Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

4 occurrences of ཁྲོལ་བུ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་བསོའི་སྒྲུབ་ཐབས་ཕྲིན་ལས་དང་བཅས་པ་སྙིང་རྗེའི་ཟླ་སྣང་།
  
 
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


4 occurrences of ཁྲོལ་བུ་
[Clear Hits]

 
previousཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་བསོའི་སྒྲུབ་ཐབས་ཕྲིན་ལས་དང་བཅས་པ་སྙིང་རྗེའི་ཟླ་སྣང་།next

ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་བསོའི་སྒྲུབ་ཐབས་ཕྲིན་ལས་དང་བཅས་པ་སྙིང་རྗེའི་ཟླ་སྣང་།


JKT013_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

༄༅།། ཀྲྀ པཱ ཡཱ ༔ རྞ བྷཱ ནཱ མ མ ཧཱ ཀཱ རུ ཎཱ ཙི ཧཱུྃ བི ར ཏེ སྨཱ དྷ ན ས ཀ རྨ བི ཧ ར ཏི སྨྲ །།
༄༅། །ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་བསོའི་སྒྲུབ་ཐབས་ཕྲིན་ལས་དང་བཅས་པ་སྙིང་རྗེའི་ཟླ་སྣང་ཞེས་བྱ་བ་བཞུགས་སོ། །


JKT013_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་སིདྡྷི། སེམས་ཉིད་བདེ་ཆེན་ངལ་བསོའི་དཔྱིད། །བླ་མ་སྙིང་རྗེའི་དབང་ཕྱུག་ལ། །བཏུད་ནས་དེ་ཡི་སྒྲུབ་ཐབས་དང་། །ཕྲིན་ལས་གཞན་ཕན་ཟླ་སྣང་སྤྲོ། །འདི་ལ་གསུམ། སྒྲུབ་པའི་ཐབས། དབང་གི་ཆོ་ག །ཞར་བྱུང་གཞན་ཅུང་ཟད་བཤད་པའོ། །དང་པོ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། སྐྱབས་འགྲོ་སེམས་བསྐྱེད་ཚོགས་བསག་དང་། བགེགས་བསྐྲད་སྲུང་འཁོར་མཆོད་པ་བརླབ། །ཅེས་དྲུག་ལས། དང་པོ་ནི། བདག་སོགས་མཁའ་མཉམ་སེམས་ཅན་མ་ལུས་པ། །རྩ་བ་གསུམ་གྱི་དཀྱིལ་འཁོར་ལྷ་ཚོགས་ལ། །རང་རིག་དཔལ་ལྡན་རྡོ་རྗེ་སེམས་དཔའི་ཞལ། །རང་ངོ་མ་འཕྲོད་དེ་སྲིད་སྐྱབས་སུ་མཆི། །ལན་གསུམ། །གཉིས་པ་ནི། རང་ལ་གདོད་ནས་ཡོད་པའི་རྫོགས་སངས་རྒྱས། །གཅེར་མཐོང་ངོ་སྤྲད་འགྲོ་ཀུན་གྲོལ་


JKT013_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆེད། །བདག་གིས་བླ་ན་མེད་པའི་རྣལ་འབྱོར་མཆོག །ཉམས་བླངས་གཞན་དོན་བྱེད་པར་སེམས་བསྐྱེད་དོ། །ལན་གསུམ། གསུམ་པ་ནི། བླ་མ་ཡི་དམ་མཁའ་འགྲོ་གཤེགས། །ཉི་ཟླ་པདྨའི་གདན་ལ་བཞུགས། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །ཉམས་ཆག་སྡིག་སྒྲིབ་ཐམས་ཅད་བཤགས། གསང་སྔགས་སྒྲུབ་ལ་རྗེས་ཡི་རང་། །སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར། །མྱ་ངན་མི་འདའ་གསོལ་བ་འདེབས། །སྙིང་པོ་སེམས་ཅན་དོན་དུ་བསྔོ། ཡང་དག་རྡོ་རྗེའི་དོན་རྟོགས་ཤོག །ལན་གསུམ། ཛཿཧཱུྃ་བྃ་ཧོཿ ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། བཞི་པ་ནི། རང་སེམས་སྐད་ཅིག་ཧྲཱིཿཡིག་


JKT013_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་གྱུར་ལས། །ཁྲོ་རྒྱལ་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་པ། །བེ་ཅོན་སྡིགས་མཛུབ་རྩེ་ལས་མེ་ཕུང་འབར། །དུར་ཁྲོད་ཆས་རྫོགས་རྟ་སྐད་ཕྱོགས་བཅུར་སྒྲོག །ཅེས་བདག་ཉིད་དབང་ཆེན་གྱི་ང་རྒྱལ་དང་བཅས་བགེགས་གཏོར། རྃ་ཡྃ་ཁྃ་གིས་བསང་སྦྱང་། ༀ་ཨཱཿཧཱུྃ་ཧོཿས་བརླབ། ཨོཾ་སརྦ་བིགྷཱན་ན་མ་སྶརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མྃ་ག་ག་ན་ཁྃ་གྲྀཧྞེ་དཾ་བ་ལྟ་དི་སྭཱ་ཧཱ། ཞེས་པས་བསྔོས་ལ་བཀའ་བསྒོ་བ་ནི། ཧཱུྃ། ཡང་དག་གསང་བའི་དཀྱིལ་འཁོར་འདིར། །འདུ་བའི་ལྷ་རྣམས་མ་གཏོགས་པ། །མི་དང་མི་མིན་འབྱུང་པོའི་ཚོགས། །འདི་རུ་མ་འདུག་གཞན་དུ་དེངས། ཅི་སྟེ་མི་འགྲོ་འདུག་གྱུར་ན། །རྟ་མཆོག་རྒྱལ་པོས་རྡུལ་དུ་རློག །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། གནོད་བྱེད་འབྱུང་པོ་ཨུ་ཙཊྚ་ཡ་ཕཊ། ཅེས་དང་སུམྦྷ་སོགས་བརྗོད་ཅིང་བསྐྲད། ལྔ་པ་ནི། ཧྲཱིཿདབང་གི་རྟ་སྐད་རབ་འཚེར་ཞིང་། །འཁོར་ལོ་རྡོ་རྗེ་མེ་ཕུང་གིས། །སྟེང་འོག་ཕྱོགས་མཚམས་མེད་པར་གཏམས། །སྲུང་བའི་གུར་ཁང་ཆེན་པོར་གྱུར། །ཨོཾ་བཛྲ་ཙཀྲ་ཛྭ་ལ་རྃ་ཧཱུྃ་བྷྲཱུྃ་ཧཱུྃ། དྲུག་པ་ནི། མཆོད་རྫས་རྣམས་རྃ་ཡྃ་ཁྃ་གིས་བསང་སྦྱང་། ཐུགས་ནས་རཾ་ཡཾ་ཁཾ་འཕྲོས་པས། །ཕྱི་ནང་གསང་བའི་མཆོད་རྫས་ཀྱི། །མ་དག་ཉེས་སྐྱོན་ཀུན་སྦྱངས་ནས། །མི་ཟད་ནམ་མཁའི་མཛོད་དུ་གྱུརཾ། །ཨོཾ་ཨཱཿཧཱུྃ།


JKT013_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ་དང་། ན་མསྶརྦ་ཏ་ཐཱ་ག་ཏ་བྷོ་བི་ཤྭ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ་ཅིང་སྤེལ་ལོ། །གཉིས་པ་དངོས་གཞི་ལ། ལྷ་བསྐྱེད་བྱིན་བརླབ་སྤྱན་དྲང་བསྟིམ། །དབང་བསྐུར་ཚོགས་བསག་ཟླས་པ་བྱ། །ཞེས་དྲུག་ལས་དང་པོ་ནི། ཨོཾ་སྭ་བྷ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷ་ཝ་ཤུདྡྷོཉ་ཧཾ། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་སེམས་ཧྲཱིཿཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་རང་སེམས་ཉིད་ངལ་བསོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་ཞི་ཞིང་འཛུམ་པ། རལ་པའི་ཐོར་ཚུགས་སུམ་བརྩེགས་ཀྱི་རྩེ་མོར་སྣང་བ་མཐའ་ཡས་ཀྱི་ཞལ་ཕྱུང་བ། གཡས་པུས་སྟེང་དུ་ས་གནོན་ཕྱག་རྒྱ། གཡོན་གདན་ལ་བརྟེན་པ་དང་བཅས་ཏེ་མེ་ཏོག་པདྨ་དཀར་པོའི་ཡུ་བ་ནས་འཛིན་པ། རལ་པའི་རྩ་ཆིངས། སྙན་རྒྱན། ཕྱག་ཞབས་ཀྱི་གདུ་བུ་གསེར་ལས་བྱས་ཙམ་མ་གཏོགས་རྒྱན་སྤངས་པ་དྲང་སྲོང་གི་ཆ་ལུགས་ཅན། རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་པའི་ཡན་ལག་རྐེད་པར་མདུད་ཅིང་། སྐུ་སྨད་དར་འཇའ་རིས་ཀྱི་ན་བཟའ་ཞབས་ལ་དཀྲིས་པ་པདྨའི་སྐྱིལ་ཀྲུང་གིས་བཞུགས་པ་ཞེས་གསལ་གདབ། གཉིས་པ་ནི། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར་པར་


JKT013_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

བསམ། གསུམ་པ་ནི། ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛས་སྙན་བརྣན་ལ། ཧྲཱིཿ སྔོན་ཚེ་བསྐལ་པའི་ཐོག་མ་ལ༔ འགྲོ་དྲུག་སྡུག་བསྔལ་ཐུགས་རྗེས་གཟིགས༔ སྨོན་ལམ་སྟོབས་བསྐྱེད་འགྲོ་དོན་མཛད༔ བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝཱ་ར་ས་མ་ཡ་ཛ་ཛ༔ ཞེས་པས་སྤྱན་དང་། ཛཿཧཱུྃ་བྃ་ཧོཿ དམ་ཚིག་གི་འཁོར་ལོ་དང་རོ་གཅིག་ཏུ་གྱུར་བར་བསམ། བཞི་པ་ནི། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛས་སྤྱན་དྲང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུང་ཞིང་ཡེ་ཤེས་ཀྱི་བདུད་རྩིས་དབང་བསྐུར་བས་སྐུ་གང་། དྲི་མ་དག །ཆུ་ལྷག་མ་ཡར་འཁྱིལ་བ་ལས་རིགས་བདག་སྣང་བ་མཐའ་ཡས་ཀྱིས་དབུར་བརྒྱན་པར་གྱུར། ལྔ་པ་ལ། མཆོད་པ་ནི། ཧྲཱིཿ རིག་གདངས་ཐུགས་རྗེའི་ལྷ་ཚོགས་ལ། །མཆོད་པའི་བྱེ་བྲག་འབུལ་བ་ནི། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་སྒྲ་སྙན་


JKT013_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་རྣམས། །སོ་སོའི་ཁ་དོག་ཕྱག་རྒྱ་བསྒྱུར། །རབ་འབྱམས་ནམ་མཁའི་ཁམས་བཀང་ནས། །རྒྱལ་བའི་དཀྱིལ་འཁོར་མཆོད་པར་བྱ། །ཨོཾ་ཨཱཧཱུྃ་བཛྲ་པུངྒེ་ནས། ཤསྡ་བ་ལི་ཏ་སརྦ་པཱུ་ཛ་ཧོ༔ བསྟོད་པ་ནི། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །དྲུག་པ་ནི། །ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱིདཀར་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་བཀོད། ཚུར་འདུས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་ཤིང་གྲགས་སྟོང་རྡོ་རྗེའི་སྔགས་སྒྲས་ཞིང་ཁམས་ཐམས་ཅད་ཡོངས་སུ་གང་བར་གྱུར་པར་བསམས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་ཆུ་བོའི་རྒྱུན་བཞིན་དུ་བཟླའོ། །གསུམ་པ་རྗེས་ལ། མཆོད་ཅིང་བསྟོད་ལ་ནོངས་པ་བཤགས། །ཉེར་བསྡུ་བསྔོ་སྨོན་བཀྲ་ཤིས་བརྗོད། །ཅེས་དྲུག་ལས་དང་པོ་ནི། ཨོཾ་ཨཱཿཧཱུྃ་བཛྲ་པུཥྤེ་ནས། ཤཔྟ་བ་ལི་ཏ་སརྦ་པཱུ་ཛ་ཧོཿ ཞེས་པས་མཆོད། གཉིས་པ་ནི། སྐྱོན་གྱིས་མ་གོས་སོགས་ཀྱིས་བསྟོད། གསུམ་པ་ནི། མ་རྙེད་ཡོངས་སུ་མ་ཚང་དང་། །གཙོ་བོར་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་ཡི་གེ་བརྒྱ་པ་


JKT013_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད། བཞི་པ་ནི། རྟེན་ཡོད་ན། ཨོཾ། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ཞེས་བརྟན་བཞུགས་བྱ། མེད་ན། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿ རང་བཞིན་ཡེ་ཤེས་ཀྱི་འཁོར་ལོ་དབྱིངས་སུ་གཤེགས། །སྣོད་བཅུད་འོད་ཞུ་རང་ལ་འདུས། །རང་ཉིད་འོད་གསལ་དབྱིངས་སུ་ཐིམ། །སླར་ཡང་མཁའ་ལས་འཇའ་ཚོན་བཞིན། །ཐུགས་རྗེ་ཆེན་པོའི་སྐུ་རུ་གྱུར། །ཅེས་བརྗོད་ཅིར་བསམ། ལྔ་པ་ནི། དགེ་བ་འདི་ཡིས་མཁའ་མཉམ་འགྲོ་ཀུན་གྱི། །སྒྲིབ་གཉིས་དེ་འབྲས་མ་ལུས་ཀུན་བྱང་ནས། །ཐུགས་རྗེ་ཆེན་པོའི་གོ་འཕང་མངོན་གྱུར་ཏེ། །རང་གཞན་དོན་གཉིས་མ་ལུས་འགྲུབ་པར་ཤོག །དྲུག་པ་ནི། ཆོས་སྐུ་སྣང་མཐའ་ལོངས་སྐུ་འཇིག་རྟེན་དབང་། །སྤྲུལ་པའི་སྐུ་མཆོག་པདྨ་འབྱུང་གནས་ཏེ། །སྐུ་གསུམ་དབྱེར་མེད་ཐུགས་རྗེ་ཆེན་པོ་ཡི། །བཀྲ་ཤིས་ཕྱོགས་དུས་ཀུན་ཏུ་ཁྱབ་པར་ཤོག །ཅེས་སོགས་ཇི་ལྟར་རིགས་པ་བརྗོད་དོ། །གཉིས་པ་དབང་གི་ཆོ་ག་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། ལྟེགས་ཀྱི་ཁར་མཎྜལ་


JKT013_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྟེང་དུ་སྐུ་གཟུགས། མདུན་དུ་པདྨ་འདབ་དྲུག་གི་ལྟེ་བར་ཧཱིདང་འདབ་མ་དྲུག་ལ་ཡིག་དྲུག་དངུལ་གྱིས་བྲིས་པའི་ཙཀཱི། གཡས་སུ་པདྨ་དཀར་པོ་ལ་རིགས་བཞིའི་ཕྱག་མཚན་གྱིས་བསྐོར་བའི་ཙཀཱི། རྒྱབ་ཏུ་ཐུགས་རྗེ་ཆེན་པོའི་སྒྲུབ་སྐོར་གྱི་གླེགས་བམ་དང་ཤེལ་ཕྲེང་། གཡོན་དུ་དཔལ་གཏོར་འདབ་མ་བཞི་པ་རྩེར་རྟ་མགོ་དང་ཙཀླུས་བརྒྱན་པ། ལྕགས་ཕུར། མདུན་དུ་གཏོར་མ་དཀར་ཟླུམ་པད་འདབ་བཞི་པ་དང་། མཆོད་པ་བཤམ། ཉེ་ལོགས་ཅི་བདེར་བགེགས་གཏོར་གཉིས་དང་། སློབ་དཔོན་གྱི་མདུན་དུ་རྡོ་རྗེ། དྲིལ་བུ། མེ་ཏོག་གི་སྣོད་སོགས་འདུ་བྱ། །གཉིས་པ་ལ་གཉིས། སློབ་དཔོན་གྱི་བྱ་བ་དང་། སློབ་མ་ལ་བྱ་བའོ། །དང་པོ་ནི། སྐྱབས་སེམས་ནས་བཟུང་བཟླས་པའི་བར་གོང་ལྟར་བྱ། རྟ་མགྲིན་གྱི་གཏོར་མ། སྭ་བྷ་ཝས་སྦྱང་། གཏོར་མ་མི་དམིགས་ཏེ་སྟོང་པའི་ངང་ལས་པད་ཉི་དྲེགས་པ་ཕོ་མོའི་གདན་གྱི་སྟེང་དུ་སྐད་ཅིག་གིས་དབང་ཆེན་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་གསེར་གྱི་རྡོ་རྗེ་གདེངས་ཤིང་། །གཡོན་གནམ་ལྕགས་ཀྱི་ཕུར་བུ་འདྲིལ་བ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པའི་གནས་གསུམ་དུ་ཨོ་ཨཱཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། ཡེ་ཤེས་པ་བཛྲ་ས་མཱ་ཛས་སྤྱན་དྲང་། ཛཿཧཱུྃ་བྃ་ཧོཿས་གཉིས་སུ་མེད་པར་གྱུར་པར་བསམ། ཨོཾ་ཨཱཿཧཱུྃ་ཤི་ཧ་ཡ་གྲཱི་ཝ་བཛྲ་པུཥྤེ་ནས། ཤཔྟ་བ་ལི་ཏ་སརྦ་པཱུ་ཛ་ཧོཿཞེས་པས་མཆོད། ཧྲཱིཿ རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གདུང་། །ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེ་


JKT013_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས། །སྤྱན་རས་གཟིགས་དབང་ཧྲིལས་རྔམས་ཆེན་སྤྲུལ། །རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། ཐུགས་ཀར་ཉི་མའི་སྟེང་དུ་ཧྲཱིཿཡིག་དམར་པོའི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། མ་རུངས་པའི་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམས་ལ། ཧཱིབཛྲ་ཀྲོ་དྷ་ཧ་ཡ་གྲི་ཝ་ཧཱུྃ་ཕཊ་ཅེས་བརྒྱ་རྩ་སོགས་བཟླས་མཐར། ཨོཾ་ཨཱཿཧཱུྃ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝཱ་ར་པུཥྤེ་སོགས་ཀྱིས་མཆོད། སྐྱོན་གྱིས་མ་གོས་སོགས་དང་། བསྟོད་པར་འོས་པ་ཐམས་ཅད་ལ་སོགས་ཀྱིས་བསྟོད། ཡི་གེ་བརྒྱ་པས་བརྟན་པར་བྱའོ། །གཉིས་པ་ནི། སློབ་མ་རྣམས་ལ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ། བགེགས་བསྐྲད་དང་སྲུང་འཁོར་སྒྲུབ་ཐབས་ལྟར་གྲུབ་རྗེས། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་དབང་བསྐུར་ཟབ་མོ་གསན་སྙམ་པའི་ཀུན་སློང་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་རྣམས་ཀྱང་ལེགས་པར་གསལ་བཏབ་སྟེ་གསན་འཚལ། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་དང་། ཨོ་རྒྱན་དུས་གསུམ་མཁྱེན་པའི་རྡོ་


JKT013_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་ལུང་གིས་ལན་གཅིག་མ་ཡིན་པར་ཡང་ཡང་བསྔགས་པ་གངས་ཅན་གྱི་མགོན་པོ་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྡོ་རྗེ་ཐོགས་མེད་རྩལ་ཞེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་དང་། འཕགས་པ་ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་བསོ་གཉིས་གདུལ་བྱ་དག་པའི་སྣང་ངོར་དབྱེ་བ་མེད་ཀྱང་། གཞན་སྣང་དུ་འཕགས་པ་འཇིག་རྟེན་དབང་ཕྱུག་སོགས་རྩ་གསུམ་རྒྱ་མཚོའི་ཚོགས་ཀྱིས་དངོས་སུ་ཞལ་བསྟན་ཅིང་། དབང་བསྐུར་བ་སོགས་དག་པའི་སྣང་བ་རབ་འབྱམས་ལ་དགྱེས་རྒུར་སྤྱོད་པ་ལས་བྱུང་བའི་ཡང་གསང་རྒྱ་ཅན་གྱི་ཆོས་སྡེ་ཉི་ཤུ་རྩ་ལྔའི་ནང་ཚན། ནོར་བུའི་རྒྱ་ཅན་ལས་བྱུང་བའི་ཐུགས་རྗེ་ཆེན་པོ་བདེ་ཆེན་སེམས་ཉིད་ངལ་བསོའི་དབང་བསྐུར་བའི་སྐབས་སུ་བབས་པ་ཡིན་ཏེ། དེའང་ཀུན་མཁྱེན་བླ་མ་ཉིད་དགུང་གྲངས་ཞེ་བཞིར་སོན་པའི་སྒྲོན་ཟླ་བའི་ནང་དུ་གྲུ་འཛིན་གཉིས་པའི་གཞལ་མེད་ཁང་ཆེན་པོར་ཐུགས་དམ་ཟབ་གཞེས་ལ་བཞུགས་པའི་སྐབས། ཆུ་སྟོད་ཟླ་བའི་ཚེས་ལྔ་ལ་རང་བྱུང་འཕགས་པའི་སྐུ་ཉིད་ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་བསོའི་སྐུར་དངོས་སུ་གྱུར་པས་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡོངས་སུ་རྫོགས་པ་སྩལ་ཞིང་རྒྱུད་བྱིན་གྱིས་བརླབས་པ་ལྟར། རིག་འཛིན་མཆོག་གི་སྤྲུལ་པའི་སྐུ་པདྨ་ཕྲིན་ལས་དང་། ཆོས་


JKT013_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་གཏེར་བདག་གླིང་པ་སོགས་དག་པའི་ས་ལ་བཞུགས་པའི་སྐྱེས་བུ་དམ་པ་རྣམས་ལ་སྩལ་བ་ནས་བཟུང་བརྒྱུད་པ་བར་མ་ཆད་པ་ལས་བྱོན་པའི་སྨིན་བྱེད་ཀྱི་རིམ་པ་ལ། སློབ་དཔོན་གྱི་བྱ་བ་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་མཎྜལ་ཕུལ། དེ་ལྟར་མཎྜལ་ཕུལ་ནས་མེ་ཏོག་བཅས་པས་ཐལ་མོ་སྦྱར་ཏེ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདིའི་ལ། རྗེས་ཟློས་མཛོད། ཧོཿ བདེ་བར་གཤེགས་པ་ཐམས་ཅད་ཀྱི། །གསུང་གི་དབང་ཕྱུག་སྤྱན་རས་གཟིགས། །སེམས་ཉིད་ངལ་བསོའི་བྱིན་རླབས་རྣམས། །དེ་རིང་བདག་ལ་སྩལ་དུ་གསོལ། །ལན་གསུམ་། རྒྱུད་སྦྱང་བའི་སླད་དུ། བླ་མ་དང་འཕགས་པ་ཐུགས་རྗེ་ཆེན་པོ་སེམས་ཉིད་བདེ་ཆེན་ངལ་བསོ་ཐ་མི་དད་པ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་སྤྲིན་ཕུང་འཕྲོ་བའི་སྤྱན་སྔར་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པར་བགྱིའོ་སྙམ་པས་ཡན་ལག་བདུན་པ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་


JKT013_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། དབང་གི་གཞི་དགོད་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག །རྣམ་སྨིན་ཤ་ཁྲག་གདོས་བཅས་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་དུ་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཁྱེད་རང་རྣམས་ཀྱི་སེམས་ཉིད་ཧྲཱིཿཡིག་དཀར་པོ་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་སྐད་ཅིག་གིས་འཕགས་པ་ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་བསོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་ཞི་ཞིང་འཛུམ་པ། རལ་པའི་ཐོར་ཚུགས་སུམ་བརྩེགས་ཀྱི་རྩེ་མོར་སྣང་བ་མཐའ་ཡས་ཀྱི་ཞལ་ཕྱུང་བ། གཡས་པུས་སྟེང་དུ་ས་གནོན་ཕྱག་རྒྱ། གཡོན་གདན་ལ་བརྟེན་པ་དང་བཅས་ཏེ་མེ་ཏོག་པདྨ་དཀར་པོའི་ཡུ་བ་ནས་འཛིན་པ། རལ་བའི་རྩ་ཆིངས། སྙན་རྒྱན། ཕྱག་ཞབས་ཀྱི་གདུ་བུ་གསེར་ལས་བྱས་ཙམ་མ་གཏོགས་རྒྱན་སྤངས་པ་དྲང་སྲོང་གི་ཆ་ལུགས་ཅན། རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་


JKT013_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

བཀབ་པའི་ཡན་ལག་རྐེད་པར་མདུད་ཅིང་། སྐུ་སྨད་དར་འཇའ་རིས་ཀྱི་ན་བཟའ་ཞབས་ལ་དཀྲིས་པ་པདྨའི་སྐྱིལ་ཀྲུང་གིས་བཞུགས་པའི་སྐུར་གསལ་ལམ་སྟེ་གྱུར་པའི་མོས་པ་མཛོད། དེ་ནས་དབང་བསྐུར་བ་དངོས་གཞིའི་སླད་དུ། མདུན་བསྐྱེད་འཕགས་པ་སེམས་ཉིད་ངལ་བསོའི་དཔྲལ་བ་ནས་རང་འདྲ་བའི་ལྷ་ཚོགས་དཔག་ཏུ་མེད་པ་བྱོན། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པས་སྐུའི་བྱིན་རླབས་ཞུགས། ལུས་ཀྱི་སྡིག་སྒྲིབ་དག །སྐུའི་དབང་དང་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། སྐུ་སྤྱི་བོར་བཞག་ནས། ཧྲཱིཿ བཅོམ་ལྡན་སེམས་ཉིད་ངལ་བསོ་ཡི། །སྐུ་མཆོག་འབར་བའི་བྱིན་རླབས་ཀྱིས། །ལུས་ཀྱི་སྒྲིབ་པ་ཀུན་དག་ནས། །སྐུ་ཡི་སྒོ་ནས་བྱིན་གྱིས་རློབས། །ཡིག་དྲུག་གི་གཤམ་དུ། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཞེས་བརྗོད། ཡང་མདུན་བསྐྱེད་འཕགས་པ་སེམས་ཉིད་ངལ་བསོའི་མགྲིན་པ་ནས་གསུང་གི་རྟེན་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས་གསུང་གི་བྱིན་རླབས་ཞུགས། ངག་གི་སྡིག་སྒྲིབ་དག །གསུང་གི་དབང་དང་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཡིག་དྲུག་མགྲིན་པར་བཞག་སྟེ། ཧྲཱིཿ བཅོམ་ལྡན་སེམས་ཉིད་ངལ་བསོ་ཡི། །གསུང་མཆོག་འབར་བའི་བྱིན་རླབས་ཀྱིས། །ངག་གི་སྒྲིབ་པ་ཀུན་དག་ནས། །གསུང་གི་སྒོ་ནས་བྱིན་


JKT013_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རློབས། །སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ ཡང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཕྱག་མཚན་གྱི་རྣམ་པ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ཐུགས་ཀྱི་བྱིན་རླབས་ཞུགས། ཡིད་ཀྱི་སྡིག་སྒྲིབ་དག །ཐུགས་ཀྱི་དབང་དང་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཕྱག་མཚན་སྙིང་གར་བཞག་སྟེ། ཧཱུྃ༔ བཅོམ་ལྡན་སེམས་ཉིད་ངལ་བསོ་ཡི། །ཐུགས་མཆོག་འབར་བའི་བྱིན་རླབས་ཀྱིས། །ཡིད་ཀྱི་སྡིག་སྒྲིབ་ཀུན་དག་ནས། །ཐུགས་ཀྱི་སྒོ་ནས་བྱིན་གྱིས་རློབས། །སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། སླར་ཡང་གླེགས་བམ་ལག་གཡས་དང་། ཤེལ་ཕྲེང་གཡོན་དུ་གཏད་པས་ཡོན་ཏན་དང་ཕྲིན་ལས་ཀྱི་བྱིན་རླབས་ཞུགས། སྒོ་གསུམ་ཆ་མཉམ་གྱི་སྡིག་སྒྲིབ་དག །ཡོན་ཏན་དང་ཕྲིན་ལས་ཀྱི་དབང་དང་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཧྲཱིཿ བཅོམ་ལྡན་སེམས་ཉིད་ངལ་བསོ་ཡི། །གླེགས་བམ་ཤེལ་ཕྲེང་འདི་གཏད་པས། །འཆད་ཉན་འགྲོ་བ་འདྲེན་པ་ཡི། །ཡོན་ཏན་ཕྲིན་ལས་འགྲུབ་པར་ཤོག །སྔགས་མཐར། གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ། དེ་ནས་མཐའ་རྟེན་གྱི་སླད་དུ། ཁྱེད་རང་རྣམས་ཐུགས་རྗེ་ཆེན་པོ་ཞི་བ་སེམས་ཉིད་ངལ་བསོར་གསལ་བ་སྐད་ཅིག་གིས་གདུག་པ་ཅན་ཚར་གཅོད་པའི་སླད་དུ་དྲག་པོ་ཁྲོ་རྒྱལ་རྟ་མགྲིན་གྱི་སྐུར་གྱུར་པ་ནི། །


JKT013_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

པད་ཉི་དྲེགས་པ་ཕོ་མོའི་གདན་གྱི་སྟེང་དུ་དབང་ཆེན་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་གསེར་གྱི་རྡོ་རྗེ་གདེངས་ཤིང་། གཡོན་གནམ་ལྕགས་ཀྱི་ཕུར་བུ་འདྲིལ་བ། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པའི་ཕྱག་ཏུ་སངས་རྒྱས་ཐམས་ཅད་ཀྱི་མཐུ་སྟོབས་ཡོངས་སུ་རྫོགས་པའི་ངོ་བོ་ཕུར་བུ་འདི་ཉིད་བྱིན་ཏེ་མངོན་སྤྱོད་དྲག་པོའི་རྗེས་སུ་གནང་བའི་མོས་པ་མཛོད། ཧྲཱིཿ འདི་ཉིད་བཏབ་པ་ཙམ་གྱིས་ཀྱང་། །བགེགས་དང་ལོག་འདྲེན་འབྱུང་པོ་ཀུན། །ཐལ་བའི་རྡུལ་དུ་བརླག་འགྱུར་བས། །མངོན་སྤྱོད་སྒྲུབ་པའི་རྟེན་དུ་སྦྱིན། །ཀཱི་ལཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། སླར་ཡང་གཏོར་མ་རྟ་མཆོག་རོལ་པའི་སྐུར་གསལ་བ་སྤྱི་བོར་བཞག་ཅིང་བྱིན་གྱིས་བརླབས་པས་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་ཏེ། དངོས་གྲུབ་མ་ལུས་པ་སྟན་ཐོག་གཅིག་ཏུ་ཐོབ་པའི་མོས་པ་མཛོད། ཧྲཱིཿ ཁྲོ་བོའི་རྒྱལ་པོ་དབང་ཆེན་ལྷས། །སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་ནས། །མི་མཐུན་བར་ཆད་ཀུན་ཞི་ཞིང་། །དངོས་གྲུབ་མ་ལུས་སྩོལ་བར་མཛོད། །ཧ་ཡ་གྲྭ་ཝ་ཨ་བྷི་ཥིཉྩ་ཧཱུྃ། བཀྲ་ཤིས་ཇི་ལྟར་རིགས་པས་མངའ་གསོལ། དེས་ཐུགས་རྗེ་ཆེན་པོ་སེམས་ཉིད་བདེ་ཆེན་ངལ་བསོའི་དབང་བསྐུར་ཟབ་མོ་ལེགས་པར་ཐོབ་པ་ཡིན་པས་དམ་ཚིག་དང་སྡོམ་པ་ལ་ནན་ཏན་དུ་བགྱིད་སྙམ་པས་འདིའི་རྗེས་ཟློས་མཛོད། །


JKT013_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོས་ཇི་ལྟར་སོགས། གཏང་རག་གི་སླད་དུ་མཎྜལ་ཕུལ། སླར་ཡང་ལུས་ལོངས་སྤྱོད་ལྟོས་མེད་དུ་འབུལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་སོགས། དེ་ལྟ་བུའི་དགེ་བའི་རྩ་བ་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བ་འདི་ལྷན་ཅིག་ཏུ་གནང་བར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རང་གནས་སུ་བཏང་། གསུམ་པ་ནི། རྗེས་ཆོག་མཆོད་བསྟོད་ནས་བཀྲ་ཤིས་ཀྱི་བར་སྒྲུབ་ཐབས་ལྟར་བྱའོ། །གསུམ་པ་འཕྲོས་དོན་གཞན་ཅུང་ཟད་བཤད་པ་ལ་གཉིས། གཤིན་པོ་རྗེས་འཛིན་གནས་ལུང་གི་ཆོ་ག་ཤིན་ཏུ་བསྡུས་པ་དང་། བསྙེན་པ་ཇི་ལྟར་བྱ་བའི་ཚུལ་མདོ་ཙམ་སྨོས་པའོ། །དང་པོ་ནི། སྦྱོར་བའི་སྐབས་སུ། སྟེགས་བུའི་སྟེང་མཎྜལ་གྱི་དབུས་སུ་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དུང་ཆོས་གཟུངས་རྡོར་དང་བཅས་པ། དབང་རྫོགས་པར་བསྐུར་ན་དེའི་མདུན་དུ་སྐུ་ཙཀ །གཡས་སུ་སྔགས་བྱང་། རྒྱབ་ཏུ་ཕྱག་མཚན། གཡོན་དུ་པུ་སྟི་དང་ཤེལ་ཕྲེང་། གཞན་ཡང་མཆོད་གཏོར་སོགས་དང་། ཉེ་ལོགས་གང་བདེར་བྱང་བུ། སྦྱོང་ཆས་སོགས་དགོས་པའི་ཡོ་བྱད་འདུ་བྱ། སྐྱབས་སེམས་ནས་བདག་མདུན་བུམ་གསུམ་འཇུག་པ་གཅིག་པས་བསྐྱེད་ཅིང་བཟླས་པའི་བར་གོང་ལྟར་ལ། བུམ་བཟླས་ནི། བུམ་པ་རང་པ་སེམས་ཉིད་ངལ་བསོའི་ཡེ་ཤེས་ཀྱི་སྐུ་ལྷག་པར་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཡི་ཐུགས་རྒྱུད་བསྐུལ། །དེ་ཡི་སྐུ་ལས་ཡེ་ཤེས་བདུད་


JKT013_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

རྩིའི་རྒྱུན། །བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར། །ཅེས་བརྗོད་ཅིང་བསམས་ལ་གཟུངས་ཐག་ནས་བཟུང་སྟེ་ཡིག་དྲུག་ཅི་ནུས་བཟླ། བྱེ་མ་ལའང་བསྔགས། མཆོད་བསྟོད་དང་། ཡི་གེ་བརྒྱ་པའི་རྗེས། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས་ལྷ་འོད་དུ་ཞུ་བའི་བུམ་ཆུ་བདུད་རྩིར་གྱུར་པར་བསམ། ལས་བུམ་ལ་དམིགས་ཏེ། ཧྲཱིཿ བཛྲ་ཀྲོ་དྷ་ཧ་ཡ་གྲི་ཝ་ཧཱུྃ་ཕཊ་ཅེས་རྟ་སྔགས་ཀྱིས་བྱིན་གྱིས་བརླབ། ཆོ་ག་དངོས་ལ། རྟེན་བསྐྱེད་རྣམ་ཤེས་དགུག་ཅིང་བསྟིམ། །བགེགས་དང་སྡིག་སྦྱོང་སྐྱབས་སུ་གསོལ། །དབང་བསྐུར་ཟས་བསྔོ་ལམ་བསྟན་ཅིང་། །གནས་སྤོར་རྟེན་སྦྱང་སཱཙྪ་གདབ། །ཅེས་བཅུ་གཅིག་ལས་དང་པོ་ནི། རྟེན་ལས་སྔགས་ཀྱིས་བསང་། ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉ་ཧཾ་གིས་སྦྱང་། སྟོང་པའི་ངང་ལས་པད་ཟླའི་སྟེང་། །ནྲྀ་ཡིག་ཡོངས་གྱུར་ཚེ་འདས་ཉིད། །གསོན་གྱི་རྣམ་པ་ཇི་ལྟ་བར། །ཐལ་སྦྱར་གུས་པས་འཁོད་པར་གྱུར། །གཉིས་པ་ནི། ན་མོ། བླ་མ་ཐུགས་རྗེ་ཆེན་པོ་ཡི། །བདེན་པའི་སྟོབས་དང་བྱིན་རླབས་ཀྱིས། །ཚེ་འདས་རྣམ་ཤེས་གར་གནས་ཀྱང་། །དམིགས་པའི་རྟེན་འདིར་མཆིས་གྱུར་ཅིག །ཨོཾ་བཛྲ་ཨཱ་ཀར་ཡ་ཛཞེས་པས་རྣམ་ཤེས་དང་། སརྦ་པཱ་པཾ་ཨཱ་ན་ཡ་ཧཱུྃ་གིས་སྡིག་པ་དགུག །ཛཿཧཱུྃ་བྃ་ཧོཿས་རྣམ་ཤེས་ཨ་དཀར་པོ་དྲི་མ་མེད་པའི་རྣམ་པས་རྟེན་ལ་ཐིམ་པར་བསམ། གསུམ་པ་ནི། བགེགས་གཏོར་རྃ་ཡྃ་ཁྃ་གིས་བསང་སྦྱང་། ༀ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབ། ཨོཾ་སརྦ་བིགྷཱན་ན་མཿསརྦ་ཏ་ཐཱ་


JKT013_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ག་ཏེ་བྷྱོ་བི་ཤྭ་སོགས་ལན་གསུམ་གྱིས་བསྔོ། བླ་མ་ཐུགས་རྗེ་ཆེན་པོ་ཡི། །བདེན་པའི་སྟོབས་དང་བྱིན་རླབས་ཀྱིས། །ཚེ་འདས་ཐར་ལམ་གེགས་བྱེད་ཀུན། །གཏོར་མ་འདི་ལོངས་གཞན་དུ་དེངས། །ལས་སྔགས་དང་། སུམྦྷ་བརྗོད་པས་བསྐྲད། ཨོཾ་བཛྲ་ཙ་ཀྲ་ཛྭ་ལ་རྃ་ཧཱུྃ་བྷྲཱུྃ་ཧཱུྃ་གིས་སྲུང་འཁོར་བསྒོམ། བཞི་པ་ལ་གསུམ་པས། དང་པོ་སྡིག་པ་ཐམས་ཅད་ཡེ་ཤེས་ཀྱི་མེ་དང་ཆུས་སྦྱང་བ་ནི། རྟེན་གྱི་མདུན་དུ་ཏིལ་དང་མེ་ཆུ་བཤམས་ལ། །ཚེ་འདས་སྡིག་སྒྲིབ་ཀྃ་ནག་པོ། །སྡིག་པའི་རྣམ་པས་སྣ་སྒོར་ཐོན། །ཏིལ་ལ་ཐིམ་པས་ཡེ་ཤེས་མེས། །བསྲེགས་ཤིང་ཆུ་ཡིས་སྦྱངས་པར་གྱུར། །ཅེས་དམིགས་ལ། ཨོཾ་སརྦ་པཱ་པྃ་ད་ཧ་ན་བྷ་སྨཱི་ཀུ་རུ་སྭཱ་ཧཱ། །ཞེས་བརྗོད་ལ་ཏིལ་མེ་དང་ཆུར་དོར། གཉིས་པ་ཆོས་ཉིད་ཀྱི་རླུང་གིས་གཏོར་བ་ནི། ཡི་གེ་དྲུག་པའི་མཐར། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏཱིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཅེས་བཟླས་ཤིང་བྱེ་མ་དང་ཡུངས་ཀར་གྱིས་བྲབ། གསུམ་པ་བྱང་ཆུབ་སེམས་ཀྱི་ཆུས་བཀྲུ་བ་ནི། ལས་བུམ་དུ་རྣམ་རྒྱལ་བུམ་པའི་ཆུ་ཅུང་ཟད་བསྲེས་ཏེ། ཐོག་མར་མཆོག་ཁྲུས་ནི། ཇི་ལྟར་བལྟམས་པ་སོགས་དང་། རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་དྲི་མ་མི་མངའ་ཡང་། །ཚེ་འདས་སྒོ་གསུམ་སྒྲིབ་སྦྱང་ཕྱིར། །གཙང་མ་ཆབ་ཀྱིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་


JKT013_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་ཡེ་ཧཱུྃ། ཞེས་ཁྲུས་གསོལ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་སྐུ་ཕྱི། ཁྲུས་ཆུ་སླར་ཡང་བུམ་པར་བླུགས་ཏེ་དམིགས་རྟེན་བཀྲུ་ཞིང་། ཏིལ་གྱི་གང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུང་ནས་ནི། །འདི་ཉིད་དུ་ནི་བླུགས་མཛད་པས། །བག་ཆགས་མ་ལུས་དག་གྱུར་ཅིག །ཅེས་དང་ཡི་གེ་དྲུག་པའི་མཐར། ཚེ་ལས་འདས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད། སྤྲོ་ན། ཕར་ཕྱིན་དྲུག་གི་ཚིགས་བཅད་སོགས་ཇི་ལྟར་རིགས་པ་སྤེལ། བཞི་པ་ཉོན་མོངས་པའི་དུག་སྦྱང་བ་ནི། བུམ་ཆུས་རྟེན་ལ་བྱབས་ཤིང་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །དཀོན་མཆོག་གསུམ་པོ་དུག་མི་མངའ། །མཆོག་གསུམ་བདེན་པས་དུག་སྦྱང་ངོ་། །ཞེས་དང་ཡི་གེ་དྲུག་པའི་མཐར། ཚེ་ལས་འདས་པའི་དུག་གསུམ་རྒྱུ་འབྲས་དང་བཅས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ལྔ་པ་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་དུག་སྦྱང་བ་ནི། འབྱུང་བཞི་དུག་གི་ཕ་ཡིན་ཏེ། །འབྱུང་བཞི་དུག་གི་མ་ཡང་ཡིན། །ཡུམ་ཆེན་བཞི་ཡི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་དུག་མེད་ཤོག །ཡིག་དྲུག་མཐར། ཚེ་ལས་འདས་པའི་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་དུག་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ལྔ་པ་ནི། ཚེ་འདས་ཉིད་བླ་མ་དང་


JKT013_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ཐུགས་རྗེ་ཆེན་པོ་ལ་སྐྱབས་སུ་གསོལ་བར་གྱུར་པའི་མོས་པས། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །བླ་མ་ཐུགས་རྗེ་ཆེན་པོ་ཡིས། །བདག་དང་མཐའ་ཡས་སེམས་ཅན་ཀུན། །འཁོར་བ་ངན་སོང་འཇིགས་ལས་སྐྱོབས། །བྱང་ཆུབ་གནས་སུ་དབུགས་དབྱུང་གསོལ། །ཅེས་བརྗོད། དྲུག་པ་ནི། རྒྱས་པར་སྤྲོ་ན་སེམས་བསྐྱེད་གསལ་འདེབས་ནས་བཟུང་། ཡོན་ཏན་དང་ཕྲིན་ལས་ཀྱི་དབང་བསྐུར་བ་ཡན་གོང་ལྟར་རྗེས་བཀྲ་ཤིས་བརྗོད། དམ་ཚིག་ཁས་བླང་སོགས་སྦྲེལ། བསྡུ་ན། ཚེ་འདས་ཉིད་སྐད་ཅིག་གིས་འཕགས་པ་ཐུགས་རྗེ་ཆེན་པོ་སེམས་ཉིད་བདེ་ཆེན་ངལ་བསོའི་སྐུར་གྱུར་པ་ལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་ནམ་མཁའ་གང་བ་སྤྱན་དྲངས་པ་དང་ལྷན་ཅིག་ཏུ་བྱང་ཆུབ་སེམས་ཀྱི་བདུད་རྩིས་དབང་བསྐུར་བས་སྒོ་གསུམ་གྱི་སྒྲིབ་པ་དག་ཅིང་། རྡོ་རྗེ་གསུམ་གྱི་ཡེ་ཤེས་མངོན་


JKT013_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གྱུར་པར་བསམས་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཞེས་དང་ཡི་གེ་དྲུག་པའི་མཐར། །ཨོཾ་བཛྲ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་བརྗོད་ཅིང་དབང་བསྐུར་བའི་མཐར། ནམ་མཁར་བཞུགས་པའི་དབང་གི་ལྷ་ཚོགས་རྣམས་ཚེ་འདས་ལ་ཐིམ་པར་གྱུར་བའི་མོས་པ་དང་བཅས། ཛཿཧཱུྃ་བྃ་ཧོཿ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ཞེས་བརྗོད། བདུན་པ་ནི། ཚེ་འདས་ལྷར་གྱུར་པ་ལ་འདོད་ཡོན་རྣམས་རྃ་ཡྃ་ཁྃ་གིས་བསང་སྦྱང་། སྟོང་པའི་ངང་ལས་ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་འདོད་ཡོན་གྱི་དངོས་པོ་ནམ་མཁའ་གང་བར་གྱུར་པར་བསམས་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་དང་། སྤྲོ་ན་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ། འདོད་ཡོན་རྣམ་པ་ཐམས་ཅད་པ། །ནམ་མཁའ་མཛོད་ཀྱི་སྤྲིན་དུ་འབུལ། །ཟག་མེད་དགའ་བས་རྒྱུད་གང་ནས། །བདེ་ཆེན་ཡེ་ཤེས་ཐོབ་པར་ཤོག །ཨོཾ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་པཉྩ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུྃ། ཞེས་མངའ་དབུལ་གྱི་ཚུལ་དུ་འབུལ། བརྒྱད་པ་ནི། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །སྡུག་བསྔལ་གསུམ་གྱི་རང་བཞིན་ཅན། །འཁོར་བའི་གནས་འདིར་མ་ཆགས་པར། །འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །བདེ་བ་ཅན་གྱི་ཞིང་ཁམས་ཡོད། །མགོན་པོ་འོད་དཔག་མེད་པ་བཞུགས། །སུ་ཞིག་དེ་ཡི་མཚན་འཛིན་པ། །


JKT013_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་དེ་རུ་སྐྱེ་བར་འགྱུར། །ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱང་། །མགོན་པོ་དེ་ཡི་མཚན་ཟུངས་ལ། །མོས་གུས་དྲག་པོས་གསོལ་བ་ཐོབ། །ཡིད་གཉིས་སྤོངས་ལ་དེར་གཤེགས་ཤིང་། །ཅེས་གདམས། དགུ་པ་ནི། འཕགས་པའི་ཐུགས་རྗེའི་ཡེ་ཤེས་ཀྱིས། །ཚོགས་སྦྱོར་མཐོང་སྒོམ་ཁྱད་པར་ལམ། །སྐད་ཅིག་ཉིད་ལ་བགྲོད་ནས་ཀྱང་། །བྱང་ཆུབ་ཆེན་པོར་སྨིན་གྱུར་ཅིག །པདྨོ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་ཀྱང་། །སྲིད་པའི་པདྨོ་ལས་བྱུང་བ། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཅེས་བརྗོད་པས་ཚེ་ལས་འདས་པའི་རྣམ་ཤེས་ཧྲཱིཿཡིག་དཀར་པོའི་རྣམ་པས་སྤྱི་བོ་ནས་འཐོན། བདེ་བ་ཅན་གྱི་ཞིང་དུ་སོང་། མགོན་པོ་འོད་དཔག་ཏུ་མེད་པའི་ཐུགས་ཀར་ཐིམ་པར་བསམས་ལ་རྣམ་པར་མི་རྟོག་པའི་ངང་དུ་ངལ་བསོ། བཅུ་པ་ནི། རྣམ་ཤེས་གཤེགས་པའི་བྱང་བུ་སྡིག་སྒྲིབ་དང་ལྷན་ཅིག་ཡེ་ཤེས་ཀྱི་མེས་བསྲེགས་པར་བསམས་ལ། ཆོས་ཉིད་དབྱིངས་ཀྱི་ཐབ་ཁུང་དུ། །རིག་པ་ཡེ་ཤེས་མེ་སྤར་བས། །ཚེ་འདས་ཉོན་མོངས་བག་ཆགས་ཀུན། །འོད་གསལ་སྣང་བར་འབར་གྱུར་ཅིག །ཅེས་དང་ཡི་གེ་དྲུག་པའི་མཐར། ཨག་ཡེ་ཛྭ་ལ་རྃ་ཞེས་བསྲེག །བཅུ་གཅིག་པ་ནི། སྔགས་བཟླ་བཞིན་དུ་ཐལ་བ་ལ་བུམ་ཆུས་བྲན། བྱེ་མས་བྲབ། སཱཙྪ་བཏབ་སྟེ་རྟེན་འབྲེལ་སྙིང་པོས་རབ་ཏུ་གནས། ཚེ་འདས་ཀྱི་དོན་ཏུ་བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་


JKT013_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་རྒྱ་ཆེར་གདབ་བོ། །གཉིས་པ་ནི། འདིའི་བསྙེན་པ་བྱེད་ན། བྲིས་སྐུ་སོགས་ཡོད་ན་དེའི་མདུན་དུ་མཆོད་གཏོར་བཤམ། མཚམས་དམ་པར་བཅད། ཐུན་བཞིའི་རིམ་པས་ཡི་གེ་དྲུག་པ་འབུམ་ཕྲག་ཉི་ཤུ་རྩ་བཞིའམ་དྲུག་བཟླ་བ་ནི་ལས་རུང་ཡིན་ལ། གཞན་དུ་རྟགས་མཐོང་བ་ལ་སོགས་པའི་བར་དུ་བརྩོན་པར་བྱ། གྲོལ་ཁར་གྲུབ་ན་མདུན་བསྐྱེད་རྟེན་དབང་གི་སྐབས་ལྟར་བཤམས་ལ། བདག་མདུན་དབྱེར་མེད་ཀྱི་སྒྲུབ་མཆོད་དང་བཟླས་པའི་མཐར་བདག་འཇུག་གི་ཚུལ་གྱིས་དངོས་གྲུབ་བླང་། གཞན་མཚམས་ཀྱི་སྤང་བླང་སོགས་སྤྱི་ལྟར་ཤེས་པར་བྱའོ།། །།སྙིང་རྗེའི་དབང་ཕྱུག་ཡེ་ཤེས་ཀྱི། །བདུད་རྩིའི་ཆུ་གཏེར་བསྲུབས་པའི་ཕུལ། །སྒྲུབ་ཐབས་ཕྲིན་ལས་ཟླ་སྣང་གིས། །ཁམས་གསུམ་འགྲོ་ཀུན་གདུང་སེལ་ཤོག། །།ཅེས་པའང་ཀུན་མཁྱེན་བླ་མ་ཉིད་ཀྱི་རྡོ་རྗེའི་གསུང་ལ་རིགས་མཐུན་གྱི་མཚམས་སྦྱོར་རྒྱས་པར་སྤྲོས་ཏེ། མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོ་རྡོ་རྗེ་གཟི་བརྗིད་ཀྱིས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།


previousཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་བསོའི་སྒྲུབ་ཐབས་ཕྲིན་ལས་དང་བཅས་པ་སྙིང་རྗེའི་ཟླ་སྣང་།next