Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
   
  collapse section
   
   
   
   
   
ས་དང་པོ་རབ་ཏུ་དགའ་བ་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousས་དང་པོ་རབ་ཏུ་དགའ་བ་བཤད་པ།next

ས་དང་པོ་རབ་ཏུ་དགའ་བ་བཤད་པ།


GLG012_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ས་དང་པོ་རབ་ཏུ་དགའ་བ་བཤད་པ།གཉིས་པ་བརྩམས་པའི་བསྟན་བཅོས་ཀྱི་ལུས་དངོས་བཤད་པ་ལ། རྒྱུའི་ས་དང་། འབྲས་བུའི་ས་གཉིས། དང་པོ་ལ་ས་སོ་སོའི་རྣམ་གཞག །ས་བཅུའི་ཡོན་ཏན་བསྟན་པ་གཉིས། དང་པོ་ལ་རབ་ཏུ་དགའ་བ་སོགས་ལྔ་བཤད། ས་དྲུག་པ་མངོན་དུ་གྱུར་པ་བཤད། རིང་དུ་སོང་བ་སོགས་ས་བཞི་བཤད་པ་དང་གསུམ། དང་པོ་ལ་ས་དང་པོ་རབ་ཏུ་དགའ་བ། གཉིས་པ་དྲི་མ་མེད་པ། གསུམ་པ་འོད་བྱེད་པ། བཞི་པ་འོད་འཕྲོ་བ། ལྔ་པ་སྦྱང་དཀའ་བ་བཤད་པ་དང་ལྔ། དང་པོ་ལ་ཁྱད་གཞི་སའི་ངོ་བོ་མདོར་བསྟན། ཁྱད་ཆོས་སའི་ཡོན་ཏན་རྒྱས་པར་བཤད། སའི་ཡོན་ཏན་བརྗོད་པའི་སྒོ་ནས་མཇུག་བསྡུ་བ་དང་གསུམ། དང་པོ་ལ་ཚིག་གི་དོན། སྤྱིའི་དོན། མཐའ་དཔྱད་པ་དང་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། འགྲོ་བ་རྣམས་འཁོར་བ་ལས་རྣམ་པར་གྲོལ་བར་བྱ་བའི་ཕྱིར་དུ་སྙིང་རྗེའི་གཞན་དབང་དུ་གྱུར་ཅིང་། དགེ་རྩ་ཀུན་ཏུ་བཟང་པོའི་སྨོན་ལམ་གྱིས་རབ་ཏུ་བསྔོས་པའི་རབ་ཏུ་དགའ་བའི་ས་ལ་གནས་པའི་རྒྱལ་པའི་སྲས་པོ་འདིའི་སྟོང་ཉིད་ལ་མཉམ་པར་བཞག་


GLG012_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སེམས་གང་ཡིན་པ་དེ་ལ་འཇིག་རྟེན་ལས་འདས་པའི་སེམས་དང་པོ་ཞེས་བྱ་སྟེ། དེ་བདེན་སྟོང་ལ་གཉིས་སྣང་ནུབ་པའི་སེམས་བསྐྱེད་དང་པོ་ཡིན་པའི་ཕྱིར། གཉིས་པ་ནི། སྔར་མཆོད་བརྗོད་ཀྱི་སྐབས་སུ། བྱང་སེམས་སོ་སྐྱེའི་གནས་སྐབས་ཀྱི་ཉམས་ལེན་གཙོ་བོར་བསྟན་པ་ཡིན་ན། ལུས་དངོས་ཀྱིས་ཇི་ལྟ་བུ་འཆད་ཅེ་ན། ཡོད་དེ། རང་འགྲེལ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཟག་པ་མེད་པའི་ཡེ་ཤེས་སྙིང་རྗེ་ལ་སོགས་པས་ཡོངས་སུ་ཟིན་པ་ཉིད་ཆར་རྣམ་པར་ཕྱེ་བ་ན་ས་ཞེས་བྱ་བའི་མིང་འཐོབ་སྟེ། ཡོན་ཏན་གྱི་རྟེན་དུ་གྱུར་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། བདེན་འཛིན་བག་ཆགས་དང་བཅས་པའི་ཟག་པ་མེད་པའི་མཉམ་གཞག་ཡེ་ཤེས་ཀྱི་ངོ་བོ་ཅན་ཟིན་བྱེད་ཀྱི་གྲོགས་ཐེག་པ་ཆེན་པོའི་ཐབས་ཀྱི་ཆ་ཁྱད་པར་ཅན་སྙིང་རྗེ་ཆེན་པོས་ཡོངས་སུ་ཟིན་པའི་ཡོན་ཏན་གྲངས་མེད་པའི་འཕེལ་ཚུལ་སོགས་ཀྱིས་ཆ་ཤས་སུ་རྣམ་པར་ཕྱེ་བ་དེ་ལ་ས་ཞེས་བརྗོད་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། ཡོད་དེ། སའི་སྐད་དོད། བྷུ་མི་ཞེས་པ་རྟེན་བྱེད་པ་ལ་འཇུག་པས་གྲངས་མེད་པའི་ཡོན་ཏན་གྱི་གནས་སམ་རྟེན་དུ་གྱུར་པས་དེ་ལྟར་བརྗོད་པའི་ཕྱིར། ས་དེ་ལ་གྲངས་ཇི་ཙམ་ཞིག་ཡོད་ཅེ་ན། ཉན་ཐོས་ཀྱི་སྡེ་སྣོད་དུ། རིགས་ཀྱི་ས། །བརྒྱད་པའི་ས། མཐོང་བའི་ས། བསྲབས་པའི་ས། འདོད་ཆགས་དང་བྲལ་བའི་ས། བྱས་པ་རྟོགས་པའི་ས། ཉན་ཐོས་ཀྱི་ས། །རང་རྒྱལ་གྱི་ས་སྟེ། དམན་པའི་ས་བརྒྱད་བཤད་པ་ལྟར་བྱང་ཆུབ་སེམས་དཔའི་ས་འདི་ལ་ཡང་ས་དང་པོ་རབ་ཏུ་དགའ་བ་ནས་བཅུ་པ་ཆོས་ཀྱི་སྤྲིན་གྱི་བར་བཅུར་


GLG012_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དེ། རིན་ཆེན་འཕྲེང་བ་ལས། ཇི་ལྟར་ཉན་ཐོས་ཐེག་པ་ལ། ཉན་ཐོས་ས་ནི་བརྒྱད་བཤད་པ། དེ་བཞིན་ཐེག་པ་ཆེན་པོ་ལ། བྱང་ཆུབ་སེམས་པའི་ས་བཅུའོ། །ཞེས་གསུངས་པའི་ཕྱིར། དོན་དམ་པའི་ས་དང་པོ་གཞག་ཏུ་ཡོད་དེ། སྙིང་རྗེ་ཆེན་པོ་དང་བྱང་ཆུབ་ཀྱི་སེམས་སོགས་ཐབས་ཁྱད་པར་ཅན་གྱིས་ཟིན་པའི་བྱང་འཕགས་ཀྱི་རྒྱུད་ཀྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་གང་ཞིག །ས་དང་པོའི་ཡོན་ཏན་གྱི་རྟེན་བྱེད་པས་རབ་ཏུ་ཕྱེ་བའི་གཙོ་བོ་ཡིད་ཀྱི་རྣམ་རིག་དེ་དེ་ཡིན་པའི་ཕྱིར་ཏེ། རང་འགྲེལ་ལས། བྱངཆུབ་སེམས་དཔའ་རྣམས་ཀྱི་ཟག་པ་མེད་པའི་ཡེ་ཤེས་སྙིང་རྗེ་ལ་སོགས་པས་ཡོངས་སུ་ཟིན་པ་ཉིད་ཆར་རྣམ་པར་ཕྱེ་བ་ན་ས་ཞེས་བྱ་བའི་མིང་འཐོབ་སྟེ། ཡོན་ཏན་གྱི་རྟེན་དུ་གྱུར་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཡོན་ཏན་ཐོབ་ཚུལ་ཡོད་དེ། ས་དང་པོ་འདིར་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ་པའི་ཕྱིར། མཐུ་ཕུལ་དུ་བྱུང་བ་ཐོབ་ཚུལ་ཡོད་དེ། སྦྱོར་ལམ་ནས་མཐོང་ལམ་དུ་འཕོས་པའི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དེ་བར་ཆད་མེད་ལམ་དང་དེས་དངོས་སུ་དྲངས་པའི་རྣམ་གྲོལ་ལམ་དང་། དེ་རྗེས་རྗེས་ཐོབ་ཡེ་ཤེས་ཀྱི་སྐབས་སུ་སྒོམ་སྤང་ཉོན་མོངས་ཆེན་པོའི་ཆེན་པོ་རགས་པ་སྤང་བའི་ཕྱིར་དུ་བསོད་ནམས་ཀྱི་ཚོགས་གསོག །སྤང་ནུས་པའི་མཚན་མ་མཐོང་ནས་སྟོང་ཉིད་ལ་མཉམ་པར་བཞག་པས་སྒོམ་སྤང་ཉོན་མོངས་ཆེན་པོའི་ཆེན་པོ་རགས་པའི་དངོས་གཉེན་དུ་སོང་བ་ན་སྒོམ་ལམ་དུ་འཕོ་བ་སོགས་ནུས་པ་ཡོད་པའི་ཕྱིར། ཕར་ཕྱིན་གྱི་ཡོན་ཏན་འཕེལ་ཚུལ་ཡོད་དེ། ས་དང་པོར་རང་གི་ལུས་ལོངས་སྤྱོད་དགེ་རྩ་རྣམས་སྦྱིན་པར་


GLG012_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་བའི་ཚེ། སད་རྨི་གཉིས་ཀའི་གནས་སྐབས་སུ་སེར་སྣ་མངོན་གྱུར་པ་སྐྱེ་བའི་གོ་སྐབས་ཟད་པར་བཅོམ་པའི་སྒོ་ནས་གཏོང་བའི་ཕྱིར། རྣམ་སྨིན་གྱི་སྐྱེ་བའི་འཛིན་ཚུལ་གྱི་ཁྱད་པར་ཡོད་དེ། ས་དང་པོར་འཛམ་བུ་གླིང་ལ་དབང་པའི་འཁོར་ལོས་བསྒྱུར་པའི་རྒྱལ་པོར་སྐྱེ་བ་བླངས་ནས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་ཏེ། རང་འགྲེལ་ལས། དེ་ཡང་གོང་ནས་གོང་དུ་ཡོན་ཏན་གྱི་གྲངས་དང་མཐུ་ཕུལ་དུ་བྱུང་བ་ཐོབ་པ་དང་། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཀླགས་པ་དང་། རྣམ་པར་སྨིན་པ་འཕེལ་བའི་བྱེ་བྲག་གིས་ས་རབ་ཏུ་དགའ་བ་ལ་སོགས་པའི་རྣམ་པར་དབྱེ་བ་རྣམ་པ་བཅུར་བཞག་གི །ཞེས་གསུངས་པའི་ཕྱིར། འདི་ལ་ཀུན་ཏུ་བཟང་པོའི་བསྔོ་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ས་བཅུ་པའི་མདོའི་ཆེན་པོ་བཅུ་ལ་སོགས་པའི་སྨོན་ལམ་འབུམ་ཕྲག་གྲངས་མེད་པ་བཅུ་ས་དང་པོ་བས་འདེབས་པར་གསུངས་པའི་སྨོན་ལམ་རྣམས་ཀུན་ཏུ་བཟང་པོའི་སྨོན་ལམ་གྱི་ནང་དུ་འདུས་པས་སྨོན་ལམ་ཀུན་བསྡུ་བའི་ཆེད་ཡིན་པའི་ཕྱིར། ཀུན་ཏུ་བཟང་པོའི་སྨོན་ལམ་ངོས་གཟུང་དུ་ཡོད་དེ། བཟང་སྦྱོད་དང་དེའི་ནང་འཇམ་དཔལ་དཔའ་བོ་སོགས་ཚིགས་བཅད་གཉིས་ཡིན་པར་བསླབ་བཏུས་ལས་གསུངས་པའི་ཕྱིར། ས་དང་པོའི་ཁྱད་ཆོས་བཞི་བཤད་པ་ལྟར་ས་གཞན་རྣམས་ཀྱི་མི་འདྲ་བའི་ཁྱད་པར་ཡོད་ན། དེ་ལྟ་བུའི་རང་གི་ངོ་བོའི་དམིགས་རྣམ་མི་འདྲ་བའི་ཁྱད་པར་ཡོད་དམ་སྙམ་ན་མེད་དེ། དཔེར་ན་ནམ་མཁའ་ལ་བྱས་བགྲོད་པའི་ཚེ། དེའི་རྗེས་མཐོང་བ་དང་བརྗོད་པ་མི་འབྱུང་པ་ལྟར། ནམ་མཁའ་


GLG012_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུའི་ཆོས་ཉིད་ལ་བགྲོད་ཚུལ། བགྲོད་པ་པོ་རྣམས་ཀྱིས་ཀྱང་བརྗོད་མི་ནུས་ན་གཞན་གྱིས་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར་ཏེ། ས་བཅུ་པའི་མདོ་ལས། ཇི་ལྟར་བར་སྣང་བྱ་རྗེས་མཁས་རྣམས་ཀྱིས། །བརྗོད་པར་ནུས་མ་ཡིན་ཞིང་མི་མཐོང་བ། །དེ་ལྟར་རྒྱལ་བའི་སྲས་ཀྱི་ས་ཀུན་ཀྱང་། །བརྗོད་མི་ནུས་ན་མཉན་པར་ག་ལ་ནུས། །ཞེས་གསུངས་པའི་ཕྱིར། འོན་ཀྱང་ཆོས་སྐུའི་སྒྲས་བསྟན་པའི་འགོག་བདེན་མཐོང་བ་ལ་ཁྱད་པར་ཡོད་དེ། ཆོས་དབྱིངས་བསྟོད་པ་ལས། ཇི་ལྟར་མར་ངོའི་བཅུ་བཞི་ནས། །ཟླ་བ་ཅུང་ཟད་གསལ་བ་ལྟར། །དེ་བཞིན་ཐེག་མཆོག་མོས་རྣམས་ལ། །ཆོས་ཀྱི་སྐུ་ཡང་ཅུང་ཟད་སྣང་། །ཇི་ལྟར་ཚེས་པའི་ཟླ་བ་ལ། །སྐད་ཅིག་སྐད་ཅིག་འཕེལ་བར་མཐོང་། །དེ་བཞིན་ས་ལ་ཞུགས་རྣམས་ཀྱིས། །རིམ་གྱིས་རིམ་གྱིས་འཕེལ་བར་མཐོང་། །ཇི་ལྟར་ཡར་ངོའི་བཅོ་ལྔ་ལ། །ཟླ་བའི་དཀྱིལ་འཁོར་ཡོངས་རྫོགས་གསལ། །དེ་བཞིན་ས་ཡི་མཐར་ཐུག་ན། །ཆོས་ཀྱི་སྐུ་ཡང་རྫོགས་པར་གསལ། །ཞེས་གསུངས་པའི་ཕྱིར། ས་རབ་ཏུ་དགའ་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། མཉམ་གཞག་ཏུ་སྟོང་ཉིད་མངོན་སུམ་དུ་རྟོགས་པ་ལ་བརྟེན་ནས་རྗེས་ཐོབ་ཏུ་ཚོགས་བསགས་པའི་མཐུས་སེམས་ཅན་གྱི་དོན་དང་། ཐམས་ཅད་མཁྱེན་པ་འཐོབ་པའི་ནུས་པ་ཁྱད་པར་ཅན་མཐོང་ནས་ཡིད་དགའ་བ་ཕུལ་དུ་བྱུང་བ་ཐོབ་པའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས། བྱང་ཆུབ་དང་ནི་ཉེ་བ་དང་། །སེམས་ཅན་དོན་སྒྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་སྐྱེ་འགྱུར་བ། །དེ་ཕྱིར་རབ་དགའ་ཞེས་བརྗོད་དོ། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། ཁ་ཅིག།ཟག་པ་དམིགས་པ་དང་།


GLG012_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་ལྡན་གང་རུང་གི་སྒོ་ནས་རྒྱས་སུ་རུང་བ་དེ་ཟག་བཅས་ཀྱི་མཚན་ཉིད་ཟེར་ན། གཟུགས་སྐུ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། དེ་ལ་དམིགས་ནས་ཟག་པ་སྐྱེ་བ་ཡོད་པའི་ཕྱིར། དེར་ཐལ། དེ་ལ་དམིགས་ནས་ཉོན་མོངས་སྐྱེ་བ་ཡོད་པའི་ཕྱིར། ཁ་ཅིག །མ་རིག་པ་དང་དེའི་བག་ཆགས་གང་རུང་གིས་བསླད་པའི་ཤེས་པ་ཟག་བཅས་ཀྱི་མཚན་ཉིད་ཟེར་ན། སོ་སོ་སྐྱེ་བོ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཤེས་པ་མ་ཡིན་པའི་ཕྱིར། ཁ་ཅིག །ཟག་པའི་སྒོ་དྲུག་གང་རུང་དང་འབྲེལ་བ་དེའི་མཚན་ཉིད་ཟེར་ན། དེ་དང་བཅས་པའི་ཐེག་ཆེན་གྱི་སྒོམ་ལམ་རྗེས་ཐོབ་ཡེ་ཤེས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། མ་རིག་པ་དང་དེའི་བག་ཆགས་གང་རུང་གིས་བསླད་པའི་ཤེས་པ་ཡིན་པའི་ཕྱིར། ཁ་ཅིག །དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་ཟག་པ་རྒྱས་སུ་མི་རུང་བ་དེ་ཟག་མེད་ཀྱི་དོན་ཡིན་ཟེར་ན། མི་འཐད་པར་ཐལ། དེ་ཟག་མེད་ཀྱི་ཡེ་ཤེས་ལ་མ་རིག་པ་དང་དེའི་བག་ཆགས་གང་རུང་གིས་མ་བསླད་པ་གཅིག་ལ་བྱེད་དགོས་པའི་ཕྱིར། དེར་ཐལ། ཚིག་གསལ་ལས། མ་རིག་པའི་རབ་རིབ་དང་བྲལ་བ་དག་གི་ཡེ་ཤེས་ཟག་པ་མེད་པའི་ཡུལ་གྱི་རང་བཞིན་ལ་ལྟོས་ནས་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག །མཐུ་ཕུལ་དུ་བྱུང་བ་ས་དང་པོར་ཞིང་བརྒྱ་གཡོ་བ་ལ་བྱེད་ཟེར་ན། མི་འཐད་པར་ཐལ། དེ་འདྲ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཀྱི་ནང་དུ་ཡོད་པའི་ཕྱིར། དེར་ཐལ། འཇིག་རྟེན་ཁམས་བརྒྱ་འདི་ཡིས་ཀུན་


GLG012_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གཡོ་ཞིང་སྣང་བར་ནུས། །ཞེས་གསུངས་པའི་ཕྱིར། ཁ་ཅིག །ཐེག་ཆེན་གྱི་ཚོགས་ལམ་གྱི་སྐབས་སུ་ཡུལ་སྟོང་ཉིད་དང་ཡུལ་ཅན་རང་ཉིད་ལ་དོན་ལ་གཉིས་སྣང་ཡོད་ཀྱང་། ཡེ་ཤེས་དེས་ཆོས་ཉིད་རིག་པའི་རིག་ངོར་ཡེ་ཤེས་རང་ཉིད་ཆོས་ཉིད་ལ་ཟུག་པ་ལྟར་སྣང་ཞིང་གཉིས་སྣང་ནུབ་པ་ལྟར་སྣང་བའི་སྒོམ་བྱུང་གི་ཡེ་ཤེས་ནམ་ཐོབ་པ་ན་ཚོགས་ལམ་ནས་སྦྱོར་ལམ་ལ་འཕོས་པ་ཡིན་ཟེར་ན། མི་འཐད་པར་ཐལ། དེ་འདྲའི་དྲོད་ཀྱི་ཡེ་ཤེས་སྐད་ཅིག་དང་པོའི་ཚེ། དེ་ཆོས་ཉིད་ལ་གཉིས་སྣང་ནུབ་པ་ལྟར་སྣང་བའི་སྣང་ཚུལ་མེད་པའི་ཕྱིར། དེར་ཐལ། སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་དྲོད་ཀྱི་ཡེ་ཤེས་སྐད་ཅིག་དང་པོ་དེ་ལ་གཉིས་སྣང་ཡོད་པར་བྱང་སེམས་དེས་མྱོང་སྟོབས་ཀྱིས་ངེས་ནུས་པའི་ཕྱིར། དེར་ཐལ། རྒྱལ་ཚབ་རིན་པོ་ཆེས། དེ་ལྟ་བུའི་སྟོང་ཉིད་རྟོགས་པའི་ཞི་ལྷག་ཟུང་འབྲེལ་ཐོག་མར་སྐྱེས་པ་ན་སྦྱོར་ལམ་དྲོད་སྐྱེས་པ་ཞེས་བྱ་ལ། དེའི་ཚེ་མཉམ་པར་བཞག་བཞིན་པའི་དུས་ཉིད་ནའང་གཉིས་སྣང་ཡོད་པ་མྱོང་སྟོབས་ཀྱིས་ངེས་ནུས་ཀྱང་། ཞེས་གསུངས་པའི་ཕྱིར། ཁ་ཅིག །སྒོམ་སྤང་ཉོན་མོངས་ཆེན་པོའི་ཆེན་པོ་སྤངས་པ་དང་། ས་གཉིས་པ་ཐོབ་པ་དུས་མཉམ་ཟེར་ན། ས་དང་པོའི་སྒོམ་ལམ་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཡོད་པར་ཐལ། རྒྱལ་ཚབ་རིན་པོ་ཆེས། ས་དང་པོ་ནི་བསྐལ་པ་དུ་མའི་ཡུན་གྱིས་རྫོགས་དགོས་པས་སྒོམ་ལམ་གྱིས་བསྡུས་པ་ཡང་ཡོད་པར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག །མ་རིག་པ་དང་དེའི་བག་ཆགས་ཟད་པ་ན། རིག་པ་ཡེ་ཤེས་ཀྱང་མེད་ཟེར་ན། མི་འཐད་པར་ཐལ། དེ་ཡོད་པའི་ཕྱིར། དེར་


GLG012_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ། སེམས་ཀྱི་དྲི་མ་ཡེ་ཤེས་ཀྱི་མེས་བསྲེགས་པ་ན་འོད་གསལ་བའི་སེམས་མི་འགྱུར་བར་གནས་པའི་ཕྱིར། དེར་ཐལ། དཔེར་ན། རྡོ་རྒྱུས་ཀྱི་གོས་དྲི་མ་ཅན་མེར་བཅུག་པ་ན་དྲི་མ་འཚིག་ཀྱང་གོས་མི་འཚིག་པའི་ཕྱིར། ཁྱབ་སྟེ། ཆོས་དབྱིངས་བསྟོད་པ་ལས། ཇི་ལྟར་མེ་ཡིས་དག་པའི་གོས། །སྣ་ཚོགས་དྲི་མས་དྲི་མ་ཅན། །ཇི་ལྟར་མེ་ཡི་ནང་བཅུག་ན། །དྲི་མ་འཚིག་འགྱུར་གོས་མིན་ལྟར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་ཆགས་ལས་སྐྱེས་དྲི་མ་ཅན། །ཡེ་ཤེས་མེ་ཡིས་དྲི་མ་སྲེག །དེ་ཉིད་འོད་གསལ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ཁྱད་ཆོས་སའི་ཡོན་ཏན་རྒྱས་པར་བཤད་པ་ལ། རང་རྒྱུད་མཛེས་པར་བྱེད་པའི་ཡོན་ཏན། གཞན་རྒྱུད་ཟིལ་གྱིས་གནོན་པའི་ཡོན་ཏན། ས་དང་པོར་ལྷག་པའི་ཡོན་ཏན་གཞན་བསྟན་པ་དང་གསུམ། དང་པོ་ལ། ཡོན་ཏན་སོ་སོར་ཕྱེ་སྟེ་བཤད་པ་དང་། ཡོན་ཏན་མདོར་བསྡུས་ཏེ་བསྟན་པ་གཉིས། དང་པོ་ལ། དོན་ལྡན་གྱི་མཚན་ཉིད་ཐོབ་པའི་ཡོན་ཏན། རིགས་སུ་སྐྱེ་བ་སོགས་བཞིའི་ཡོན་ཏན། ས་གོང་མ་གནོན་པ་སོགས་གསུམ་གྱི་ཡོན་ཏན་དང་གསུམ་ལས། དང་པོ་ནི། ས་དང་པོ་ཐོབ་པ་དེ་ནས་བཟུང་སྟེ་བྱང་སེམས་དེ་ནི་ཆོས་ཅན། དོན་དམ་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་སྒྲ་ཉིད་ཀྱིས་བསྙད་པ་ཡིན་ཏེ། དོན་དམ་སེམས་བསྐྱེད་དེ་ཐོབ་པར་གྱུར་པའི་བྱང་སེམས་ཡིན་པའི་ཕྱིར། གཉིས་པ་ནི། བྱང་སེམས་འདི་ནི་ཆོས་ཅན། དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་སུའང་སྐྱེས་པ་ཡིན་ཏེ། སོ་སྐྱེ་དང་ཉན་རང་ལས་འདས་ཤིང་སངས་རྒྱས་སུ་བགྲོད་ངེས་
ཀྱི་ལམ་རྒྱུད་ལ་སྐྱེས་པའི་ཕྱིར། འདིས་ནི་ཆོས་ཅན། མཐོང་སྤང་གིས་བསྡུས་པའི་ཀུན་ཏུ་སྦྱོར་བ་གསུམ་པོ་ཐམས་ཅད་སྤངས་པ་ཡིན་ཏེ། དེ་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ས་དང་པོ་བ་དེ་ནི་ཆོས་ཅན། དགའ་བ་མཆོག་ཏུ་གྱུར་པ་འཆང་བ་ཡིན་ཏེ། ས་དང་པོའི་སྤང་བྱ་དང་བྲལ་བའི་ཐུན་མོང་མ་ཡིན་པའི་དགའ་བ་མང་པོ་སྐྱེས་པའི་ཕྱིར། དེ་ཆོས་ཅན། ནུས་མཐུ་ཁྱད་པར་ཅན་དང་ལྡན་ཏེ། འཇིག་རྟེན་གྱི་ཁམས་བརྒྱ་ཀུན་ནས་གཡོ་བར་ནུས་པའང་ཡིན་པའི་ཕྱིར། གསུམ་པ་ནི། དེ་ཆོས་ཅན། ས་གོང་མ་གནོན་པའི་ཡོན་ཏན་དང་ལྡན་ཏེ། ས་དང་པོ་ནས་གཉིས་པར་གནོན་པར་བྱེད་ཅིང་། དེ་ནས་ཀྱང་ས་གོང་མ་གོང་མར་རབ་ཏུ་འགྲོ་བར་འགྱུར་བའི་ཕྱིར། ས་དང་པོ་ཐོབ་པ་དེའི་ཚེ་བྱང་སེམས་འདི་ཡི་ཆོས་ཅན། ངན་འགྲོའི་ལམ་རྣམས་མཐའ་དག་འགགས་པར་འགྱུར་ཏེ། དེར་སྐྱེ་བའི་ས་བོན་སྤངས་པའི་ཕྱིར། ཤེས་བྱ་ཆོས་ཅན། དེའི་ཚེ་བྱང་སེམས་འདི་ཡི་སོ་སོ་སྐྱེ་བོའི་ས་རྣམས་ཐམས་ཅད་ཟད་དེ། དེའི་ཚེ་འདི་བྱང་འཕགས་ཡིན་པའི་ཕྱིར། གཉིས་པ་ནི། འདི་ནི་ཆོས་ཅན། འཕགས་པ་བརྒྱད་པ་རྒྱུན་ཞུགས་ཞུགས་པ་ཇི་ལྟ་བ་དེ་ལྟར་ཉེ་བར་བསྟན་པའི་རྒྱུ་མཚན་ཡོད་དེ། རྒྱུན་ཞུགས་ཞུགས་པ་དེས་འཕགས་ལམ་ཐོབ་པ་ལས་རྗེས་མཐུན་གྱི་སྐྱོན་ཡོན་སྤང་བླང་བྱེད་པ་ལྟར། ཁྱོད་ཀྱིས་ཀྱང་ས་དང་པོ་ཐོབ་པ་ལས་དེའི་སྐྱོན་ཟད་ཅིང་ཡོན་ཏན་འབྱུང་བའི་ཕྱིར།


previousས་དང་པོ་རབ་ཏུ་དགའ་བ་བཤད་པ།next