྱིལ་འཁོར་ནི། །གཡས་ཀྱི་ཕྱོགས་སུ་བཞུགས་པར་བསྒོམ། །ཐུགས་ལས་སྤྲུལ་པའི་ཐ་མལ་ལུས། །གྲངས་མེད་སྤྲུལ་ནས་བསྐོར་བ་བྱེད། །དཀྱིལ་འཁོར་ལྷ་ལས་འོད་ཟེར་འཕྲོས། །རང་ལ་ཕོག་པས་སྡིག་སྒྲིབ་རྣམས། །ཐམས་ཅད་དག་པར་བསྒོམ་པར་བྱ། །བསྐྱེད་རྫོགས་ཟུང་དུ་འཇུག་ལུགས་ནི། །དེ་ལྟར་སྒོམ་མཁན་སེམས་ཡིན་ལ། །སེམས་ཉིད་ཡེ་ནས་སྟོང་པ་ཉིད། །ཡིན་ཕྱིར་བསྐྱེད་རིམ་ཐམས་ཅད་ཀྱང་། །བསྐྱེད་ཚེ་ཡེ་ནས་སྟོང་ཉིད་ཡིན། །སྟོང་ཉིད་ངང་ལ་ཐམས་ཅད་བསྐྱེད་། །དེ་ཕྱིར་སྟོང་ཉིད་བསྐྱེད་རིམ་སྟེ། །དབྱེར་མེད་ཟུང་དུ་འཇུག་པ་ཡི། །གོ་བ་ཡིད་ལ་ངེས་བྱས་ལ། །དང་པོ་བསྐྱེད་རིམ་གསལ་བྱས་ལ། །དེ་ཡི་ངང་ནས་སེམས་ལ་བལྟ་།་དེ་ལྟར་བསྐྱེད་རིམ་སྒོམ་མཁན་དེ། །སེམས་ཉིད་དང་པོ་གང་ནས་སྐྱེས། །ད་ལྟ་གང་དུ་གནས་པ་ནི།་གང་འགགས་བལྟས་ཚེ་མ་རྙེད་པ། །སྐྱེ་འགགས་གནས་གསུམ་བྲལ་བ་ཟེར། །སེམས་ཀྱི་ངོ་བོ་སྟོང་པ་ཉིད། །གཟུགས་དང་ཁ་དོག་མ་གྲུབ་པ། །ཆོས་སྐུ་སྣང་བ་མཐའ་ཡས་ཡིན། །ཅི་ཡང་མེད་པ་མ་ཡིན་པ། །རང་བཞིན་གསལ་ལ་ཅི་ཡང་


CMR016_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

རིག །ས་ལེ་སེང་ངེ་ཝ་ལེ་བ། །ལོངས་སྐུ་ཐུགས་རྗེ་ཆེན་པོ་ཡིན། །སེམས་ཀྱི་རྣམ་པ་འགགས་པ་མེད། །ཅི་ཡང་དྲན་ཅིང་གར་ཡང་འཕྲོ། །ས་རྡོ་རི་བྲག་ཐོགས་མེད་པར། །གང་དྲན་ས་དེར་ཐོགས་མེད་སླེབས། །སྤྲུལ་སྐུ་འཕགས་པ་རྟ་མགྲིན་ཡིན། །ཡིན་ལ་ཡིན་པར་ངོ་ཤེས་དགོས། །མ་ཡེངས་དྲན་པའི་བྱ་རས་འཚོ། །མ་འཚོས་གླང་ཆེན་སྨྱོན་པ་བཞིན། །ཕུང་ཁྲོལ་སྣ་ཚོགས་སེམས་ཀྱིས་བྱེད། །རང་ངོ་བལྟས་ན་སྐུ་གསུམ་གྱི། །སངས་རྒྱས་རང་ལ་ཚང་བས་འཚེངས། །ཞེ་སྡང་སྐྱེ་དུས་ཅེར་རེ་ལྟོས། །མེ་ལོང་ཡེ་ཤེས་དེ་ཉིད་དེ། །རྡོ་རྗེ་རྟ་མགྲིན་དགོངས་པ་ཡིན། །ང་རྒྱལ་སྐྱེས་དུས་ངོ་བོ་ལྟོས། །མཉམ་ཉིད་ཡེ་ཤེས་ལོགས་ན་མེད། །རིན་ཆེན་རྟ་མགྲིན་དགོངས་པ་ཡིན། །འདོད་ཆགས་སྐྱེས་དུས་ངོ་བོ་ལྟོས། །སོར་རྟོག་ཡེ་ཤེས་དེ་ཉིད་རང་། །པདྨ་རྟ་མགྲིན་དགོངས་པ་ཡིན། །ཕྲག་དོག་དྲག་པོ་ཤར་ཙམ་ན། །ལྷོད་དེ་རང་གི་སེམས་ལ་ལྟོས། །བྱ་གྲུབ་ཡེ་ཤེས་ཞེས་བྱ་བ། །ཀརྨ་རྟ་མགྲིན་དགོངས་པ་ཡིན། །གཏི་མུག་བྱིངས་འཐིབ་བྱུང་བའི་དུས། །ས་ལེ་སེང་ངེ་སེམས་ལ་ལྟོས། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། །བུདྡྷ་རྟ་མགྲིན་


CMR016_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་ཡིན། །དུག་ལྔ་དང་ནི་ཡེ་ཤེས་ལྔ། །རིག་དང་མ་རིག་ཁྱད་པར་ཏེ། །དུག་ལྔ་སྤངས་བའི་ཕ་རོལ་ན། །ཡེ་ཤེས་ལྔ་ཡི་མིང་ཡང་མེད། །བླ་མེད་གསང་ཆེན་མན་ངག་སྟེ། །སྐལ་མེད་ཐོས་ན་མགོ་བོ་འགས། །དེ་ཕྱིར་མན་ངག་གསང་བར་བྱ། །སེམས་ཀྱིས་སེམས་ལ་བལྟ་བ་དེ། །རྟ་མགྲིན་ནག་པོའི་ལྟ་བ་ཡིན། །བལྟས་པས་མི་མཐོང་ངང་ལ་ཞོག །མ་མཐོང་མཐོང་བའི་རྒྱལ་པོ་ཡིན། །སེམས་ལ་བལྟ་རྟོགས་གོམས་འཇུག་པ། །རྟ་མགྲིན་ནག་པོའི་བསྒོམ་པ་ཡིན། །དང་པོ་ཡུན་ཐུང་གྲངས་མང་བལྟ། །གོམས་ནས་ཇེ་རིང་ཇེ་རིང་བྱ། །འཚུབས་ཅིང་ལྷོད་ན་ལུས་སེམས་གློད། །མི་གསལ་སྨུག་ན་ལུས་སེམས་སྒྲིམས། །འགྲོ་འདུག་སྨྲ་བརྗོད་ཟ་འཐུང་དུས། །ཡུད་ཙམ་ཡུད་ཙམ་སེམས་ལ་བལྟ། །སྐབས་སྐབས་བསྐྱེད་རིམ་གསལ་ཡང་བཏབ། །ཁ་ནས་བསྙེན་པ་འབྲལ་མེད་བྱ། །ལམ་དང་ཟམ་ཁའི་རི་ཁ་ནས། །སྔགས་སྒྲ་ཆེ་ན་འབྱུང་པོ་སྐྲག །ལྷ་འདྲེ་གཏུམ་པོའི་ཀོ་ལོང་བྱེད། །དེ་ཕྱིར་གོང་བས་ཚོར་ཙམ་བྱ། །རང་ཁྱིམ་བུང་བའི་སྐད་ཙམ་ལེགས། །དེ་བས་ཆེ་ན་དངོས་གྲུབ་བུལ། །ལྷ་འདྲེའི་ཕྲག་དོག་འབྱུང་ཡང་སྲིད། །ཧ་ཅང་མི་གསལ་མཆུ་


CMR016_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

མུག་གིས། །སྔགས་ཀྱི་ནུས་པ་ཆེར་མི་ཐོན། །ལྕེ་ཐོག་སྔགས་སྒྲ་ཐོན་ངེས་ལ། །གཞན་གྱིས་མི་ཚོར་ཙམ་ཞིག་བྱ། །ནང་ནུབ་ལ་སོགས་གཏོར་བསྔོས་དུས། །རང་ཉིད་རྟ་མགྲིན་ཐུགས་ཀ་ཡི། །འོད་ཀྱིས་བདེ་ཆེན་ཞིང་ཁམས་ནས། །རྟ་མགྲིན་ལྷ་ལྔའི་དཀྱིལ་འཁོར་གཅིག །མདུན་གྱི་ནམ་མཁར་སྤྱན་དྲངས་བསམ། །སྤྱན་འདྲེན་མཆོད་བསྟོད་གཏོར་མ་འབུལ། །དེ་ནས་རང་ལ་ཐིམ་པར་བསྒོམ། །གཤེགས་གསོལ་ནམ་ཡང་མི་བྱ་སྟེ། །བྱང་ཆུབ་མ་ཐོབ་བར་དུ་ནི། །བདག་དང་དབྱེར་མེད་གཅིག་ཏུ་བསྒྲུབ། །བླ་མེད་མཆོག་གི་ཁྱད་ཆོས་ཡིན། །ནུབ་མོ་ཉལ་དུས་ལ་སོགས་ལ། །རྫོགས་རིམ་མན་ངག་དམ་པ་ནི། །རང་ཉིད་རྟ་མགྲིན་ཐུགས་ཀ་ནས། །མེ་འབར་སྣོད་བཅུད་ཐམས་ཅད་བསྲེགས། །བུད་ཤིང་ཟད་པའི་མེ་ལྕེ་བཞིན། །མེ་ལྕེ་ཇེ་ཆུང་གཞལ་ཡས་ཐིམ། །གཞལ་ཡས་ཁང་པ་འཁོར་བཞི་ལས། །འཁོར་བཞི་རང་ཐིམ་རང་ཉིད་ཀྱང་། །ཐུགས་ཀའི་ཡིག་ཉིད་ལ་ཐིམ། །དེ་ཉིད་ཡར་སོང་རྟ་དབུའི་རྩེར། །རིགས་བདག་སྣང་བ་མཐའ་ཡས་ནི། །སོར་བཞི་ཙམ་གྱི་སྐུ་ལ་ཐིམ། །དེ་ཡང་ཐུགས་ཀའི་ཧྲཱིཿལ་ཐིམ། །ཧཱི༔དེ་འོད་དུ་


CMR016_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་ནི། །དམར་པོ་ཡུངས་ཀར་ཙམ་དུ་གྱུར། །དེ་ཡང་ཇེ་ཆུང་འཇའ་ལྟར་ཡལ། །སྟོང་གསལ་ངང་ལ་སེམས་བཞག་ནས། །ཉལ་བ་གོམས་ན་འོད་གསལ་ཟིན། །འཆི་དུས་འདི་ལྟར་མ་ཡེངས་ན། །ཐུགས་དམ་ཟིན་པར་བཤད་པའོ། །དེ་ལྟར་རྒྱུན་དུ་ཉམས་ལེན་དུས། །ད་ནངས་སྐྱབས་སུ་འགྲོ་བ་དང་། །འགྲོ་བ་སེམས་ཅན་ཐམས་ཅད་ཀུན། །རྫོགས་པའི་སངས་རྒྱས་ཐོབ་པའི་ཕྱིར། །བདག་གིས་རྟ་མགྲིན་བསྒྲུབ་སྙམ་པས། །སེམས་བསྐྱེད་བསྒོམ་པ་མན་ངག་ཡིན། །སེམས་བསྐྱེད་མེད་ན་འགྲུབ་མི་འགྱུར། །བསྙེན་སྒྲུབ་བྱས་ཀྱང་སྔགས་ནག་ཡིན། །མུ་སྟེགས་དྲང་སྲོང་རྣམས་དང་མཚུངས། །མཇུག་ཏུ་བསྔོ་བ་འདི་ལྟར་རོ། ༈ །འདི་ལྟར་སྒོམ་བཟླས་བྱས་པ་ཡིས། །འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག །དེ་ཡི་དགེ་བས་བདག་གིས་ཀྱང་། །ཁྲོ་རྒྱལ་རྟ་མགྲིན་འགྲུབ་གྱུར་ནས། །བར་ཆད་བདུད་ལས་རྒྱལ་གྱུར་སྟེ། །།ནམ་ཞིག་འཕོས་ཚེ་ནུབ་ཀྱི་ཕྱོགས། །བདེ་ཆེན་ཞིང་དུ་སྐྱེས་ནས་ཀྱང་། །ས་བཅུ་རིམ་གྱིས་བགྲོད་པར་ཤོག །དེ་སྐད་སྨོན་ལམ་རྒྱས་བཏབ་བྱ། །དེ་ལྟར་རྒྱུན་དུ་ཉམས་བླང་ན། །མི་ལུས་ཐོབ་པ་དོན་དང་ལྡན། །དམ་ཆོས་པདྨ་དཀར་


CMR016_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཡི། །རྟ་མགྲིན་རྣམ་བཀོད་ལེའུ་ལས། །སེམས་ཅན་སྲོག་ཆགས་ཐམས་ཅད་ཀྱི། །རྣ་བར་རྟ་མགྲིན་མཚན་ཐོས་ན། །དགེ་བས་བྱང་ཆུབ་སེམས་དཔར་འགྱུར། །འགྲོ་བ་སེམས་ཅན་དོན་མཛད་ཅིང་། །རིམ་གྱིས་སངས་རྒྱས་བྱང་ཆུབ་ཐོབ། །རྟ་མགྲིན་མན་ངག་ཁྱད་འཕགས་ཤིང་། །ཕན་ཡོན་ཆེ་བ་སྨོས་ཅི་དགོས། །བླ་མ་འདི་། ཡིན་སྤྱན་རས་གཟིགས། །ཡི་དམ་པདྨ་ཧེ་རུ་ཀ །ཆོས་སྐྱོང་མགོན་པོ་རྟ་གདོང་ཅན། །ལྷ་གཅིག་ཉིད་ལ་ཐམས་ཅད་ཚང་། །དེ་ཕྱིར་འདི་ལ་ཐུགས་དམ་མཛོད། །དེ་ལྟར་རྟ་མགྲིན་མན་ངག་འདི། །རྒྱུད་གཞུང་མན་ངག་ཀུན་གྱི་བཅུད། །ད་ལྟ་ཉམས་ལ་དྲན་ནས་བྲིས། །དེ་སྐད་རཱ་གའི་མིང་ཅན་དེས། །གྲོ་ཞུན་ཟླ་བའི་བཅུ་དྲུག་གི །སྔ་དྲོའི་ཆ་ལ་རྫོགས་པར་བྲིས། །མན་ངག་ཟབ་མོ་གསེར་དང་འདྲ། །ད་ལོ་ར་ལོད་མ་འདས་པའི། །མ་ཤི་ཕྱིར་དམ་ཚུལ་དུ་ཕུལ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརྟ་མགྲིན་ནག་པོ་ལྕགས་རལ་ཅན་གྱི་རྒྱུན་བསྙེན་དང་རྒྱུན་སྤྱོད་གྱི་མན་ངག་ཟབ་མོ་ཐུགས་ཏིག་ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང་།next