Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་གསུམ་པ། ག༽


   
   
   
   
  collapse section
   
   
   
   
   
   
   
   
   
   
ཆོས་ཉིད་ཆབ་གཏོར་གྱི་ལུང་རྣམ་པར་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཆོས་ཉིད་ཆབ་གཏོར་གྱི་ལུང་རྣམ་པར་བསྡུས་པ། next

ཆོས་ཉིད་ཆབ་གཏོར་གྱི་ལུང་རྣམ་པར་བསྡུས་པ།


DNG003_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨོཾ་སརྦ་པ་ན་རེ་ཀ་དྷརྨ་སུ་ཀ་ནཱ་མ། བོད་སྐད་དུ། ཆོས་ཉིད་ཆབ་གཏོར་གྱི་ལུང་རྣམ་པར་བསྡུས་པ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྟ་མཆོག་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་དབང་ཆེན་དེ་ལ། འཕགས་པ་འཇམ་དཔལ་གྱིས་བསྐོར་བ་ལན་གསུམ་བྱས་ཏེ། རྒྱུ་བསོད་ནམས་ཀྱི་ཚོགས་ལ་བརྟེན་ནས། འབྲས་བུ་ཡེ་ཤེས་ཀྱི་ཚོགས་བསགས་པ་འདི་སྐད་གསུངས་སོ། །ཀྱེ་ཀྱེ་འཁོར་གྱི་ལྷ་ཀླུ་ཉོན། །གང་ཞིག་བསོད་ནམས་འཕེལ་འདོད་པས། །ང་ཡི་བསྟན་པའི་ལུང་འདི་ཉོན། །སྟོང་ཉིད་རིག་པའི་སྟོབས་ལྡན་པས། །དབེན་པའི་གནས་སུ་བདེར་འདུག་ལ། །རིག་པའི་ཡེ་ཤེས་རང་སྣང་ཀྱང་། །ཚོགས་འདི་བསགས་པས་བྱང་ཆུབ་ཉེ། །ང་དང་བདག་ཏུ་མི་འཛིན་ཅིང་། །སྟོང་ཉིད་གསལ་བར་རབ་བསྒོམས་ཏེ། །ངེས་དོན་ཆོས་སྤྱོད་འདི་བསྟན་བྱ། །རྫོགས་ཆེན་མན་ངག་ལུང་ལྡན་པས། །སྣོད་བསྟན་པ་དང་བཅུད་ཉིད་བསྟན། །མགྲོན་དང་ཡོན་ཏན་རྒྱས་པར་བསྟན། །སྔགས་དང་ཕྱག་རྒྱ་ཏིང་འཛིན་བསྟན། །རྣམ་པ་བདུན་ལྡན་རྣལ་འབྱོར་པས། །འཇམ་དཔལ་སྙིང་པོ་བསྡུས་པ་འདི། །ཉམས་དགའ་བ་ཡི་ཕྱོགས་དག་ཏུ། །རིན་པོ་ཆེ་ཡི་སྣོད་དག་གམ། །རབ་ཏུ་གཙང་བའི་སྣོད་དག་ཏུ། །ཆུ་གཙང་འོ་མ་སྦྱར་ལ་བླུག །རིན་པོ་ཆེ་དང་ཙན་དན་བརྡར། །མེ་ཏོག་འབྲུ་དང་སྨན་གྱིས་བརྒྱན། །གཙང་མའི་སྨན་དང་ཕྱེ་


DNG003_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས། །ཀ་ཏི་དང་ནི་པུ་ཙ་དང་། །དབང་དང་ན་ག་སྨན་གྱི་ཚོགས། །ཅི་འབྱོར་བ་ཡིས་སྣོད་དགང་ངོ་། །དེ་ལྟར་སྣོད་ཉིད་རབ་གཏམས་ལ། །འཕགས་པ་སྤྱན་དྲངས་མཆོད་པ་འབུལ། །བྱང་ཆུབ་སེམས་བསྐྱེད་བྱམས་པ་བསྒོམ། །འགྲོ་ལ་ཕན་གདགས་སྙིང་རྗེ་བསྒོམ། །བལྟ་བ་གསལ་གདབ་དགའ་བ་བསྐྱེད། །ཕྱོགས་མེད་རང་གསལ་བཏང་སྙོམས་ཏེ། །འབྲས་བུ་རང་གྲོལ་དམིགས་མེད་དོ། །དེ་ལྟར་སྔོན་འགྲོ་རྫོགས་ནས་ནི། །བདག་ཉིད་རྣལ་འབྱོར་ཐུགས་ཀ་ནས། །ཡི་གེ་ཨ་གཅིག་ཆད་པ་ལས། །བདག་ལ་སོགས་པའི་སྣོད་བཅུད་ནི། །སྟོང་ཞིང་བདག་མེད་ཆེན་པོར་བསྒོམ། །དེ་ནས་ཨ་དེ་སྤར་གྱུར་པས། །རིན་ཆེན་སྣོད་དུ་ཕོག་པར་བསམ། །དེ་རྣམས་འོད་དུ་ཞུ་བ་ལས། །སྣོད་ཀྱི་འཇིག་རྟེན་ཐམས་ཅད་དང་། །གཏོར་སྣོད་དྲི་མ་སྦྱང་བར་བྱ། །དེ་ནས་ཨ་དེ་སླར་འདུས་ནས། །གཏོར་མའི་སྣོད་ལ་ཐིམ་གྱུར་པས། །སྟོང་གསུམ་སྟོང་གི་འཇིག་རྟེན་ཁམས། །བདུད་རྩི་དག་གི་རང་བཞིན་དུ། །མེར་གྱིས་ཞུ་ནས་གང་བར་བསམ། །དེ་ནས་ཏིང་འཛིན་རབ་ལྡན་པས། །ཨ་ཡི་རང་བཞིན་དེ་ཉིད་ལས། །རང་རང་ཡི་དམ་ལྷ་ཉིད་ཀྱི། །ས་བོན་གང་ཡིན་གྱུར་པར་བསམ། །དེ་ནས་ཡི་དམ་མེད་པ་ན། །ཝཱ་གཱི་ཤྭ་རར་གྱུར་པར་བསམ། །དེ་ཉིད་འོད་དུ་ཞུ་བ་ལས། །འཇམ་དཔལ་སྐུ་མདོག་གསལ་བར་བསྒོམ། །བདག་དང་གཉིས་མེད་གནས་པ་ལ། །སངས་རྒྱས་ཞིང་ཁམས་རབ་འབྱམས་སུ། །འཇམ་དཔལ་སྐུ་ནི་གྲངས་མེད་བསམ། །ཡི་དམ་སྙིང་པོ་གང་ཡིན་པ། །བདག་གི་ཐུགས་ཀར་ཐིམ་གྱུར་ནས། །བདག་ཉིད་ཡི་དམ་ལྷ་རུ་བསྐྱེད། །བདག་ཉིད་ཏིང་འཛིན་གསལ་བ་དང་། །ཡི་དམ་སྙིང་པོ་གང་ཡིན་པ། །ཡི་གེ་ཛ་རུ་གྱུར་པར་བསམ། །དེ་ཉིད་འོད་དུ་ཞུ་བ་ལས། །ཛ་ཡིས་སྟོང་གསུམ་གང་བར་བསྒོམ། །དེ་དག་རབ་ཏུ་འཕྲོས་པ་ལས། །འཕགས་པ་སྤྱན་དྲངས་འགྲོ་དྲུག་བཀུག །མགྲོན་རྣམས་རབ་ཏུ་བཀུག་པ་དང་། །འཕགས་པ་དཀོན་མཆོག་གསུམ་པོ་དང་། །


DNG003_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་དང་རྒྱལ་བ་རྣམས། །ནམ་མཁའ་དག་ལ་ལྷགས་པར་བསམ། །མ་མོ་མཁའ་འགྲོ་ཆོས་སྐྱོང་རྣམས། །བར་སྣང་ཁམས་སུ་ཁེངས་པར་བསམ། །འགྲོ་བ་རིགས་དྲུག་སེམས་ཅན་རྣམས། །ས་གཞི་རབ་ཏུ་ཁེངས་པར་བསམ། །དེ་ལྟར་མགྲོན་རྣམས་སྤྱན་དྲངས་ལ། །སྔགས་འདིས་མགྲོན་རྣམས་ཚིམ་པར་བསམ། །རིགས་ཀྱི་བུ་དེ་ནི་འདི་ལྟ་སྟེ། ཏདྱ་ཐཱ། མ་ཧཱ་ཨཱ་བེ་ཤ་ཡ་ཨ། སརྦ་ཏ་ཐཱ་ག་ཏ། བྷ་ས་ལི། ཛྭ་ལ་ཡ། སརྦ་ཨ་མྲྀ་ཏ་ཀུནྡྷ་ལི་ཧ་ན་ཧ་ན་ཧཱུཾ། སརྦ་པྲེ་ཏ་མུད་ཏ་སིཾ་ཧཱུཾ། སྔགས་དེ་ལན་བདུན་བརྗོད་པར་བྱ། །རྫོགས་ཆེན་ཕྱག་རྒྱ་གཅིག་པར་འབུལ། །ཡོངས་སུ་དག་དང་མ་དག་པའི། །ཐམས་ཅད་འདོད་པ་བསྐང་བར་བསམ། །དང་པོ་འཕགས་པ་དཀོན་མཆོག་མཆོད། །གཉིས་པ་དཔལ་དང་མ་མོ་དང་། །ཆོས་སྐྱོང་སྲུང་མ་ལ་སོགས་མཆོད། །གསུམ་པ་འཇིག་རྟེན་འགོ་ལྷ་མཆོད། །བཞི་པ་རྒྱལ་ཆེན་བཞི་རྣམས་དང་། །ཚངས་པ་བརྒྱ་བྱིན་ལྷ་རྣམས་དང་། །གཟའ་དང་རྒྱུ་སྐར་ཐམས་ཅད་མཆོད། །ལྔ་པ་ལན་ཆགས་མགྲོན་ལའོ། །དྲུག་པ་ཡི་དྭགས་མགྲོན་རྣམས་མཆོད། །བདུན་པས་ཐམས་ཅད་ཚིམ་པར་བྱེད་པའོ། །དེ་ལྟར་བསྔོ་བ་རྣམས་རྫོགས་ནས། །བསྔོ་དང་ཆོས་ཀྱི་སྦྱིན་པ་བཏང་། །ཡེ་ཤེས་ལྔ་ཡི་འོད་ཟེར་ནི། །དབང་པོ་ལྔ་ཡི་འཕྲོ་འདུ་ལས། །འདོད་པའི་ཡོན་ཏན་ལྔ་ལྡན་པས། །ལྷ་ཡི་ལོངས་སྤྱོད་ལྔར་ལྡན་ཞིང་། །ཐམས་ཅད་ཚིམས་བྱེད་བདུད་རྩི་འདིས། །དཀོན་མཆོག་ཡོན་ཏན་ཐམས་ཅད་དང་། །རིགས་ལྔ་སྲས་དང་ཡུམ་དུ་བཅས། །དབང་ཆེན་ལྷ་ཚོགས་ཐམས་ཅད་དང་། །ཡི་དམ་ལྷ་དང་སློབ་དཔོན་དང་། །དཔལ་དང་མ་མོ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མ་འཁོར་བཅས་དང་། །དཀྱིལ་འཁོར་ལྷ་ཚོགས་ཀུན་ལ་བསྔོ། །སྲིད་པའི་མགྲོན་དུ་གྱུར་པ་ཡི། །རྒྱལ་ཆེན་བཞི་དང་གཙང་རིགས་ལྷ། །ཚངས་པ་བརྒྱ་བྱིན་འཁོར་དང་བཅས། །ཉེ་བའི་ལྷ་དང་གཟའ་རྣམས་
དང་། །སྲེད་མེད་བུ་དང་རྒྱུ་སྐར་དང་། །ཕྱོགས་སྐྱོང་འཁོར་དང་བཅས་ལ་འབུལ། །ལན་ཆགས་མགྲོན་ལ་བསྔོ་བ་ནི། །མཁའ་ལ་རྒྱུ་དང་བར་སྣང་རྒྱུ། །རི་རབ་གནས་དང་ངོས་ལ་གནས། །རྒྱ་མཚོར་གནས་དང་གླིང་ལ་གནས། །ས་དང་ཆུ་ལ་གནས་པ་དང་། །ཡིད་ཀྱིས་འགྲོ་དང་གཟུགས་ཀྱིས་འགྲོ། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །འབྱུང་པོའི་ཚོགས་དང་ཤ་ཟ་དང་། །གཟུགས་ཅན་དང་ནི་གཟུགས་མེད་དང་། །ལྟོ་འགྲོ་དང་ནི་རྐང་འགྲོ་དང་། །མི་འམ་ཅི་དང་ཡི་དྭགས་དང་། །བྱོལ་སོང་རིགས་དང་ན་རག་དང་། །ཡི་དྭགས་རྣམས་ལ་ཟས་དང་སྐོམ། །ཐོགས་པ་མེད་པར་འབྱུང་འགྱུར་ཤོག །དེ་དག་རྣམས་ལ་ཅི་རིགས་པ། །རང་རང་འདོད་པ་ཚིམ་གྱུར་ཅིག །ཀུན་ཀྱང་གནོད་པ་མ་བྱེད་པར། །ལོངས་སྤྱོད་ལྔ་དང་ལྡན་གྱུར་ཅིག །ཅེས་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། ཆབ་གཏོར་གྱི་མན་ངག་མཆོད་པ་ལོངས་སྤྱོད་ཀྱི་ལེའུ་སྟེ་བཅུ་པའོ། །རྫོགས་སོའོ།། །།


previousཆོས་ཉིད་ཆབ་གཏོར་གྱི་ལུང་རྣམ་པར་བསྡུས་པ། next