Nitartha Digital Library
Tibetan
གསུང་འབུམ་པོད་དྲུག་པ།


  collapse section
   
   
   
   
   
   
   
   
   
   
   
   
   
   
གཉིས་པ། རྒྱུད་གང་ལས་འཕྲོས་པ།
   
   
   
   
   


 
previousགཉིས་པ། རྒྱུད་གང་ལས་འཕྲོས་པ།next

གཉིས་པ། རྒྱུད་གང་ལས་འཕྲོས་པ།

གཉིས་པ་རྒྱུད་གང་ལས་འཕྲོས་པ་ནི་དེ་ལྟ་བུའི་གདམས་ངག་ཚིག་གསུམ་པོ་འདི་ནི་རྡོ་རྗེ་འཆང་གི་རྒྱུད་སྡེ་ཐམས་ཅད་ཀྱི་གནད་བསྡུས་ཏེ་ཕྱི་རབས་ཀྱི་གང་ཟག་རྣམས་ལ་ཆོས་སྐུའི་རིང་བསྲེལ་དུ་བཞག་པ་ཉིད༔ དགའ་རབ་རྡོ་རྗེས་འཇམ་དཔལ་བཤེས་གཉེན་ལ་གནང་བ་སྟེ༔ རྒྱུད་སྡེ་གང་གནས་བསྡུས་དོན་འདི་གསུངས་ན༔བདུད་རྩི་བཅུད་ཐིག་ལས༔ ང་ཡི་དགུ་རྩེ་སྤྱི་ཏི་འདིར༔ སྤྲོས་པ་རང་གི་ཐོག་ཏུ་བཅད༔ རང་ངོ་རང་གི་རང་ལ་སྤྲད༔ རང་གདེངས་རང་གྲོལ་ཐོག་ཏུ་བཅད༔ ཆོས་འདས་རང་ལ་རང་གིས་བཟླའོ༔ ཞེས་དང་༔ ཐལ་འགྱུར་ལས༔ གཞན་ཡང་ཆོས་ཉིད་ངོ་བོ་ནི༔ རང་བཞིན་ཉིད་ལས་ངོ་བོར་གྲུབ་༔ སྣང་ཚུལ་གཅིག་ཏུ་མ་ངེས་པས༔ འཇུག་པའི་ལམ་ཡང་ཐ་དད་དོ༔ ངོ་དང་ཤེས་དང་གྲོལ་མཐོང་གི༔ འཇུག་དང་མཐོང་དང་གོམས་པ་ལས༔ ངོ་ཤེས་པ་ལ་རང་ངོ་སྟེ༔ ཡིད་ཆེས་པ་ཡི་ཐུག་སའོ༔ ཐག་ཆོད་པས་ནི་གདེང་དུ་ཆུད༔ དེ་ལྟར་གསུམ་གྱི་ངེས་པའི་ལས༔ ངོ་བོ་རྫོགས་པས་རྒྱུ་འགགས་སོ༔ ཞེས་གང་གསུངས་པའོ༔

དོན་གསུམ་པ་གཞན་མ་ཡིན་པའི་དེ་ཁོ་ན་ཉིད་འབྲས་བུ་ལྷུན་གྲུབ་ཆེན་པོའི་གོ་འཕང་མངོན་དུ་གྱུར་བའི་ཚུལ་བཤད་པ་ལ༔ ཇི་ལྟར་ཐོབ་པའི་ཚུལ་དང་༔ འབྲས་བུ་དངོས་བཤད་པ༔ གཞི་འབྲས་དབྱེར་མེད་ཀྱི་ངེས་པས་མཇུག་བསྡུ་བའོ༔ དང་པོ་ལ༔ ལམ་གང་གིས་གྲོལ་བ་ཐོབ་པའི་ཚུལ༔ ཇི་ལྟར་གྲོལ་བ་ཐོབ་པའི་ཚུལ༔ གྲོལ་བ་རང་གི་ངང་ཚུལ་དང་གསུམ་ལས༔

དང་པོ་ནི༔ འདིར་རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་གདུལ་བྱ་གོང་ནས་གོང་དུ་དྲངས་པའི་ཕྱིར་དུ་ཐེག་པ་རིམ་པ་དགུ་ལ་སོགས་པའི་ལྟ་བསྒོམ་སྤྱོད་པའི་རིམ་པ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་ཀྱང་༔ དེ་དག་གི་རྒྱུ་སྣང་བ་དང་༔ སྟོང་པ༔ ཐབས་དང་ཤེས་རབ༔ བསྐྱེད་རིམ་དང་རྫོགས་རིམ་འབྲེལ་བར་བསྒྲུབས་ནས༔ འབྲས་བུ་ཆོས་གཟུགས་ཀྱི་སྐུ་གཉིས་གྲུབ་པར་འདོད་ཅིང་༔ དེ་ནི་རྒྱུ་འབྲས་ལྷུན་གྲུབ་ཏུ་ཡོད་པའི་གཞི་ལ་རྨོངས་བས་བྱེ་མ་བཙིར་ནས་མར་འབྱུང་བར་འདོད་པ་དང་འདྲ་ཞིང་༔ དེ་ལྟ་བུའི་སེམས་དང་སེམས་བྱུང་གི་ལས་དང་༔ ལུས་དང་ངག་གི་ལས་ཀྱི་སྤངས་ལེན་སྦྱོང་བསྒྱུར་གྱི་ཐབས་སྣ་ཚོགས་ལས་མ་བཅོས་རང་བཞག་གི་འབྲས་བུའི་ཡེ་ཤེས་ཉིད་ལ་ལམ་དུ་བྱེད་པའི་ཚུལ་ལ་རྨོངས་པས་ན་སངས་རྒྱས་མྱུར་དུ་ཐོབ་པའི་སྐལ་བ་མེད་པ་དང་༔ མེ་ལག་ནས་མ་བཏང་བར་ཚ་བ་འདོར་མི་ནུས་པ་བཞིན་དུ༔ གཞི་མ་རིག་པ་འཁོར་བའི་རྩ་བ་ཅན་གྱི་བསྡུས་པའི་ཆོས་དེ་དག་གི་ལས་སྣ་ཚོགས་པས་སྲིད་པ་མཐོ་དམན་དུ་བཟང་འཁྲུལ་དང་ངན་འཁྲུལ་གྱིས༔ བདེ་སྡུག་རྒྱུན་མི་ཆད་པར་འདུ་བྱེད་པ་ལས་འདུས་མ་བྱས་པའི་ཆོས་སྐུ་དང་ལོངས་སྐུ་འབྱུང་བར་འདོད་པ་ནི༔ ནས་ལས་ཁྲེ་བཞིན་རྒྱུ་འབྲས་འཛོལ་ལས་ཀྱང་ཧ་ཅང་ཐལ་བའི་མི་སྲིད་པ་ཡིན་པས་ན༔ ཀུན་བྱེད་ལས༔ རང་གམ་བཞག་ནས་གཞན་མ་རྒྱང་དུ་ཚོལ༔ བྱར་མེད་བདེ་བོར་རྩོལ་བ་དང་དུ་ལེན༔ ཚི་ཆད་ནད་དུ་དེ་ལས་ཆེ་བ་མེད༔ མ་ཡེངས་ཏིང་འཛིན་རེ་བའི་རྟོད་ཕུར་དེས༔ གོང་མའི་ལྷ་ལས་ཐར་བ་ཐོབ་མི་འགྱུར༔ ཞེས་དང་༔ ཡེ་ཤེས་མཁའ་མཉམ་ཀྱི་རྒྱུད་ལས༔ ཐེག་བརྒྱད་ལམ་གྱི་གོལ་ས་ནི༔ ཁྱེད་ཅག་བློ་དམན་མ་རིག་པས༔ ཐབས་དང་ཤེས་རབ་འབྲེལ་དགོས་ཟེར༔ འཁྲུལ་བ་བརྟས་པའི་རྟོག་པ་ཡིན༔ ཞེས་སོ༔ དེ་ན་དགེ་སྡིག་གི་ལས་ཐམས་ཅད་རིག་པའི་སྒྲིབ་པ་ཡིན་ཏེ༔ སྤྲིན་དཀར་ནག་གང་ཡང་ཉི་མའི་སྒྲིབ་པ་ཡིན་པར་མཚུངས་པ་བཞིན་ཏེ༔ ངེས་དོན་འདུས་པའི་རྒྱུད་ལས༔ དཔེར་ན་ཉི་མའི་སྙིང་པོ་ལ༔ སྤྲིན་ནི་དཀར་ནག་གཉིས་ཀས་བསྒྲིབས༔ དེ་བཞིན་ཐབས་ལ་བརྟེན་པ་ཡིས༔ གང་ཟག་ཀུན་གྱིས་དངོས་པོར་བཟུང་༔ དེ་ཕྱིར་ལམ་གྱི་གེགས་སུ་གསུངས༔ ཞེས་དང་༔ དེ་ཉིད་ལས༔ དཔེར་ན་ཏིལ་གྱི་མར་ཡོད་ཀྱང་༔ མ་བཙིར་བར་དུ་མར་མི་འབྱུང་༔ དེ་བཞིན་རང་ལ་ཡོད་མོད་ཀྱང་༔ མ་བསྟན་བར་དུ་ཤེས་མི་སྲིད༔ བསྐལ་པ་འབུམ་ཕྲག་བརྒྱ་ཡི་བར༔ འདུས་བྱས་ཆོས་སྤྱོད་བྱས་གྱུར་ཀྱང་༔ འབྲས་བུ་སངས་རྒྱས་འབྱུང་བ་མིན༔ དེ་ཡང་འདུས་པའི་སྙིང་པོ་ཉོན༔ དེ་དག་གཞན་གྱི་ལམ་མང་ཡང་༔ རང་ལ་ཡོད་པར་མ་ཤེས་ནས༔ གཞན་ནས་ཚོལ་བ་རྨོངས་པའི་ཆོས༔ དེ་ཕྱིར་རྩོལ་མེད་ཆོས་འདི་གཅེས༔ ཞེས་གསུངས་ཤིང་༔ ཡང་དེ་དག་ནི་དྲངས་ལུང་ཙམ་ལས་ངེས་ལུང་མ་ཡིན་པའི་ཕྱིར༔ ཀུན་བྱེད་རྒྱལ་པོའི་རྒྱུད་ཕྱི་མ་ལས༔ འཁོར་གྱི་དང་པོ་སྟོན་པ་སྐུ་གསུམ་གྱིས༔ རང་རང་དགའ་བའི་ལམ་ལ་གཟུད་པའི་ཕྱིར༔ ལམ་གྱི་ཁྱད་པར་བགྲོད་དུ་ཡོད་པར་བསྟན༔ བློ་ཆུང་བརྒྱུད་ནས་དོན་ལ་འདྲེན་པའི་ཕྱིར༔ དྲང་པའི་ལུང་དུ་ང་ཡིས་རྟོགས་པ་བཞིན༔ ཞེས་པ་དང༔ བཅོས་སུ་མེད་པའི་ལེའུ་ལས༔ དེ་བཞིན་ཉིད་ལ་འཆོས་པར་བྱེད་པ་ཡིན༔ སྟོན་པས་བདེན་ཚུལ་ཇི་ལྟར་བསྟན་པ་ཡང་༔ ངེས་ལུང་མ་ཡིན་དྲངས་ལུང་འབའ་ཞིག་ཡིན༔ ཞེས་སོ༔ འདིར་ནི་སྐུ་གསུམ་རང་ལ་ཡོད་པས་བླ་མས་ངོ་སྤྲད་ནས་གནས་ལུགས་ཇི་བཞིན་པར་མཐོང་བའི་ངང་༔ མ་བཅོས་རྣལ་མ་ཆེན་པོ༔ རྩོལ་སྒྲུབ་རྒྱུ་འབྲས་ལས་འདས་པར་བཞག་པས་འབྲས་བུའི་བསྒྲིབ་པ་སེམས་སེམས་བྱུང་གི་འཇུག་པ་མཐའ་དག་ད་ལྟ་ཉིད་ནས་སེམས་དང་ཡེ་ཤེས་ཕྱེད་པའི་གནད་ཀྱིས་ཅི་རིགས་པ་དང་༔ མཐར་ཐུག་བག་ཆགས་དང་བཅས་པ་དབྱིངས་སུ་ཞི་ནས༔ གཞི་ལྷུན་གྲུབ་ཀྱི་སངས་རྒྱས་ཉིད་ཁམས་བྱང་ཆུབ་རྟོགས་པ་མངོན་གྱུར་གྱི་སངས་རྒྱས་སུ་ཡེ་ཤེས་ཆེན་པོའི་སྐུས་མངོན་དུ་མཛད་པའང་ཐོག་མ་དང་ཐ་མ་མེད་པའི་དེ་བཞིན་ཉིད་ཡེ་ནས་གྲོལ་བ་ལ་བསྐྱར་ནས་གྲོལ་མི་དགོས་པས་འབད་རྩོལ་མེད་པའི་གནད་འདི་གཞི་ལམ་མཐུན་ཅིང་རབ་ཏུ་ཟབ་པའི་ལམ་མ་ནོར་བ་དང་མྱུར་བ་ཡིན་ཏེ༔ ཀུན་བྱེད་ལས༔ སེམས་ནི་ཇི་བཞིན་པ་ཡི་ངོ་བོ་སྟེ༔ ཆོས་རྣམས་ཐམས་ཅད་དེ་བཞིན་ཉིད་དུ་གྲུབ༔ ཇི་བཞིན་པ་ལ་འཆོས་པར་མ་བྱེད་ཅིག༔ ངོ་བོ་ཉིད་ལས་གཞན་དུ་མ་སྒྲུབས་ཤིག༔ བཙལ་ན་རྒྱལ་བས་དབྱིངས་ནས་རྙེད་མི་འགྱུར༔ སྔར་བྱས་ཟིན་པས་ད་ནི་བྱེད་མི་དགོས༔ སྔར་གྲུབ་ཟིན་པས་ད་ནི་བསྒྲུབ་མི་དགོས༔ ཞེས་དང་༔ ལྟ་བ་ཡེ་ནས་བསྒོམ་དུ་མེད་པར་ཞོག༔ དམ་ཚིག་ཡེ་ནས་སྲུང་དུ་མེད་པར་བཞག༔ ཕྲིན་ལས་ཡེ་ནས་བརྩལ་དུ་མེད་པར་བཞག༔ བཞག་པས་དེ་བཞིན་ཉིད་ལ་རྣལ་དུ་འབྱོར༔ ཞེས་གསུངས་པས༔ འདིར་ལམ་རང་བཞིན་རྫོགས་པ་ཆེན་པོའི་བྱར་མེད་ཀྱི་དོན་ལ་གོམས་པ་མཐར་ཕྱིན་པས་དོན་གཉིས་ལྷུན་གྱིས་གྲུབ་པའི་འབྲས་བུ་ངང་གིས་འབྱུང་བའོ༔

གཉིས་པ་འབྲས་བུ་ཇི་ལྟར་ཐོབ་པའི་ཚུལ་ལ་སྡོམ་དུ་བསྟན་པ་དང་༔ དེ་རྒྱས་སུ་བཤད་པའོ༔ དང་པོ་ནི༔ གོང་དུ་བཤད་པ་ལྟར་རྣལ་འབྱོར་བ་རྣམས་ཀྱིས༔ ཆོས་དབྱིངས་ཡེ་ཤེས་ཀྱི་ལམ་ཆོས་ཉིད་ཟད་པའི་སྣང་བ་དང་༔ མེ་ལོང་ཡེ་ཤེས་ཀྱི་ཚད་ཕེབས༔ མཉམ་ཉིད་ཀྱི་ལམ་གོང་འཕེལ༔ སོར་རྟོག་གི་མངོན་སུམ༔ བྱ་གྲུབ་ཀྱི་ལམ་ཀ་དག་ཟང་ཐལ་རྗེན་པའི་ཆོས་ཉིད་རང་ངོ་ལ་གནས་པས༔ བི་མ་ལས༔ དེ་དག་ཡང་ནི་ལྡོག་པ་ཡིས༔ རང་རིག་ཐོག་མའི་གཞི་ལ་སྐྱེལ༔ ཞེས་སོ༔ དེ་ལྟ་བུའི་ཁྱད་པར་གྱི་ལམ་ལྔ་བོ་མཐར་ཕྱིན་ཅིང་ནང་དབྱིངས་གཞོན་ནུ་བུམ་པའི་སྐུར༔ ཤེས་རབ་མཁའ་ལ་འདེགས་པ་དང་༔ འབྱུང་བ་མ་ལ་ཞ་བ༔ ཡེ་ཤེས་དབྱིངས་སུ་ཐིམ་པ༔ ཤེས་རབ་མཁའ་ལ་འཁྱིལ་བ༔ རིག་པ་རང་ས་ཟིན་པ་ལྔའི་སྒོ་ནས་རང་དོན་དུ་མངོན་པར་བྱང་ཆུབ་ནས༔ གཞན་དོན་དུ་གཟུགས་སྐུ་ཕྲིན་ལས་དང་བཅས་པ་རྩོལ་བ་མེད་པར་འབྱུང་བའོ༔

གཉིས་པ་ལ་ལྔ་ལས༔ དང་པོ་ཤེས་རབ་མཁའ་ལ་འདེགས་པ་ལ་བཞི་སྟེ༔ ཀུན་གསལ་ལས༔ སྟོབས་ལྡན་མ་དང་ཤུགས་འཆང་མ༔ འདེགས་བྱེད་མ་དང་བརྟན་མ་བཞིའོ༔ ཞེས་པས་སྟོབས་ལྡན་མས་ནི༔ གཙོ་འཁོར་གཉིས་སུ་མེད་པར་སྦྱོར་བར་བྱེད་ཅིང་༔ ཤུགས་འཆང་མས་ནི༔ དང་བོ་རིག་རྩལ་དུ་སྐུ་དང་ཡེ་ཤེས་རྩོལ་མེད་དུ་འཆར་བ་དང་༔ ཐ་མ་འཁོར་རྣམས་གཙོ་བོ་ལྔ་ལ་འདུས༔ གཙོ་བོ་ལྔ་ཡང་ཆོས་སྐུ་རིན་པོ་ཆེའི་སྦུབས་སུ་ཕྱི་གསལ་གྱི་སྤྲོས་པ་བསྡུས་པའང་རྩོལ་བ་མེད་པར་ངང་ངམ་ཤུགས་ཀྱིས་གྲོལ་བའི་ལས་བྱེད༔ འདེགས་བྱེད་མས་ནི༔ དེའི་དུས་ན་ཆོས་སྐུ་རིན་པོ་ཆེ་རྡོས་པ་ཅན་གྱི་ཆོས་ལས་འདས་པ་ནམ་མཁའ་ལྟ་བུ་དང་༔ ཆོས་ཉིད་གང་དུའང་མ་གྲུབ་པའི་ནམ་མཁའ་ལྟ་བུ་གཉིས་དབྱེར་མེད་ཟང་ཐལ་བའི་རིག་པ་སྟེ༔ ངོ་བོ་སྟོང་བས་དངོས་པོ་དང་མཚན་མར་མ་གྲུབ་ཅིང་༔ ལོངས་སྐུའི་ངོ་བོ་རང་བཞིན་གསལ་བའི་ཡེ་ཤེས་ཆོས་སྐུའི་ཀློང་ན་གཟུགས་སྐུའི་འཆར་གཞི་མ་འགགས་ཀྱང་༔ འོད་དང་ཁ་དོག་ལ་སོགས་དངོས་པོ་རྡོས་ཅན་གྱིས་སྤྲོས་པ་མེད་ལ༔ ཐུགས་རྗེ་ཀུན་ཁྱབ་ཟང་ཐལ་བའི་ཡེ་ཤེས་མ་བྱིང་སང་ངེར༔ སྤྲིན་མེད་པའི་ནམ་མཁའ་བཞིན་དུ་སྤྲུལ་སྐུའི་ངོ་བོ་དང་འཆར་གཞི་གནས་པར་ནང་གསལ་སྐུ་གསུམ་གྱི་དབྱིངས་སུ་འདེགས་པར་བྱེད་ཅིང་༔ བརྟན་མས་དེ་ཙམ་གྱི་དུས་ན་ཡེ་ཤེས་ཀྱི་རླུང་མི་གཡོ་བས་དགོངས་པ་འཕོ་འགྱུར་མེད་པར་རང་གསལ་བ་རྣམས་རླུང་གི་མཚན་ཉིད་གཅིག་ལ་བཞི་བོ་གནས་པས༔ མ་བསྐྱོད་ཤུགས་ཀྱིས་ཀ་དག་གི་དབྱིངས་སུ་བསྐྱོད་ཅིང་འདེགས་པར་བྱེད་པས་ན༔ དོན་གསལ་ལས༔ ཤེར་རབ་མཁའ་ལ་འདེགས་པ་ཡིས༔ མ་བསྐྱོད་ཤུགས་ཀྱིས་བསྐྱོད་པར་བྱེད༔ ཅེས་སོ༔

གཉིས་པ་འབྱུང་བ་མ་ལ་ཞ་བ་ལ་མཚན་ཉིད་ལྔ་སྟེ༔ ཕྱི་འཁྲུལ་བའི་འབྱུང་བ་ནང་ཡེ་ཤེས་ལྔའི་འོད་གདངས་ལ་འདུས༔ འོད་ལྔ་རང་བྱུང་གི་འབྱུང་བ་ཡེ་ཤེས་ལྔ་ལ་འདུས་ཏེ༔ དམ་ཚིག་གི་ལྷ་མོ་མཁའ་ལ་འཁྱིལ་བས་གཡོ་བ་དང་བཅས་པའི་རླུང་གཡོ་བ་མེད་པའི་དབྱིངས་སུ་ཐིམ་སྟེ༔ དུས་དེར་མི་གཡོ་བར་གནས་པས་རླུང་རྡོ་རྗེ་རྒྱ་གྲམ་བཀོད་ལེགས་པ་གདན་དུ་བཏིང་༔ ཆུ་ཤེལ་གྱི་མཆོད་རྟེན་བརྩེགས་ལེགས་པ་སྟེ་གཤེར་བ་དང་བཅས་པའི་ཆུ་བོ་གཤེར་བ་མེད་པར་ཐིམ་པས༔ མ་དག་འཁྲུལ་བའི་སྣང་བ་རྣམ་པར་དག་པའི་དབྱིངས་སུ་ཐིམ་ནས་འབྱེད་པ་མེད་པའི་ཤེས་རབ་ཀློང་གཅིག་ཏུ་འདྲིལ་ཞིང་སྡུད་པས༔ དབྱིངས་དེའི་ངང་ན་རིག་པ་གནས་པའི་གསལ་སྟོང་དབྱེར་མེད་ཀྱི་ཀློང་དུ་ཡེ་ཤེས་ཀྱི་སྤྱན་མ་འགགས་པར་ཤར་བས་འོད་ཀྱི་བུམ་པ་ལྔའི་སྙིང་པོ་སྐུ་ལྔ་རང་གསལ་འཛིན་པ་མེད་པར་གསལ་བར་གནས་པས༔ སྲ་བ་དང་བཅས་པའི་ས་སྲ་བ་མེད་པའི་དབྱིངས་སུ་ཐིམ་པས་རིག་ལྔ་མ་འདྲེས་ཡོངས་སུ་རྫོགས་པ་གནས་པ་ལ་བཟང་ངན་དང་ཆེ་ཆུང་ཡངས་དོག་མེད་ཅིང་རང་གི་ངོ་བོ་མི་འགྱུར་བར་བརྟན་པས༔ ས་རིན་པོ་ཆེ་སྣ་ལྔའི་མཆོད་རྟེན་ཀུན་ཏུ་ཁོད་སྙོམས་པར་བཤད་དོ༔ དེ་ཡང་གནས་ཚུལ་སྐུ་དང་ཡེ་ཤེས་ལ༔ སྣང་ཚུལ་སྐུ་དང་ཡེ་ཤེས་ལྔར་ཤར་བས༔ རྟོགས་ཚུལ་གཉིས་མེད་ཆེན་པོར་རྟོགས་ཏེ་འབྱེད་པ་མེད་པའི་ཚུལ་ཤེས་པའོ༔ ཚ་བ་དང་བཅས་པའི་མེ་ཚ་བ་མེད་པའི་དབྱིངས་སུ་ཐིམ་ནས༔ རང་རིག་པའི་ཡེ་ཤེས་གཞན་སྣང་གི་རྟོག་པ་མེད་པར༔ དྲི་མ་མེད་པའི་རིག་པ་ལ་སྐུ་དང་ཡེ་ཤེས་སུ་གནས་ཀྱང་༔ དོན་གཉིས་མེད་དུ་གསལ་ཏེ༔ ས་བོན་འབྲས་བུར་སྨིན་ཏེ་འབྲས་བུ་འགྱུར་མེད་དུ་གནས་པ་ནི་མེ་པདྨའི་དྲྭ་བ་འོད་འབར་སྟེ་མ་སྨིན་པ་སྨིན་པར་བྱས་སོ༔ ཕྱི་གོ་འབྱེད་པའི་ནམ་མཁའ་ཉིད་ནམ་མཁའ་ཁྱབ་པ་མེད་པའི་གདེང་ཅན་ལ་ཐིམ་པས་རིག་པའི་ཡེ་ཤེས་འབྱུང་བ་ལས་འདས་པའི་རང་གདངས་འོད་ལས་འདས་པའི་ཡེ་གདངས༔ ཡིད་ལས་འདས་པའི་ཤེས་རབ་ཏུ་དུས་ཐམས་ཅད་དུ་སྐྱེ་འགགས་དང་ནུབ་པ་མེད་པར་གནས་པ་ན་རྒྱལ་མཚན་གྱི་རྩེ་མོ་ལྟ་བུའོ༔ དེ་ལྟར་འབྱུང་བ་ལྔ་བོ་མ་ཐོག་ནས་ཤར་བ་མ་ཐོག་ཏུ་གྲོལ་ཏེ་མི་གནས་པའོ༔ མདོར་བསྡུ་ན་མ་དག་པའི་འབྱུང་ལྔ་འོད་ལྔ་ལ་ཐིམ༔ དེ་ས་སྲ་བ་མེད་པའི་གདེང་ཅན་སོགས་ལ་ཐིམ་པས་འོད་ཀྱི་སྦུབས་སམ་ཡེ་ཤེས་སྒྱུ་མའི་སྦུབས་ཀྱི་སྐུ་དང་ཡེ་ཤེས་རང་སྣང་ལོངས་སྤྱོད་རྫོགས་སྐུའི་སྣང་བ་འཆར་ལ༔ འོད་ལྔ་ལས་ཕྱེད་སྤྲུལ་ལམ་གཞན་སྣང་ལོངས་སྐུ་འཆར་ལ༔ གཞོན་ནུ་བུམ་པའི་སྐུར་སངས་རྒྱས་པའི་རང་ས་འདི་དྭངས་མའི་འབྱུང་ལྔ་རང་བཞིན་གསལ་བའི་ཡེ་ཤེས་ཀྱི་གོ་རུ་ཐིམ་ནས༔ བག་ཆགས་དང་འོད་ཀྱི་སྦུབས་གཉིས་ཀྱི་མཚན་མ་རང་སར་གྲོལ་ནས༔ ཆོས་སྐུ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཀྱི་ངང་དུ་གཅོད་པས་ཕྱི་གསལ་གྱི་སྤྲོས་པ་བསྡུས་ཤིང་རགས་པའི་ས་ལས་འདས་པས་འབྱུང་བ་མ་ལ་ཐིམ་པའི་ཐ་སྙད་ཐོབ་པའོ༔ ཀུན་གསལ་ལས༔ འབྱུང་བ་མ་ལ་ཞ་བ་ཡིས༔ མཚན་མ་རང་སར་གྲོལ་བར་བྱེད༔ ཅེས་སོ༔

གསུམ་པ་ཡེ་ཤེས་དབྱིངས་སུ་ཐིམ་པ་ནི༔ སོ་སོར་རྟོག་པའི་ཤེས་རབ་ལས་འདས་ཤིང་གཟིགས་སྣང་གི་ཡུལ་ལ་མི་གནས་པས་ཡེ་ཤེས་རྩེ་གཅིག་ཏུ་གསལ་བ་སྟེ༔ ཤེས་རབ་ཀྱི་སྤྱན་རྣམ་པར་དཔྱོད་ཅིང་དོན་སོ་སོར་གསལ་བ་དང་༔ ཆོས་ཀྱི་སྤྱན་རྟོག་པ་མེད་པར་མཁྱེན་ཅིང་གསལ་བའི་ཕྱི་གསལ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་གཉིས༔ ནང་གསལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་འབྱེད་པ་མེད་པར་རྩེ་གཅིག་ཏུ་གསལ་བ་ལ་ཐིམ་པའོ༔ དེ་ཡང་ཀུན་གསལ་ལས༔ ཡེ་ཤེས་དབྱིངས་སུ་ཐིམ་པ་ཡིས༔ རྩལ་སྟོབས་གཞི་ལ་ཐིམ་པར་སྟོན༔ ཞེས་སོ༔

བཞི་པ་ཤེས་རབ་མཁའ་ལ་འཁྱིལ་བ་ནི༔ ཡེ་ཤེས་དབྱིངས་སུ་ཐིམ་ཀྱང་སྟོང་བ་ཕྱང་ཆད་དུ་མ་གྱུར་བ་སྟེ༔ ཕྱི་གསལ་དབྱིངས་ཀྱི་ཐིག་ལེ༔ སྣང་བ་ཆོས་དབྱིངས་ཀྱི་དཀྱིལ་འཁོར་འབྱུང་བ་དྭངས་སྙིགས་གཉིས་གཤེར་བ་མེད་པའི་ཆུས་ནང་མེད་པའི་ནང་དུ་འདུས་སྟེ༔ སྐུ་དང་ཡེ་ཤེས་ནང་གསལ་དུ་གནས་པས་ཤེས་རབ་མཁའ་ལ་འཁྱིལ་བ་སྟེ༔ འདི་ལ་མཚན་ཉིད་བཞི་སྟེ༔ ཐིམ་ལ་མ་རྨུགས་པ༔ གསལ་ལ་རྟོག་པ་མེད་པ༔ ཡིན་པ་ལ་བདག་མེད་པ༔ སོ་སོར་མ་འདྲེས་པ་ལ་སྒོ་མི་འབྱེད་པའོ༔ དང་པོ་ནི༔ སྐུ་དང་ཡེ་ཤེས་དབྱིངས་སུ་ཐིམ་ཡང་༔ རིག་པ་རང་གསལ་དབྱིངས་ན་མི་འགག་པར་ནང་གསལ་དུ་གནས་པ་གནམ་གང་གི་ཟླ་བ་ལྟ་བུའོ༔ གཉིས་པ་ནི༔ མ་རྨུགས་ཤིང་སེམས་ཉིད་རྣམ་པར་དག་པ་སྟེ༔ རང་རིག་པའི་ཡེ་ཤེས་ལ་འོད་ལྔའི་སྣང་བ་དང་༔ སྐུ་དང་ཡེ་ཤེས་སོགས་གསལ་ཡང་གཞན་སྣང་གི་འཛིན་ཞེན་གྱི་རྟོག་པ་དང་བྲལ་བའོ༔ གསུམ་པ་ནི༔ ཡེ་ཤེས་རང་སྣང་དང་བཅས་པ་དེ་ནི་གཞན་མ་ཡིན་པར་རང་གི་རིག་པ་འདི་ཉིད་ཡིན་ལ༔ འདི་ཉིད་ད་ལྟ་ཐ་མལ་བའི་སྣང་ཚུལ་ལ་ང་དང་བདག་ཏུ་འཛིན་པའི་རྟོག་པ་ལྟར་སྣང་ཡང་དེ་ནི་རྐྱེན་ཕྲ་མོས་དཀྲུགས་པ་ལས༔ གནས་ཚུལ་ལ་རང་རིག་པའི་ཡེ་ཤེས་གཟུང་འཛིན་དང་བྲལ་བར་བཞུགས་པས་ད་ལྟའི་སེམས་འདི་མ་འོངས་པ་ན་ཇེ་བཟང་དུ་སོང་ན་ཆོས་སྐུར་གནས་འགྱུར་བ་མ་ཡིན་པ་དཔེར་ན་ཁྱིམ་གྱི་ནམ་མཁའ་བརྩིགས་པས་བཅད་ཀྱང་རྒྱ་མཐོང་ནས་ཟང་ཐལ་ཏེ་ནམ་མཁའ་དབྱེར་མེད་པ་བཞིན་དུ༔ བག་ཆགས་ཀྱིས་སྦུབས་ཏེ་ལུས་ངག་ཡིད་གསུམ་གྱིས་བཅད་དེ་མ་མཐོང་ཡང་༔ དོན་ཡེ་ཤེས་ཟང་ཐལ་དུ་ཡོད་པས་བརྟགས་ན་མ་བསྒྲིབ་པ་ཟང་ཐལ་ལོ༔ དེ་ནི་རང་བྱུང་གི་ཡེ་ཤེས་ཡིན་ཡང་ང་དང་བདག་ཏུ་མེད་པའོ༔ ཞེས་པའི་དོན་ཏོ༔ བཞི་པ་ནི༔ དེའི་ངང་ལ་དུས་གསུམ་གྱི་སངས་རྒྱས་བཞུགས་ཤིང་སྐུ་དང་ཡེ་ཤེས་ཀྱི་སྣང་བ་མ་འགགས་མ་འདྲེས་པར་སོ་སོར་གསལ་ཡང་༔ ངོ་བོ་དབྱེར་མེད་ཅིང་རྫས་ཐ་དད་དུ་མི་འབྱེད་པའི་ཤེས་རབ་རང་གསལ་རྟོག་པ་མེད་པར་བཞུགས་སོ༔ དེ་ཡང་ཀུན་གསལ་ལས༔ ཤེས་རབ་མཁའ་ལ་འཁྱིལ་བ་ཡིས༔ སྐུ་དང་ཡེ་ཤེས་རང་གསལ་སྟོན༔ ཞེས་སོ༔

ལྔ་པ་རིག་པ་རང་ས་ཟིན་པ་ནི༔ དུས་དེར་གཉིས་མེད་ཆོས་ཀྱི་སྐུ་མི་འགྱུར་བའི་སྟོང་ཉིད་རྡོ་རྗེ་ལྟ་བུའི་སྐུ་ཐོབ་བོ༔ ཆོས་ཀྱི་སྐུའི་ངང་ན་ཡེ་ཤེས་ཀྱི་སྤྱན་མ་འགགས་པ་ལོངས་སྤྱོད་རྫོགས་པའི་སྐུ་རྟག་པ་རྒྱུན་གྱི་འཁོར་ལོར་གསལ་བས་གཡུང་དྲུང་ལྟ་བུའི་ཚེ༔ རིགས་ལྔ་སྤྲུལ་པའི་སྐུ་ཡེ་ཤེས་ཀྱི་སྤྱན་གྱི་ངང་ན་གནས་པས་དེ་གསུམ་དབྱེ་བ་མེད་པའི་ཤེས་རབ་ཀློང་གཅིག་ཏུ་འཁྱིལ་ནས་ཏིང་ངེ་འཛིན་རྒྱུན་ཆད་མེད་པ་ཆུ་བོའི་གཞུང་ལྟ་བུའི་ངང་དུ་རྩེ་གཅིག་ཏུ་གནས་ཤིང་བཞུགས་ཏེ་རང་ས་ཟིན་པས༔ རིག་པ་རྐྱང་བ་དྲི་མ་དང་བྲལ་ཏེ་གཅེར་བུར་གནས་པའོ༔ དེ་ཡང་ཀུན་གསལ་ལས༔ རིག་པ་རང་ས་ཟིན་པ་ཡིས༔ དགོངས་པ་འགྱུར་བ་མེད་པར་སྟོན༔ ཞེས་པའི་དོན༔ འདི་དག་ནི་གདོད་མ་གཞིའི་རྒྱལ་སར་གཞི་སྣང་རང་ངོ་ཤེས་ནས༔ ཁྱད་ཆོས་དྲུག་གི་སྒོ་ནས་མངོན་པར་བྱང་ཆུབ་དེ་གྲོལ་བ་དང་༔ གྲོལ་བའི་དུས་སུ་ཇི་ལྟར་གནས་པའི་ཚུལ་ལོ༔ འདི་དག་དང་ཁྱད་ཆོས་དྲུག་སྦྱོར་ཏེ་འཆད་ཀྱང་རུང་བར་མངོན་ནོ༔ དེ་ལྟ་བུའི་གྲོལ་བ་ཐོབ་པའང་༔ རྣལ་འབྱོར་རབ་འབྲིང་ཐ་གསུམ་གྱིས༔ རབ་དང་འབྲིང་མན་ཆད་ལ་འདིར་ཐད་ཀར་གྲོལ་བ་མེད་དོ༔ འདི་ལ་ཡང་ལུས་མ་སྤངས་བ་ན་བུན་ལྟ་བུར་གྲོལ་བ་དང་༔ སྤོང་བ་དང་མཉམ་དུ་བུམ་ནང་གི་ནམ་མཁའ་ལྟར་གྲོལ་བ་དང་༔ བཅོ་ལྔའི་ཉི་ཟླ་ཤར་ནུབ་ལྟར་གྲོལ་བ་གསུམ་དུ་ཡོད་པའི་ཚུལ་ལས་གཞལ་ནས་སྟོང་བཞི་དང་སྣང་བཞི་མཐར་ཕྱིན་ཏེ་ནང་ཐིམ་དུ་གྲོལ་བ་དང་གཞི་ཐོག་ཏུ་ཕྱིན་ཏེ་གཞི་སྣང་རིམ་མཆེད་ཀྱི་ཐོག་མ་སོགས་ལ་ཤེས་རབ་སྐྱེས་ཏེ༔ གྲོལ་བའི་ཚུལ་གཉིས་སུ་ཡོད་པར་ཤེས་སོ༔ ལར་གྲོལ་བ་ལ་དབང་པོ་རབ་འབྲིང་གི་ཁྱད་པར་གྱིས་སྐད་ཅིག་གསུམ་བཞི་ལྔ་རྣམས་སུ་བསམ་གཏན་གྱི་ཞག་དང་འབྲེལ་མ་འབྲེལ་སྣ་ཚོགས་པ་ལས༔ རབ་ཀྱི་འབྲིང་མན་ཆད་འབྲེལ་ནས་གྲོལ་དགོས་པས་རང་སར་མ་བཞག་གོ༔ འདིའི་དུས་སུ་ཡུལ་གཉིས་ལས་གྲོལ་ཏེ་རང་སྣང་ལས་གཞན་སྣང་མེད་དོ༔ སྤྱན་གཉིས་དག་ནས་ཡེ་ཤེས་རང་གསལ་གྱི་སྤྱན་རྩེ་གཅིག་པའོ༔ ལུས་གཉིས་ལས་འདས་ཏེ༔ རིག་པ་རྐྱང་བ་རིན་པོ་ཆེ་ལྟ་བུ་དྲི་མ་དང་བྲལ་ཏེ་གཅེར་བུར་གནས་པའོ༔


previousགཉིས་པ། རྒྱུད་གང་ལས་འཕྲོས་པ།next