Nitartha Digital Library
Tibetan
སྡེ་གཞུང་རིན་པོ་ཆེའི་གསུང་འབུམ།


  expand section
  collapse section
བླ་མ་རྒྱང་འབོད་དང་གསོལ་འདེབས་སྐོར།
   
   
   
   
   
   
   
   
   
   
  expand section
  expand section
   
   


 
previousབླ་མ་རྒྱང་འབོད་དང་གསོལ་འདེབས་སྐོར།next

བླ་མ་རྒྱང་འབོད་དང་གསོལ་འདེབས་སྐོར།

མི་ཉག་ཀ་བཞི་ལ་ཐོག་ཏུ་གསུངས་པའི་བླ་མ་རྒྱང་འབོད།

ན་མོ་གུ་རུ། །སྡོམ་གསུམ་བཀའ་དྲིན་སྩོལ་བའི་དྲིན་ཅན་གྱི་བླ་མ། །སྐྱབས་གནས་མཆོག་གསུམ་འདུས་པ་སྐྱབས་ཀུན་གྱི་ངོ་བོ། །རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཏུ་བཞུགས་པའི། །མཚུངས་མེད་དྲིན་ཆེན་བླ་མ་སྙིང་དབུས་ནས་དྲན་ནོ། །བདག་འཛིན་འཁྲུལ་པ་ཞིག་པས་འཁོར་བ་ལ་མི་གནས། །དམིགས་མེད་ལྷག་བསམ་འབྱོངས་པས་ཞི་བ་ལ་མ་ཆགས། །ཟུང་འཇུག་རྒྱལ་སྲས་སྤྱོད་པས་སྙིགས་དུས་ཀྱི་འགྲོ་བ། །ཐར་པའི་གླིང་དུ་འདྲེན་པའི་བླ་མ་དེ་མཁྱེན་ནོ། །མ་རིག་འཁྲུལ་པའི་སྲོག་རྩ་བརྡོལ་བ་ལས་བྱུང་བའི། །ཀུན་བཏགས་འཁོར་བའི་ཁྲག་མཚོ་སྲིད་རྩེ་རུ་འཕྱུར་བ། །རང་བཞིན་སྟོང་པའི་ཞལ་དུ་ཧུབ་གཅིག་གིས་གསོལ་བའི། །ཧེ་རུ་ཀཿ་དཔལ་འཇམ་མགོན་བླ་མ་དེ་མཁྱེན་ནོ། །གསལ་བ་སྙིང་རྗེའི་རང་གཟུགས་ཞི་བ་ཡི་ལྷ་ཚོགས། །སྟོང་པ་དབྱིངས་ཀྱི་རང་མདངས་ཁྲོ་ཚོགས་སུ་ཤར་བ། །ཟུང་འཇུག་འཁོར་ལོའི་མགོན་པོ་རིགས་ཀུན་གྱི་བདག་པོ། །གདན་གསུམ་ཚང་བའི་དེད་དཔོན་བླ་མ་དེ་མཁྱེན་ནོ། །ཕྱི་ནང་འཁྲུལ་པའི་རྫུན་རིས་རང་སེམས་སུ་བསྡུ་ཞིང་། །རང་སྣང་རྩ་རླུང་ཐིག་ལེ་ལྷ་སྐུ་རུ་སྦྱངས་ནས། །གང་སྣང་དག་པ་རབ་འབྱམས་འབའ་ཞིག་ཏུ་ཤར་བ། །མཚུངས་མེད་གྲུབ་པའི་དབང་ཕྱུག་བླ་མ་དེ་མཁྱེན་ནོ། །རོ་རྐྱང་འཁོར་བའི་ལམ་དུ་ལས་རླུང་གིས་བསྐུལ་བའི། །གཟུང་འཛིན་ཉི་ཟླའི་རྒྱུ་བ་སྐད་ཅིག་ལ་བཅད་དེ། །སྒྲ་གཅན་དབུ་མའི་ལྟོ་བར་ཡུད་ཙམ་ལ་འདེབས་པ། །དཔལ་ལྡན་དཔའ་བོའི་དབང་ཕྱུག་བླ་མ་དེ་མཁྱེན་ནོ། །འཁྲུལ་སྣང་ཡན་པར་ཤོར་བའི་རྒྱུད་གསུམ་གྱི་དྲེགས་པ། །རང་སེམས་དག་པའི་སྣང་ངོར་སྐུ་གསུམ་གྱི་ལྷ་ཚོགས། །རང་ངོ་ལེགས་པར་འཕྲོད་པའི་རྟེན་འབྲེལ་གྱི་དབང་གིས། །རང་སྣང་དབང་དུ་འདུས་པའི་བླ་མ་དེ་མཁྱེན་ནོ། །ནམ་ཡང་འདུ་འབྲལ་མེད་པའི་མོས་གུས་ཀྱི་ངང་ནས། །རྩེ་གཅིག་གདུང་བའི་དབྱངས་ཀྱིས་གསོལ་བ་རང་འདེབས་ན། །སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་མངོན་སུམ་དུ་གཟིགས་ནས། །དགོངས་པ་དབྱེར་མེད་འགྱུར་བར་བྱིན་གྱིས་རང་རློབས་ཤིག །དོན་མེད་ཚེ་འདིའི་བྱ་བ་དུག་བཞིན་སྤངས་ནས། །རྟག་ཏུ་དབེན་པའི་རི་ལ་གཅིག་པུ་རུ་གནས་ཏེ། །ཡེངས་མེད་སྒྲུབ་ལ་བརྩོན་པའི་རྟེན་འབྲེལ་གྱི་དབང་གིས། །ན་དགའ་ཤི་སྐྱིད་འབྱུང་བའི་སྐལ་བཟང་ལ་སྨོན་ནོ། །འདིར་སྣང་ཆེ་དགུའི་ཞལ་འཛུམ་ཐོབ་པ་རང་མེད་ཀྱང་། །མཚུངས་མེད་བླ་མའི་ཞལ་ལུང་སྙིང་དབུས་སུ་བཅངས་ནས། །ཆོས་བརྒྱད་རྡུལ་དུ་གཞིག་པའི་བརྟུལ་ཞུགས་ཀྱི་ངང་ནས། །འཇིགས་མེད་བཙན་ས་ཟིན་པའི་སྨོན་ལམ་ཞིག་ཞུའོ། །ཞེས་པའང་མི་ཉག་ཀ་བཞི་ལ་ཐོག་ཏུ་ཀུན་དགའ་རྒྱལ་མཚན་གྱིས་སྨྲས་པ་དགེ།

རྗེ་བླ་མ་རྡོ་རྗེ་འཆང་ལ་རྟོགས་འབུལ་གྱི་མགུར་དབྱངས།

རྗེ་རིགས་ཀྱི་བདག་པོ་རྡོ་རྗེ་འཆང་། །དཔལ་ངག་གི་དབང་ཕྱུག་ཆོས་ཀྱི་རྗེ། །ཕ་འཇམ་མགོན་ལེགས་པའི་མཚན་ཅན་ལ། །སྙིང་རུས་པའི་ནས་གཏིང་ནས་སྐྱབས་སུ་མཆི། །མགོན་ཁྱེད་ཀྱི་གསང་གསུམ་བྱིན་རླབས་རྣམས། །བུ་བདག་གི་རྒྱུད་ལ་ཞུགས་ནས་ནི། །ཐུགས་དབྱེར་མེད་བྱང་ཆུབ་མ་ཐོབ་པར། །དུས་འབྲལ་བ་མེད་པར་བསྐྱབ་ཏུ་གསོལ། །བདག་སྔོན་བྱས་ལས་ཀྱིས་འཕེན་པ་ཡིས། །ཡུལ་མདོ་སྨད་ཕྱོགས་སུ་སྐྱེས་ན་ཡང་། །ཚེ་སྔོན་གྱི་བྱེད་པ་མཐུ་བཙན་པས། །སྐྱབས་སྐུ་དྲིན་མཚུངས་མེད་ཁྱེད་དང་འཕྲད། །ཐུགས་བརྩེ་བས་རྗེས་སུ་བཟུང་ནས་ནི། །ཆོས་ཟབ་དགུའི་གདམས་པ་བདག་ལ་གནང་། །སྔོན་ལས་ཀྱི་འབྲེལ་བའི་ཡི་དམ་ལ། །སེམས་གུས་པས་གསོལ་བ་ཐོབ་ཅིག་དང་། །ཁྱོད་རྗེས་སུ་འཛིན་པར་འགྱུར་རོ་ཞེས། །རྗེ་ཁྱེད་ཀྱིས་བདག་ལ་ལུང་བསྟན་མཛད། །ཚུལ་དེ་བཞིན་ཉམས་སུ་ལེན་བའི་ཚེ། །སྤྱིར་ལས་ངན་དུས་སུ་སྨིན་པ་དང་། །སྒོས་སྡིག་པའི་གྲོགས་ཀྱི་རྐྱེན་དབང་གིས། །བཟོད་ཤིན་ཏུ་དཀའ་བའི་སྡུག་བསྔལ་གྱིས། །དུས་རྒྱུན་ཆད་མེད་པར་མནར་ན་ཡང་། །སྐྱབས་ཀུན་འདུས་རྩ་བའི་བླ་མ་ལ། །ཡིད་རྩེ་གཅིག་གསོལ་བ་བཏབ་པའི་མཐུས། །སེམས་བདེ་བའི་ངལ་བསོ་ཅུང་ཟད་ཐོབ། །ཉམས་རྟོགས་པ་བདག་ལ་མ་མཆིས་ཀྱང་། །མ་མཁའ་འགྲོ་རྒྱ་མཚོའི་ཐུགས་ཀྱི་བཅུད། །རྗེ་རྣལ་འབྱོར་དབང་ཕྱུག་ཞལ་གྱི་ཆབ། །དཔལ་བརྩེ་བ་ཆེན་པོའི་རིང་ལུགས་ལ། །བློ་ཡིད་ཆེས་ཀྱི་དད་པ་ཅུང་ཟད་སྐྱེས། །ཆོས་ཟབ་པར་གྲགས་པ་ཕལ་ཆེར་ལ། །ད་ཁོ་བོ་འགྲམ་ཆུ་མི་ལྡང་བར། །མི་དབུལ་པོས་ནོར་བུ་རྙེད་པ་ལྟར། །སེམས་ཚིམ་པར་གྱུར་ཏོ་ཆོས་ཀྱི་རྗེ། །ད་རེ་ཞིག་དབེན་པའི་རི་ཁྲོད་དུ། །ལས་ཆགས་སྡང་གི་བྱ་བ་སྤངས་ནས་ནི། །ང་སྡོད་པའི་དམ་བཅའ་བགྱིས་གྱུར་ན། །ཕ་ཁྱེད་ཀྱི་ཐུགས་དགོངས་རྫོགས་ལགས་སམ། །གནས་ངོ་མཚར་རི་ཁྲོད་དགོན་པ་རུ། །སྐྱབས་མཚན་ལྡན་བླ་མ་སྤྱི་བོར་བསྒོམ། །ཆོས་བྱང་ཆུབ་སེམས་ལ་བློ་སྦྱངས་ནས། །བདག་གནས་པའི་དུས་ཤིག་ནམ་འོང་ན། །གཞི་དམ་ཚིག་སྡོམ་པ་སྲོག་ལྟར་སྲུང་། །ལམ་རིམ་གཉིས་རྒྱུན་ཆད་མེད་པར་བསྒོམ། །ཉམས་རྟོགས་པའི་རྩལ་ཁ་རབ་ཏུ་འབར། །སེམས་སྐྱིད་པའི་དུས་ཤིག་ནམ་འོང་ན། །གཞི་མ་དག་འཁོར་བ་ལྕགས་ཀྱི་ཁམས། །ལམ་སྨིན་གྲོལ་གཉིས་ཀྱི་འགྱུར་རྩི་ཡིས་། །གནས་ཡོངས་གྱུར་འབྲས་བུའི་གསེར་བཟང་པོ། །ངས་མཐོང་བའི་དུས་ཤིག་ནམ་འོང་ན། །ཆོས་གཞི་དང་ལམ་དང་འབྲས་བུ་རྣམས། །ཁོང་གྲུབ་མཐའ་གཞན་གྱིས་ཐ་དད་འབྱེད། །ཆོས་དེ་གསུམ་བདེན་པ་གཉིས་ཆར་དུ། །དོན་ངོ་བོ་དབྱེར་མེད་རྟོགས་གྱུར་ན། །དཔལ་ས་སྐྱའི་ཆོས་ཀྱི་སྙིང་པོ་ཡིན། །མིང་འཁོར་འདས་དབྱེར་མེད་ཅེས་སུ་གྲགས། །གནད་འདི་བཞིན་རྟོགས་པའི་རྣལ་འབྱོར་པས། །མར་འཁོར་བའི་རྒྱུ་འབྲས་སྡུག་ཀུན་གཉིས། །འདི་མ་སྤངས་ལམ་དུ་ཁྱེར་ནས་ནི། །དུས་བསྐལ་པའི་ཡུན་ལ་མི་ལྟོས་པར། །ཚེགས་ཆུང་ངུས་སངས་རྒྱས་ཐོབ་པར་འདུག །དུས་དེང་སང་མཁས་པ་མང་ན་ཡང་། །གནད་འདི་འདྲ་རྟོགས་པ་ཉིན་སྐར་ཙམ། །ཁོང་རྒྱལ་བའི་གསུང་ལ་ཅོ་འདྲི་ཞིང་། །མགོ་ཤིན་ཏུ་མཁྲེགས་པའི་རྟོག་གེ་བས། །ལོ་དུ་མའི་བར་དུ་བརྟགས་ན་ཡང་། །ཁྱོད་ཁྱོད་མིན་ཁྱོད་མིན་ཁྱོད་ཡིན་ཞེས། །དོན་མེད་པའི་ཆགས་སྡང་འུར་ཆོམས་ལས། །གནད་སྙིང་པོ་ཟིན་པ་ཤིན་ཏུ་ཉུང་། །དུས་སྙིགས་མའི་སྐྱེ་བོ་གདུག་རྩུབ་ཆེ། །ལས་ཇི་ལྟར་བྱས་ཀྱང་མགུ་མི་ནུས། །ད་དེ་འདྲའི་ངོ་འཛིན་བྱེད་པ་ལས། །རང་གཅིག་པུར་གནས་ན་མི་ལེགས་སམ། །ཡིད་རྩེ་གཅིག་སྒྲུབ་ལ་བརྩོན་ནས་ནི། །རང་མི་འཆིང་གཞན་ཡང་བཀྲི་ནུས་པའི། །སེམས་མི་འཇིགས་གདེང་དྲོད་རྙེད་པ་ན། །ཕ་ཁྱེད་ཀྱི་ཕྲིན་ལས་བདག་གིས་སྐྱོང་། །དེ་འཐད་པར་དགོངས་སམ་སྐྱབས་ཀྱི་མཆོག །བུ་བདག་གིས་གནས་ཚུལ་ཇི་ལྟར་བགྱི། །ཕ་སྐུ་དྲིན་མཚུངས་མེད་ཁྱོད་ཀྱིས་དགོངས། །མགོན་ཁྱོད་ཀྱི་བཀའ་བཞིན་ཁོ་བོས་བསྒྲུབ། །ཚེ་འདི་ཕྱི་བར་དོ་ཐམས་ཅད་དུ། །མི་བདག་ལ་སྐྱིད་སྡུག་ཅི་བྱུང་ཡང་། །ཕ་བླ་མའི་བྱིན་རླབས་ཁོ་ན་ལ། །དུས་རྒྱུན་དུ་རེ་བ་བགྱིད་པ་ལགས། །ཞེས་པའང་ཀུན་དགའ་རྒྱལ་མཚན་གྱིས་རྗེ་བླ་མ་རྡོ་རྗེ་འཆང་ལ་རྟོགས་འབུལ་གྱི་མགུར་དབྱངས་དགེའོ།། །།

གང་དྲན་དུ་གསུངས་པའི་མགུར་དབྱངས།

བླ་མ་ལ་ཕྱག་འཚལ་ལོ། །རྗེ་རྡོ་རྗེ་འཆང་ཆེན་མི་གཟུགས་ཅན། །མ་མཁའ་ཁྱབ་འགྲོ་བ་ཡོངས་ཀྱི་མགོན། །སྒོས་སྤྲང་པོ་བདག་གི་སྐྱབས་ཀྱི་མཆོག །ཕ་བླ་མའི་ཞབས་ཀྱི་བདྨོར་འདུད། །དཔལ་ངག་གི་དབང་ཕྱུག་ས་སྐྱ་པའི། །གསུང་དྲི་མེད་གདམས་པའི་མཛོད་བཟུང་ནས། །སྤྲང་བདག་ལ་ལེགས་པར་འདོམས་མཛད་པ། །མགོན་ཁྱེད་ཀྱི་སྐུ་དྲིན་སྙིང་ནས་དྲན། །ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་རྣམས། །ཕ་སྐུ་དྲིན་དབང་པོ་ཁྱོད་ཉིད་ལ། །སྙིང་ཐག་པའི་སེམས་ཀྱིས་འབུལ་ལགས་ན། །ཐུགས་བརྩེ་བས་བདག་གིར་མཛད་དུ་གསོལ། །རྗེ་བླ་མ་སྐྱབས་གནས་ཀུན་འདུས་ཞེས། །ཁོང་དད་ལྡན་ཀུན་གྱིས་སྒྲོག་མོད་ཀྱང་། །སྐྱབས་ཐམས་ཅད་བླ་མར་འདུས་པ་ཡི། །ཚུལ་ཇི་བཞིན་རྟོགས་པ་ཉུང་བར་འདུག །བུ་དད་ལྡན་བདག་གི་བློ་ངོ་ན། །སྐྱབས་རྒྱལ་བ་སྐུ་གསུམ་ལྷ་ཚོགས་རྣམས། །མགོན་ཁྱེད་ལས་གཞན་དུ་མ་མཐོང་བས། །ཕ་ཆོས་རྗེ་རིགས་ཀྱི་བདག་པོར་ཤེས། །ལས་ངན་པའི་ཐག་པས་སྦྲེལ་བ་ཡི། །མི་མང་པོ་གཅིག་ཏུ་འདུས་པའི་ས། །ཡུལ་མདོ་ཁམས་སྨད་ཅེས་བྱ་བ་འདིར། །གནས་ཕུན་སུམ་ཚོགས་པ་རྙེད་དཀའ་ཡང་། །ཕ་ཁྱེད་ཀྱི་རྗེས་ཤུལ་བསྙེག་པའི་ཕྱིར། །དུས་ད་ལྟ་མི་མེད་ལུང་སྟོང་དུ། །ཕྱི་མི་ཆོས་ཀྱི་བྱ་བ་སྤངས་ནས་ནི། །རང་གྲོགས་མེད་གཅིག་པུར་འཁུམས་ལགས་ཀྱང་། །ཕྱི་ཡུལ་རྐྱེན་གྱི་མཚོ་བས་དོགས་པ་དང་། །ནང་རྟོག་ངན་རྒྱུ་འགྲུལ་མང་བ་དང་། །རྒྱུད་ལེ་ལོའི་འདམ་དུ་བྱིང་འདུག་པས། །ད་མྱུར་མགྱོགས་ཐུགས་རྗེས་བསྐྱབ་ཏུ་གསོལ། །དུས་སྙིམས་མའི་གནས་གྲོགས་ལོངས་སྤྱོད་ལ། །ཡིད་ཞེན་པ་གཏིང་ནས་ལོག་ནས་ནི། །ད་མི་ཚེའི་ལྷག་མ་ཅི་ཡོད་ལ། །གནས་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །གཤིས་རིག་སྟོང་གཉུག་མའི་ཡེ་ཤེས་འདི། །ཕ་བླ་མའི་ངོ་བོར་མཐོང་ནས་ནི། །དུས་རྟག་ཏུ་དྲན་པའི་མོས་གུས་ཀྱིས། །དབྱིངས་རང་ཞལ་མཇལ་བར་བྱིན་གྱིས་རློབས། །ལས་ཉོན་མོངས་འཁོར་བའི་རྩ་བ་འདིའི། །དོན་བརྟགས་ཤིང་དཔྱད་ན་རྣམ་རྟོག་ཙམ། །རྣམ་རྟོག་འདི་ལམ་དུ་ཁྱེར་ཤེས་ན། །ཚོགས་གཉིས་ཀྱང་འདི་ཡིས་རྫོགས་པར་འདུག །རྐྱེན་ཕྱི་ནང་གི་བར་ཆད་ཇི་སྙེད་པ། །རང་སེམས་ལས་གཞན་དུ་མི་རྙེད་པས། །སེམས་སྐྱེ་མེད་སྟོང་པའི་གནད་ཤེས་ན། །བར་ཆད་ཀྱང་སྲུང་བའི་འཁོར་ལོར་འཆར། །བདུད་ཤེས་ནས་སྤོང་བ་ཆོས་དང་མཐུན། །བདུད་རང་སེམས་སུ་ཤེས་ན་ལམ་གྱི་གྲོགས། །བདུད་ཆོས་ཉིད་དུ་མཐོང་ན་ལྟ་བའི་གནད། །བདུད་དངོས་གྲུབ་ཏུ་ལེན་པ་གདམས་ངག་ཡིན། །སྐྱོན་གཏན་ནས་མེད་པ་ཤིན་ཏུ་དཀོན། །སྐྱོན་ཡོན་ཏན་དུ་རློམ་ན་བར་ཆད་དེ། །སྐྱོན་སྤངས་ནས་གྲོལ་བ་ཀུན་ལ་ཡོད། །སྐྱོན་ཡོན་ཏན་དུ་སློང་བ་ངེད་ཀྱི་ལུགས། །སྐྱེ་འཆི་དང་བར་དོའི་སྡུག་བསྔལ་འདི། །སྐུ་གསུམ་གྱི་ངོ་བོར་ཐག་བཅད་ནས། །ཐབས་ཟབ་མོ་ལམ་བྱེད་བཞི་ལྡན་གྱིས། །བསྒོམ་ནུས་ན་སྐུ་གསུམ་མངོན་དུ་བྱེད། །གཞི་འཁོར་བའི་རྒྱུ་འབྲས་སྡུག་ཀུན་གཉིས། །ཐབས་སྨིན་གྲོལ་ལམ་གྱིས་སྦྱངས་པ་ལས། །དུས་མྱུར་དུ་སྐུ་དང་ཡེ་ཤེས་སུ། །གནས་གྱུར་ན་འཁོར་འདས་དབྱེར་མེད་ཡིན། །ཆོས་ཟབ་མོའི་དོན་འདི་ཤེས་པའི་ཚེ། །དུས་སྐད་ཅིག་གཅིག་གི་ཉམས་ལེན་ལ། །ལམ་ཟབ་མོའི་སྦྱོར་དངོས་རྗེས་གསུམ་གྱི། །གནད་མ་ལུས་ཚང་བའི་ངེས་ཤེས་སྐྱེ། །འཁྲུལ་སྣང་གི་ཚོར་བ་བདེ་སྡུག་ལ། །བླང་དོར་དུ་ཞེན་པའི་སྲེད་པ་འདི། །འཁོར་བ་རུ་འཆིང་བྱེད་ཡིན་མོད་ཀྱང་། །བདེ་སྡུག་ལ་ངོ་བོས་འཆིང་གྲོལ་མེད། །འཆིང་གྲོལ་འདི་བློ་ཡི་འཛིན་སྟངས་ཏེ། །ཞེན་མེད་ཀྱི་ཐབས་ཀྱིས་ཟིན་པའི་ཚེ། །འཁོར་བ་ཡང་ལྷ་དང་ཡེ་ཤེས་སུ། །འཆར་བ་ཞིག་ལམ་འདིིའི་ཁྱད་ཆོས་ཡིན། །རང་སེམས་འདི་ཡན་པར་མི་འཆོར་བར། །འཛིན་མེད་ཀྱི་ལྟ་བས་རྒྱས་ཐེབས་ན། །བདེ་སྡུག་གི་སྣང་བ་དཔེ་ཡི་ནི། །ཡེ་ཤེས་སུ་འཆར་བ་སུ་ཡིས་འགོག །གནད་ཟིན་ན་མ་བསྒོམས་ཀྱང་ཡེ་ཤེས་ཡིན། །བློ་རྨོངས་ན་བསྒོམ་ཡང་འཁོར་བའི་རྒྱུ། །ངོ་ཤེས་ན་ཉོན་མོངས་ཡེ་ཤེས་ཏེ། །གནད་འཆུག་ན་ལམ་ཡང་འཁྲུལ་བ་ཡིན། །མྱོང་བཞིན་པའི་སྡུག་བསྔལ་རྣམ་རྟོག་ཡིན། །རྣམ་རྟོག་ལས་ལོགས་ན་ཆོས་ཉིད་མེད། །སྡུག་བསྔལ་དུ་སྣང་བའི་རྣམ་རྟོག་འདི། །ཆོས་ཉིད་ལ་ལྟ་བའི་མེ་ལོང་ཡིན། །སྡུག་བསྔལ་འདི་སུས་ཀྱང་མི་འདོད་མོད། །མཐའ་གཅིག་ཏུ་སྤང་བྱ་མ་ཡིན་ཏེ། །བདེ་སྐྱིད་ཀྱང་འདི་ལས་འབྱུང་བའི་ཕྱིར། །སྡུག་བསྔལ་འདི་བདེ་བའི་ལམ་ས་ཡིན། །རྣམ་རྟོག་ལས་བྱུང་བའི་འཁྲུལ་སྣང་ཀུན། །ཕྱི་རོལ་དུ་ཞེན་ན་སླར་ཡང་འཁྲུལ། །རང་སེམས་སུ་ཤེས་ནས་མ་བཅོས་པར། །རང་བབས་སུ་ཞོག་དང་རང་གསལ་འཆར། ༈ །བློ་སུས་ཀྱང་གཞལ་བར་མི་ནུས་པའི། །རིགས་དྲུག་གི་འཁྲུལ་སྣང་སྣ་ཚོགས་འདི། །སེམས་རྨོངས་པའི་པིར་གྱིས་བྲིས་པ་ལས། །དོན་གཞན་པའི་བྱེད་པ་པོ་ནི་མེད། །ཁོང་དུས་གསུམ་འཕགས་ཚོགས་ཐམས་ཅད་ཀྱི། །ས་ལམ་གྱི་ཡོན་ཏན་མ་ལུས་པ། །ཐབས་མཁས་པའི་སེམས་ཀྱི་རྟེན་འབྲེལ་ལས། །ཀུན་བྱེད་པའི་བྱེད་པོ་གཞན་མི་རྙེད། །རྒྱུ་དེས་ན་སྲིད་ཞིའི་ཉམས་འགྱུར་ཀུན། །སེམས་རིག་པའི་འཆར་སྒོ་ཙམ་ཞིག་ལས། །དོན་ཕྱི་རོལ་ན་གྲུབ་པ་མི་འདུག་པས། །ཆོས་ཐམས་ཅད་རང་སེམས་ཀྱི་ཆོ་འཕྲུལ་ཡིན། །བོད་བསིལ་ལྡན་ཁ་བའི་ལྗོངས་འདི་རུ། །སྔོན་བྱོན་པའི་མཁས་གྲུབ་དེ་དག་ལ། །ཡུལ་སྣང་འདི་སེམས་སུ་བཞེད་པ་དང་། །མི་བཞེད་པའི་ལུགས་གཉིས་བྱུང་ན་ཡང་། །ཆོས་རྣམས་ཀྱི་ཆོས་ཉིད་གཅིག་ཡིན་པས། །དེ་ཇི་བཞིན་གཏན་ལ་འབེབས་པ་ལ། །གནས་སྐབས་ཀྱི་བརྗོད་ཚུལ་མི་མཐུན་ཡང་། །མཐར་ཐུག་གི་དགོངས་དོན་གཅིག་པར་སྣང་། །དཔལ་དགྱེས་པ་རྡོ་རྗེའི་རྩ་བཤད་ཀྱི། །རྒྱུད་ཟབ་མོ་འདི་ཡི་རྗེས་འབྲངས་ནས། །རྣལ་འབྱོར་གྱི་དབང་ཕྱུག་བིཪྺཔ། །ཡབ་སྲས་ཀུན་སྣང་བ་སེམས་སུ་བཞེད། །སྔགས་བླ་མེད་རྒྱུད་ཀྱི་དགོངས་པ་བཞིན། །ཚེ་གཅིག་གིས་སངས་རྒྱས་སྒྲུབ་པ་ལ། །ཕྱི་སྣང་བ་སེམས་སུ་སྒྲུབ་པ་འདི། །གནད་ཤིན་ཏུ་ཆེ་བའི་ཆོས་གཅིག་ཡིན། །ཆོས་ཟབ་མོ་ནང་གི་དེ་ཉིད་ནི། །ལུགས་གཞན་ལ་ཞིབ་ཏུ་མ་གྲགས་ཤིང་། །ཆོས་འདི་ཡི་ཟབ་ཁྱད་ཡིན་མོད་ཀྱང་། །དོན་ཇི་བཞིན་རྟོགས་པ་ཉུང་བར་འདུག །རང་རྩ་བ་བཅད་ན་མ་གྲུབ་པའི། །སེམས་དངོས་མེད་སྒྱུ་མའི་མཁན་པོ་དེས། །འཁོར་འདས་ཀྱི་སྣང་བ་མ་ལུས་པ། །མེད་བཞིན་དུ་སྤྲུལ་པ་ངོ་མཚར་ཆེ། །སྣང་བ་འདི་སེམས་སུ་ལེགས་ཤེས་ན། །དུས་རིང་ཐུང་བཟང་ངན་ཡངས་དོག་སོགས། །འགལ་བ་ལྟར་སྣང་བ་མི་འགལ་བས། །གནད་ཤེས་ན་བསྒོམ་གྱི་གྲོགས་སུ་འཆར། །རང་སྣང་འདི་སེམས་སུ་མ་ཤེས་ན། །བླ་མ་ལ་མོས་གུས་མི་སྐྱེས་ཏེ། །མཛད་སྤྱོད་ལ་སྐྱོན་དུ་བཟུང་བ་ཡིས་། །དངོས་གྲུབ་ཀྱི་སྐལ་བ་ཆད་པ་མང་། །དག་མ་དག་གི་སྣང་བ་རང་སེམས་ལས། །ཕྱི་རོལ་ན་མེད་པའི་ཚུལ་ཤེས་ན། །སྐྱོན་རང་སྐྱོན་དུ་ཤེས་ནས་དམན་ས་ཟིན། །ཁོང་གཞན་ལ་དག་སྣང་སྐྱེ་བར་འགྱུར། །དབང་ཐོབ་པའི་སེམས་དཔའ་མཆོག་རྣམས་ཀྱི། །མཐུ་བསམ་མི་ཁྱབ་པའི་རྫུ་འཕྲུལ་ཡང་། །བདེན་མེད་ཀྱི་སྣང་བ་རང་སེམས་སུ། །ངོ་ཤེས་པའི་མཐུ་ལས་བྱུང་བར་སྣང་། །གདོན་ལོག་འདྲེན་འབྱུང་པོའི་ཆོ་འཕྲུལ་ཡང་། །ཕྱི་རོལ་དུ་བཟུང་ན་སྐྱོན་ཡིན་ཡང་། །རང་སྣང་དུ་ཤེས་པའི་རྣལ་འབྱོར་པར། །བདུད་སྡེ་ཡང་ལམ་གྱི་གྲོགས་སུ་འཆར། ༈ །སྐྱབས་གཅིག་ལ་སྐྱབས་གནས་ཐམས་ཅད་འདུས། །ཆོས་གཅིག་ལ་ཉམས་ལེན་ཀུན་ཚང་ཞིང་། །གནད་གཅིག་གིས་ས་ལམ་བགྲོད་ནུས་པ། །ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཡིན། །ཚུལ་འདི་ལྟར་ཉམས་སུ་ལེན་པ་ལ། །དུས་དང་པོ་བླ་མ་སངས་རྒྱས་སུ་བསྒོམ། །སྐྱབས་ཐམས་ཅད་འདུས་པར་ཐག་བཅད་ནས། །ཡིད་མོས་གུས་གདུང་བས་གསོལ་བ་འདེབས། །བར་བླ་མ་སངས་རྒྱས་དངོས་སུ་མཐོང་། །སྐྱབས་ཐམས་ཅད་བླ་མའི་ངོ་བོར་ཤར། །ཡིད་ཁྱེད་ཤེས་ཀྱི་དད་པ་རྒྱུད་ལ་སྐྱེས། །རྗེ་བླ་མའི་བྱིན་རླབས་སེམས་ལ་ཞུགས། །མཐར་རང་སེམས་སངས་རྒྱས་རང་ཞལ་མཇལ། །བླ་མ་དང་ཐུགས་ཡིད་དབྱེར་མེད་འདྲེས། །ཡིན་ལུགས་ཀྱི་མྱོང་བ་ནང་ནས་ཤར། །སྒྲོ་སྐུར་གྱི་སྤྲོས་པ་རང་སར་ཞིག ༈ །སེམས་སྐྱེ་བ་མེད་པ་ཞེས་བྱ་བ། །དེ་ཁ་ཚིག་ཙམ་དུ་མ་ཤོར་བར། །མཐའ་བཞི་ལས་ངེེས་པར་མ་སྐྱེས་པའི། །གནད་ལེགས་པར་ཁོང་དུ་ཆུད་པ་ན། །མ་སྐྱེས་ཀྱང་སྣང་བ་མི་འགལ་ཞིང་། །སྣང་བཞིན་དུ་ངོ་བོས་མ་གྲུབ་པས། །སྟོང་རྟེན་འབྱུང་འགལ་བ་མེད་པ་ལ། །དོན་ཡིད་ཆེས་ཀྱི་ངེས་པ་རྙེད་པར་འགྱུར། །དུས་དེ་ཚེ་རྣམ་ཐར་སྒོ་གསུམ་གྱི། །སྟོང་ཉིད་ཀྱང་གཟུགས་སུ་འཆར་ནུས་ཤིང་། །གཟུགས་དེས་ཀྱང་སྣང་བས་མི་འཆིང་བར། །སྟོང་གསལ་ལ་ངེས་པ་འདྲེན་པ་ཡིན། །གནད་འདི་འདྲ་ཤེས་ན་ཉམས་ལེན་གྱི། །ལམ་ཟབ་གསལ་གཉིས་མེད་བསྐྱེད་རིམ་དེ། །མིང་རྐྱང་པ་ཙམ་དུ་མ་ཤོར་བར། །དོན་ཚུན་བཞིན་རྒྱུད་ལ་འབྱོར་བར་འགྱུར། །སྔོན་རྒྱལ་བ་གཉིས་པ་ཀླུ་སྒྲུབ་རྗེས། །ཆོས་སྟོང་ཉིད་སེང་གེའི་སྒྲ་བསྒྲགས་པའི། །དོན་ཟབ་མོ་དབུ་མའི་ལྟ་བ་ནི། །མི་དེ་ཡི་བློ་ལ་མཛའ་བ་འདྲ། །བདག་འཁོར་བར་འཆིང་བྱེད་མ་རིག་པ། །གཉིས་འཛིན་གྱི་རྣམ་རྟོག་ཡིན་མོད་ཀྱང་། །ཁོ་བརྟགས་ཤིང་དཔྱད་ན་སྟོང་པར་ཡལ། །དེས་བཅིངས་བའི་བདག་ཀྱང་དེ་བཞིན་རྫུན། །དོན་དེ་ལྟར་སྤང་བྱ་མ་རྙེད་པས། །དེ་སྤོང་བའི་གཉེན་པོ་མི་རྙེད་དེ། །མོ་གཤམ་བུའི་མཚན་གཞི་མ་གྲུབ་པས། །དེ་གསོད་པའི་གཤེད་མ་མི་རྙེད་བཞིན། །ཆོས་གང་ཡང་དོན་ལ་མ་གྲུབ་པས། །དམིགས་གཏད་ཀྱི་མཚན་མ་མི་རྙེད་ཀྱང་། །རྟེན་འབྱུང་ལ་བསླུ་བ་མེད་པའི་ཕྱིར། །ཐ་སྙད་དུ་བླང་དོར་འཁོར་འདས་ཡོད། །གནད་འདི་འདྲའི་དབྱེ་བ་ཤེས་གྱུར་ན། །ཆོས་ཀུན་གྱི་དེ་ཉིད་ལེགས་ཤེས་ཤིང་། །དོན་རྟོགས་རྒྱུ་མེད་པའི་དོན་རྟོགས་པས། །སེམས་གྲོལ་རྒྱུ་མེད་པ་གྲོལ་ཞེས་གསུངས། །ཉོན་མོངས་འདི་རང་དགར་སྤྱད་ན་ཕུང་། །འདི་སྤང་ན་ཡེ་ཤེས་ཀྱི་རྒྱུ་མི་རྙེད། །ཐབས་མཁས་པས་བསྟེན་ན་ཉོན་མོངས་ཉིད། །ཡེ་ཤེས་སུ་ཤེས་ནས་གྲོལ་བར་འགྱུར། །འཁྲུལ་སྣང་འདི་དོན་དམ་མ་ཡིན་ཏེ། །དོན་དམ་ཡང་དེ་ལས་གཞན་ན་མེད་། །གནད་ཤེས་ན་ཆུ་དང་ཆབ་རོམ་བཞིན། །དེ་གཉིས་ཀྱང་འགལ་བ་མེད་པ་ཡིན། །ཕུང་པོ་ལ་ཞེན་ན་བདུད་ཡིན་ཏེ། །འདི་སྤངས་ན་ཞི་བའི་མཐའ་རུ་ལྷུང་། །ཆོས་ཟབ་མོ་དག་པ་རྣམ་གསུམ་གྱིས། །སྦྱང་ནུས་ན་མྱུར་དུ་སངས་རྒྱས་ཐོབ། །སྡུག་བསྔལ་ལ་སྐྲག་ནས་སྤོང་བ་དང་། །དགའ་བཞིན་དུ་དང་དུ་ལེན་པ་དང་། །བདེན་མེད་དུ་ཤེས་ནས་བརྟེན་པ་ཡི། །གནད་གསུམ་གྱིས་སྡུག་བསྔལ་ལམ་དུ་བྱེད། །དུས་ད་ལྟའི་འཁྲུལ་སྣང་གི་སྡུག་བསྔལ་འདི། །ངོ་ཤེས་ན་བདེ་ཆེན་ཡེ་ཤེས་ཏེ། །བློ་དགག་སྒྲུབ་སྤྲོས་པ་མི་མང་བར། །སེམས་མ་བཅོས་པར་ཞོག་དང་གནད་འའག་ཡིན། །ཕྱི་སྣང་བ་སེམས་ཀྱི་སྤྲུལ་བར་ཤེས། །སེམས་ཡུལ་ལ་ཞེན་པའི་འཁྲི་བ་ཆོད། །ཡུལ་གང་ཤར་ལ་འགལ་སྒྲུབ་མི་འཚོར་བར། །བློ་རེ་དོགས་དང་བྲལ་ན་དགའ་བ་ལ། །སྐྱེན་ཐམས་ཅད་ཀྱི་རྩ་བ་ཞེན་པ་སྟེ། །མར་ངན་སོང་གསུམ་གྱི་སྡུག་བསྔལ་ནས། །ས་ལམ་གྱི་བར་ཆད་ཐམས་ཅད་ཀྱང་། །འཛིན་ཞེན་ཀྱི་རྟོག་པ་འདི་ལས་བྱུང་། །བློ་ཞེན་མེད་ཀྱི་དགེ་བ་བསྒྲུབ་ཤེས་ན། །དགེ་ལེགས་ཀུན་འདུ་བར་སྨོ་ཅི་དགོས། །སྐྱབས་མཐར་ཐུག་ཐུབ་པའི་ཆོས་སྐུ་ལ། །བློ་ཞེན་མེད་ཀྱི་ངང་དུ་འདུ་བར་འདུག །།སྒོས་ཚེ་འདིར་ཞེན་པའི་རྟེས་ངན་འདིས། །བློ་ཆོས་སུ་འགྲོ་རུ་མ་བཅུག་པར། །མི་བདག་ནི་དེ་སྔ་ཡན་ཆོད་ཕུང་། །གྲོགས་གཞན་ཡང་འདི་ཡིས་ཕུང་བར་འདུག ༈ །དུས་གྲངས་མེད་གསུམ་གྱི་ཚོགས་གཉིས་ཀྱང་། །གཞི་རང་གི་སེམས་སྣང་འདི་ཉིད་ཡིན། །སྐུ་བཞི་དང་ཡེ་ཤེས་རྣམ་ལྔ་ཡང་། །སེམས་འདི་ལས་གཞན་དུ་རྙེད་མི་འགྱུར། །ཆོས་གཞི་ལམ་འབྲས་གསུམ་དབྱེར་མེད་དེ། །ཐབས་ཟབ་མོ་སྦྱང་གཞི་སྦྱོང་བྱེད་ཀྱི། །ལམ་ཤིན་ཏུ་གསང་བའི་ཉེ་ལམ་འདིས། །སངས་རྒྱས་ཞེས་སྨྲ་བ་མི་རིང་ཉེ། །གནད་འདི་དག་བསྒོམས་པའི་བློ་གྲོས་ཀྱི། །ཉམས་མྱོང་ཞིག་བདག་ལ་མ་མཆིས་ཀྱང་། །མོས་གུས་ཀྱིས་གསོལ་བ་བཏབ་པའི་མཐུས། །གོ་ཡུལ་དུ་བླ་མའི་དྲིན་གྱིས་ཡིན། ༈ །ད་ཚེ་མཇུག་གི་བདེ་སྐྱིད་འབྱུང་རེ་བས། །མི་གཞན་གྱི་ངོ་སྲུང་མཐུན་འཇུག་གི། རེ་དོགས་ཀྱི་ངལ་ཁུར་ལེན་པ་ཡི། །སྡིག་སྡུག་གི་རྩ་བ་བོར་ནས་ནི། །གནས་མི་མེད་དབེན་པའི་རི་ཁྲོད་དུ། །གྲོགས་བྱ་དང་ནགས་ཚལ་དང་འགྲོགས་ནས། །ཆོས་བྱང་ཆུབ་སེམས་ལ་བློ་སྦྱངས་ནས། །ཤི་ཐུབ་ན་སྐྱིད་པའི་ཡང་རྩེ་ལགས། ༈ །འཁོར་བ་འདི་སྤང་བྱར་གྲགས་མོད་ཀྱང་། །རང་སྣང་འདི་ལྷ་དང་ཡེ་ཤེས་སུ། །ངོ་ཤེས་ཚེ་སྤང་བྱ་མི་རྙེད་པས། །དོན་འཁོར་འདས་ངོ་བོ་དབྱེར་མེད་ཡིན། །བར་ཆད་འདི་མེད་ན་དགའ་ལགས་ཀྱང་། །འདི་མེད་ན་དངོས་གྲུབ་མི་ཐོབ་པས་། །ཐབས་མཁས་པས་ལམ་དུ་ཁྱེར་ཤེས་ན། །དངོས་གྲུབ་ཀྱི་མཚམས་སྦྱོར་བར་ཆད་ཡིན། །ཕྱི་ཡུལ་རྐྱེན་ངན་པ་མེད་ས་མེད། །འདི་གཉེན་པོས་སྤང་དུ་མི་ལང་གི། གནད་ཤེས་ནས་ལམ་དུ་ཁྱེར་ནུས་ན། །རྐྱེན་ངན་འདི་དགེ་སྦྱོར་གྱི་བསྐུལ་མ་ཡིན། །སེམས་འཁྲུལ་པའི་དབང་དུ་གྱུར་པ་ལ། །ཕྱི་ཡུལ་སྣང་དགྲ་རུ་ལྡང་མོད་ཀྱང་། །ནང་ཡིན་ལུགས་ཤེས་པའི་རྣལ་འབྱོར་པར། །འདི་ཐམས་ཅད་དགེ་བའི་བཤེས་སུ་འཆར། །འཁོར་བ་ལ་ངེས་འབྱུང་ནས་བཟུང་སྟེ། །མཐར་ཐུག་གི་སྐུ་དང་ཡེ་ཤེས་སོགས། །ལམ་འབྲས་ཀྱི་ཡོན་་ཏན་མ་ལུས་པ། །སེམས་རིག་ཐོག་གཅིག་ཏུ་དྲིལ་ནས་ནི། །གནད་ཚང་བར་ཉམས་སུ་ལེན་པ་འདི། །ཁོང་ས་སྐྱའི་འཇམ་མགོན་རིན་པོ་ཆེའི། །བཀའ་སྲོག་འདིའི་ཟབ་ཁྱད་ཡིན་པའི་ཕྱིར། །གནད་ཤེས་ན་སྙིང་ནས་ཡིད་ཆེས་སྐྱེ། །སྡུག་བསྔལ་ཀུན་འདི་ལས་བྱུང་བའི་ཕྱིར། །རྣམ་རྟོག་འདི་སྐྱོན་གྱི་གོང་བུ་ཡིན། །གནས་ལུགས་ཀྱང་འདི་ལས་རྙེད་པའི་ཕྱིར། །ཡོན་ཏན་ཡང་འདི་རང་ཆེ་བར་འདུག །འཁྲུལ་སྣང་འདི་རྣམ་རྟོག་ལས་བྱུང་ཡང་། །འདི་མེད་ན་གནས་ལུགས་མི་རྙེད་དེ། །རྣམ་རྟོག་གི་ངོ་བོ་སྐྱོང་ཤེས་ན། །ཆོས་ཉིད་ལ་ལྟ་བའི་མེ་ལོང་ཡིན། །རྣམ་རྟོག་འདི་ཆོས་ཉིད་མ་ཡིན་ཀྱང་། །ཆོས་ཉིད་ལས་གཞན་པའི་རྣམ་རྟོག་མེད། །ངོ་ཤེས་ན་འཁྲུལ་པའི་རྣམ་རྟོག་འདི། །དབྱིངས་ཆོས་སྐུའི་རང་ཞལ་མཇལ་བ་ཡིན། །དུས་གསུམ་གྱི་རྒྱལ་བ་བསྐྱེད་པའི་རྒྱུ། །རྒྱལ་སྲས་ཀུན་གཤེགས་པའི་ལམ་བཟང་པོ། །ཆོས་ཀུན་གྱི་སྙིང་པོ་བྱང་ཆུབ་སེམས། །འདི་རྒྱུད་ལ་སྐྱེས་ན་ཅི་མ་རུང་། །ཁམས་གསུམ་གྱི་སྡུག་བསྔལ་སེལ་བའི་སྨན། །སྲིད་ཞི་ཡི་དགེ་ལེགས་ཀུན་གྱི་རྒྱུ། །ཆོས་བྱང་ཆུབ་སེམས་ཀྱི་ནོར་བུ་མཆོག །འདི་དོན་དུ་གཉེར་ན་སུས་ཀྱང་རྙེད། །གང་སྣང་བ་ཆོས་ཉིད་ལས་མི་གཡོ་བས། །གཤིས་གནས་ལུགས་རྟོགས་པའི་རྣལ་འབྱོར་པར། །སྐྱོན་གཞན་ནས་བཙལ་ཡང་མི་རྙེད་པའི། །དུས་དེ་འདྲ་འབྱུང་ཞེས་བླ་མས་གསུངས། །ཕྱི་ཡུལ་སྣང་སེམས་ཀྱི་སྤྲུལ་པར་ཤེས། །སེམས་ཡུལ་ལ་ཞེན་པའི་འཁྲི་བ་ཆོད། །ཡུལ་གང་ཤར་ལ་དགག་སྒྲུབ་མི་འཆོར་བར། །བློ་རེ་དོགས་དང་བྲལ་ན་དགའ་བ་ལ། །ཆོས་རིམ་གཉིས་ལྷན་དུ་བསྒོམ་པའི་ཚེ། །གཞི་བདེན་གཉིས་གཏན་ལ་འབེབས་པ་དང་། །ལམ་ཚོགས་གཉིས་ཤུགས་ཀྱིས་རྫོགས་པ་ཞིག །དུས་གཅིག་ལ་བྱུང་ན་དགའ་བ་ལ། །མཉམ་ཉིད་ཀྱི་ལྟ་བ་ཀློང་དུ་གྱུར། །སྤང་ཐོབ་ཀྱི་རེ་དོགས་ནང་ནས་ཞིག །མཉམ་ཉིད་ལས་ནམ་ཡང་མི་གཡོ་བའི། །སྐལ་བཟང་ཞིག་བྱུང་ན་དགའ་བ་ལ། །གནས་སྐབས་ཀྱི་ལས་བཞིའི་དངོས་གྲུབ་ཀྱང་། །རང་སེམས་ལས་གཞན་དུ་མ་མཆིས་ཏེ། །སེམས་འཁྲུལ་རྟོག་ཞིག་ན་ཡོན་ཏན་རྒྱས། །འདི་དབང་དུ་འདུས་ན་དགྲ་བགེགས་ཐུལ། །དོན་མཐར་ཐུག་མཆོག་གི་དངོས་གྲུབ་ཀྱང་། །གཞན་གང་དུ་བཙལ་ཡང་མི་རྙེད་དེ། །སེམས་འཁྲུལ་པའི་དྲི་མ་ཟད་པ་ལ། །སངས་རྒྱས་ཞེས་མིང་དུ་བཏགས་པར་ཟད། །སེམས་མྱ་ངན་དྲག་པོས་ནོན་པའམ། །ཆགས་སྡང་གི་རྟོག་པ་སྐྱེས་པའི་ཚེ། །ཤར་བཞིན་པའི་དུས་ན་རང་བཞིན་གྱི། །མ་སྐྱེས་པར་ཤེས་པ་གནད་དུ་ཆེ། །སེམས་འཚུབ་ཚེ་ཡོད་ཡོད་འདྲ་ན་ཡང་། །འདི་བཞག་ན་རྫུན་པའི་རང་མཚང་ངོམ། །དོན་དེ་ཕྱིར་འཇུར་བུས་བཅིངས་པའི་སེམས། །འདི་གློད་ན་གྲོལ་ཞེས་གསུང་བར་འདུག །བདེ་སྡུག་འདི་ཕྱི་རུ་བཟུང་ནས་ནི། །རྩོལ་སྒྲུབ་ཀྱིས་རང་སྡུག་ཉོ་བ་ལས། །དགེ་སྡིག་འདི་སེམས་སུ་ངོ་ཤེས་ནས། །བདེ་སྐྱིད་འདི་སེམས་ལ་བཙལ་ན་དགའ། །ཕ་མཚན་ལྡན་བླ་མས་རྗེས་བཟུང་ནས། །ཆོས་མདོ་རྒྱུད་གཉིས་ཀྱི་བཅུད་བསྡུས་པ། །ལམ་གསུང་ངག་འདི་དང་འཕྲད་པའི་ཚེ། །ད་མ་ཡེངས་མ་ཡེངས་སྙོམས་ལས་ཅན། །སྐྱབས་མཚན་ལྡན་བླ་མ་སྤྱི་བོར་བསྒོམ། །ལམ་གསང་ཆེན་རིམ་གཉིས་ཟབ་མོའི་དོན། །དུས་རྒྱུན་ཆད་མེད་པར་ཉམས་སུ་ལོངས། །ད་ཤི་ཡང་འགྱོད་པ་མེད་པར་གྱིས། །སྐྱབས་དཀོན་མཆོག་ཀུན་འདུས་བླ་མ་རྗེའི། །ཐུགས་དམིགས་པ་མེད་པའི་བྱིན་རླབས་ཀྱིས། །དུས་ད་ལྟ་ཉིད་དུ་བྱིན་བརླབས་ནས། །བུ་བདག་གི་རེ་སྨོན་འགྲུབ་པར་མཛོད། །ཅེས་ཀུན་དགའ་རྒྱལ་མཚན་གྱིས་གང་དྲན་སྨྲས་པའོ།། །།

ཐར་རྩེ་མཁན་རིན་པོ་ཆེ་འཇམ་དབྱངས་ཀུན་བཟང་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན་གྱིས་བསྐུལ་ངོར་གསུངས་པའི་མགུར་དབྱངས།

ན་མོ་གུ་རུ་བྷྱཿདུས་གསུམ་སངས་རྒྱས་ཐམས་ཅད་འདུས་པ་ཡི་ངོ་བོ། །རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཏུ་བཞུགས་པ། །སྨིན་གྲོལ་གདམས་པའི་བདུད་རྩིའི་བཀའ་དྲིན་གྱིས་སྐྱོང་བའི། །དྲིན་ཆེན་རྩ་བའི་བླ་མ་སྙིང་དབུས་ནས་དྲན་ནོ། །ཟོལ་མེད་གདུང་བའི་དབྱངས་ཀྱིས་རྒྱང་རིང་ནས་འབོད་ན། །སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་དགྱེས་བཞིན་དུ་འཚོ་ཞིང་། །དམིགས་མེད་ཐུགས་རྗེ་ཆེན་པོས་བདག་སོགས་ཀྱི་རྒྱུད་ལ། །དགོངས་པའི་བྱིན་ཆེན་ཕོབ་ཅིག་དྲིན་ཆེན་གྱི་བླ་མ། །དཔལ་ལྡན་སྐུ་བཞིའི་དབང་ཕྱུག་རྒྱལ་ཀུན་གྱི་ངོ་བོ། །ལུང་རྟོགས་དམ་ཆོས་འབྱུང་གནས་ཐེག་གསུམ་གྱི་ལམ་སྟོན། །གསུམ་ལྡན་དགེ་འདུན་བྱེ་བའི་གཙུག་རྒྱན་དུ་བཞུགས་པའི། །སྐྱབས་གནས་དཀོན་མཆོག་གསུམ་འདུས་བླ་མ་དེ་མཁྱེན་ནོ། །གནས་གསུམ་མཁའ་འགྲོ་རྒྱ་མཚོའི་གསང་མཛོད་ལས་བྱུང་བའི། །སྔོན་བྱོན་གྲུབ་བརྒྱའི་གཤེགས་ཤུལ་གསང་ཆེན་གྱི་མྱུར་ལམ། །བློ་དང་བརྩོན་པའི་སྟོབས་ཀྱིས་བདེ་བླག་ཏུ་བགྲོད་པའི། །མཚུངས་མེད་གྲུབ་པའི་དབང་ཕྱུག་བླ་མ་དེ་མཁྱེན་ནོ། །དགོངས་པ་སངས་རྒྱས་རྣམས་དང་དབྱེར་མེད་དུ་བཞུགས་ཀྱང་། །སྙིགས་དུས་འགྲོ་བའི་སྣང་ངོར་མི་གཟུགས་སུ་བྱོན་ནས། །ལས་སྨོན་མཐུན་པའི་སྐལ་ལྡན་གདུལ་བྱ་ཡི་ཚོགས་ལ། །རྣམ་གྲོལ་ལམ་བཟང་སྟོན་པའི་བླ་མ་དེ་མཁྱེན་ནོ། །ཟབ་རྒྱས་གདམས་པའི་བདུད་རྩི་དགྱེས་བཞིན་དུ་བསྩལ་བ། །ཐོས་བསམ་བསྒོམ་པའི་སྙིམ་པས་ཚུལ་བཞིན་དུ་མྱངས་ན། །ལུང་རྟོགས་ཡོན་ཏན་ཆོས་ཀྱི་རྒྱལ་སྲིད་ལ་དབང་བའི། །དགའ་སྟོན་ཉམས་སུ་མྱོང་བའི་བྱིན་རླབས་ཤིག་ཞུའོ། །དོན་མེད་ཚེ་འདིའི་བྱ་བ་རྒྱང་རིང་དུ་སྤངས་ནས། །ཡིད་མཐུན་དབེན་པའི་གནས་སུ་སྒྲུབ་པ་ལ་གཞོལ་ཞིང་། །མྱུར་དུ་ཟབ་ལམ་རྟོགས་པའི་དྲོད་ཚད་དང་འཕྲད་ནས། །བླ་མའི་འཕྲིན་ལས་སྐྱོང་བའི་སྐལ་བཟང་ལ་སྨོན་ནོ། །སྣང་སྲིད་འཁོར་འདས་ཆོས་ཀུན་རང་སེམས་སུ་ཐག་ཆད། །གཉུག་མ་སེམས་ཀྱི་ཆོས་ཉིད་མངོན་སུམ་དུ་མཐོང་ནས། །རང་སེམས་བླ་མའི་ཐུགས་དང་དབྱེར་མེད་དུ་གྱུར་པའི། །འཁོར་འདས་དབྱེར་མེད་རྟོགས་པར་བྱིན་གྱིས་རང་རློབས་ཤིག །མཚན་རྟོག་འཁྲུལ་པའི་སྣང་བ་སྤྲིན་བཞིན་དུ་ཡལ་ནས། །སྣོད་བཅུད་དག་པ་ལྷ་ཡི་དཀྱིལ་འཁོར་དུ་ཤར་བ། །དེ་ཡང་བདེ་བ་ཆེན་པོའི་ཡེ་ཤེས་སུ་མཐོང་བའི། །མྱུར་དུ་གྲུབ་མཐའ་སྙོགས་པའི་དངོས་གྲུབ་ཅིིག་ཞུའོ། །བདེ་འབྱུང་བསྟན་པའི་ཉི་མ་ནུབ་རི་ལ་འཛེགས་ཏེ། །ཆེར་སྙིགས་རྒུད་པའི་མུན་པ་ཕྱོགས་ཀུན་ཏུ་ཁྱབ་ཚེ། །ཕྲིན་ལས་བསིལ་ཟེར་བྱེ་བའི་དཔལ་ཡོན་དང་འགྲོགས་པའི། །རྗེ་བཙུན་སྨྲ་བའི་ཟླ་བའི་འོད་དཀར་འདི་བྱུང་ངོ་། །དཔལ་ལྡན་མཚན་མོའི་མགོན་ཁྱོད་མངོན་སུམ་དུ་མཇལ་ནས། །ལེགས་བཤད་གསུང་གི་སྣང་བ་སྙིང་དབུས་སུ་ཤར་བས། །ཡུན་རིང་སེམས་ལ་ཉལ་བའི་རྨོངས་པ་ཡི་མུན་པ། །དེ་རིང་བླ་མའི་དྲིན་གྱིས་ག་ཤེད་ལ་ལངས་སོང་། །མཚུངས་མེད་བླ་མའི་དགོངས་པ་ཇི་བཞིན་དུ་རྟོགས་ནས། །ས་བསྟན་ཉིན་མོར་བྱེད་པའི་སྐལ་བཟང་ལ་སྨོན་པ། །རྐྱེན་ངན་ཡུལ་གྱི་འཚེ་བ་གང་ནས་ཀྱང་འབྱུང་བས། །བར་ཆད་བདུད་ལས་རྒྱལ་བའི་བྱིན་རླབས་ཤིག་གནོང་ཤོག །གངས་ལྗོངས་སྐལ་ལྡན་གདུལ་བྱའི་བསོད་ནམས་ཀྱི་ཞིང་མཁར། །བླ་མའི་ཉིན་བྱེད་དཀྱིལ་འཁོར་ཡུན་རིང་དུ་གནས་ཤིང་། །ཕུན་ཚོགས་ཕན་བདེའི་པད་ཚལ་ཕྱོགས་ཀུན་ཏུ་རྒྱས་པའི། །དགེ་མཚན་ནུབ་པ་མེད་པའི་སྨོན་འདུན་ཞིག་ཞུའོ། །རྒྱལ་བ་གཉིས་པ་འཇམ་མགོན་ས་སྐྱ་པའི་རིང་ལུགས། །ཀུན་མཁྱེན་ཀུན་དགའ་བཟང་པོའི་བཀའ་སྲོལ་ལས་བྱུང་བ། །རྒྱལ་བསྟན་ཡོངས་སུ་རྫོགས་པའི་ཉམས་ལེན་གྱི་རྒྱུན་འདི། །ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པ་ལ་སྨོན་ནོ། །ཇི་ལྟར་སྨོན་པའི་གནས་ཀུན་གེགས་མེད་དུ་འགྲུབ་པའི། །མཐུན་འགྱུར་སྲས་བཅས་རྒྱལ་བས་བདེན་གསུང་གིས་སྒྲོགས་ཤིང་། །དམིགས་མེད་ཐུགས་རྗེའི་སྤྱན་གྱིས་རྗེས་འཇུག་ལ་གཟིགས་པའི། །དཔལ་ལྡན་རྩ་བརྒྱུད་བླ་མས་བྱིན་གྱིས་རང་རློབས་ཤིག། །།ཅེས་པ་འདི་ནི་ཡོངས་རྫོགས་བསྟན་པའི་བདག་པོ་ཐར་རྩེ་མཁན་རིན་པོ་ཆེ་འཇམ་དབྱངས་ཀུན་བཟང་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན་གྱིས་བཀྲ་ཤིས་པའི་ལྷ་རྫས་དང་རིན་ཆེན་གཉིས་པའི་སྐྱེས་བཅས་བཀའ་བསྩལ་བ་སྤྱི་བོར་གུས་པས་བླངས་ཏེ། རྗེ་ཉིད་ཀྱི་བཀའ་འབངས་སུ་གཏོགས་པ་ཡུལ་ལི་ཐང་ཕྱོགས་སུ་སྐྱེས་པའི་བཙུན་གཟུགས་ཀུན་དགའ་རྒྱལ་མཚན་གྱིས་དགའ་ལྡན་ས་བཟང་གླིང་དུ་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །ཤུབྷཾ།

བཀྲ་ཤིས་ཆོས་ལྡན་དང་གཉེར་ངག་དབང་རིན་ཆེན་གཉིས་ཀྱི་བཞེད་སྐོང་དུ་གནང་བའི་གསོལ་འདེབས།

སངས་རྒྱས་ཀུན་གྱི་ངོ་བོ་རྡོ་རྗེ་འཆང་། །སྡོམ་གསུམ་བཀའ་དྲིན་སྩོལ་བའི་དྲིན་ཆེན་རྗེ། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཐོག་མེད་དུས་ནས་སྲིད་པར་འཁྱམས་ན་ཡང་། །རང་གི་ཉེས་པས་ད་དུང་འཁོར་བར་ལུས། །ད་རེས་འཁྲུལ་སྣང་ཕྱི་མའི་སྡུག་བསྔལ་ལ། །འཇིགས་ནས་ཆོས་ལ་འཇུག་པར་བྱིན་གྱིས་རློབས། །འདོད་ལྔའི་ཡུལ་གྱི་བདེ་བའི་བསླུ་བྲིིད་འདིས། །རང་གཞན་ཐམས་ཅད་བསླུས་པར་མཐོང་ནས་ནི། །འཁྲུལ་སྣང་ཚེ་འདིའི་བདེ་ལ་མི་ཆགས་པར། །ལྷ་ཆོས་སྙིང་ནས་དྲན་པར་བྱིན་གྱིས་རློབས། །ཇི་ལྟར་བྱས་ཀྱང་མགུ་བར་མི་ནུས་པའི། །གཞན་གྱི་ངོ་སྲུང་ཐག་པ་བཅད་ནས་ནི། །གང་ལ་བསྟེན་ན་ནམ་ཡང་མི་བསླུ་བའི། །བླ་མ་མཆོག་གསུམ་དྲན་པར་བྱིན་གྱིས་རློབས། །ཡོན་ཏན་མེད་བཞིན་བླ་མའི་ཁུར་འཛིན་པ། །སྐྱབས་སུ་བཟུང་ཡང་ཕན་པ་འབྱུང་དཀའ་བས། །སྤངས་རྟོགས་མཐར་ཕྱིན་འཇམ་མགོན་བླ་མ་ལ། །སངས་རྒྱས་དངོས་སུ་མཐོང་བར་བྱིན་གྱིས་རློབས། །སྡིག་པས་སྦགས་པའི་རང་གི་འཁྲུལ་རྟོག་འདིས། །གཞན་གྱི་ཡོན་ཏན་མཐོང་བར་མི་ནུས་པས། །བླ་མའི་མཛད་པ་ཇི་ལྟར་བསྟན་ན་ཡང་། །ཡོན་ཏན་འབའ་ཞིག་མཐོང་བར་གྱིས་རློབས། །ལན་ཅིག་རྙེད་དཀའི་དལ་བའི་རྟེན་བཟང་འདི། །ཡེངས་མ་ལམ་དུ་མི་ཚེ་ཟད་འདུག་པས། །དགུང་ཉི་ཙམ་གྱི་ཚེ་མཇུག་འདི་ཉིད་ལ། །རྣམ་དག་ལྷ་ཆོས་འགྲུབ་པར་བྱིན་གྱིས་རློབས། །སྙིང་ནས་ཆོས་ལ་འཇུག་འདོད་སྐྱེས་པ་ན། །བར་ཆད་ཉི་རྡུལ་ལས་ཀྱང་ཆེས་མང་བས། །བླ་མ་མཆོག་གསུམ་ལྷ་ཡི་བྱིན་མཐུ་ཡིས། །སྐྱེན་ངན་གཡུལ་ལས་རྒྱལ་བར་བྱིན་གྱིས་རློབས། །འགྲུབ་དུས་མེད་པའི་ཚེ་འདིའི་ཕུན་ཚོགས་ལ། །སྙིང་པོ་མེད་པའི་ངང་ཚུལ་འདི་མཐོང་ནས། །འགྲུབ་པར་ངེས་པ་བླ་མའི་བཀའ་བཞིན་དུ། །སྒྲུབ་ལ་སྙིང་རུས་ནུས་པར་བྱིན་གྱིས་རློབས། །སངས་རྒྱས་དངོས་འདྲའི་བླ་མ་འདི་འདྲ་བ། །སྔོན་གྱི་དུས་ནའང་མཇལ་བར་དཀའ་བས་ན། །མོས་གུས་བླ་མའི་རྣལ་འབྱོར་ཁོ་ན་ལ། །ཉམས་ལེན་གནད་དུ་འཁེལ་བར་བྱིན་གྱིས་རློབས། །བླ་མའི་བྱིན་རླབས་ཞུགས་པའི་སྐད་ཅིག་ལ། །འཁྲུལ་སྣང་སྡུག་བསྔལ་སྤྲིན་བཞིན་ཡལ་ནས་ནི། །ད་ལྟ་ཤི་ཡང་འགྱོད་པ་མེད་སྙམ་པའི། །དགའ་བདེ་སྙིང་ལ་འཆར་བར་བྱིན་གྱིས་རློབས། །སླན་ཆད་བདག་གི་སྤྱོད་པ་མ་ལུས་པ། །དཔལ་མགོན་བླ་མ་མཉེས་པའི་མཆོད་སྤྲིན་དུ། །གྱུར་ནས་དོན་གཉིས་ལྷུན་གྱིས་འགྲུབ་པ་ཡི། །ཕན་བདེའི་དགའ་སྟོན་འཕེལ་བར་བྱིན་གྱིས་རློབས། །ཚེ་རབས་ཀུན་ཏུ་བླ་མ་རིན་པོ་ཆེས། །བརྩེ་བ་ཆེན་པོས་རྗེས་སུ་བཟུང་ནས་ནི། །ས་དང་ལམ་གྱི་ཡོན་ཏན་ཀུན་རྫོགས་ནས། །མྱུར་དུ་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས། །ཞེས་པ་འདི་ནི་སྙིང་ནས་བརྩེ་བའི་གྲོགས་མཆོག་དམ་པ་ཚེ་རབས་གཞན་དུའང་འཕྲད་པར་ངེས་པ་བཀྲ་ཤིས་ཆོས་ལྡན་དང་། གཉེར་ངག་དབང་རིན་ཆེན་གཉིས་ཀྱི་བཞེད་སྐོང་དུ། མང་དུ་ཐོས་པའི་བླ་གཟུགས་ཡུལ་ལི་ཐང་ཕྱོགས་སུ་སྐྱེས་པ་འཇམ་དབྱངས་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱིས་མགྱོགས་པར་སྨྲས་པའོ། །སརྦ་དཱ་མངྒལཾ།

ལེགས་པ་རིན་པོ་ཆེའི་གསོལ་འདེབས།

དུས་གསུམ་རྒྱལ་བའི་ཡེ་ཤེས་སྒྱུ་མའི་འཕྲུལ། །བདུད་འདུལ་མཐུ་ཆེན་རྡོ་རྗེ་ནག་པོ་ཆེ། །དེང་འདིར་བདག་གི་མགོན་གཅིག་ཆོས་ཀྱི་རྗེ། །ངག་དབང་ལེགས་པའི་ཞབས་ལ་གསོལ་བ་འདེབས། །རྗེ་བཙུན་བླ་མའི་རྣམ་པར་ཐར་པ་ལ། །སྐྱོན་དུ་འཛིན་པའི་རྟོག་པ་མི་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བྱིན་རླབས་སེམས་ལ་འཇུག་པར་བྱིན་གྱིས་རློབས། །བླ་མ་མཆོག་གསུམ་ལྷ་ཡི་བྱིན་མཐུ་དང་། །དམ་ཅན་སྲུང་མ་རྒྱ་མཚོའི་མཐུ་སྟོབས་ཀྱིས། །དཔལ་མགོན་བླ་མའི་ཞབས་པད་བརྟན་པ་དང་། །འཕྲིན་ལས་དར་ཞིང་རྒྱས་པར་མཛད་དུ་གསོལ། །བླ་མ་རྫོགས་པའི་སངས་རྒྱས་ལ། །མོས་གུས་ཐོབ་པའི་སློབ་མ་ཡིས། །ས་ག་ཟླ་བའི་དཀར་ཕྱོགས་ཀྱི། །རྒྱལ་བ་གསུམ་པར་བྲིས་པ་དགེ། ༈ །ༀ་སྭ་སྟི། ངག་གི་དབང་ཕྱུག་འཇམ་མགོན་བླ་མའི་གསང་གསུམ་བྱིན་རླབས་བདུད་རྩིའི་རྒྱུན། །གང་ཐུགས་བློ་ཡི་བུམ་པ་བཟང་པོར་མ་མཉམ་ལེགས་པར་བསྐྱིལ་མཛད་པ། །མདོ་རྒྱུད་ཀུན་གྱི་སྙིང་པོའི་བཅུད་ལྡན་གསང་ཆེན་ཆོས་ཀྱི་ཨ་མྲྀ་ཏས། །སྐལ་བཟང་གདུལ་བྱའི་དགའ་སྟོན་སྤེལ་མཁས་དཔལ་ལྡན་བླ་མས་བདག་སྐྱོངས་ཤིག །

རིན་པོ་ཆེ་གདན་འདྲེན་ཞུ་ཡིག

ངག་གི་དབང་ཕྱུག་འཇམ་དབྱངས་བླ་མ་ཡི། །གསང་གསུམ་བྱིན་རླབས་སྙིང་ལ་ལེགས་ཞུགས་པས། །ཟབ་རྒྱས་གདམས་པའི་གཏེར་མཛོད་གཅིག་གྱུར་པ། །ཆོས་ཀྱི་སྤྱན་ལྡན་བླ་མའི་ཞབས་དྲུང་དུ། །མི་ཕྱེད་དད་པའི་ཆུ་ལས་སྐྱེས་པ་ཡི། །ཞུ་མཆིད་མེ་ཏོག་གསར་པའི་ཆུན་པོ་འདི། །སྙིང་ནས་གུས་པའི་སེམས་ཀྱིས་འབུལ་ལགས་ན། །དགྱེས་པའི་སྤྱན་རས་གཡོ་བར་མཛད་དུ་གསོལ། །ད་ལྟ་རིན་པོ་ཆེ་སྐུ་ཁམས་བཟང་ཞིང་བཅད་རྒྱ་གྲོལ་ནས་སྐལ་པ་དང་ལྡན་པའི་གདུལ་བྱ་རྣམས་ལ་སྨིན་གྲོལ་གྱི་ཆོས་འཁོར་བསྐོར་བཞིན་དུ་བཞུགས་ཡོད་ལས་ཆེ་སྙམ་པ་ཙམ་ལས་སྐད་ཆ་ཅི་ཡང་མ་ཚོར། །འདིར་ཡང་མཆོག་གསུམ་བྱིན་མཐུས་གནས་སྐབས་ཉེར་འཚེས་དབེན་ཞིང་ལྟར་སྣང་ལ་བསྙེན་མཚམས་ལྟ་བུར་འཁུམ་ལགས། མཚམས་ཞུ། ན་ནིང་ཟླ་འོད་ངེད་གཉིས་དེར་མདུན་ན་འོང་སྐབས་ཞལ་མཇལ་གསུང་ཐོས་ཀྱི་སྐལ་པས་དབེན་རུང་། འབྱུང་འགྱུར་རྗེས་སུ་འཛིན་རྒྱུའི་གསུང་ཕྲིན་གནང་བ་ལའང་དབྱར་རྔ་ཐོས་པའི་རྨ་བྱ་བཞིན་དུ་དགའ་སྤྲོ་ཕུལ་དུ་ཕྱིན་པ་བྱུང་ལགས། ད་དགོས་སྙིང་པོར་དྲིལ་བའི་ཞུ་བ་ནི། བདག་གིས་དེ་སྔ་འཇམ་མགོན་རྡོ་རྗེ་འཆང་བློ་གཏེར་དབང་པོའི་ཞལ་སྔ་ནས་དང་། དགེ་བའི་བཤེས་གཉེན་དུ་མའི་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བཟང་བྱུང་རུང་། ཅུང་ཟད་ཐོས་པ་རྣམས་ཀྱང་གོ་ཡུལ་དུ་ལུས། སྐྱེས་སྦྱང་གི་བློ་གྲོས་དམན་ཞིང་། ཉོན་མོངས་པའི་གཞན་དབང་དུ་གྱུར་པས་ཉམས་ལེན་སྣ་གཅིག་བྱས་པ་ནི་མེད་པས། ད་ཆོས་མེད་དུ་འཆིར་དོགས་པས་བླ་མ་ཞིག་བསྟེན་པར་འདོད་ཀྱང་། འཇམ་མགོན་རྡོ་རྗེ་འཆང་ནི་མ་བཞུགས། གཞན་འདི་ཕྱོགས་ན་རང་ལུགས་ཀྱི་སྨིན་གྲོལ་གྱི་གདམས་པ་ཞུ་འོས་སུའང་མ་མཆིས་ཏེ། དམ་ཚིག་གསོ་བའི་དབང་ཙམ་ཞུ་བའི་ཡུལ་ཡང་མི་རྙེད་པར་འདུག །ཆོས་ཀྱི་རྗེ་ཁྱེད་ཀྱི་རྣམ་ཐར་ལ་ཁ་མིན་པར་སྙིང་ནས་དད་པ་ཐོབ་ཅིང་། བདག་གི་ཁུ་བོ་ཆོས་ཀྱི་སྤྱན་ལྡན་དེ་དང་། ཉིད་རིན་པོ་ཆེ་རྣམ་གཉིས་བླ་སློབ་ཏུ་གྱུར་ཅིང་ཐུགས་ནང་ཤིན་ཏུ་གཙང་བའི་སྟོབས་ཀྱིས་དེའི་དམ་ཚིག་ལ་དགོངས་ནས་བརྩེ་བས་རྗེས་སུ་འཛིན་པའི་རེ་བ་ཞིག་བདོག །དེས་ན་མགོན་པོ་ཁྱེད་ཉིད་འདི་ཕྱི་གཏན་གྱི་སྐྱབས་གནས་སུ་བཟུང་ནས། མཉེས་པ་གསུམ་གྱི་སྒོ་ནས་བསྟེན་ཅིང་བཀའ་བཞིན་བསྒྲུབས་ཏེ་དལ་འབྱོར་དོན་ཡོད་ཞིག་བྱུང་ན་སྙམ་པ་ཁ་ཙམ་མ་ལགས་སོ། །གཞན་འདི་ཕྱོགས་ན་བློ་གྲོས་གསལ་བ་དོན་གཉེར་ཅན་རེ་གཉིས་ཡོད་རུང་། དབང་ལུང་ཁྲིད་གསུམ་གསུང་མཁན་སུ་ཡང་མ་བྱུང་བས། ལམ་དུས་ཙམ་ཁ་ཏོན་དུ་བྱེད་པ་ཉིན་སྐར་ཙམ་དུ་ཟད་པས་དེས་ན་ལོང་བ་བཤེས་མེད་ཐང་སྟོང་དུ་འཁྱམ་པ་ལྟ་བུ་བདག་ཅག་ཐུགས་ཀྱིས་མི་འདོར་བར་ཞུ་ཞུ། ཡོས་ལོ་ཟླ་བ་བཞི་བའི་ནང་ཙམ་ལ་སྡེ་དགེ་ཕྱོགས་སུ་འབྱོན་ཐུབ་པ་ཞིག་ལན་བརྒྱར་གསོལ་བ་འདེབས་ན། དུས་ལ་བབས་པར་དགོངས་ཏེ་ཅིས་ཀྱང་བཀའ་དྲིན་སྐྱོང་ཐུབ་པ་ཞུ་ཞུ། འོན་ཏེ་སྡེ་དགེ་ཕྱོགས་སུ་འབྱོན་སྟབས་མ་བདེ་ན། ཟླ་བ་ལྔ་པའི་ནང་ཙམ་ལ་སེལ་ཤུལ་དགོན་དུ་འབྱོན་ཐུབ་པ་ཞིག་མཛད་རོགས་དང་། ངེད་རྣམས་དེར་ཆིབས་བསུར་བསླེབ་འོང་ལགས། གལ་ཏེ་སྨད་ཕྱོགས་འདིར་གཏན་ནས་འབྱོན་པའི་སྐལ་པ་མ་བྱུང་ཚེ་མགོན་ཁྱེད་གང་དུ་བཞུགས་པ་དེར་ང་རང་བསླེབ་འོང་ངེས་ལགས་པས། དེ་ལུགས་གསུང་ཕྲིན་ཞིག་སྩོལ་ཐུབ་པར་ཞུ་ཞུ། འདིར་སྨྲས་པ། སྐུ་མཆོག་པད་དཀར་མིག་གིས་མ་མཐོང་ཡང་། །གྲགས་སྙན་གསུང་ཞིག་ཐོས་པའི་མོད་ཉིད་ན། །ཟབ་དོན་སྦྲང་རྩིའི་རོ་ལ་ཆགས་པ་ཡི། །གུས་ལྡན་བུང་བས་མགྲིན་རྔ་ཅིར་ཡང་འཁྲོལ། །བྱང་ཆུབ་སེམས་ཀྱི་རྩ་བ་རབ་ཏུ་བརྟན། །ཚོགས་གཉིས་ཡལ་ག་རྒྱས་པའི་ལྗོན་བཟང་ཁྱོད། །བསྟེན་ན་གྲུབ་གཉིས་རོ་བརྒྱའི་བཅུད་ལྡན་པའི། །དཔག་ཡས་ཡོན་ཏན་འབྲས་བུས་ཕྱུག་ཅེས་ཐོས། །རྨད་བྱུང་བརྩོན་པའི་དེད་དཔོན་གྱིས་བླངས་པའི། །ལུང་རྟོགས་ཡོན་ཏན་རིན་ཆེན་བྱེ་བའི་གཏེར། །གང་བློ་མཛོད་ཀྱི་ནོར་དུ་སྤྲོད་པའི་ཕྱིར། །རྒྱལ་བའི་སྲས་ཁྱོད་འགྲོ་བའི་སྦྱིན་བདག་ལགས། །གང་ཞིག་བསླབ་གསུམ་ནོར་གྱིས་དབུལ་གྱུར་ཅིང་། །སྣ་ཚོགས་ཉོན་མོངས་དུཿཁས་རབ་ཏུ་གདུང་། །ཆོས་མེད་སྤྲང་པོའི་ནང་དུ་འཁྱམས་པ་ཡི། །ཕོངས་པ་བདག་ནི་སློང་མོ་བ་དང་མཚུངས། །དེ་སླད་གདུགས་ཀྱིས་གདུང་བའི་གླང་པོ་དག །པད་མའི་མཚོ་ལ་དགའ་བས་འཇུག་པ་ལྟར། །རྨོངས་ཤིང་སོམ་ཉིའི་མུན་པར་འཕྱན་པ་ཡི། །བླུན་པོ་བདག་ནི་ཁྱོད་ཞབས་བསྟེན་ལ་སྤྲོ། །དང་པོར་མགོན་ཁྱོད་བསྟེན་ཅིང་བཀའ་བཞིན་བསྒྲུབས། །དེ་ནས་ཡིད་འོང་དབེན་པའི་གནས་ཤིག་ཏུ། །རྩེ་གཅིག་སྒྲུབ་ལ་བརྩོན་པའི་སྐལ་བཟང་ཞིག །ནམ་ཞིག་འབྱུང་ཞེས་བདག་ནི་ཡང་ཡང་སེམས། །དེ་གཅིག་མ་ལགས་བདག་གི་ཆོས་ཀྱི་གྲོགས། །སྨྲ་བའི་ཟླ་བ་ལེགས་བཤད་འོད་དཀར་ཅན། །དེས་ཀྱང་སྐོམ་པའི་གདུང་བས་ཆུ་བཞིན་དུ། །མགོན་ཁྱོད་ཡང་ཡང་ཡིད་ལ་སེམས་ཤིང་མཆིས། །འཇིགས་རུང་བདུད་སྡེའི་སྨག་རུམ་འཇོམས་པ་ཡི། །གང་ཐུགས་མཁྱེན་བརྩེའི་དཀྱིལ་འཁོར་འོད་བརྒྱ་པས། །ཉམ་ཆུང་བདག་བློའི་ཆུ་སྐྱེས་མི་སྐྱོང་ན། །ཕོངས་པ་བདག་གིས་སྐྱབས་གནས་སུ་ལ་ཞུ། །མགོན་མེད་དགོན་པར་འཁྱམ་པའི་སྐྱེ་བོ་བཞིན། །ལེགས་ལམ་སྟོན་པའི་བཤེས་དང་བྲལ་བ་ཡི། །ཉམ་ཐག་བདག་ཅག་ཐུགས་རྗེས་མི་འདོར་བར། །རེ་བ་སྐོང་བར་མཛོད་ཅིག་ཆོས་ཀྱི་རྗེ། །སྐུ་མཆོག་པད་དཀར་མིག་གི་བདུད་རྩིར་གྱུར། །གསུང་སྙན་རྔ་སྒྲས་རྣ་བའི་དཔལ་བསྐྱེད་ཅིང་། །ཐུགས་རྗེའི་ཟེར་གྱིས་བློ་ཡི་མུན་འཇོམས་པའི། །དུས་དེ་བདག་ལ་རིང་བར་མ་གྱུར་ཅིག །ཆེར་སྙིགས་རྒུད་པའི་དུས་འདིར་སྐྱེས་གྱུར་ནས། །མི་འདོད་སྣ་དགུས་གདུང་བ་བདག་ཅག་ལ། །རྗེས་སུ་བརྩེ་བས་མདོ་སྨད་ལྗོངས་འདི་རུ། །ཅིས་ཀྱང་འབྱོན་པར་མཛོད་ཅིག་ཆོས་ཀྱི་རྗེ། །གཅིག་ཏུ་མཆོག་གསུམ་ལྷ་ཡི་བྱིན་མཐུ་དང་། །གཉིས་སུ་ཆོས་རྗེ་ཁྱེད་ཀྱི་ཐུགས་བསྐྱེད་དང་། །གསུམ་དུ་དམ་ཅན་སྲུང་མའི་མཐུ་སྟོབས་ཀྱིས། །ཇི་ལྟར་སྨོན་པ་ཐོག་ཏུ་ཁེལ་གྱུར་ཅིག །

གསོལ་འདེབས་དངོས་གྲུབ་མཆོག་སྩོལ།

ༀ་སྭ་སྟི། །རྣམ་དག་སྤྱོད་པས་འགྲོ་བའི་དོན་མཛད་སྐུ་ནི་རྒྱལ་བའི་སྤྲུལ་པའི་སྐུ། །ཟབ་རྒྱས་ཆོས་ལ་རྫོགས་པར་ལོངས་སྤྱོད་དྲི་མེད་གསུང་ནི་ལོངས་སྤྱོད་རྫོགས། །འཁྲུལ་བའི་དྲི་མས་གཞར་ཡང་མ་གོས་གཉིས་མེད་ཆོས་སྐུའི་ཐུགས་མངའ་བ། །སྐུ་གསུམ་དབྱེར་མེད་བླ་མ་མཆོག་ལ་སྒོ་གསུམ་གུས་པས་སྐྱབས་སུ་འཆི། །དགེ་འདུན་རྒྱ་མཚོའི་ཆུ་གཏེར་འཕེལ་བྱེད་སྐུ་ཡི་ཟླ་བ་རྒྱལ་བའི་སྲས། །གདུལ་བྱའི་ཉོན་མོངས་ཚ་གདུང་འགོག་པའི་གསུང་གི་བསིལ་ཟེར་དམ་པའི་ཆོས། །སྒྲིབ་གཉིས་མུན་པ་དྲུང་ནས་འབྱིན་པའི་ཐུགས་ཀྱི་ཉིན་བྱེད་སངས་རྒྱས་ཏེ། །སྐྱབས་གསུམ་ཀུན་འདུས་བླ་མའི་ཞབས་པད་བྱང་ཆུབ་བར་དུ་སྤྱི་བོས་མཆོད། །མཁྱེན་པའི་ཡེ་ཤེས་ཕ་མཐའ་བྲལ་བ་ཇི་སྙེད་ཤེས་བྱའི་རྗེས་སུ་འགྲོ། །བརྩེ་བའི་ཐུགས་རྗེ་ཕྱོགས་སུ་མ་ལྷུང་རིས་མེད་འགྲོ་བའི་གྲངས་དང་མཉམ། །ནུས་པའི་ཕྲིན་ལས་ཐོགས་པ་མེད་པས་དཔག་དཀའི་འཁོར་བའི་མཐའ་བསྙིལ་བ། །དུས་གསུམ་རྒྱལ་བའི་ཡེ་ཤེས་གཅིག་བསྡུས་བླ་མའི་ཞབས་ལ་གུས་ཕྱག་འཚལ། །འཕགས་པ་དགྱེས་པའི་ཚུལ་ཁྲིམས་ལ་གནས་སྐུ་ཡི་སྤྱོད་པ་རྣམ་པར་དག །གདམས་པ་རྒྱ་མཚོའི་བདུད་རྩིའི་མཛོད་འཆང་གསུང་གི་འཕྲིན་ལས་འགྲོ་བ་སྡུད། །ཆོས་ཉིད་བདེན་པ་མངོན་སུམ་གཟིགས་པས་དགོངས་པ་སངས་རྒྱས་ཀུན་དང་མཉམ། །བླ་མའི་ཡོན་ཏན་ཡིད་ལ་དྲན་པས་སྙིམ་པའི་ཆུ་སྐྱེས་སྤྱི་བོར་ཟུམ། །སྐུ་ཡི་སྣང་བརྙན་མཐོང་བ་ཡིས་ཀྱང་དད་པའི་ཆུ་གཏེར་འཕེལ་བར་བྱེད། །གསུང་གི་སྒྲ་དབྱངས་ཐོས་པའི་མོད་ལ་ཐར་པའི་ས་བོན་འདེབས་བྱེད་ཅིང་། །ཐུགས་ཀྱི་དགོངས་པས་བྱིན་གྱིས་བརླབས་པས་སྲིད་ཞིའི་འཇིགས་པ་ཀུན་སེལ་བ། །ཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོས་བྱང་ཆུབ་བར་དུ་བསྐྱང་དུ་གསོལ། །ལུས་དང་ལོངས་སྤྱོད་དགེ་བའི་ཚོགས་རྣམས་མ་ལུས་བློ་ཡིས་ཡོངས་བསྡུས་ནས། །ཀུན་ཏུ་བཟུང་པོའི་མཆོད་སྤྲིན་རྒྱ་མཚོར་བྱིན་གྱིས་བརླབས་ནས་གུས་པ་ཡིས། །ཆོས་ཀྱི་རྒྱལ་པོ་དཔལ་ལྡན་བླ་མ་དྭང་བའི་ཡིད་ཀྱིས་རྟག་མཆོད་ན། །དམིགས་མེད་ཐུགས་རྗེས་འབྲལ་བ་མེད་པར་བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །སྣ་ཚོགས་ལས་ངན་ཁུར་གྱིས་ནོན་ཅིང་དད་བརྩོན་བློ་ཡི་ལུས་སྟོབས་ཞན། །གློ་བུར་རྐྱེེན་ངན་རླུང་གིས་དེད་ཅིང་མགོན་མེད་ཉམ་ཐག་གྱུར་པ་བདག །བརྩེ་ཆེན་ཐུགས་རྗེའི་ཕྱག་གིས་དྲངས་ནས་རྣམ་གྲོལ་བདེ་བའི་ཁང་བཟང་དུ། །ངལ་བསོའི་དབུགས་འབྱིན་མྱུར་དུ་མཛོད་ཅིག་འཇམ་མགོན་བླ་མ་ཆོས་ཀྱི་རྗེ། །རང་བཞིན་འོད་གསལ་སེམས་ཀྱི་ས་གཞིར་གཞན་ཕན་སེམས་ཀྱི་ས་བོན་བཏབ། །ངེས་འབྱུང་སྙིང་རྗེའི་རླན་གྱིས་བསྐྱེད་བསྲིང་ཐབས་མཁས་ཞིང་པས་ལེགས་བསྲུངས་ཤིང་། །རྣམ་དག་ལྟ་བའི་སྙེ་མ་དུད་ཅིང་རྣམ་མང་ཡོན་ཏན་འབྲས་བུས་ཕྱུག །མཐའ་ཡས་འགྲོ་བའི་ཉེར་འཚོར་འགྱུར་བའི་དངོས་གྲུབ་བདག་ལ་སྩལ་དུ་གསོལ། །སྨིན་བྱེད་བདུད་རྩིའི་ཟས་ཀྱིས་འཚོ་ཞིང་བསྐྱེད་རྫོགས་ལང་ཚོའི་དཔལ་འབར་ཞིང་། །གཉིས་མེད་སྤྱོད་པའི་རྒྱན་གྱིས་མཛེས་ཤིང་ཧེ་རུ་ཀཿ་དཔལ་བླ་མ་རྗེ། །གཤེགས་པའི་ལམ་བཟང་མྱུར་དུ་བགྲོད་དེ་འགྱུར་མེད་རྟོགས་པའི་གདེང་དྲོད་ཀྱིས། །རིག་འཛིན་མཁའ་འགྲོའི་ཚོགས་གྲལ་མཐོང་བའི་སྐལ་བཟང་དེ་ཡང་མྱོང་བར་མཛོད། །ཚོགས་གཉིས་ཟླ་བའི་མ་མ་ལས་འོང་གང་སྐུའི་དཀྱིལ་འཁོར་པདྨོའི་གཉེན། །རྨད་བྱུང་ཐུགས་བསྐྱེད་ཤིང་རྟས་དྲངས་ཤིང་གདུལ་བྱའི་བསོད་ནམས་ཞིང་གི་མཁའ། །དམ་ཆོས་གསུང་གི་ཚ་ཟེར་འགྱེད་བཞིན་ད་དུང་བསྐལ་པ་གནས་ཀྱི་བར། །མི་ནུབ་རྟག་བརྟན་གཟི་བྱིན་འབར་བཞིན་བཀྲ་ཤིས་སྣང་བ་བརྟན་པར་ཤོག །བླ་མའི་ཐུགས་རྗེས་འགྲོ་རྒྱུད་འཛིན་མར་མི་མཐུན་དགུན་གྱི་རེག་བསལ་ནས། །མོས་གུས་དཔྱིད་ཀྱི་མ་མས་ལེགས་བསྐྱངས་གནས་སྐབས་དབྱར་གྱི་ཕུན་ཚོགས་དང་། །མཐར་ཐུག་རྣམ་གྲོལ་སྟོན་གྱི་འབྲས་བཟང་གཡུར་དུ་ཟ་བའི་དགའ་སྟོན་གྱིིས། །སྐྱེ་རྒུ་རྒྱ་མཚོའི་ཕན་བདེའི་དགའ་སྟོན་མཆོག་ཏུ་འཕེལ་ཞིང་རྒྱས་གྱུར་ཅིག །ཅེས་པ་འདི་ནི་བཟོ་རིག་འཕྲུལ་ལས་བྱུང་བའི་སྣང་བརྙན་ངོ་མཚར་བ་མཇལ་བས་མོས་གུས་ཀྱི་རྐྱེན་བྱས་ཏེ་ས་ག་ཟླ་བའི་ཡར་ཚེས་བཅུ་བཞི་མགོན་པོའི་དུས་ཆེན་གྱི་སྔ་དྲོའི་ཆར་རྗེ་ཉིད་ཀྱི་སློབ་འབངས་མོས་གུས་དང་ལྡན་པ་ཀུན་དགའི་མིང་ཅན་གྱིས་བྲིས་པ་དགེ་ཞིང་བཀྲ་ཤིས།། །།

གཉེར་བཀྲ་ཤིས་ཆོས་ལྡན་གྱི་བཞེད་སྐོང་དུ་གནང་བའི་གསོལ་འདེབས།

འཇམ་དབྱངས་བླ་མའི་དགོངས་པ་ཐུགས་སུ་ཆུད། །རྒྱལ་བས་ལུང་བསྟན་ཀུན་དགའ་བཟང་པོ་ཡི། །བསྟན་པའི་རྒྱལ་མཚན་ཡུན་ཏུ་འཛིན་མཛད་པ། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །བརྩེ་ཆེན་ཐུགས་ཀྱིས་རྗེས་སུ་བཟུང་ནས་ནི། །སྲིད་དང་ཞི་བའི་འཇིགས་པ་མཐའ་དག་ལས། །མགོན་པོ་ཁྱེད་ཀྱིས་སྐྱོབ་པར་མཛད་དུ་གསོལ། །ཞེས་པ་འདི་ནི་གཉེར་བཀྲ་ཤིས་ཆོས་ལྡན་གྱི་བཞེད་སྐོང་དུ་ཀུན་དགའ་རྒྱལ་མཚན་གྱིས་བྲིས་པ་དགེའོ། །

བླ་མ་ལ་བྱིན་གྱིས་རློབས་པར་བསྐུལ་བ།

རང་བློ་ཡང་དག་ཆོས་དང་མ་འདྲེས་པར། །ལྟར་སྣང་གཞན་དོན་སྒྲུབ་པའི་རྣམ་གཡེང་གིས། །གཞན་དབང་འདུ་འཛིའི་གཡང་ལ་བསྐྱུར་མཐོང་ནས། །བློ་སྣ་བཙན་ཆོད་ནུས་པར་བྱིན་གྱིས་རློབས། །མི་མེད་དབེན་པའི་རི་སུལ་ཉམས་དགའ་བར། །དགོས་མེད་ཚེ་འདིའི་བྱ་བ་ཀུན་སྤངས་ནས། །ལོང་མེད་འཆི་བ་དྲན་པའི་བརྩོན་འགྲུས་ཀྱིས། །འཇིགས་མེད་བཙན་ས་ཟིན་པར་བྱིན་གྱིས་རློབས། །མཚན་ལྡན་བླ་མ་སངས་རྒྱས་དངོས་སུ་མཐོང་། །ཟབ་ལམ་གདམས་པ་སྙིང་གི་བཅུད་དུ་ཁུག །ཉམས་ལེན་སྒྲུབ་ལ་བརྩོན་པའི་ལྕགས་ཀྱིས་བསྐུལ། །ལམ་རྟགས་ཡོན་ཏན་རྙེད་པར་བྱིན་གྱིས་རློབས། །རྗེ་བཙུན་བླ་མ་དྲན་པའི་སྐད་ཅིག་ལ། །སྐུ་གསུམ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས། །དེ་ལས་གཞན་དུ་མེད་པར་ཐག་ཆོད་ནས། །ཐུགས་ཡིད་དབྱེར་མེད་འགྱུར་བར་བྱིན་གྱིས་རློབས། །མ་དག་འཁྲུལ་སྣང་བདེན་མེད་སྒྱུ་མར་མཐོང་། །ཉམས་མྱོང་ཏིང་འཛིན་ཞེན་མེད་རྒྱན་དུ་ཤར། །དག་པ་རབ་འབྱམས་རྒྱལ་བའི་ཆོས་ཀྱི་སྐུ། །ཡེ་ཤེས་མིག་གིས་མཐོང་བར་བྱིན་གྱིས་རློབས། །མགོན་ཁྱོད་སྐྱབས་སུ་བརྙེད་པའི་བཀའ་དྲིན་གྱིས། །འགྱོད་བཞིན་འཆི་བའི་ཤུལ་ལམ་མི་བསྙེག་པར། །རྗེ་བཙུན་བླ་མའི་ཐུགས་རྗེས་མདུན་བསུས་ཏེ། །དག་པའི་ཞིང་དུ་སྐྱེ་བར་བྱིན་གྱིས་རློབས། །


previousབླ་མ་རྒྱང་འབོད་དང་གསོལ་འདེབས་སྐོར།next