ཚོགས་མཆོད་བདུད་རྩི་རྒྱ་མཚོ་བྱིན་རླབས་ཆར་འབེབས་བར་ཆད་ཀུན་སེལ།
ཚོགས་མཆོད་བདུད་རྩི་རྒྱ་མཚོ་བྱིན་རླབས་ཆར་འབེབས་བར་ཆད་ཀུན་སེལ་བཞུགས་སོ། །ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནི་ཡེ། ཉམས་ཆག་སྡིག་སྒྲིབ་མ་ལུས་སྦྱང་འདོད་ན། །བར་ཆད་སེལ་ཕྱིར་ཚོགས་གཉིས་རྫོགས་པའི་ཕྱིར། །ཚོགས་འཁོར་བཤམས་ཤིང་བྱིན་རླབས་ལ་སོགས་གཞུང་། །ཞི་དྲག་ཁྲོ་འབར་ལ་སོགས་གང་མོས་བྱ། །ཚོགས་ཕུད་མ་ཕུལ་གོང་དུ་འདི་སྐད་ཅེས། །རོལ་མོའི་དབྱངས་དང་བཅས་ཏེ་གྱེར་བར་བྱ། །གནས་འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །དཔལ་ཀུན་བཟང་སྟོན་པ་བཅུ་གཉིས་ཚོགས། །འཁོར་སངས་རྒྱས་གངྒའི་བྱེ་སྙེད་བཅས། །སྐུ་མཚན་དཔེའི་གཟི་བརྗིད་འོད་དུ་འབར། །གསུང་ཡན་ལག་དྲུག་ཅུས་ཆོས་སྒྲ་སྒྲོག །ཐུགས་སྟོང་ཉིད་སྙིང་རྗེས་བརྩེར་དགོངས་ལ། །ཁྱེད་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །བདག་འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དུས་སྐད་ཅིག་ཚོགས་ཁང་འདི་ཉིད་དུ། །སེམས་རྫོགས་སངས་རྒྱས་པར་བྱིན་གྱིས་རློབས། །གནས་ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས། །དཔལ་སྣང་བ་མཐའ་ཡས་ཚེ་དཔག་མེད། །འཁོར་སེམས་དཔའི་ལྷ་མོ་མགྱོགས་མའི་ཚོགས། །སྐུ་མཚན་དཔེའི་གཟི་བརྗིད་འོད་དུ་འབར། །གསུང་ཡན་ལག་དྲུག་
ཅུས་ཆོས་སྒྲ་སྒྲོག །ཐུགས་སྟོང་ཉིད་སྙིང་རྗེས་བརྩེར་དགོངས་ལ། །ཁྱེད་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །བདག་འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དུས་སྐད་ཅིག་ཚོགས་ཁང་འདི་ཉིད་དུ། །ལུས་འཆི་མེད་ཐོབ་པར་བྱིན་གྱིས་རློབས། །གནས་པོ་ཊ་ལ་ཡི་རྩེ་མོ་ནས། །དཔལ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །འཁོར་བསྐལ་བཟང་སངས་རྒྱས་སྟོང་གིས་བསྐོར། །སྐུ་མཚན་དཔེའི་གཟི་བརྗིད་འོད་དུ་འབར། །གསུང་ཡན་ལག་དྲུག་ཅུས་ཆོས་སྒྲ་སྒྲོག །ཐུགས་སྟོང་ཉིད་སྙིང་རྗེས་བརྩེར་དགོངས་ལ། །ཁྱེད་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །བདག་འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དུས་སྐད་ཅིག་ཚོགས་ཁང་འདི་ཉིད་དུ། །གནས་རིགས་དྲུག་སྐྱེ་སྒོ་བཅད་དུ་གསོལ། །གནས་ཟངས་མདོག་དཔལ་རིའི་རྩེ་མོ་ནས། །དཔལ་པད་འབྱུང་སྐུ་ལྔ་མཚན་བརྒྱད་རྣམས། །འཁོར་རྗེ་འབངས་ཉེར་ལྔ་རིག་འཛིན་ཚོགས། །སྐུ་མཚན་དཔེའི་གཟི་བརྗིད་འོད་དུ་འབར། །གསུང་ཡན་ལག་དྲུག་ཅུས་ཆོས་སྒྲ་སྒྲོག །ཐུགས་སྟོང་ཉིད་སྙིང་རྗེས་བརྩེར་དགོངས་ལ། །ཁྱེད་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །བདག་
འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དུས་སྐད་ཅིག་ཚོགས་ཁང་འདི་ཉིད་དུ། །སེམས་ལུས་ངག་ཡིད་གསུམ་བྱིན་གྱིས་རློབས། །གནས་རྒྱ་བོད་སྒྲུབ་གནས་ཐམས་ཅད་ནས། །དཔལ་གྲུབ་ཆེན་བརྒྱད་ཅུ་རྩ་ལྔའི་ཚོགས། །བོད་གངས་ཅན་གྲུབ་ཐོབ་རྒྱ་མཚོའི་ཚོགས། །སྐུ་མཚན་དཔེའི་གཟི་བརྗིད་འོད་དུ་འབར། །གསུང་ཡན་ལག་དྲུག་ཅུས་ཆོས་སྒྲ་སྒྲོག །ཐུགས་སྟོང་ཉིད་སྙིང་རྗེས་བརྩེར་དགོངས་ལ། །ཁྱེད་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །བདག་འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དུས་སྐད་ཅིག་ཚོགས་ཁང་འདི་ཉིད་དུ། །སེམས་ཕྱག་ཆེན་རྟོགས་པར་བྱིན་གྱིས་རློབས། །གནས་རང་ལུས་རྒྱལ་བའི་དཀྱིལ་འཁོར་ནས། །དཔལ་རྡོ་རྗེ་སེམས་དཔའ་རིགས་བརྒྱའི་ཚོགས། །འཁོར་ཐེག་པ་དགུ་ཡི་ལྷ་ཚོགས་རྣམས། །སྐུ་མཚན་དཔེའི་གཟི་བརྗིད་འོད་དུ་འབར། །གསུང་ཡན་ལག་དྲུག་ཅུས་ཆོས་སྒྲ་སྒྲོག །ཐུགས་སྟོང་ཉིད་སྙིང་རྗེས་བརྩེར་དགོངས་ལ། །ཁྱེད་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །བདག་འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དུས་སྐད་ཅིག་ཚོགས་ཁང་འདི་ཉིད་དུ། །ལས་སྒྲིབ་
གསུམ་དག་པར་བྱིན་གྱིས་རློབས། །གནས་ལྷོ་ཕྱོགས་ཨེ་ཡི་གཞལ་ཡས་ནས། །དཔལ་རྡོ་རྗེ་འཇིགས་བྱེད་བེ་ཏཱ་ལི། །འཁོར་ལས་གཤིན་བཞི་སོགས་སྤྲུལ་པའི་ཚོགས། །སྐུ་རབ་འཇིགས་གར་དགུའི་ཉམས་དང་ལྡན། །གསུང་དྲག་སྔགས་འབྲུག་སྒྲས་བདུད་དཔུང་འཇོམས། །ཐུགས་སྟོང་ཉིད་ངང་ལས་སྙིང་རྗེ་ཁྲོ། །ཁྱེད་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །བདག་འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དུས་སྐད་ཅིག་ཚོགས་ཁང་འདི་ཉིད་དུ། །རྐྱེན་བར་ཆད་ཟློག་པའི་ཕྲིན་ལས་མཛོད། །གནས་དབང་དྲག་རོལ་བའི་དུར་ཁྲོད་ནས། །དཔལ་རྟ་ནག་ལྕགས་རལ་རིགས་བཞིའི་ཚོགས། །འཁོར་དུར་ཁྲོད་བརྒྱད་ལ་གནས་པ་རྣམས། །སྐུ་རབ་འཇིགས་གར་དགུའི་ཉམས་དང་ལྡན། གསུང་དྲག་སྔགས་འབྲུག་སྒྲས་བདུད་དཔུང་འཇོམས། །ཐུགས་སྟོང་ཉིད་ངང་ལས་སྙིང་རྗེ་ཁྲོ། །ཁྱེད་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །བདག་འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དུས་སྐད་ཅིག་ཚོགས་ཁང་འདི་ཉིད་དུ། །ཀླུ་ས་བདག་གནོད་པ་བཟློག་ཏུ་གསོལ། །གནས་པདྨ་འོད་ཀྱི་གཞལ་ཡས་ནས། །དཔལ་དྲག་པོ་དམར་ནག་མེ་
ཕྲེང་ཅན། །འཁོར་རིགས་བཞི་ཌཱཀྐི་ཁྲོ་བོ་བཅུ། །སྐུ་རབ་འཇིགས་གར་དགུའི་ཉམས་དང་ལྡན། །གསུང་དྲག་སྔགས་འབྲུག་སྒྲས་བདུད་དཔུང་འཇོམས། །ཐུགས་སྟོང་ཉིད་ངང་ལས་སྙིང་རྗེ་ཁྲོ། །ཁྱེད་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །བདག་འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དུས་སྐད་ཅིག་ཚོགས་ཁང་འདི་ཉིད་དུ། །གདོན་རྒྱལ་བསེན་ལྷ་འདྲེའི་གནོད་པ་ཟློག །གནས་ནུབ་ཕྱོགས་ཨོ་རྒྱན་གཞལ་ཡས་ནས། །དཔལ་ཡེ་ཤེས་ཌཱ་ཀི་སེང་གདོང་མ། །འཁོར་གནས་གསུམ་ཌཀྐི་བྱེ་བ་འབུམ། །དབུ་ཐོར་ཚུགས་ཅོད་པན་ལྡེམས་སེ་ལྡེམ། །ཕྱག་གྲི་ཐོད་སྟངས་སྟབས་ཁྱུགས་སེ་ཁྱུག །ཞབས་གར་ཐབས་བྲོ་རྡུང་ཁྲིགས་སེ་ཁྲིག །ཁྱེད་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །བདག་སྐལ་ལྡན་རྣམས་ལ་ཡེ་ཤེས་སྦྱོར། །ཁོང་སྐལ་མེད་རྣམས་ལ་མོས་པ་བསྐྱེད། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །གནས་གསང་ཆེན་རོལ་པའི་དུར་ཁྲོད་ནས། །དཔལ་མགོན་པོ་མ་ནིང་དཔལ་འབར་མ། །འཁོར་སྡེ་བརྒྱད་གཏེར་སྲུང་བྱེ་བ་འབུམ། །སྐུ་རབ་འཇིགས་ཁྲོ་གཏུམ་སྲིན་པོའི་གཟུགས། །གསུང་
སྔགས་སྒྲའི་ང་རོས་སྲིད་གསུམ་འདིར། །ཐུགས་སྟོང་ཉིད་ངང་ལས་སྙིང་རྗེ་ཁྲོ། །ཁྱེད་འདིར་བྱོན་ཚོགས་ཀྱི་མཆོད་པ་བཞེས། །རྗེ་པད་འབྱུང་བསྟན་པ་རྒྱས་པ་དང་། །བདག་སྔགས་འཆང་བཅོལ་བའི་ཕྲིན་ལས་མཛོད། །ཁོང་ཡོན་བདག་རྐྱེན་རྣམས་བཟློག་པར་མཛོད། །གནས་མཆོག་དཔལ་གྱི་རྩྭ་རི་ནས། །དཔལ་ཞིང་སྐྱོང་སེང་གདོང་ཡབ་ཡུམ་ལ། །འཁོར་ནག་པོ་སྟོང་དང་ཤ་ཟ་འབུམ། །གནས་ཞིང་སྐྱོང་མཁའ་འགྲོ་བྱེ་བ་འབུམ། །སྐུ་མ་ངེས་སྤྲུལ་སྒྱུར་ཅིར་ཡང་སྟོན། །གསུང་སྔགས་སྒྲ་གླུ་དབྱངས་ཙེ་རེ་རེ། །ཐུགས་བདེ་སྟོང་ཏིང་འཛིན་ངང་ཉིད་ལས། །ཁྱེད་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །བདག་སྔགས་འཆང་བཅོལ་བའི་ཕྲིན་ལས་སྒྲུབས། །ཁོང་ཡོན་བདག་རྣམས་ཀྱི་ཆག་ཆེན་ཟློག །རོལ་མོ་བྱ། དེ་ནས་ཚོགས་བཏེག་ལ་དྲངས་བ་ནི། ཨོཾ་ཨཱཿ ཧཱུཾ། ཚོགས་མཆོད་བདུད་རྩིའི་རྒྱ་མཚོ་ལས། །རླངས་པ་མཆོད་པའི་ལྷ་མོའི་ཚོགས། །དཔག་མེད་ནམ་མཁའ་གང་བར་འཕྲོས། །གཟུགས་སྒྲ་དྲི་རོ་རེག་བྱའི་ཚོགས། །བསྟབ་བོ་བསྟབ་བོ་དགྱེས་པར་རོལ། །གྷ་ན་ཞེས་པ་ཚོགས་ཡིན་ཏེ། །སྟེང་བཀའ་བརྒྱུད་བླ་མ་འཚོགས་པའི་
ཚོགས། །བར་ཡི་དམ་ལྷ་ཚོགས་འཚོགས་པའི་ཚོགས། །འོག་ཆོས་སྐྱོང་སྲུང་མ་འཚོགས་པའི་ཚོགས། །གྲོགས་རྡོ་རྗེའི་སྤུན་གྲོགས་འཚོགས་པའི་ཚོགས། །ཙཀྲ་ཞེས་པ་འཁོར་ལོ་སྟེ། །སྒྲིབ་གཉིས་གཅོད་པའི་འཁོར་ལོ་ཡིན། །དུག་ལྔ་གཅོད་པའི་འཁོར་ལོ་ཡིན། །བདུད་བཞི་གཅོད་པའི་འཁོར་ལོ་ཡིན། །སྐྱེ་སྒོ་གཅོད་པའི་འཁོར་ལོ་ཡིན། །ཨ་ལ་ལ་ངོ་མཚར་རྨད་དུ་བྱུང་། །འདི་ནི་ཆོས་རྣམས་འབྱེད་པའི་སྒོ། །འདི་རྣམས་བྱིན་རླབས་འཇུག་པའི་སྒོ། །།འདི་ནི་དབང་བཞི་བསྐུར་བའི་ཡོན། །འདི་ནི་དངོས་གྲུབ་འབྱུང་བའི་གཞི། །འདི་ནི་དཔའ་བོ་རྒྱས་པའི་ཐབས། །འདི་ནི་མཁའ་འགྲོ་འདུ་བའི་གཞི། །འདི་ནི་ཆོས་སྐྱོང་རྟེན་པའི་གཞི། །འདི་ནི་ཉམས་ཆག་བསྐང་བའི་མཆོག །འདི་ནི་སྒྲིབ་གཉིས་བཀྲུ་བའི་ཆུ། །འདི་ནི་བག་ཆགས་གཏོར་བའི་རླུང་། །འདི་ནི་འཁོར་བ་སྒྲོལ་བའི་གྲུ། །ཨེ་མ་ཧོ། འདི་ལ་ཐེ་ཚོམ་བྱ་མི་རུང་། །གང་གིས་ཚོགས་ལ་ཐེ་ཚོམ་ན། །ཆུ་བུར་ཅན་གྱི་དམྱལ་བར་ལྟུང་། །ཚེ་འདིར་ཊཱཀྐིའི་ཆད་པ་འབྱུང་། །དེ་ཕྱིར་ཐེ་ཚོམ་མེད་པར་རོལ། །ཕྱི་མཆོད་ཡུལ་ལྷ་རྣམས་ཐུགས་དམ་བསྐང་། །
ནང་སྐྱེ་མེད་ལྷ་ཚོགས་ཚིམ་པར་རོལ། །ཁ་ཡ་རྐན་རྒྱལ་བ་འོད་དཔག་མེད། །ལྕེ་ཡུམ་མཆོག་ལྷ་མོ་གོས་དཀར་མོ། །དེ་གཉིས་མེད་བདེ་སྟོང་སྦྱོར་བ་ལ། །དེ་མྱོང་རྟོགས་ཟག་མེད་བདུད་རྩི་བླུད། །གནས་རང་ལུས་རྩ་འཁོར་ལྔ་པོ་རུ། །ལྷ་རིགས་ལྔ་ཡབ་ཡུམ་འཁོར་བཅས་མཉེས། །གནས་ཉི་ཤུ་རྩ་བཞི་རྩ་དབུ་མ། །ལྷ་དཔའ་བོ་མཁའ་འགྲོ་ཐམས་ཅད་ཚིམས། །དེ་ཚིམས་པས་དངོས་གྲུབ་རྣམ་གཉིས་ཐོབ། །ཉམས་རྟོགས་པ་ཡར་ངོའི་ཟླ་བ་བཞིན། །བདག་དོན་གཉིས་འགྲུབ་པར་མཛད་དུ་གསོལ། །ཞེས་གླུ་དོན་གྲུབ་ཀྱིས་བསྐུལ་ནས་ཨ་རཱ་གས་བྲིས་པའོ། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།