Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།

291 occurrences of དགོངས་པ་
[Clear Hits]


72  collapse section
11   
10   
19   
21   
11   
 
 
183  expand section
 
 
རྗེ་རིན་པོ་ཆེས་རྭ་སྒྲེང་དུ་བསླབ་བཏུས་རྒྱས་པར་གསུང་དུས་འཇམ་དབྱངས་ཆོས་རྗེས་ཟིན་བྲིས་མཛད་པ།
 
19   


291 occurrences of དགོངས་པ་
[Clear Hits]

 
previousརྗེ་རིན་པོ་ཆེས་རྭ་སྒྲེང་དུ་བསླབ་བཏུས་རྒྱས་པར་གསུང་དུས་འཇམ་དབྱངས་ཆོས་རྗེས་ཟིན་བྲིས་མཛད་པ།next

རྗེ་རིན་པོ་ཆེས་རྭ་སྒྲེང་དུ་བསླབ་བཏུས་རྒྱས་པར་གསུང་དུས་འཇམ་དབྱངས་ཆོས་རྗེས་ཟིན་བྲིས་མཛད་པ།


JLD014_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་རིན་པོ་ཆེས་རྭ་སྒྲེང་དུ་བསླབ་བཏུས་རྒྱས་པར་གསུང་དུས་འཇམ་དབྱངས་ཆོས་རྗེས་ཟིན་བྲིས་མཛད་པ་བཞུགས་སོ། །


JLD014_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བསླབ་པ་ཀུན་ལས་བཏུས་པ་ལ་དོན་བཞི་སྟེ། སྒྲུབ་པའི་རྟེན་དལ་འབྱོར། སྤྱོད་པའི་རྟེན་སེམས་བསྐྱེད། སྤྱོད་པ་རང་གི་ངོ་བོ། སྤྱོད་པ་འགྲུབ་པའི་ཐབས་སོ། །དང་པོ་ནི། དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ། ཞེས་པས་ཚིགས་སུ་བཅད་པ་གཅིག་སྟེ། དེའི་དོན་ཡང་སྒྲུབ་པའི་རྟེན་ལ་དལ་འབྱོར་དགོས་པ་ཡིན་པར་འདུག་སྙམ་པ་ཙམ་ལ་མ་ལུས་པར་རང་ཉིད་ཀྱི་དལ་འབྱོར་གྱི་རྟེན་འདིས་གནས་སྐབས་དང་མཐར་ཐུག་གི་དོན་བསྒྲུབ་ནུས་པ་དང༌། ངན་སོང་ལ་སོགས་པའི་རྟེན་ལ་བསྒྲུབ་མི་ནུས་པ་དང༌། དལ་འབྱོར་ཀྱང་མི་བརྟན་ཞིང་ཤིང་ཏུ་རྙེད་དཀའ་བས། འདིར་ཕན་བདེའི་རྩ་བ་མ་བཟུང་ན་དོན་མེད་པ་དང་དོན་མ་ཡིན་པའི་ཕྱོགས་སུ་བརྒྱུད་དེ་དགེ་ལེགས་རྨི་ལམ་


JLD014_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

དུའང་མྱོང་བར་མི་འགྱུར་རོ་སྙམ་དུ་བསམས་ལ། དལ་འབྱོར་ལ་སྙིང་པོ་ལེན་འདོད་ཀྱི་བློ་བསྐྱེད་པར་བྱའོ། །གཉིས་པ་ནི། དེ་ལྟར་དོན་ཆེ་བ་དང་རྙེད་དཀའ་བ་བསམས་པ་ལས། སྡུག་བསྔལ་མཐར་འབྱིན་འདོད་པ་དང༌། བདེ་བའི་མཐར་ཡང་འགྲོ་འདོད་པས། ཞེས་ཏེ་རང་ཉིད་སྡུད་བསྔལ་མཐའ་དག་ཟད་པར་འདོད་པ་དང༌། བདེ་བ་མཐའ་དག་སྒྲུབ་པར་འདོད་པའི་བློ་སྐྱེ་ལ། རང་ཉིད་བཞིན་དུ་སེམས་ཅན་གཞན་ལའང་སྡུག་བསྔལ་བསལ་བ་དང་བདེ་བ་སྒྲུབ་པའི་བློ་བསྐྱེད་དགོས་ཏེ། སེམས་ཅན་གཞན་སྡུག་བསྔལ་ལ་མི་འདོད་པ་དང་བདེ་བ་ལ་འདོད་པ་མེད་ལ་རང་ཉིད་ལ་ཡོད་པར་འདོད་པས་འབྱེད་མི་ནུས་ཏེ། སེམས་ཅན་གཞན་ཡང་སྡུད་བསྔལ་མི་འདོད་པ་དང་བདེ་བ་འདོད་པར་མཚུངས་པའི་ཕྱིར་རོ། །དོན་དེ་ཉིད་བཤད་པ་ནི། འདི་ལྟར་གང་ཚེ་བདག་དང་བཅས་པའི་ཚིགས་


JLD014_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཅད་པ་གཅིག་གོ །གལ་ཏེ་བདེ་སྡུག་ལ་འདོད་མི་འདོད་མཚུངས་ཀྱང་སེམས་ཅན་གཞན་གྱི་སྡུག་བསྔལ་བསལ་བ་དང་བདེ་བ་སྒྲུབ་པ་ཁོ་རང་གིས་བྱེད་པར་རིགས་ལ། རང་ཉིད་ལ་ནི་རང་ཉིད་ཀྱིས་བྱེད་པར་རིགས་སོ་སྙམ་ན། རྣམ་པར་རྟོག་པ་འདི་ནི་བདག་དང་གཞན་སྔོ་སེར་བཞིན་དུ་རིས་ཆད་དུ་བཟུང་བ་ལས་གྱུར་པ་ཡིན་ན། དེའང་མི་འཐད་དེ་བདག་དང་གཞན་ཞེས་པ་ཕ་རོལ་ཚུ་རོལ་བཞིན་དུ་བལྟོས་པ་ལས་གྲུབ་པ་ཡིན་པས་གཞན་ལའང་རང་ཉིད་བཞིན་དུ་བློ་བསྐྱེད་པར་བྱའོ། །འདིའི་ལན་ལ། རང་ཉིད་ལ་བལྟོས་ནས་སེམས་ཅན་གཞན་དུ་འགྱུར་བ་དང༌། སེམས་ཅན་ལ་བལྟོས་ནས་རང་ཉིད་གཞན་དུ་འགྱུར་པ་ཙམ་གྱིས་ཆོག་གི །གང་ཟག་གི་བདག་མེད་པ་ཙམ་གྱི་དཔྱད་པ་ལ་ཐུག་མི་དགོས་གསུང་ངོ༌། །དེ་ལྟར་གོམས་པས་བདག་དང་གཞན་གྱི་རྒུད་པ་མཐའ་དག་སེལ་བར་འདོད་པ་དང༌། བདེ་བ་མཐའ་དག་སྒྲུབ་པར་འདོད་པ་དེས། དེའི་འབྱུང་ཁུངས་ཐེག་པ་ཆེན་པོ་ལ་དད་པ་བསྐྱེད་པ་ན། དད་པའི་རྩ་བ་བརྟན་བྱས་ནས། ཞེས་པའོ། །དོན་དེ་ཉིད། དཀོན་མཆོག་ཏ་ལ་ལའི་གཟུངས། །འཕགས་པ་རྒྱ་ཆེར་རོལ་པ། སེང་གེས་ཞུས་པའི་མདོ་རྣམ་པ་གསུམ་གྱི་ཁུངས་དྲངས་ནས་བསྒྲུབས་སོ། །དེ་ལྟར་ཐེག་པ་ཆེན་པོ་ལ་དད་པར་གྱུར་ན་ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད་པ་ཡིན་པས་སེམས་བསྐྱེད་པར་བྱའོ། ཞེས་པ་ནི། བྱང་ཆུབ་ལ་ཡང་བློ་བརྟན་བྱ། ཞེས་པའོ། །དེ་ལྟར་སེམས་བསྐྱེད་པ་ལ་ཕན་ཡོན་ཅི་ཡོད་སྙམ་ན། ཕན་ཡོན་བསམ་པའི་སྒོ་ནས་སྤྲོ་བ་བསྐྱེད་པ་ནི། སེང་གེས་ཞུས་པའི་མདོ་དང་འཕགས་པ་སྡོང་པོ་


JLD014_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པའི་མདོ་ཁུངས་སུ་དྲངས་ནས་བསྒྲུབས་སོ། །དེ་ལྟར་སེམས་བསྐྱེད་པ་ལ་ཕན་ཡོན་ཡོད་མོད། སོ་སོའི་སྐྱེ་བོ་ལ་དེ་ལྟར་བུའི་སེམས་བསྐྱེད་མི་ནུས་སམ་སྙམ་པའི་ཞུམ་པ་བསལ་བ་ནི། འཕགས་པ་དྲི་མ་མེད་པར་བསྟན་པའི་མདོ་དང༌། དཀོན་མཆོག་ཟ་མ་ཏོག་གི་མདོ་དང༌། ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པའི་མདོ་དང༌། ངེས་པ་དང་མ་ངེས་པ་ལ་འཇུག་པ་ཕྱག་རྒྱའི་མདོ་དྲངས་ནས་བསྒྲུབས་སོ། །ཕན་ཡོན་ཅན་གྱི་སེམས་དེ་ལ་དུ་ཡོད་ཅེ་ན། བྱང་ཆུབ་ཏུ་སྨོན་པའི་སེམས་དང༌། འཇུག་པའི་སེམས་གཉིས་སོ། །སེམས་དེ་གཉིས་སྐྱེ་ཚུལ་ཇི་ལྟར་བུ་ཞེ་ན། དང་པོ་ནི། གཞན་དོན་དུ་སངས་རྒྱས་སུ་འགྱུར་བར་བྱའོ་སྙམ་པ་དང༌། གཉིས་པ་ནི་སངས་རྒྱས་ཐོབ་པའི་ཆེད་དུ་བསླབ་བྱ་ལ་བསླབ་པར་བྱའོ་སྙམ་པའོ། །དོན་དེ་ཉིད་སྡོང་པོ་བཀོད་པའི་མདོས་བསྒྲུབས་སོ། །སྨོན་པའི་སེམས་ནི་འབྲས་བུ་ལ་དམ་འཆའ་བ་ཙམ་ཡིན་ན་དེ་ཙམ་ལ་བསོད་ནམས་མི་ཐོབ་བོ་སྙན་ན། དེ་ལྟ་བུ་ལའང་བསོད་ནམས་ཐོབ་པར་འཕགས་པ་བྱམས་པའི་རྣམ་པར་ཐར་པ་ལས་བརྗོད་པ་དང་། རྒྱལ་པོ་ལ་གདམས་པའི་མདོ་དྲངས་ནས་བསྒྲུབས་སོ། །དེ་ཙམ་ལ་བསོད་ནམས་ཆེན་པོ་འབྱུང་ན་བསླབ་བྱ་ལ་བསླབ་པར་དམ་འཆའ་བ་འཇུག་པའི་སེམས་ལ་བསོད་ནམས་ཆེན་པོ་འབྱུང་མོད་སོ་སོར་སྐྱེ་བོ་ལ་བྱང་ཆུབ་སེམས་དཔའི་སྡོམ་པའི་མི་སྐྱེའམ་སྙམ་པའི་ཞུམ་པ་སེལ་པ་ནི། ནམ་མཁའི་སྙིང་པོའི་མདོ་ལས་རྙེད་པ་དང་བཀུར་སྟིའི་ཕྱིར་རྩ་ལྟུང་འབྱུང་བར་བརྗོད་པ་དང༌།


JLD014_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

ས་བཅུ་པའི་མདོ་ལས། ས་དང་པོ་ལ་གནས་པ་ལ་རྙེད་པ་དང་བཀུར་སྟི་ལ་རྩ་ལྟུང་མི་འཕོག་པ་དང༌། དེ་བཞིན་དུ་འཕགས་པ་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས་ཀྱང་གསུངས་པ་རྣམས་ཀྱིས་བསྒྲུབས་སོ། །སོ་སོར་སྐྱེ་བོ་འགའ་ཞིག་ལ་སྐྱེ་མོད་རྟེན་བུད་མེད་ལྟ་བུ་ལ་མི་སྐྱེའམ་སྙམ་ན། བྱང་ཆུབ་སེམས་དཔའི་སོ་སོ་ཐར་པ་དྲངས་ནས་སྐྱེ་བར་བསྒྲུབས་སོ། །སོ་སོར་སྐྱེ་བོ་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་སྐྱེ་ན། གང་ལས་བླང་བར་བྱ་བའི་ཡུལ་ལ་ཇི་ལྟར་བུ་དགོས། ལེན་པར་བྱེད་པའི་ཚུལ་ཇི་ལྟ་བུ། ཁས་བླངས་པ་ལས་ཉམས་ན་ཉེས་པ་ཅིར་འགྱུར་སྙམ་ན། དང་པོ་ནི། དགེ་བའི་བཤེས་གཉེན་ལས་ལེན་ན་བྱང་ཆུབ་སེམས་དཔའི་བསླབ་པའི་གནས་ལ་གོམས་པ་ལྷུར་ལེན་བྱེད་པ་སྟེ་ཐེག་པ་ཆེན་པོ་ལ་མཁས་པ། བྱང་ཆུབ་སེམས་དཔའི་སྡོམ་པ་དང་ལྡན་པའི་ཆོས་གཉིས་དང་ལྡན་དགོས་སོ། །གཉིས་པ་ནི། བསྲུང་བར་བྱ་རྒྱུའི་སྡོམ་པ་དང་བདག་ཉིད་ཀྱིས་ཀྱང་བསྲུང་ཅི་ནུས་བརྟགས་ལ་བཟུང་ངོ༌། །གསུམ་པ་ནི། དམ་པའི་ཆོས་དྲན་པ་ཉེར་གཞག་དང༌། ཆོས་ཡང་དག་པར་སྡུད་པའི་མདོ་དང༌། འཕགས་པ་བློ་གྲོས་རྒྱ་མཚོའི་མདོ་རྣམས་ཀྱིས་བསྒྲུབས་སོ། །དགེ་བའི་བཤེས་གཉེན་མེད་ན་སངས་རྒྱས་དང་བྱང་ཆུབ་དཔའ་རྣམས་མངོན་སུམ་དུ་བསྒོམས་ནས་བླང་ངོ༌། །གལ་ཏེ་བྱང་ཆུབ་སེམས་དཔའི་སྡོམ་པ་བཟུང་བར་མི་ནུས་ཀྱང་སྨོན་པ་ཙམ་ལ་མི་གནས་པར་དགེ་རྩ་སྣ་རེ་ཙམ་དང་དུས་ཀྱང་ཇི་སྲིད་འཚོ་བར་སོགས་སུ་དགེ་རྩ་གཟུང་བར་བྱའི་མ་བཟུང་ན་ཉེས་པར་འགྱུར་བ་ནི། སའི་སྙིང་པོའི་


JLD014_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

མདོས་བསྒྲུབས་ལ། བསླབ་བྱ་སྣ་རེ་ཙམ་དང་དུས་ཇི་སྲིད་འཚོ་བར་སོགས་སུ་བཟུང་དུ་རུང་བ་ནི། སྨན་བླའི་མདོ་ནས་དད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ཞེས་སོགས་ཀྱིས་བསྒྲུབས་སོ། །དགེ་རྩ་སྣ་རེ་ཙམ་དང་དུས་ཇི་སྲིད་འཚོ་བར་སོགས་སུ་བསླབ་བྱ་ལ་བསླབ་པར་ཁས་ལེན་པ་ནི་བྱང་ཆུབ་སེམས་དཔའི་བསླབ་བྱ་ལ་བསླབ་པའི་རིམ་པ་ཡིན་གྱི་བྱང་ཆུབ་སེམས་དཔའི་སྡོམ་པར་བཤད་པ་ནི་མི་འཐད་དེ། ཡན་ལག་ངེས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་སྡོམ་པ་བསྲུངས་པའི་ཕན་ཡོན་དང་མ་བསྲུངས་པའི་ཉེས་དམིགས་ཀྱང་ཤེས། བྱང་ཆུབ་སེམས་དཔའི་སྤྱོད་པ་དཀའ་བའང་ཤེས་རབ་ཀྱིས་རྟོགས་པར་བྱས་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་བཟུང་བར་འདོད་པ་དེས་ཇི་ལྟར་གཟུང་བར་བྱ་ཞེ་ན། སྦྱོར་བའི་དུས་སུ་དགེ་བའི་བཤེས་གཉེན་གྱིས་བློ་ལེགས་པར་ཁྲིད་དེ་ཡན་ལག་བདུན་པ་བྱ་བ་དང༌། དགེ་བའི་བཤེས་གཉེན་ལ་གསོལ་བ་བཏབ་སྟེ། གསོལ་བ་འདེབས་པ་ནི་སྡོམ་པ་ཉི་ཤུ་པའི་འགྲེལ་པ་ནས་འབྱུང་བ་དང་འདྲའོ། །དངོས་གཞིའི་དུས་སུ་དེའི་ཚིག་བཟླས་པའམ་ཡང་ན་བདག་ཉིད་ཀྱིས་བརྗོད་པར་བྱའོ། །སློབ་དཔོན་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཞེས་སྨོས་ལ། འཇམ་དཔལ་གྱི་ཞིང་བཀོད་ནས་འབྱུང་བའི་མགོའི་ཤློ་ཀ་གཉིས་སམ། སྤྱོད་འཇུག་ནས་འབྱུང་བའི་ཇི་ལྟར་སྔོན་གྱི་ཞེས་པ་སོགས་ཀྱི་བཟུང་ངོ༌། རྗེས་ནི་སྤྱོད་འཇུག་ནས་འབྱུང་བ་བཞིན་བྱའོ། །ཆོ་གའི་ཚིག་རང་ཉིད་ཀྱིས་བརྗོད་པས་ཆོག་པ་ནི་བྱང་ས་དང་མི་འདྲའོ་གསུང་ངོ༌། དེ་ལྟར་བྱང་ཆུབ་


JLD014_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའི་སྡོམ་པ་བཟུང་ཡང༌། མ་བསྲུངས་ན་ཉེས་པར་འགྱུར་བས་བསྲུང་དགོས་ལ། བསྲུང་བ་ལ་ཤེས་དགོས་པས། གསུམ་པ་སྤྱོད་པ་རང་གི་ངོ་བོ་ལ། བསླབ་བྱའི་ཁོག་སྤྱིར་བསྟན་པ། སྲུང་འདོད་བསྐྱེད་པ། སྲུང་ཚུལ་དངོས་དང་གསུམ། དང་པོ་ལ། གང་གི་ཆེད་དུ་བསླབ་པ་བསྲུང་བ་ལ་འཇུག་པ། དགོས་པ་དེའི་ཆེད་དུ་བསླབ་པ་བསྲུང་བ་ལ་འཇུག་པའི་རང་བཞིན། དགག་དགོས་ཀྱི་སྒོ་ནས་བསླབ་པ་བསྲུང་བ་ལ་འཇུག་ཚུལ། དེ་བཞིན་གཤེགས་པའི་བཅས་མཚམས་ལས་འདས་ན་ལྟུང་བར་འགྱུར་བའི་སྒོ་དང་བཞི། དང་པོ་ནི། རྟེན་སེམས་ཅན་ཐམས་ཅད་དངོས་པོ་སྡུག་བསྔལ་དང་ཡིད་མི་བདེ་བ་ཐམས་ཅད་ཞི་བར་བྱ་བ་དང༌། བདེ་བ་དང་ཡིད་བདེ་བ་ཐམས་ཅད་བསྐྱེད་པའི་ཕྱིར་དུའོ། །གཉིས་པ་ནི། ཆེད་དུ་བྱ་བ་དེའི་ཆེད་དུ་གཡོ་མེད་བར་ལུས་ངག་ཡིད་གསུམ་བརྩོན་པས་ནན་ཏན་བྱེད་པ་དང་སྡུག་བསྔལ་དང་ཡིད་མི་བདེ་བསལ་བ་དང༌། བདེ་བ་དང་ཡིད་བདེ་བ་བསྐྱེད་པའི་རྐྱེན་ཚོགས་པ་འཚོལ་བ་དང་དེའི་བར་དུ་གཅོད་པའི་གཉེན་པོ་ལ་འབད་པས་ཏེ། མི་འབད་པར་སྐད་ཅིག་ཙམ་ཡལ་བར་འདོར་ན་ལྟུང་བ་དང་བཅས་པ་ཡིན་ནོ། །གསུམ་པ་ནི། ཕུགས་ཀྱི་སྡུག་བསྔལ་དང་ཡིད་མི་བདེ་བ་ཆེན་པོ་ཟློག་པའི་ཆེད་དུ་འཕྲལ་དུ་སྡུག་བསྔལ་དང་ཡིད་མི་བདེ་བ་ཆུང་ངུ་བསྐྱེད་པ་དང༌། ཕུག་ཀྱི་བདེ་བ་དང་ཡིད་བདེ་བ་ཆེན་པོ་བསྐྱེད་པའི་ཆེད་དུ་འཕྲལ་གྱི་བདེ་བ་དང་ཡིད་བདེ་བ་ཆུང་ངུ་ཉམས་པར་བྱེད་པའོ། །བཞི་པ་ནི། ཅི་ནུས་ཀྱི་རིགས་པ་དང་མི་རིགས་པ་མ་དཔྱད་ནས་ལེན་པའམ་ལྡོག་པའི་བཏང་སྙོམས་སུ་འཇོག་ན་དོན་ལ་གནས་ཀྱང་ལྟུང་བར་འགྱུར་ལ།


JLD014_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས་ཏེ་བླང་བར་བྱ་བ་མ་བླངས་པ་དག་དོར་བྱ་མ་དོར་བ་སོགས་བྱས་ན་ལྟུང་བར་འགྱུར་རོ། །གཉིས་པ་སྲུང་འདོད་བསྐྱེད་པ་ནི། བསླབ་པ་ལ་བརྩོན་པའི་ཕན་ཡོན་བསམས་པའི་སྒོ་ནས་སྤྲོ་བ་བསྐྱེད་པ་དང༌། ཕན་ཡོན་མཐོང་བའི་བྱང་ཆུབ་སེམས་དཔས་བསླབ་པ་ལ་བརྩོན་པ་ལས་ཕྱིར་མི་ལྡོག་པར་བྱའོ་ཞེས་པ་ནི། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་མདོ་དང༌། ཟླ་བ་སྒྲོན་མེའི་མདོས་བསྒྲུབས་སོ། །གསུམ་པ་སྲུང་ཚུལ་དངོས་ལ་གཉིས། བསླབ་པ་སྤྱི་ལ་བསླབ་པ་དང༌། བྱེ་བྲག་ལ་བསླབ་པའོ། དང་པོ་ནི། བསླབ་བྱ་ལ་བསླབ་པར་སྤྲོ་བ་དེ་ལ་བྱང་ཆུབ་སེམས་དཔའི་བསླབ་པའི་ཚིག་རྣམས་བཅོམ་ལྡན་འདས་ཀྱིས་མདོ་དག་ལས་གཟུགས་སོ་ཞེས་འཕགས་པ་དཀོན་མཆོག་སྤྲིན་གྱི་ཁུངས་དྲངས་སོ། །དེ་ལྟར་རྒྱ་ཆེར་གསུངས་པས་བདག་ལྟ་བུ་བློ་ཞན་པས་བྱང་ཆུབ་སེམས་དཔའི་སྡོམ་པ་ཤེས་པར་དཀའ་ན་ཇི་ལྟར་བྱ་བར་རིག་སྙམ་ན། གང་གིས་ལྟུང་བར་མི་འགྱུར་པ། །གནད་ཀྱི་གནས་རྣམས་འདིས་རིག་བྱ། ཞེས་སྨོས་ཏེ། བཅོལ་ལྡན་འདས་ཀྱིས་གསུངས་པའི་བསླབ་པའི་གནས་ལ་སྲུང་མཚམས་ཇི་ལྟ་བུ་ཞིག་བཟང་ན་ལྟུང་བར་མི་འགྱུར་པའི་གནས་རྣམས་འདིས་རིག་པར་བྱའོ་ཞེས་པའོ། །གནད་ཀྱི་གནས་དེ་དག་གང་ཞེ་ན། །འདི་ལྟ་སྟེ་བདག་གི་ལུས་དང་ཞེས་པའི་ཚིགས་སུ་བཅད་པ་གཅིག་གོ །འདི་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་བསྡུས་པ་ཡིན་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའི་བསླབ་བྱ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་འདུས་ཤིང༌། དེ་ཉིད་བཏང་བསྲུང་དག་སྤེལ་བཅུ་གཉིས་ཀྱིས་


JLD014_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པ་ཡིན་ལ། སྒྲུབ་ཚུལ་ནི། ལུས་དང་ལོངས་སྤྱོད་དང་དགེ་རྩ་བཏང་བ་གསུམ་གྱིས་སྦྱིན་པའི་ངོ་བོ་བསྒྲུབ་ལ། འཆལ་ཚུལ་གསར་དུ་འཇུག་པའི་སྒོ་སྡོམ་པའི་སྲུང་བ་གསུམ་དང༌། སྔར་བྱས་སྦྱང་པའི་ལུས་ཀྱི་དག་པ་སྡིག་པ་སྦྱང་བ་གཉིས་ཀྱིས་ཚུལ་ཁྲིམས་ཀྱི་ངོ་བོ་བསྒྲུབ། ལུས་དག་པའི་ཕྱོགས་གཅིག་ཉོན་མོངས་དག་པ་ལ་གསུམ། གཉེན་པོའི་རང་བཞིན། གཉེན་པོ་བསྐྱེད་པའི་མཐུན་རྐྱེན། །གཉེན་པོ་བསྐྱེད་པའི་འགལ་རྐྱེན་བསལ་བའོ། །དང་པོས་བསམ་གཏན་དང་ཤེས་རབ། གཉིས་པས་བརྩོན་འགྲུས། གསུམ་པས་བཟོད་པའི་ངོ་བོ་བསྒྲུབ་བོ། །དག་པ་གཉིས་དང་སྤེལ་བ་གསུམ་གྱིས་ཕྱིན་དྲུག་ཁྱད་པར་དུ་བྱེད་ལ། དེའང་ལོངས་སྤྱོད་དག་པས་སྦྱིན་པ་ཁྱད་པར་དུ་བྱེད་ལ། རང་དོན་གྱི་དྲི་མ་དང་མཚན་འཛིན་གྱི་དྲི་མའི་གཉེན་པོ་དགེ་རྩ་དག་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ག་ཁྱད་པར་དུ་བྱེད་དོ། །སྤེལ་བ་ལ་ལུས་ཀྱི་བྱ་བ་སྤེལ་བ་དང་སྟོབས་བསྐྱེད་པ་གཉིས་ཀྱིས་ཕྱིན་དྲུག་གི་རྟེན་སྤེལ་བ་དང༌། ལོངས་སྤྱོད་སྤེལ་པས་སྦྱིན་པ་སྤེལ་བ་དང༌། དགེ་རྩ་སྤེལ་བ་ལ་སྦྱོར་བ་སྤེལ་བ་དང༌། དགེ་བ་སྤེལ་བ་དངོས་དང་གཉིས། དང་པོ་ལ། བསམ་པ་བསྐྱེད་པ། བརྩོན་པ་བསྐྱེད་པ། སྙིང་རྗེ་མདུན་དུ་བཞག་པ་དང་གསུམ། གཉིས་པ་ལ། ཕུང་པོ་གསུམ་པའི་སྒོ་ནས་དགེ་རྩ་སྤེལ་བ་དང༌། དང་པ་ལ་སོགས་པ་ལྔ་སྒོམ་པ། །བྱམས་པ་སྒོམ་པ། དཀོན་མཆོག་རྗེས་སུ་དྲན་པ། སེམས་ཅན་གྱི་དོན་བྱེད་པ། ཆོས་ཀྱི་སྦྱིན་པ། བྱང་ཆུབ་ཀྱི་སེམས་སྒོམ་པ་དང་བདུན། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་ཕྱིར་དུ་ལུས་


JLD014_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལོངས་སྤྱོད་དང་དགེ་རྩ་རྣམས་བཏང་བ་དང་བསྲུང་བ་དང་དག་པ་དང་སྤེལ་བའི་བསམ་པ་དངོས་སམ། དེའི་འདུ་བྱེད་ཀྱི་ནུས་པ་རྒྱུན་མ་ཆད་པར་བྱ་ཞིང༌། གལ་ཏེ་ཆད་ན་ལྟུང་བར་འགྱུར་བ་ནི། བྱང་ཆུབ་སེམས་དཔའི་སོ་སོ་ཐར་པའི་མདོ་དང༌། འདུལ་བ་ཡོངས་སུ་དག་པའི་མདོའི་ཁུངས་ཀྱིས་བསྒྲུབས་སོ། །དེ་ནི་བཏང་བསྲུང་དག་སྤེལ་ལ་དངོས་སུ་འཇུག་པའི་བསླབ་པ་སྤྱིའི་ཆོས་སོ། །གཉིས་པ་བྱེ་བྲག་ལ་བསླབ་པ་ལ་ཕྱིན་དྲུག་གི་ངོ་བོ་སྒྲུབ་པ་དང་། ཕྱིན་དྲུག་ཁྱད་པར་དུ་བྱེད་པ་གཉིས། དང་པོ་ལ། སྤྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་སྒྲུབ་པ་དང་དྲུག་གོ །དང་པོ་སྦྱིན་པ་བསྒྲུབ་པ་ལ་གཉིས། བཟུང་བའི་ཉེས་པ་དང་བཏང་བའི་ཕན་ཡོན་བསམས་པའི་སྒོ་ནས་གཏོང་འདོད་བསྐྱེད་པ་དང༌། གཏོང་བ་དངོས་སོ། །དང་པོ་ནི། ལུས་དང་ལོངས་སྤྱོད་དགེ་བ་ལ་བདག་གིར་བཟུང་བའི་ཉེས་པ་དང་བཏང་བའི་ཕན་ཡོན་བསམས་པའི་སྒོ་ནས་བཏང་བ་ལ་སྤྲོ་བ་བསྐྱེད་པ་ནི། ཟླ་བ་སྒྲོན་མེའི་མདོ། །སྒོ་མཐའ་ཡས་པའི་གཟུངས། བྱང་ཆུབ་སེམས་དཔའི་སོ་སོ་ཐར་པ། དྲག་ཤུལ་ཅན་གྱིས་ཞུས་པ་རྣམས་ཀྱིས་བསྒྲུབས་སོ། །གཉིས་པ་བཏང་བ་དངོས་ནི། ལུས་དང་ལོངས་སྤྱོད་དང་དགེ་རྩ་གསུམ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་ཉེར་འཚོའི་རྒྱུར་གྱུར་ཅིག་སྙམ་པའི་བསམ་པའི་རྒྱུན་མ་ཆད་པར་བྱེད་པ་དང༌། གནས་ཁང་དང་བཞོན་པ་དང་ཟས་དང་གོས་ལ་སོགས་པ་ཅི་སྤྱོད་པ་ཐམས་ཅད་ལ་སེམས་ཅན་གྱི་ཆེད་དུ་


JLD014_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་པའི་བསམ་པ་དངོས་སམ། དེའི་འདུ་བྱེད་ཀྱི་ནུས་པ་མ་དོར་ན་སྦྱིན་པ་ལ་སྤྱོད་པའི་སྐབས་ཀྱི་ལྟུང་བ་ཁེགས་ལ། ཟས་གོས་སོགས་ལ་བདག་ལ་སྲེད་པས་ལོངས་སྤྱད་ན་ཉོན་མོངས་ཅན་གྱི་ལྟུང་བ་དང༌། བདག་ལ་སྲེད་པ་མེད་རུང་སེམས་ཅན་གྱི་ཆེད་དུ་སྙམ་པའི་ནུས་པ་དོར་ན་ཉོན་མོངས་ཅན་མ་ཡིན་པའི་ལྟུང་བར་འགྱུར་རོ། །སྦྱིན་པ་ལ་དངོས་སུ་སྤྱོད་པ་ན་སྦྱིན་པར་བྱ་བ་མ་ཡིན་པ་ནི། ཇི་སྲིད་བསམ་པ་མ་དག་པར། །ལུས་ནི་སྦྱིན་པར་མི་བྱ་སྟེ། ཞེས་པ་དང༌། ཆོས་གོས་གསུམ་མ་གཏོགས་པར་སྦྱིན། ཞེས་སོ། གཉིས་པ་ཚུལ་ཁྲིམས་སྒྲུབ་པ་ལ་བཞི། བསྲུང་དགོས་པའི་རྒྱུ་མཚན་གང་ལ་བརྟེན་ནས་བསྲུང་བ་ལ་འཇུག་པ། འཆལ་ཚུལ་གསར་དུ་འཇུག་པའི་སྒོ་བསྡམས་པའི་སྒོ་ནས་བསྲུང་བ་ལ་འཇུག་ཚུལ། འཆལ་ཚུལ་སྔར་བྱས་འདག་པར་བྱེད་པའོ། །དང་པོ་ནི། སེམས་ཅན་རྣམས་ཀྱིས་ལོངས་སྤྱོད་ཕྱིར། ལུས་ལ་སོགས་པ་སྦྱིན་པར་བྱ། མ་བསྲུངས་ལོངས་སྤྱོད་ག་ལ་འོང༌། །གང་མི་སྤྱོད་པས་ཅི་ཞིག་སྦྱིན། །དེ་བས་སེམས་ཅན་ལོངས་སྤྱོད་ཕྱིར། །ལུས་ལ་སོགས་པ་བསྲུང་བར་བྱ། ཞེས་སྨོས་སོ། །ལུས་ལ་སོགས་པ་བསྲུང་བར་བྱའོ། །ཅིའི་ཆེད་དུ་སྙམ་ན། སེམས་ཅན་རྣམས་ཀྱིས་ལོངས་སྤྱོད་པ་སྟེ་ཉེར་འཚོའི་རྒྱུར་འགྱུར་བར་བྱ་བའི་ཆེད་དུའོ། །ཉེར་འཚོའི་རྒྱུར་འགྱུར་བའི་ཆེད་དུ་བསྲུང་དགོས་པ་ཅི་སྙམ་ན། གང་མི་སྤྱོད་པས་ཅི་ཞིག་སྦྱིན། ཞེས་ཏེ། ཉེར་འཚོའི་རྒྱུར་མ་གྱུར་ན་སྦྱིན་པའི་དགོས་པ་མ་གྲུབ་ཅེས་པའོ། །བསྲུང་བ་དང་ཉེར་འཚོའི་རྒྱུར་འགྱུར་བ་ཅི་འབྲེལ་སྙམ་ན། མ་བསྲུངས་ལོངས་སྤྱོད་ག་ལ་ལོང༌། ཞེས་ཉེར་འཚོའི་རྒྱུར་མ་གྱུར་ན་སྦྱིན་པའི་དགོས་པ་མི་འགྲུབ་པ་ནི། སེམས་


JLD014_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རྣམས་ཀྱིས་ལོངས་སྤྱོད་ཕྱིར། །ལུས་ལ་སོགས་པ་སྦྱིན་པར་བྱ། ཞེས་ཏེ། སེམས་ཅན་རྣམས་ཀྱི་ཉེར་འཚོའི་རྒྱུར་འགྱུར་བའི་ཆེད་དུ་ལུས་ལ་སོགས་པ་བཏང་པ་ཡིན་ནོ་ཞེས་པའོ། །བྱང་ཆུབ་སེམས་དཔའི་སོ་སོའི་ཐར་བ་དང་། ཁྱིམ་བདག་དཔལ་བྱིན་གྱིས་ཞུས་པ་དང་། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་རྣམས་ཀྱིས་བསྒྲུབས་སོ། །གཉིས་པ་ནི། དགེ་བའི་བཤེས་གཉེན་མི་བཏང་ཞིང་། མདོ་སྡེ་དག་ལ་རྟག་བལྟ་བས། །ལུས་ལ་སོགས་པ་བསྲུང་བར་བྱ། ཞེས་ཏེ། དགེ་བའི་བཤེས་གཉེན་གྱིས་རྗེས་སུ་བཟུང་བའི་ཕན་ཡོན་དང་དགེ་བའི་བཤེས་གཉེན་བསྟེན་ཚུལ་རྣམས། སྡོང་པོ་བཀོད་པའི་མདོ་དང་། ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་རྣམས་ཀྱིས་བསྒྲུབས་སོ། །མདོ་དེ་དང་དེ་དག་ལས་བྱང་ཆུབ་སེམས་དཔའི་ཀུན་ཏུ་སྤྱོད་པ་དང་བྱང་ཆུབ་སེམས་དཔའི་བསླབ་བའི་གཞི་རྣམས་བཅས་སོ་ཞེས་འབྱུང་བའི་ཕྱིར་ལྟུང་བ་དང་ལྟུང་བ་མ་ཡིན་པ་ཤེས་པར་བྱ་བའི་ཕྱིར་རྟག་ཏུ་མདོ་སྡེ་བལྟ་བ་ལ་གུས་པར་བྱའོ། །དེའི་ཕྱིར་དགེ་བའི་བཤེས་གཉེན་མི་བཏང་བ་འདི་དང་མདོ་སྡེ་བལྟ་བས་ཀྱང་དམ་པའི་ཆོས་ཡོངས་སུ་བཟུང་བར་བསྟན་པ་ཡིན་ལ། དམ་པའི་ཆོས་བཟུང་བས་ཀྱང་བསྲུང་བ་ལ་སོགས་པ་འགྲུབ་པར་བསྟན་པ་ནི། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་དང༌། དཔའ་ཕྲེང་སེང་གེ་སྒྲའི་མདོ་དྲངས་ནས་སོ། །གསུམ་པ་ལ། ལུས། ལོངས་སྤྱོད། དགེེ་རྩ་བསྲུང་བ་གསུམ། དང་པོ་ལ། ཕྱི་མའི་ལུས་


JLD014_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནོད་པར་འགྱུར་བའི་ལས་བསྲུང་བ་དང༌། ཚེ་འདིར་ཕན་པའི་རྐྱེན་བསྟེན་པ་གཉིས། དང་པོ་ལ། རང་ལ་གནོད་པ་བསྲུང་བ་དང༌། གཞན་ལ་གནོད་པ་བསྲུང་བ་གཉིས། དང་པོ་ལ། དགག་བྱ་གནོད་འགྱུར་གྱི་ལས་ངོས་བཟུང་བ། དེའི་འགོག་བྱེད་གྱི་ཐབས་བསྟེན་པ། ཐབས་དེས་གནོད་འགྱུར་སྤོང་བར་འགྱུར་བའི་ཚུལ་དང་གསུམ། དང་པོ་ལ་བཅུ་གསུམ། དམ་ཆོས་མི་འཛིན་པའི་གནོད་པ། བདུད་ལས་ཀྱི་གནོད་པ། བྱང་ཆུབ་ཀྱི་སེམས་བརྗེད་པའི་གནོད་པ། སྤྲོ་བ་མེད་པའི་གནོད་པ། འཁྲུལ་པ་བྱེད་པའི་གནོད་ལ། མོས་པ་མེད་པའི་གནོད་པ། ཞལ་ཏ་པ་དང་དགེ་སྦྱོང་གི་དྲི་མའི་གནོད༌པ། རྩ་ལྟུང་གི་གནོད་པ། རབ་བྱུང་གི་བར་ཆད་བྱེད་པའི་གནོད་པ། མི་དགེ་བ་བཅུའི་གནོད་པ། འདོད་པའི་ཡོན་ཏན་ལ་ཆགས་པའི་གནོད་པ། ཡུལ་ཁྱད་པར་ཅན་ལ་ལོག་པར་བསྒྲུབ་པའི་གནོད་པ། དམ་ཆོས་སྤངས་པའི་གནོད་པའོ། །དང་པོ་ནི། དེ་ལ་ལུས་སྲུང་གང་ཞེ་ན། གནོད་འགྱུར་སྤོང་བ་གང་ཡིན་པའོ། །ཞེས་ཏེ། ལུས་དང་སྲོག་ལ་མི་བལྟ་བར་དམ་པའི་ཆོས་འཛིན་པ། འཕགས་པ་ནམ་མཁའ་མཛོད་གྱི་མདོ་དང༌། གང་ལ་བརྟེན་ན་དམ་ཆོས་འཛིན་པའི་གེགས་སུ་འགྱུར་བའི་སྡིག་གྲོགས་སྤོང་པ་འཕགས་པ་དམ་པའི་ཆོས་པདྨ་དཀར་པོའི་ཁུངས་དྲངས་སོ། །གཉིས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་གསུངས་པ་དང༌། འཕགས་པ་ནམ་མཁའ་མཛོད་ཀྱི་མདོ་ལས་གསུངས་པའི་མི་དགེ་བའི་རྗེས་སུ་འཇུག་པ་དང༌། དགེ་བའི་ཆོས་སྤོང་བའི་བདུད་ལས་དང༌། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་གསུངས་པ་རྣམས་


JLD014_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །འདི་རྣམ་པར་སྤང་བ་ནི། དཀོན་མཆོག་སྤྲིན་གྱི་མདོ་ལས་གསུངས་སོ། །གསུམ་པ་ནི། ནག་པའི་ཆོས་བཞི་སྤང་བ་དང་དཀར་པོའི་ཆོས་བཞི་བསྟེན་པ་དཀོན་མཆོག་བརྩེགས་པ་ལས་གསུངས་པ་དང༌། སེང་གེས་ཞུས་པ་ལས་གསུངས་པ་དང༌། འཕགས་པ་འཇམ་དཔལ་གྱི་ཞིང་བཀོད་ནས་གསུངས་པ་དང༌། ཡང་དཀོན་མཆོག་བརྩེགས་པ་ལས་འབྱུང་བ་སྤྱོད་ལམ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་སྦྱོང་བ་དང་། དགེ་རྩ་ཅི་སྒྲུབ་ཀྱི་སྔོན་དུ་བྱང་ཆུབ་ཀྱི་སེམས་གཏོང་བ་དང༌། ཟླ་བ་སྒྲོན་མེའི་མདོ་ལས་འབྱུང་བ་རྣམས་སོ། །བཞི་པ་ནི། བདག་ལྟ་བུས་བྱང་ཆུབ་བསྒྲུབ་པར་ག་ལ་ནུས་སྙམ་པའི་སྤྲོ་བ་མེད་པ་སྤང་བ་ནི། དཀོན་མཆོག་སྤྲིན་ལས་གསུངས་སོ། །ལྔ་པ་ནི། དཀོན་མཆོག་བརྩེགས་པ་ལས་གསུངས་པའི་སེམས་ཅན་ཡོངས་སུ་སྨིན་པར་མ་བྱས་པ་རྣམས་ཡིད་རྟེན་པ་སོགས་བཞིའོ། །དྲུག་པ་ནི། འཕགས་པ་ཡུལ་འཁོར་སྐྱོང་ལས་འབྱུང་བ་དང༌། དེ་སྤོང་བ་དཀོན་མཆོག་བརྩེགས་པ་ལས་འབྱུང་བའོ། །བདུན་པ་ནི། ཡུལ་གང་ལ་ཞལ་ཏ་བྱ་བ༌། བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལས་འབྱུང་བ་དང༌། ཞལ་ཏ་བྱེད་པའི་ཚུལ་རིན་པོ་ཆེའི་ཕུང་པོ་ལས་འབྱུང་བ་དང༌། དགེ་འདུན་སྲུངས་ཀྱི་རྟོགས་པ་བརྗོད་པ་ལས་གསུངས་སོ། །བརྒྱད་པ་ལ། རྒྱལ་པོའི་རྩ་ལྟུང་ལྔ། དེའི་སྟེང་དུ་གྲོང་ལ་སོགས་པ་འཇོམས་པ་གཅིག་དང༌དྲུག །ལས་དང་པོ་པ་ལ་རྩ་ལྟུང་བརྒྱད། གསང་ཆེན་ཐབས་ལ་མཁས་པའི་མདོ་ནས་འབྱུང་བའི་རྩ་ལྟུང་གཅིག །སྡོམ་པ་ཉི་ཤུ་པ་ནས་འབྱུང་


JLD014_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྩ་ལྟུང་གསུམ། དང་པོ་དྲུག་གི་དང་པོ་ནི། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ། །ཕས་ཕམ་པ་ཡི་ལྟུང་བར་འདོད། ཅེས་ཏེ། ལུགས་སུ་བླུགས་པ་དང༌། འབུར་དུ་དོད་པ་སོགས་ཀྱི་མཆོད་རྟེན་དང༌། ཕྱོགས་རིས་སུ་བཅད་པའི་དགེ་འདུན་དང༌། ཕྱོགས་རིས་མེད་པའི་ཕྱོགས་བཞིའི་དགེ་འདུན་རྣམས་ཀྱི་རྫས་འཕྲོག་གམ་འཕྲོག་ཏུ་འཇུག་པའོ། །གང་ཟག་གི་རྫས་ཙམ་གྱིས་མི་ཆོག་གསུང་ངོ༌། །གཉིས་པ་ནི། དམ་པའི་ཆོས་ནི་སྤོང་བྱེད་པ། །གཉིས་པར་ཐུབ་པས་གསུངས་པ་ཡིན། ཞེས་ཏེ། ཉན་ཐོས་ཀྱི་ངེས་པར་འབྱུང་བར་བཤད་པའམ། རང་སངས་རྒྱས་ཀྱི་ངེས་པར་འབྱུང་བར་བཤད་པའམ། ཐེག་པ་ཆེན་པོའི་ངེས་པར་འབྱུང་བར་བཤད་པ་སྤོང་ཞིང་འགོག་ཏུ་འཇུག་པའོ། །ཐེག་པ་གསུམ་གང་རུང་རེ་སྤངས་ནའང་རྩ་ལྟུང་དུ་འགྱུར་ལ། སྤོང་ཚུལ་ཐེག་པ་གསུམ་པོ་གང་རུང་རེའི་ཕྱོགས་རེས་མི་ཆོག་པར་མཐའ་དག་འདོར་བའམ་འདོར་དུ་འཇུག་པ་འདིའི་སྐབས་ཀྱི་རྩ་ལྟུང་ལ་དགོས་པ་འདྲའོ། །གསུམ་པ་ནི། ཚུལ་ཁྲིམས་འཆལ་པའི་དགེ་སློང་ལ། །དུར་སྨྲིག་འཕྲོག་དང་བརྡེག་པ་དང༌། །བཙོན་རར་འཇུག་པར་བྱེད་པ་དང༌། །རབ་ཏུ་བྱུང་ལས་འབེབས་པ་དང༌། ཞེས་ཏེ། གང་ཡང་ངའི་ཕྱིར་རབ་ཏུ་བྱུང་སྟེ་གོས་དུར་སྨྲིག་གྱོན་པ་དགེ་སློང་ལ་སོགས་པའི་བསླབ་པ་བཟུང་ཡང་རུང༌། དེ་ལྟ་བུའི་བསླབ་པ་མ་བཟུང་བ་བར་མ་རབ་བྱུང་ཡིན་ནའང་རུང་སྟེ། ཚུལ་ཁྲིམས་འཆལ་པའང་རུང༌། ཚུལ་ཁྲིམས་ལྡན་པའང་རུང༌། དེའི་གོས་དུར་སྨྲིག་འཕྲོག་པ་སོགས་དང་སྲོག་དང་བྲལ་བར་བྱེད་དམ་བྱེད་དུ་འཇུག་ནའོ། །


JLD014_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ནི། མཚམས་མེད་ལྔ་པོ་བྱེད་པ་དང༌། ཞེས་སོ། །ལྔ་པ་ནི། ལོག་པར་ལྟ་བ་འཛིན་པ་དང༌། ཞེས་སོ། དྲུག་པ་ནི། གྲོང་ལ་སོགས་པ་འཇིག་པ་ཡང༌། རྩ་བའི་ལྟུང་བར་རྒྱལ་བས་གསུངས། ཞེས་སོ། །ལས་དང་པོ་བའི་ལྟུང་བ་བརྒྱད་ལས། དང་པོ་ནི། བློ་སྦྱང་མ་བྱས་སེམས་ཅན་ལ། །སྟོང་པ་ཉིད་ནི་བརྗོད་པ་དང༌། ཞེས་ཏེ། ཡོངས་སུ་སྦྱང་བ་མ་བྱས་པ་ལ་སྟོང་པ་ཉིད་བརྗོད་པ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་ལས་ཕྱིར་ལོག་ནའོ། །གཉིས་པ་ནི། སངས་རྒྱས་ཉིད་ལ་ཞུགས་པ་དག །རྫོགས་པའི་བྱང་ཆུབ་ཟློག་པ་དང༌། ཞེས་ཏེ། ཁྱོད་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་མི་ནུས་པས་ཁྱོད་ཀྱིས་སངས་རྒྱས་ཉིད་ཐོབ་པར་མི་རིགས་ཀྱི་རང་ཉིད་ཀྱི་ཉེ་བར་ཞི་བ་ཙམ་སྒྲུབས་ཤིག་ཅེས་སྨྲས་པ་ཕ་རོལ་པོས་དོན་གོ་ནའོ། །གསུམ་པ་ནི། སོ་སོར་ཐར་པ་ཡོངས་སྤངས་ཏེ། །ཐེག་པ་ཆེ་ལ་སྦྱོར་བ་དང༌། ཞེས་ཏེ། སོ་སོར་ཐར་པ་དང་འདུལ་བའི་ཚུལ་ཁྲིམས་ལ་བསླབས་པས་འཚང་རྒྱ་བར་མི་ནུས་ཀྱི་ཐེག་ཆེན་ལྷོགས་ཤིག་ཅེས་སྨྲས་པ་ཕ་རོལ་པོས་གོ་ནའོ། །བཞི་པ་ནི། སློབ་པའི་ཐེག་པས་ཆགས་ལ་སོགས། །སྤོང་བར་འགྱུར་བ་མིན་ཞེས་འཛིན། །ཕ་རོལ་དག་ཀྱང་འཛིན་འཇུག་དང༌། ཞེས་ཏེ། ཁྱོད་ཀྱིས་ཉན་ཐོས་ཀྱི་ཐེག་པའི་གཏམ་མ་ཉན་ཞིག །མ་ཀློག་ཅིག །གཞན་དག་ལ་ལུང་མ་འབོགས་ཤིག །ཉན་ཐོས་ཀྱི་ཐེག་པའི་གཏམ་འཆོབས་ཤིག །དེས་ནི་ཁྱོད་ཀྱིས་འབྲས་བུ་ཆེན་པོ་རྙེད་པར་མི་འགྱུར་ཞིང་། ཁྱོད་ཀྱིས་ཉོན་མོངས་པ་མཐར་འབྱིན་པ་མི་ནུས་


JLD014_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། ཐེག་པ་ཆེན་པོ་ཉིད་ལ་དད་པར་གྱིས་ཤིག་ཅེས་པ་སོགས་སྨྲས་པ་ཕ་རོལ་པོས་གོ་ན་རང་ཉིད་ལ་དང༌། ཕ་རོལ་པོས་རང་ཉིད་ཀྱིས་སྨྲས་པ་བཞིན་གྱི་ལྟ་བ་བླངས་ན་གཉིས་ཀ་ལ་འགྱུར་རོ། །ལྔ་པ་ནི། རང་གི་ཡོན་ཏན་བརྗོད་པ་དང༌། །རྙེད་པ་དང་ནི་བཀུར་སྟི་དང༌། ཚིགས་བཅད་རྒྱུ་ཡིས་གཞན་སྨོད་དང༌། ཞེས་ཏེ། སྡོམ་པ་ཉི་ཤུ་བའི་ཕམ་པ་དང་པོ་དང་འདྲའོ། །དྲུག་པ་ནི། བདག་ནི་ཟབ་མོ་བཟོད་པ་ཞེས། །ལོག་པ་ཉིད་ནི་སྨྲ་བ་དང༌། ཞེས་ཏེ། ལས་དང་པོ་བའི་བྱང་ཆུབ་སེམས་དཔའ་དག །མདོ་སྡེ་ཟབ་མོ་སྟོང་པ་ཉིད་དང་ལྡན་པ་ཐེག་པ་ཆེན་པོའི་མདོ་སྡེ་དེ་དག་འཛིན་ཅིང་གཞན་དག་ལའང་རབ་ཏུ་སྟོན་ཏེ། ཆོས་འདི་དག་ནི་ཁོ་བོ་ཉིད་ཀྱིས་བློས་རྟོགས་ནས་སྙིང་རྗེ་བས་དེ་བཞིན་དུ་ཁྱོད་ལ་བསྟན་གྱིས་ཁྱོད་ཀྱིས་ཀྱང་སངས་རྒྱས་ཀྱི་ཆོས་ཟབ་མོ་རྣམས་ལ་མངོན་སུམ་དུ་འགྱུར་བ་དེ་ལྟར་སྒོམས་ཤིག །དེ་ལྟར་བྱས་ན་ཁྱོད་ད་ལྟར་ཁོ་བོ་བཞིན་དུ་ཡེ་ཤེས་མཐོང་བར་འགྱུར་རོ་ཞེས་སྨྲ་ནའོ། །བདུན་པ་ནི། དགེ་སྦྱོང་ཆད་པས་གཅོད་འཇུག་དང༌། །དཀོན་མཆོག་གསུམ་གྱི་སྦྱིན་བྱེད་དང༌། །སྦྱིན་པ་ལེན་པར་བྱེད་པ་དང༌། ཞེས་ཏེ། འདི་ནི་མདོ་བཞིན་དུ་ཤེས་པར་བྱའོ། །འདིའི་རྩ་ལྟུང་འབྱུང་བའི་གང་ཟག་ནི་ཆད་པས་གཅོད་པའི་བློན་པོ་དང་དགེ་སྦྱོང་གཉིས་ཡིན་ནོ། །བརྒྱད་པ་ནི། ཞི་གནས་འདོར་བར་བྱེད་པ་དང༌། །ཡང་དག་འཇོག་གི་ལོངས་སྤྱོད་རྣམས། །ཁ་ཏོན་བྱེད་ལ་སྦྱིན་པ་རྣམས། ཞེས་ཏེ། མདོ་བཞིན་དུ་ཤེས་པར་བྱའོ། །ལྟུང་བ་འབྱུང་བའི་གང་ཟག་ནི་ཁྲིམས་ངན་འཆའ་བའི་རྒྱལ་པོ་དང༌། ཁྱིམ་པའི་མདུན་དུ་དགེ་སློང་སྤོང་བ་ལ་བརྩོན་པའི་སྐྱོན་


JLD014_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པའི་དགེ་སྦྱོང་དང༌། ཡང་དག་འཇོག་གི་ལོངས་སྤྱོད་ལེན་པའི་ཁ་ཏོན་པ་དང་ སྐྱོན་བརྗོད་མཁན་དང༌། ལེན་མཁན་གཅིག་པ་འདྲ་ གསུམ་ལས། དང་པོ་ལ་བྱུང་ལ་ཕྱི་མ་གཉིས་གང་ལ་འོང་དཔྱད་དོ། །འདི་དག་གི་ངེས་པར་འབྱུང་བ་ནི། དེ་དག་རྩ་བའི་ལྟུང་བ་སྟེ། །སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ། །རྨི་ལམ་འཕགས་པ་མཁའི་སྙིང་པོའི། །མདུན་དུ་འདུག་སྟེ་བཤགས་པར་བྱ། །ཞེས་སོ། །ཐབས་ལ་མཁས་པའི་མདོ་ནས་འབྱུང་བ། བྱང་ཆུབ་སེམས་ནི་ཡོངས་འདོར་དང༌། ཞེས་བྱ་བ་ལ་ནམ་མཁའི་སྙིང་པོའི་མདོ་ནས་གསུངས་པའི་ལྟུང་བ་འདི་ལ། འཕགས་པའི་ཡུལ་དུའང༌། རྩ་བའི་ལྟུང་བར་མི་བཞེད་པ་དང་བཞེད་པ་གཉིས་ལས། དང་པོ་ནི། གནས་བརྟན་བྱང་ཆུབ་བཟང་པོས་འདི་དག་ཐམས་ཅད་ཉེས་པ་ལྕི་བས་རྩ་ལྟུང་དང་ཕྱོགས་མཐུན་པར་བཞག་གི །རྩ་ལྟུང་དངོས་མིན་པར་བཞེད། ཤཱནྟི་པས་དང་པོ་རྒྱལ་བློན་གྱི་དྲུག་པོ་རྩ་ལྟུང་མིན་ལ། ཕྱི་མ་ལས་དང་པོའི་བརྒྱད་པོ་རྩ་བའི་ལྟུང་བར་བཞེད་དོ། །གཉིས་པ་ལ། ཞི་བ་ལྷས་རྩ་བའི་ལྟུང་བར་བཞག་ཅིང་བསླབ་བཏུས་ཉིད་དུ་རྩ་བའི་ལྟུང་བ་འདི་དག་ཐམས་ཅད་བདེ་བླག་ཏུ་བླང་ཞིང་བཟུང་བ་དང༌། ཞེས་མདོར་བསྡུས་པ་དང༌། དེར་མ་ཟད་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་རྩ་ལྟུང་དུ་བཞག་པ་རྣམས་ཕྱོགས་གཅིག་ཏུ་རྩ་བའི་ལྟུང་བར་བཞེད་ཅིང༌། དེ་དག་མཐུན་པར་སྤྱོད་འཇུག་གི་འགྲེལ་བྱེད་ཤེར་འབྱུང་བློ་གྲོས་ཀྱིས་དེ་ཉིད་སོ་ན་བཞག་གོ །གཞན་ཡང་ཨ་བྷ་ཡ་ཀ་ར། ནག་པོ་པ། དགེ་བའི་ལྷ། བི་དྷཱུ་ཏི་ཙནྡྲ་རྣམས་རྩ་བའི་ལྟུང་བར་བཞེད་དོ། །དཀོན་མཆོག་གསུམ་གྱི་


JLD014_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

དཀོར་འཕྲོགས་པ། །ཕས་ཕམ་པ་ཡི་ལྟུང་བར་འདོད། ཅེས་པ་འདི་ལ་གཞི། བསམ་པ། སྦྱོར་བ། མཐར་ཐུག་བཞི་ལས། དང་པོ་གཞི་ནི། །རྫས་ཀྱི་བདག་པོ་སངས་རྒྱས་དང༌། ལུང་དང་རྟོགས་པའི་ཆོས། དགེ་སློང་ཚུལ་ཁྲིམས་དང་ལྡན་པ་བཞི་ཡན་ཆད་ཡིན་པ་གསུམ་གའམ་གང་རུང་ལ། རང་ངམ་གཞན་གྱིས་བསམ་པ་ཐག་པ་ནས་ཕུལ་བ་ངེས་པར་དཀོན་མཆོག་གསུམ་དབང་བའི་རྫས་ཡིན་པ་ཆོས་གོས་གསུམ་ལ་སོགས་པའི་དགེ་སྦྱོང་གི་རྟགས་མ་ཡིན་པ། ཚད་འཇིག་རྟེན་ན་རྫས་སམ་དངོས་པོར་བགྲང་བ་ཡན་ཚད་ཡིན་པ། བསམ་པ་རང་མི་དབང་བར་ཤེས་པ། སྦྱོར་བ་རང་ངམ་གཞན་བརྐུའམ། བརྐུར་བཅུག་པ། མཐར་ཐུག་ཐོབ་བློ་སྐྱེས་པའི་སྐད་ཅིག་དང་པོ་ཉིད་དུ་རྩ་བའི་ལྟུང་བར་འགྱུར་རོ། །དགེ་འདུན་ལྟ་བུ་ལ་གཞན་གྱིས་རྫས་བསྐུར་བ་དགེ་འདུན་ལ་མ་འཕྲོད་གོང་ལམ་དུ་བརྐུས་ནའང་དེ་ཉིད་དུ་འགྱུར་རོ། །དམ་པའི་ཆོས་ནི་སྤོང་བྱེད་པ། ཞེས་པ་ལ། གཞི། བསམ་པ། མཐར་ཐུགས་གསུམ། དང་པོ་གཞི་ནི། སྟོན་པས་གསུངས་པའི་ཐེག་པ་གསུམ་མམ་གང་རུང་གི་སྡེ་སྣོད་ཡིན་པ། བསམ་པ་སྤོང་བའམ་འགོག་པར་འདོད་པ། མཐར་ཐུག་འདི་ནི་ཆོས་མ་ཡིན་ཞེས་སམ། འདི་ནི་སྟོན་པས་གསུངས་པ་མ་ཡིན་ཞེས་སྨྲས་པ་གཙོ་བོར་མི་དགོས་ཏེ་ཡི་དམ་བཅས་པ་ཙམ་གྱིས་རྩ་བའི་ལྟུང་བར་འགྱུར་རོ། །ཉན་ཐོས་ཀྱི་ངེས་པར་འབྱུང་བར་བཤད་པའམ། རང་སངས་རྒྱས་ཀྱི་ངེས་པར་འབྱུང་བར་བཤད་པའམ། ཐེག་ཆེན་པའི་ངེས་པར་འབྱུང་བར་བཤད་པ་སྤོང་ཞིང་འགོག་ཏུ་འཇུག་པའོ། །ཐེག་པ་གསུམ་


JLD014_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

གང་རུང་རེ་སྤང་ན་རྩ་ལྟུང་དུ་འགྱུར་ལ། སྤོང་ཚུལ་ཐེག་པ་གསུམ་པོ་གང་རུང་རེའི་ཕྱོགས་རེས་མི་ཆོག་པར་མཐའ་དག་འདོར་བའམ་འདོར་དུ་འཇུག་པ་འདིའི་སྐབས་ཀྱི་རྩ་ལྟུང་ལ་previous hit དགོངས next hit་འདྲའོ། །ཚུལ་ཁྲིམས་འཆལ་པའི་དགེ་སློང་ལ། །དུར་སྨྲིག་འཕྲོག་དང་བརྡེག་པ་དང༌། བཙོན་རར་འཇུག་པར་བྱེད་པ་དང༌། རབ་ཏུ་བྱུང་ལས་འབེབས་པ་དང༌། ཞེས་པ་ལ། གཞི། བསམ་པ། སྦྱོར་བ། མཐར་ཐུག་བཞི་ལས། དང་པོ་གཞི་ནི། བར་མ་རབ་བྱུང་ཡན་ཆད་ཀྱི་སྡོམ་པ་ལེན་མྱོང་བ། ད་ལྟ་ཚུལ་ཁྲིམས་དང་ལྡན་ནམ་མི་ལྡན་ཡང་རང༌། ཆོས་གོས་གསུམ་ལ་སོགས་པ་རབ་བྱུང་གི་རྟགས་དང་ལྡན་པ། བསམ་བ་རང་དགར་ཁྲོ་བ་དང་བཅས་པ། སྦྱོར་བ་རང་ངམ་གཞན་གྱིས་འཕྲོག་པ་དང༌། བརྡེག་པ་དང༌། །བཙོན་རར་འཛུད་པ་དང༌། འབེབས་པར་བྱེད་དམ། བྱེད་དུ་བཅུག་པ། འདི་ལ་ཆོས་གོས་གསུམ་ལས་གཞན་པའི་ཡོད་བྱད་ཕྲོགས་ཀྱང་རྩ་ལྟུང་དུ་མི་འགྱུར་རོ། །མཐར་ཐུག་ཆོས་གོས་གསུམ་སོགས་ཀྱི་རྟགས་ཕྲོགས་ཏེ་ཐོབ་བློ་སྐྱེས་པ་དང༌། བསྣུན་པ་དང༌། བཙོན་དུ་འཇུག་པ་དང༌། རབ་བྱུང་གི་རྟགས་ཕྲལ་ཏེ། ཁྱིམ་པའི་གནས་སུ་བཞག་ཙམ་དང་རྩ་ལྟུང་འབྱུང་བའི་སྒོ་བཞིའོ། །མཚམས་མེད་ལྔ་པོ་བྱེད་པ་དང༌། ཞེས་པ་ལ། འབྱུང་རིང་གི་སླ་གསུང་ངོ༌། །ལོག་པར་ལྟ་བ་འཛིན་པ་དང༌། ཞེས་པ་ལ། རྒྱུ་མེད་པར་སྨྲ་བ་དང༌། འཇིག་རྟེན་ཕ་རོལ་ལ་གཡེལ་བ། རྒྱུ་འབྲས་མེད་པར་འཛིན་པ་ཡིན་ཏེ་འདི་སྐྱེས་ཙམ་གྱིས་ཆོག་གསུང༌། གྲོང་ལ་སོགས་པ་འཇིག་པ་ཡང༌། ཞེས་པ་ལ། གཞི། སྦྱོར་


JLD014_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

བ། མཐར་ཐུག་གསུམ་ལས། དང་པོ་གཞི་ནི། གྲོང༌། ལྗོངས། གྲོང་ཁྱེར། ཡུལ་འཁོར་གང་རུང་ཡིན་པ། སྦྱོར་བ་རང་ངམ་གཞན་བྱེད་དམ་བྱེད་དུ་བཅུག་པ། འཇིག་པའི་ཚད་ནི། འཇིག་རྟེན་ན་བཤིག་པར་གྲགས་པའོ། །མཐར་ཐུག་རང་དགར་བཤིག་པའི་ཐ་སྙད་གྲུབ་པ་ན་རྩ་བའི་ལྟུང་བར་འགྱུར་རོ། །འདི་ལ་སྔ་རབས་པ་ཁ་ཅིག །དང་པོ་བཞི། རྒྱལ་བོ་དང༌། བློན་པོ་གཉིས་ཀའི་ཐུན་མོང་བ། ལྔ་པ་རྒྱལ་བོ་ལ་འབྱུང་ཉེ་བས་རྒྱལ་བོའི་རྩ་ལྟུང༌། དྲུག་པ་བློན་པོ་ལ་ཉེ་པས་བློན་པོའི་རྩ་ལྟུང་ཞེས་མིང་འདོད་ཀྱང་དེ་དག་ལེགས་པར་མ་མཐོང་གསུང༌། ལས་དང་པོ་པའི་བརྒྱད་ནི། བློ་སྦྱངས་མ་བྱས་སེམས་ཅན་ལ། །སྟོང་པ་ཉིད་ནི་བརྗོད་པ་དང༌། ཞེས་པ་ལ། གཞི། སྦྱོར་བ། མཐར་ཐུག་གསུམ་ལས། དང་པོ་གཞི་ནི། སྨོན་པ་ཡན་སེམས་བསྐྱེད་དང་ལྡན་པ། སྦྱོར་བ་གཞིའི་རྒྱུད་མ་བརྟགས་པར་ཟབ་མོ་སྟོང་པ་ཉིད་བརྗོད་པ་མཐར་ཐུག་སྟོང་ཉིད་ལ་སྐྲག་སྟེ། བྱང་ཆུབ་ཀྱི་སེམས་དོར་ཙམ་ཉིད་ནས་རྩ་བའི་ལྟུང་བར་འགྱུར་རོ། །སངས་རྒྱས་ཉིད་ལ་ཞུགས་པ་དག །རྫོགས་པའི་བྱང་ཆུབ་ཟློག་པ་དང༌། ཞེས་པ་ལ། གཞི། བསམ་པ། སྦྱོར་བ། མཐར་ཐུག་བཞི་ལས། དང་པོ་གཞི་ནི། སྨོན་པ་ཙམ་མ་ཡིན་པར་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་སྡོམ་པ་དང་ལྡན་པ། བསམ་པ་ཐེག་ཆེན་ལས་ཟློག་ནས། ཐེག་དམན་དུ་སྦྱོར་བར་འདོད་པ། སྦྱོར་བ་ཁྱོད་ཀྱིས་ཕར་ཕྱིན་དྲུག་ལ་སྦྱོར་བར་མི་ནུས། དེ་བས་ཉན་ཐོས་སམ་རང་སངས་རྒྱས་སུ་སེམས་བསྐྱེད་ན་དེས་འཁོར་བ་ལས་ངེས་པར་འབྱུང༌། ཞེས་སོགས་སྨྲས་པ། མཐར་ཐུག་ཕ་རོལ་པོས་སེམས་བསྐྱེད་དོར་རམ་མ་དོར་ཡང་དོན་གོ་བ་ཙམ་ཉིད་


JLD014_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྩ་ལྟུང་དུ་འགྱུར་རོ། །སོ་སོ་ཐར་པ་ཡོངས་སྤངས་ཏེ། །ཐེག་པ་ཆེ་ལ་སྦྱོར་བ་དང༌། ཞེས་པ་ལ། གཞི། བསམ་པ། སྦྱོར་བ། མཐར་ཐུག་བཞི་ལས། དང་པོ་གཞི་ནི། བསྙེན་གནས་ཡན་ཆད་སོ་ཐར་ལ་གནས་པ། བསམ་པ་ཐེག་དམན་ལས་བཟློག་ནས་ཐེག་ཆེན་ལ་སྦྱོར་བར་འདོད་པ། སྦྱོར་བ་ཁྱོད་ཀྱིས་སོ་ཐར་དང་འདུལ་བའི་ཁྲིམས་ལ་གནས་པས་ཅི་ཞིག་བྱ། ཐེག་པ་ཆེན་པོ་ལྷོགས་ཤིག་དང༌། དེ་ནས་ལུས་དང་ངག་དང་ཡིད་ཀྱི་མི་དགེ་བའི་རྣམ་སྨིན་དག་པར་འགྱུར་རོ། ཞེས་སྨྲས་པ། །མཐར་ཐུག་ཕ་རོལ་པོས་དོན་གོ་བ་ཉིད་ནས་འགྱུར་རོ། །འོ་ན་གོང་གི་དམ་པའི་ཆོས་ནི་སྤོང་བྱེད་པ་ཞེས་པ་དང༌། འདི་གཉིས་ཁྱད་ཅི་ཡོད་ཟེར་ན། གོང་ཏུ་ཆོས་མ་ཡིན། སྟོན་པས་མ་གསུང་ཞེས་བརྗོད་པ་ཡིན་ལ། འདི་དག་སློབ་པའི་ཐེག་པས་ཆགས་ལ་སོགས་ཞེས་པ་གཉིས་སྟོན་པས་གསུངས་པ་ཡིན་ཡང༌། དོན་དང་མི་ལྡན། ཆོས་དང་མི་ལྡན། སེམས་ཅན་ལ་ཕན་པ་དང་བདེ་བ་མ་ཡིན་ཞེས་ཁྱད་དུ་བསད་པ་ཡིན་ནོ། །སློབ་པའི་ཐེག་པས་ཆགས་ལ་སོགས། །སྤོང་བར་འགྱུར་བ་མིན་ཞེས་འཛིན། ཕ་རོལ་དག་ཀྱང་འཛིན་འཇུག་དང་ཞེས་པ་ལ། གཞི། བསམ་པ། སྦྱོར་བ། མཐར་ཐུག་བཞི་ལས། དང་པོ་གཞན། ཡུལ་སྨྲས་ཤེས་དོན་གོ་བ། བསམ་པ། ཐེག་དམན་ལ་སྨད་དེ། ཐེག་ཆེན་འཛིན་པར་འདོད་པ། སྦྱོར་བ་ཁྱོད་ཀྱིས་ཉན་ཐོས་ཀྱི་གཏམ་མ་ཉན། མ་ཀློག །ལུང་མ་འབོགས། གཏམ་འཆོབས་ཤིག །གཞི་དེས་ཉན་ཐོས་ཀྱིས་སྒྲིབ་པ་ཙམ་ཡང་ཟད་པར་མི་ནུས་ཀྱི། ཐེག་པ་ཆེན་པོ་ལ་དད་པར་གྱིས་ཤིག །


JLD014_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོགས། ཉོན། ལུང་ཕོགས་ཤིག་དང༌། བླ་མེད་བྱང་ཆུབ་ཏུ་སངས་རྒྱས་པར་འགྱུར་རོ། ཞེས་སྨྲས་པ། མཐར་ཐུག་དེའི་ཚིག་ཉན་ཏེ། ཕ་རོལ་པོས་ཀྱང་གྲུབ་མཐའ་བཟུང་བ་ན་སྡོམ་ལྡན་ཡིན་ན་ལྟུང་པར་འགྱུར་ཞིང༌། རང་ཉིད་ལ་གཞན་གྱིས་མ་བཟུང་ཡང་ཕྱོགས་དེ་ཉིད་བཟུང་ཙམ་ནས་འགྱུར་གྱི། འདི་འབྲས་བུ་ཁྱད་དུ་བསད་པ་ཡིན། གོང་མ་རྒྱུ་ཁྱད་དུ་བསད་པའོ། །རང་གི་ཡོན་ཏན་བརྗོད་པ་དང༌། །རྙེད་པ་དང་ནི་བཀུར་སྟི་དང༌། །ཚིགས་བཅད་རྒྱུ་ཡིས་གཞན་སྨོད་དང༌། ཞེས་པ་འདིའི་ཡན་ལག་སྡོམ་པ་ཉི་ཤུ་པ་ལས་ཤེས་པར་བྱ་གསུང༌། བདག་ནི་ཟབ་མོ་བཟོད་པ་ཞེས། །ལོག་པ་ཉིད་ནི་སྨྲ་བ་དང༌། ཞེས་པ་ལ། གཞི། བསམ་པ། སྦྱོར་བ། མཐར་ཐུག་བཞི་ལས། དང་པོ་གཞི་ནི། སྨྲ་ཤེས་དོན་གོ་བ། སྨྲ་བའི་ཡུལ་མིར་གྱུར་པ། བསམ་པ་མ་རྟོགས་བཞིན་རྟོགས་ཞེས་འདུ་ཤེས་བསྒྱུར་བ། སྦྱོར་བ་གསུང་རབ་གྱི་དོན་སྟོང་པ་ཉིད་གོ་ཡུལ་ཙམ་ལ། བདག་གིས་སྒྲ་དང་རྟགས་ལ་མ་བརྟེན་པར་སྟོང་ཉིད་མངོན་སུམ་དུ་བྱས་སོ་བྱས་པ་བཞིན་དུ་ཁྱོད་ལ་བསྟན་ནོ། ཞེས་སྨྲས་པ། མཐར་ཐུག་ཕ་རོལ་པས་དོན་གོ་བ་ཉིད་ནས་ལྟུང་བར་འགྱུར་རོ། །འདི་ནི་རྙེད་བཀུར་ཕྱིར་བདག་འཚོང་ཞིང༌། ལྕི་བ་ཆེན་པོའི་ལྟུང་བར་འགྱུར་རོ། །དགེ་སྦྱོང་ཆད་པས་གཅོད་འཇུག་དང༌། དཀོན་མཆོག་གསུམ་གྱི་སྦྱིན་བྱེད་དང༌། སྦྱིན་པ་ལེན་པར་བྱེད་པ་དང༌། ཞེས་པ་ལ། གཞི། བསམ་པ། སྦྱོར་བ། མཐར་ཐུག་བཞི་ལས། དང་པོ་གཞི་ནི། དགེ་སྦྱོང་རྣམས་དང༌། རྒྱལ་རིགས་དག་ལ། བསམ་པ་རྒྱལ་རིགས་ཀྱི་བདུན་ན་འདོན་དང༌། བློན་པོ།


JLD014_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

བཤོར་བ་གདོལ་པ། དེ་དག་གིས། རྒྱལ་རིགས་དང༌། དགེ་སྦྱོང་རྣམས་འབྱེད་པའི་དབྱེན་བྱེད་ཅིང༌། ཆད་པས་བཅད་དེ་ནོར་འཕྲོག་ཏུ་འཇུག་པར་འདོད་པ། སྦྱོར་བ་གདོལ་པ་དེས། དགེ་སྦྱོང་དེ་དག་གི །གང་ཟག་གི་འམ། དགེ་འདུན་གྱིའམ་ཕྱོགས་བཞིའི་དགེ་འདུན་གྱིའམ། མཆོད་རྟེན་གྱི་དག །དགེ་སྦྱོང་རྣམས་བརྐུར་བཅུག་ནས། མདུན་ན་འདོན་ལ་སོགས་པ་དེ་དག་ལ་ཕུལ། དེ་དག་གིས་ཤེས་བཞིན་དུ་བླངས་ཏེ་རྒྱལ་པོ་ལ་ཕུལ། རྒྱལ་པོས་ཀྱང་ཤེས་བཞིན་དུ་བླངས་པ། མཐར་ཐུབ་ཐོབ་བློ་སྐྱེས་ཙམ་ནས་གཉིས་ཀ་ལ་ལྟུང་བར་འགྱུར་ཞེས་པ། གཉིས་ཀ་ནི་སྤྱོད་འཇུག་གི་རྒྱ་ཆེར་འགྲེལ་ནས་རྒྱལ་པོ་དངོས་སུ་སྨོས་པས། རྒྱལ་པོ་དང༌། བློན་པོ་གཉིས་ཡིན་གསུང༌། འོ་ན་འདི་དང་། དཀོན་མཆོག་གསུམ་གྱི་འཕྲོག་རྐུ་བ་ཞེས་པ་དང་ཁྱད་ཅི་ཡོད་ཟེར་ན། གོང་མ་དཀོན་མཆོག་གི་ཤེས་བཞིན་དུ་བརྐུས་པ་ཡིན་ལ། འདི་ཆད་པས་ནོར་ཁྱེར་ཤོག །རྐུས་ཤོག །ཅེས་སྨྲས་པ་ཡིན་གྱི། དཀོན་མཆོག་གི་ནོར་ལ་དམིགས་པ་མ་ཡིན་གསུང༌། ཞི་གནས་འདོར་བར་བྱེད་པ་དང༌། །ཡང་དག་འཇོག་གི་ལོངས་སྤྱོད་རྣམས། །ཁ་ཏོན་བྱེད་ལ་བྱིན་པ་རྣམས་ཞེས་པ་ལས་རྒྱལ་རིགས་དང༌། དགེ་སྦྱོང་རྣམས་བྱེ་བས། དགེ་སྦྱོང་རྣམས་ལ་བརྩེ་བའི་ཕྱིར། བསླབ་པ་གསུམ་ལ་གནོད་པའི་བཀའ་ཁྲིམས་བྱས་པར་འགྱུར། རྐྱེན་དེས་ཞི་གནས་ལྷག་མཐོང་ཡིད་ལ་བྱེད་པ་དང་བྲལ་བས་བྱེད་མཁན་ལ་རྩ་ལྟུང་འབྱུང་བའི་སྒོ་གཅིག །དགེ་སྦྱོང་རྣམས་ཀྱང་རྣལ་འབྱོར་དང༌། བྲལ། ལྟ་བ་དང༌།


JLD014_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་ག་དང༌། ཚུལ་ཁྲིམས་ཉམས་ཤིང་། སྒྱིད་ལུག་པར་གྱུར་ནས། རྒྱལ་པོ་དག་ལ། བཀུར་སྟི་དང་རིམ་གྲོ་བྱེད་པར་འགྱུར་ཏེ། དགེ་སྦྱོང་ཚུལ་ཁྲིམས་ཉམས་པ་དེ་དག་གིས་ཀྱང་དགེ་སློང་སྤོང་བ་ལ་བརྩོན་པ་རྣམས་ལ་བསྔགས་པ་མ་ཡིན་པ་བརྗོད་དེ། དགེ་སློང་སྤོང་བ་ལ་བརྩོན་པ་རྣམས་ཀྱི་ལོངས་སྤྱོད་རྣམས་ཁ་ཏོན་བྱེད་པ་ལ་དགའ་བ་ལ་བྱིན་ན། རྒྱལ་པོ་བློན་པོ་གཉིས་ཀ་ལ་རྩ་བའི་ལྟུང་བར་འགྱུར་རོ། །དེ་དག་རྩ་བའི་ལྟུང་བ་སྟེ། སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ་རྨི་ལམ་འཕགས་པ་ནམ་མཁའི་སྙིང་པོའི་མདུན་དུ་འདུག་སྟེ་བཤགས་པར་བྱ། ཞེས་གསུངས་པས། འདི་རྣམས་རྩ་ལྟུང་དུ་འགྱུར་པ་ལ་རང་དགར་སྤྱད་པ། སྦྱོར་བ་དངོས་གཞི་མཇུག་རྣམས་སྡོམ་པ་ཉི་ཤུ་པ་ལྟར་བྱའོ། ཞེས་ཤཱནྟི་བས་གསུངས་པས་ངོ་ཚ་དང་ཁྲེལ་མེད་པ་ཅུང་ཟད་ཀྱང་མི་བསྐྱེད་པ་དང༌། དེས་མགུ་ཞིང་དེ་ལ་དགའ་བ་དང༌། དེ་ཉིད་ལ་ཡོན་ཏན་དུ་ལྟ་བ་ནི་ཀུན་ནས་དཀྲིས་པ་ཆེན་པོས་ཏེ། ཟག་པ་ཆེན་པོ་རྒྱུན་མི་ཆད་དུ་སྤྱོད་པ་དང་ལྡན་ན་སྡོམ་པ་གཅོད་ཅིང་རྩ་ལྟུང་དུ་འགྱུར་རོ། །གསང་ཆེན་ཐབས་ལ་མཁས་པའི་མདོ་ནས། སྨོན་སེམས་གཏོང་བ་རྩ་ལྟུང་དུ་གསུངས་ཤིང༌། ཞི་བ་ལྷའང་དེ་ཉིད་དུ་བཞེད་དོ། །སྡོམ་པ་ཉི་ཤུ་པ་ནས་འབྱུང་བ། ཆགས་དང་སེར་སྣ་མི་ཟད་པས། སློང་ལ་སྦྱིན་པར་མི་བྱེད་དང༌། ཁྲོས་ནས་སེམས་ཅན་བརྡེག་པ་དང༌། །བསྒྲིམས་ཏེ་དགའ་བར་བྱེད་པ་ན། །སེམས་ཅན་ལ་ནི་མི་བཟོད་དང༌། །ཉོན་མོངས་པ་དང་གཞན་མཐུན་པས། །ཆོས་ལྟར་


JLD014_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་པ་བརྗོད་པའོ། །ཕམ་པ་དང་པོ་དང་ཐེག་པ་ཆེན་པོ་སྤོང་བྱེད་ཅེས་པ་གོང་དུ་སྨོས་པས་འདིར་མ་བཤད་དོ། །དགུ་བ་རབ་བྱུང་གི་རབ་ཆད་བྱེད་པའི་གནོད་པ་ནི། རབ་ཏུ་བྱུང་བའི་བར་དུ་གཅོད་པའི་མདོ་ལས་གསུངས་སོ། །བཅུ་པ་ནི། དམ་པའི་ཆོས་དྲན་པ་ཉེ་བར་བཞག་པ་ལས་སོ། །བཅུ་གཅིག་པ་ནི། མདོ་དེ་ཉིད་དང་འདོད་པ་ལ་གདམས་པའི་མདོ་དང༌། ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་དང༌། བུ་མོ་ཟླ་བ་མཆོག་གིས་ཞུས་པའི་མདོ་རྣམས་ཀྱིས་བསྒྲུབས་སོ། །བཅུ་གཉིས་པ་ནི། སེམས་བསྐྱེད་པ། རིགས་ལ་གནས་པ། མཚན་མ་ཡོད་པ་གསུམ་ལ་ལོག་པར་སྒྲུབ་པའི་གནོད་པ་ནི། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་མདོ་དང༌། དད་པའི་སྟོབས་བསྐྱེད་པ་ལ་འཇུག་པ་ཕྱག་རྒྱའི་མདོ་དང༌། བཀུར་སྟི་དང་བཀུར་སྟི་མ་ཡིན་པ་འདི་བྱང་ཆུབ་སེམས་དཔའ་སོ་སོ་སྐྱེ་བོའི་དབང་དུ་བྱས་པར། དད་པའི་སྟོབས་བསྐྱེད་པ་ལ་འཇུག་པ་ཕྱག་རྒྱའི་མདོ་དང༌། ངེས་པ་དང་མ་ངེས་པ་ལ་འཇུག་པ་ཕྱག་རྒྱའི་མདོ་དང༌། སྤྱན་རས་གཟིགས་ཀྱི་མདོ་དང༌། ལས་ཀྱི་སྒྲིབ་པ་རྣམ་པར་དག་པའི་མདོ་ལ་སོགས་པས་བསྒྲུབས་སོ། །བཅུ་གསུམ་པ་ནི། རྣམ་པར་འཐག་པ་ཐམས་ཅད་བསྡུས་པའི་མདོས་བསྒྲུབས་སོ། །གཉིས་པ་དེ་འགོག་བྱེད་ཀྱི་ཐབས་བསྟེན་པ་ནི། དམ་བཅའ་བཅུ་གཉིས་བྱ་བ། ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས་གསུངས་པ་དང༌། གཞན་གྱི་འཁྲུལ་པ་ལ་མི་རྟོག་པ། ཆོས་ཐམས་


JLD014_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་འབྱུང་བ་མེད་པར་བསྟན་པ་ལས་གསུངས་པ་དང་། སྨོན་ལམ་གདབ་པ། སེའི་སྙིང་པོའི་མདོ་ལས་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་དད་པ་དང་གུས་པ་བསྐྱེད་པ་སྡོང་པོ་བཀོད་པའི་མདོ་ལས་བྱུང་བ་དང༌། ཆོས་བཞི་ཚན་གཉིས་བསྟེན་པ་དང༌། དྲུག་ཚན་གཅིག་སྤང་པ་ལྷག་པའི་བསམ་པ་བསྐུལ་བའི་མདོས་བསྒྲུབས་སོ། །བཞི་ཚན་དང་པོའི་ཐོས་པ་ཉུང་པའི་གང་ཟག་ནི། ཆོས་ཤེས་པ་བཞིན་དུ་འདོར་ལེན་ཚུལ་བཞིན་དུ་མི་བྱེད་པ་ལ་བྱེད། འདུ་འཛི་ལ་དགའ་བ་ནི། ཁྱིམ་པ་དང་རབ་ཏུ་བྱུང་བ་སོགས་ལ་འགྲོགས་བཤེས་མང་དུ་བྱེད་པ་ཡིན་ལ། སྨྲ་བ་ལ་དགའ་བ་ནི། ཐོས་བའི་དོན་མི་སྒྲུབ་པར་སྨྲ་བ་ཙམ་ལྷུར་ལེན་པའོ། །ལས་ལ་དགའ་བ་ནི། ཞིང་ལས་སོགས་ལ་དགའ་བའོ། །སྤྲོས་པ་ལ་དགའ་བ་ནི། རྩོད་པ་ལ་དགའ་བའོ། །གསུམ་པ་ཐབས་དེས་གནོད་འགྱུར་སྤོང་བར་འགྱུར་བའི་ཚུལ་ནི། འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང༌། གནོད་པ་རྣམ་པར་སྤང་བར་གསུངས་པ་ནི་མ་སྤོངས་ན་ཚེ་འདི་ལ་འང་ལྟུང་བར་འགྱུར་རོ། །གསུམ་པ་ཚེ་འདི་ལ་གནོད་འགྱུར་སྤོང་བའི་ཚུལ་ནི། དེ་ཀུན་གང་གིས་འཐོབ་ཅེ་ན། །འབྲས་བུ་མེད་པའི་བྱེད་སྤུངས་པས། ཞེས་ཏེ། གོང་དུ་སྨོས་པའི་གནོད་པ་རྣམ་པར་སྤང་པར་བསྟན་པ་དེ་ཀུན་གཞན་གྱི་དོན་དུ་མི་འགྱུར་བའི་བྱེད་པ་སྤངས་པས་འགྲུབ་ལ། དེས་ན་དེ་སྤང་པར་བྱའོ་ཞེས་པ་ནི་ཟླ་བ་སྒྲོན་མེའི་མདོ་དང༌། ཆོས་བཅུ་པའི་མདོ་དང༌། འཕགས་པ་ཆོས་ཡང་དག་པར་སྡུད་པའི་མདོ་དང༌། འཕགས་པ་ནམ་མཁའ་མཛོད་དང༌། བློ་གྲོས་མི་ཟད་པའི་མདོ་


JLD014_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་བསྒྲུབས་སོ། །གཞན་དོན་དུ་མི་འགྱུར་པའི་བྱེད་པ་སྤངས་པ་གང་གིས་འགྲུབ་སྙམ་ན། དེའང་རྟག་ཏུ་དྲན་པས་འགྲུབ། ཅེས་ཏེ། བསླབ་པ་ལ་དྲན་པ་དང་ཤེས་བཞིན་བསྟེན་པས་འགྲུབ་པས་དྲན་པ་བཅུ་གཉིས་ལ་སོགས་པ་བསྟེན་པར་བྱའོ། །དྲན་པ་དེ་ལྟ་བུ་གང་གིས་འགྲུབ་ཅེ་ན། དྲན་པ་ཤིན་ཏུ་གུས་ལས་བྱུང༌། ཞེས་ཏེ། བསླབ་པ་ལ་སྙིང་ཐག་པ་ནས་གུས་པ་ལས་འབྱུང་ངོ༌། །གུས་པ་གང་གིས་འགྲུབ་ན། །གུས་ནི་ཞི་བའི་ཆེ་བ་ཉིད། །ཤེས་པར་གྱུར་ན་བརྟུན་པ་སྐྱེ། །མཉམ་གཞག་ཡང་དག་ཇི་བཞིན་དུ། །ཤེས་པར་འགྱུར་ཞེས་ཐུབ་པས་གསུངས། །ཕྱི་རོལ་གཡོ་བ་བཟློག་པ་ཡིིས། །སེམས་ནི་ཞི་ལས་མི་གཡོ་འགྱུར། ཞེས་ཏེ། རང་བཞིན་གྱི་རྒུད་པ་མཐའ་དག་བཟློག་པ་དང༌། ཕུན་སུམ་ཚོགས་པ་མཐའ་དག་འགྲུབ་པ་བསླབ་པ་གསུམ་ལ་རག་ལས་པ་དང༌། དེའང་རྩ་བ་ཚུལ་ཁྲིམས་ལ་རག་ལུས་པར་མཐོང་བ་ལས་འགྲུབ་པ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལ་སོགས་པས་བསྒྲུབས་སོ། །གཉིས་པ་གཞན་ལ་གནོད་པར་འགྱུར་བ་བསྲུང་བ་ནི། ཀུན་ཏུ་མི་རྒོད་འཇོམ་པ་དང༌། །རན་ཅིང་མཉེན་པར་སྨྲ་བ་ཡིས། །སྐལ་ལྡན་སྐྱེ་བོ་འདུན་པར་འགྱུར། །བཟུང་བར་འོས་པའང་སྐྱེ་བར་འགྱུར། །ཞེས་ཏེ་ལུས་ངག་གི་ཉེས་པར་སྤྱོད་པ་བསྡམས་པ་ལས་དད་པར་འགྱུར་ཞིང་ཚིགབཟུང་དུ་འོས་པར་འགྱུར་ཞེས་པ། ཆོས་ཡང་དག་པར་སྡུད་པའི་མདོ་དྲངས་ནས་སོ། །དེ་ལྟར་མ་བྱས་ན་ཉེས་པ་ཅིར་འགྱུར་སྙམ་ན། དེ་ནི་བཟུང་འོས་མ་ཡིན་ན། །འཇིག་རྟེན་


JLD014_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་མྱུ་གུ་བརྙས། །ཐལ་བས་གཡོགས་པའི་མེ་བཞིན་དུ། །སེམས་ཅན་དམྱལ་ལ་སོགས་པར་བསྲེག །ཅེས་ཏེ། ལུས་ངག་ཉེས་པར་སྤྱད་པ་ལས་བྱང་ཆུབ་སེམས་དཔའ་ལ་བརྙས་པར་འགྱུར་ལ་བརྙས་པས་ངན་སོང་དུ་འགྲོ་བར་འགྱུར་ཞིང༌། དེའི་རྐྱེན་རང་ཉིད་ཀྱིས་བྱས་པས་རང་ཉིད་ལའང་ཉེས་པར་འགྱུར་ཞེས་པའོ། །ཉེས་པར་སྤྱད་ན་རང་གཞན་ལ་གནོད་པར་འགྱུར་བས་སྤང་བར་གསུངས་པ་ནི། དེའི་ཕྱིར་རྒྱལ་བས་བསྡོམས་པའི་མདོར། །གང་གི་སེམས་ཅན་མ་དད་འགྱུར། །དེ་ནི་བསྒྲིམས་ཏེ་སྤང་བྱ་ཞེས། །དཀོན་མཆོག་སྤྲིན་ལས་བཀའ་སྩལ་ཏོ། །སྡོམ་པའི་འགག་སེམས་ཅན་མ་དད་པར་འགྱུར་བ་སྤང་བ། །དཀོན་མཆོག་སྤྲིན་ལས་གསུངས་ཞེས་པའོ། །དེ་ནི་ཆོས་ཡང་དག་པར་སྡུད་པའི་མདོ་ལ་སོགས་པས་བསྒྲུབས་སོ། །གཉིས་པ་ཚེ་འདིར་ཕན་པའི་རྐྱེན་བསྟེན་པ་ནི། སྨན་དང་གོས་ལ་སོགས་བཅས་པས། ཞེས་ཏེ། རྟག་ཏུ་བྱ་བའི་སྨན་དང་གློ་བུར་བའི་སྨན་ན་བའི་གསོས་སྨན་ལ་སོགས་པ་དང༌། གོས་དང་གནས་ཁང་དང་རིག་སྔགས་ཀྱིས་ཀྱང་བསྲུང་བར་བྱ་བ། འཕགས་པ་དཀོན་མཆོག་སྤྲིན་ལ་སོགས་པས་བསྒྲུབས་སོ། །དེ་རྣམས་ལ་ལོངས་སྤྱོད་པ་ནའང་གཞན་གྱི་དོན་དུ་སྙམ་པས་སྤྱད་པར་བྱའོ། །བདག་ལ་སྲེད་པས་ལོངས་སྤྱད་ན། །ཉོན་མོངས་བཅས་པའི་ལྟུང་བར་འགྱུར། ཞེས་སྨོས་སོ། །དེ་ཉིད་ཟླ་བ་སྒྲོན་མེའི་མདོས་བསྒྲུབས་སོ། །གཉིས་པ་ལོངས་སྤྱོད་བསྲུང་བ་ནི། ལེགས་སྤྱད་དག་ལ་བརྩམ་པར་བྱ། །


JLD014_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་ཡང་ཚོད་རིག་བྱ། །དེ་ལྟར་བསླབ་པའི་གཞི་འདི་ལས། །དེ་ཡི་ལོངས་སྤྱོད་བསྲུང་མི་དཀའ། ཞེས་ཏེ། དང་པོར་སོག་པ་དང་བསྲུང་བ་ན་སྡིག་པ་དང་མ་འདྲེས་པ་དང༌། དགེ་བའི་རྐྱེན་དུ་འགྱུར་བའི་ལེགས་སྤྱད་ལ་བརྩམ་པར་བྱ་བ་དང༌། བསགས་པ་བདག་གཞན་གྱིས་ལོངས་སྤྱོད་པ་ན་ངན་ཉུང་གིས་ཆོག་པ་བཟང་མང་ལ་ལོངས་མི་སྤྱོད་པའི་ཆོད་རིག་པར་བྱའོ། །དེ་ཉིད་དྲག་ཤུལ་ཅན་གྱིས་ཞུས་པ་ལ་སོགས་པས་བསྒྲུབས་སོ། །གསུམ་པ་དགེ་རྩ་བསྲུང་བ་ནི། རང་དོན་རྣམ་སྨིན་སྲེད་སྤངས་པས། །དགེ་བ་ཀུན་ཏུ་བསྲུང་བར་འགྱུར། ཞེས་ཏེ། དང་པོར་སོག་པ་ན་རང་གི་ཆེད་དུ་དང༌། མཐའི་ཐོབ་བྱ་མངོན་མཐོ་ལ་སོགས་པ་ལ་དམིགས་ན་དགེ་རྩ་མཐུ་ཆུང་བས་གཞན་གྱི་ཆེད་དུ་དང༌། ཐོབ་བྱ་སངས་རྒྱས་ལ་དམིགས་པས་དང་པོར་སོག་དུས་སུ་དགེ་རྩ་མཐུ་ཆེན་དུ་བྱེད་པའོ། །དེ་ཉིད་སྲེད་མེད་ཀྱི་བུས་ཞུས་པས་བསྒྲུབས་སོ། །ཡང་བསོད་ནམས་བསྲུང་བར་འདོད་པས། འགྱོད་པར་ཡང་ནི་མི་བྱ་སྟེ། བྱས་པར་གྱུར་ཀྱང་བསྒྲག་མི་བྱ། ཞེས་ཏེ། དགེ་རྩ་བསགས་ཟིན་པའི་རྟིང་དུ་འགྱོད་པ་བྱས་པ་དང༌། དགོས་པའི་དབང་མ་གཏོགས་པར་དགེ་རྩ་ངོམས་ན་མཐུན་ཆུང་བས་རྗེས་སུ་ཡི་རང་པར་བྱ་བ་དང་བྱས་པ་མི་བསྒྲག་པས་བསགས་རྗེས་ལ་མཐུ་ཆེན་དུ་བྱེད་པའོ། །དེ་དྲག་ཤུལ་ཅན་གྱིས་ཞུས་པ་དང༌། དཀོན་མཆོག་སྤྲིན་གྱི་ཁུངས་དྲངས་ནས་བསྒྲུབས་སོ། ཡང་བསོད་ནམས་བསྲུང་བར་འདོད་པས།


JLD014_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་དང་བཀུར་སྟིས་འཇིགས་བྱ་ཞིང༌། །ཁེངས་པ་རྟག་ཏུ་སྤང་པར་བྱ། །བྱང་ཆུབ་སེམས་དཔར་དང་བྱ་ཞིང༌། །ཆོས་ལ་ཡིད་གཉིས་སྤང་བར་བྱ། ཞེས་ཏེ། དེ་ལྟར་དགེ་རྩ་མཐུ་ཆེན་དུ་བྱས་པ་དེ་ཉིད་རྙེད་བཀུར་ལ་ཆགས་པ་དང༌། ཁེངས་པ་སོགས་བྱས་ན་དགེ་བའི་རྩ་བའི་འབྲས་བུ་རྒྱང་བསྲིངས་པར་འགྱུར་པས་རྙེད་པ་དང་བཀུར་སྟི་ལ་མ་ཆགས་པར་བྱ་བ་དང༌། ཁེངས་པ་རྟག་ཏུ་སྤང་པ་དང༌། བྱང་ཆུབ་སེམས་དཔའ་ལ་གུས་པར་བྱ་བ་དང་། དམ་པའི་ཆོས་མི་སྤོང་པ་དང་བཞིས་དགེ་རྩའི་འབྲས་བུ་ཕྱིར་བསྣུར་བ་ལས་བསྲུང་བའོ། །དེ་ཉིད་དཀོན་མཆོག་བརྩེགས་པ་ལ་སོགས་པས་བསྒྲུབས་སོ། །རྙེད་ལ་ཆགས་པ་ལ་རྟག་ཏུ་ཞེས་མ་སྨོས་ལ་ཁེངས་པ་ལ་སྨོས་པ་ནི། རྙེད་བཀུར་ལ་ཆགས་པ་དགོས་པའི་དབང་གིས་གནང་བ་སྲིད་ལ། །ཁེངས་པ་ལ་མི་སྲིད་པས་སོ། །བཞི་པ་འཆལ་ཚུལ་སྔར་བྱས་འགེགས་པར་བྱེད་པ་ནི། དང་པོར་ལུས་འདག་དགོས་པའི་རྒྱུ་མཚན་ནི། ལུས་ནི་རྣམ་པར་སྦྱང་བྱས་ན། །ཕན་པའི་ལོངས་སྤྱོད་འགྱུར་བ་སྟེ། འབྲས་ཆན་ལེགས་པར་ཚོས་པ་བཞིན། །གཟེགས་མེད་ལུས་ཅན་ཕན་པ་འདྲ། ཞེས་ཏེ། འཕགས་པ་དེ་བཞིན་གཤེགས་པའི་གསང་བའི་མདོ་དྲངས་སོ། །ཡང༌། །ཇི་ལྟར་ལོ་ཏོག་བཙས་ཁེབས་ན། །ནད་ཀྱིས་ཞུམ་ཞིང་རྒྱས་མི་འགྱུར། །དེ་ལྟར་སངས་རྒྱས་མྱུ་གུ་ཡང༌། །ཉོན་མོངས་ཁེབས་ན་རྒྱས་མི་འགྱུར། ཞེས་ཏེ། ཉོན་མོངས་གཉེན་པོས་བསལ་ན་འཕེལ་བར་འགྱུར་ཞེས་པའོ། །ལུས་ཀྱི་དག་པ་གང་ཞེ་ན། སྡིག་དང་ཉོན་མོངས་རྣམ་སྦྱོང་ཡིན། །


JLD014_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་སངས་རྒྱས་ཀྱིས་གསུངས་ཚུལ་དུ། །འབད་པ་མེད་ན་ངན་སོང་འགྲོ། ཞེས་ཏེ། སྡིག་པ་དང་ཉོན་མོངས་སྦྱང་བ་ལ་འབད་པར་བྱ་སྟེ། དེ་ལྟར་མ་བྱས་ན་ངན་སོང་དུ་འགྲོ་བར་འགྱུར་རོ། ཞེས་པའོ། །སྡིག་པ་སྦྱང་བ་ལ་རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང༌། གཉེན་པོ་ཀུན་ཏུ་སྤྱོད་པ་དང༌། ཉེས་པ་ལས་ལྡོག་པའི་ཐབས་དང༌། རྟེན་གྱི་སྟོབས་སོ། །རྣམས་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་ལ་སྡིག་པ་སྤྱིར་བཤགས་པ་དང༌། བྱང་ཆུབ་སེམས་དཔའི་ལྟུང་བ་བཤགས་པ་གཉིས། དང་པོ་ནི། གསེར་འོད་དམ་པའི་མདོ་ལས་འབྱུང་ལ། གཉིས་པ་ནི། ཉེ་བར་འཁོར་གྱིས་ཞུས་པ་ལས། ཆགས་སྡང་གི་ལྟུང་བ་ལྕི་ཡང་སྤྱད་པ་དང་། ཞེ་སྡང་ལས་གྱུར་བའི་ལྟུང་བ་ལྕི་བ་རྣམས་ཚོགས་པ་བཅུ་ལ་བཤགས་པ་བྱ་བ་དང༌། གཏི་མུག་ལས་གྱུར་པི་ལྕི་བ་རྣམས་ཚོགས་པ་ལྔ་ལ་བཤགས་པར་བྱ་བ་དང་། བུད་མེད་ཀྱི་ལག་པ་ནས་འཛིན་པ་དང༌། མིག་གིས་བལྟ་བ་དང༌། འདོད་སེམས་ཀྱང་ལྟུང་བ་སྟེ། གང་ཟག་གཅིག་གམ་གཉིས་ལ་ལྕི་བཤགས་པར་བྱའོ། །བྱང་ཆུབ་སེམས་དཔའ་མཚམས་མེད་པ་ལྔ་ལས་ལྟུང་བ་བྱུང་བ་དང༌། བུད་མེད་དང༌། ལག་པ་དང༌། ཁྱེའུ་དང༌། མཆོད་རྟེན་དང༌། དགེ་འདུན་ལས་ལྟུང་བ་བྱུང་བ་དང༌། དེ་ལས་གཞན་པའི་ལྟུང་བ་ནི་སངས་རྒྱས་སུམ་ཅུ་རྩ་ལྔ་ལ་བཤགས་པར་བྱའོ། །གཉེན་པོ་ཀུན་ཏུ་སྤྱོད་པ་ནི། རྡོ་རྗེ་གཅོད་པའི་མདོ་ལ་སོགས་པས་བསྒྲུབས་སོ། །ཉེས་པ་ལས་ལྡོག་པའི་སྟོབས་ནི། འཕགས་པ་ཉི་མའི་སྙིང་པོའི་མདོ་ལ་སོགས་


JLD014_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

པས་སོ། །རྟེན་གྱི་སྟོབས་ནི། འཕགས་པ་བྱམས་པའི་རྣམ་པར་ཐར་པ་བརྗོད་པ་ལ་སོགས་པས་སོ། །ལུས་དག་པའི་ཕྱོགས་གཅིག་ཉོན་མོངས་དག་པ་ལ་གསུམ་ལས། གཉེན་པོའི་གེགས་སྤོང་པ་བཟོད་པ་སྒྲུབ་པ་ལ། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང༌། བཟོད་པ་གཞན་གཉིས་སོ། །དང་པོ་ནི། བཟོད་བྱ། ཞེས་ཏེ། སྡུག་བསྔལ་བརྙས་དང་ཚིག་རྩུབ་བོ། །མི་སྙན་ཞེས་བྱ་མི་འདོད་པའི་ཕྱོགས་བཞི་བདག་གམ་བདག་གི་བཤེས་ལས་བྱུང་བ་ལ་མི་འཇིགས་པ་དང་དེ་ལས་ལྡོག་པ་འདོད་པ་བཞི་ལ་མ་ཆགས་པའི་སྒོ་ནས་མིའདོད་པ་སྒྲུབ་པ་དང༌། འདོད་པའི་གེགས་བྱས་པའི་ཡིད་མི་བདེ་བ་ལྡོག་ལ་དེ་ལོག་པས་དེ་ལས་བྱུང་བའི་ཞེ་སྡང་ལོག་པའོ། །དོན་དེ་ཉིད། ཟླ་བ་སྒྲོན་མའི་མདོ་ལ་སོགས་པས་བསྒྲུབས་སོ། །གཉིས་པ་བཟོད་པ་གཞན་གཉིས་ནི། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པ་ལ་སོགས་པས་སོ། །བཞི་པ་གཉེན་པོ་དང་རྗེས་སུ་མཐུན་པའི་སྦྱོར་བའི་བརྩོན་འགྲུས་ནི། ཐོས་པ་བཙལ་བར་བྱ། ཞེས་ཏེ། དང་པོ་གང་ལ་བརྩོན་འགྲུས་བརྩམ་པར་བྱ་བའི་མང་དུ་ཐོས་པའི་བསྔགས་པ་ནི། སྲེད་མེད་ཀྱི་བུས་ཞུས་པའི་མདོ་དྲངས་ནས་སོ། །ཐོས་པའི་རྣམ་པ་ཇི་ལྟ་བུ་བྱ་བ། །འཕགས་པ་བློ་གྲོས་མི་ཟད་པས་ཞུས་པའི་མདོ་དྲངས་ནས་སོ། །ཐོས་པའི་སྦྱོར་བ་གང་ཞེ་ན། །གང་འདིའི་དོན་ཉུང་བ་དང་བྱ་བ་ཉུང་བ་ལ་སོགས་པའོ། །ཐོས་པའི་གཞི། ཡེ་ཤེས་ཤིན་ཏུ་རྒྱས་པའི་མདོ་དྲངས་ནས་སོ། །ལྔ་པ་ཉོན་མོངས་མངོན་གྱུར་མགོ་གནོན་པའི་གཉེན་པོའི་རང་བཞིན་བསམ་གཏན་ནི། དེ་ནས་ནགས་སུ་གནས་པར་བྱ། །མཉམ་པར་བཞག་ལ་བརྩོན་བྱ་


JLD014_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། །མི་སྡུག་ལ་སོགས་བསྒོམ་པར་བྱ། ཞེས་ཏེ། བསམ་གཏན་གྱི་ཡན་ལག་ཏུ་དབེན་པ་བསྟེན་པ་ལ། མི་དབེན་པའི་ཉེས་པ་དང༌། དབེན་པའི་ཡོན་ཏན། །དབེན་པའི་གནས་ཀྱི་མཚན་ཉིད། དེར་གནས་པའི་ཀུན་ཏུ་སྤྱོད་པ་ལ་སོགས་པ་ནི། དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལ་སོགས་པ་དྲངས་ནས་སོ། །དགོན་པ་ལ་གནས་ནས་མཉམ་པར་བཞག་པ་ལ་སྦྱར་པར་བྱ་སྟེ། དེའང་དབང་པའི་སྒོ་སྡོམ་པ་ནི། བཅོམ་ལྡན་འདས་མ་ལས་གསུངས་ལ། ཡིད་ཞུམ་ན་དགའ་བ་བསྒོམ་པས་གཟེངས་བསྟོད་པ་དང༌། རྒོད་པར་གྱུར་ན་མི་རྟག་པས་ཞི་བར་བྱ་བ་ནི། འཕགས་པ་ཡུལ་འཁོར་སྐྱོང་ལ་སོགས་པས་ཞུས་པའི་མདོ་དྲངས་ནས་སོ། །ཉོན་མོངས་པའི་གཉེན་པོ་སྒོམ་པ་ལ། མི་སྡུག་པ་སྒོམ་པ་ནི། འཕགས་པ་དཀོན་མཆོག་སྤྲིན་ལ་སོགས་པ་དྲངས་ནས་སོ། །བྱམས་པ་སྒོམ་པ་ནི། འཕགས་པ་བློ་གྲོས་མི་ཟད་པའི་མདོ་དྲངས་ནས་སོ། །རྟེན་འབྲེལ་སྒོམ་པ་ནི། ས་ལུ་ལྗང་བའི་མདོ་དྲངས་ནས་སོ། །དྲུག་པ་ཤེས་རབ་སྒྲུབ་པ་ནི། དྲན་པ་ཉེ་བར་བཞག་པ་བཞིའི་སྒོ་ནས་གང་ཟག་གི་བདག་མེད་པ་སྒོམ་པ་ལ། ལུས་དྲན་པ་ཉེ་བར་བཞག་པ་ནི། ཆོས་ཡང་དག་པར་སྡུད་པའི་མདོ་དྲངས་ནས་སོ། །ཚོར་བ་དྲན་པ་ཉེ་བར་བཞག་པ་ནི། འཕགས་པ་གཙུག་ན་རིན་པོ་ཆེའི་མདོ་དྲངས་ནས་སོ། །སེམས་དྲན་པ་ཉེ་བར་བཞག་པ་ནི། དཀོན་མཆོག་བརྩེགས་པ་ལ་སོགས་པའི་མདོ་དྲངས་ནས་སོ། །ཆོས་དྲན་པ་ཉེ་བར་བཞག་པ་ནི། འཕགས་པ་བློ་གྲོས་མི་ཟད་པ་ལ་སོགས་པའི་མདོ་དྲངས་ནས་སོ། །ཁམས་དྲུག་གི་སྒོ་ནས་ཆོས་ཀྱི་བདག་མེད་པ་སྒོམ་པ་ནི། ཡབ་


JLD014_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་འཇལ་བའི་མདོ་སོགས་དྲངས་ནས་སོ། །གཉིས་པ་ཕྱིན་དྲུག་ཁྱད་པར་དུ་བྱེད་པ་ལ། ལོངས་སྤྱོད་དག་པ་ནི། ཡང་དག་འཚོ་བ་སྦྱངས་པ་ཡིས། །ལོངས་སྤྱོད་དག་པར་ཤེས་པར་བྱ། ཞེས་ཏེ། ལོག་འཚོ་དང་དཀོར་དང་མ་འདྲེས་པའི་ལོངས་སྤྱོད་སྒྲུབ་པ་ནི། ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པ་ལ་སོགས་པ་དྲངས་ནས་སོ། །དགེ་རྩ་དག་པ་ནི། སྟོང་པ་སྙིང་རྗེའི་སྙིང་པོ་ཅན། །བསྐྱེད་པས་བསོད་ནམས་འཕེལ་བར་འགྱུར། ཞེས་ཏེ། ཕ་རོལ་ཏུ་ཕྱིན་པའི་དགེ་རྩ་གང་བསྒྲུབ་པ་ལ་འཁོར་གསུམ་མི་དམིགས་པའི་ཤེས་རབ་དང་སྙིང་རྗེས་ཟིན་པའི་སྒོ་ནས་སྒྲུབ་པའོ། །དེ་ཉིད་འཕགས་པ་ནམ་མཁའ་མཛོད་ཀྱི་མདོ་ལ་སོགས་པ་དྲངས་ནས་སོ། །ལུས་ལོངས་སྤྱོད་དགེ་རྩ་གསུམ་སྤེལ་བ་ལ། དང་པོར་སྤེལ་དགོས་པའི་རྒྱུ་མཚན་ནི། གཟུང་བར་བྱ་བ་རབ་མང་ལ། །འདི་ནི་ཉུང་ན་འདིས་ཅི་བྱ། །ཤིན་ཏུ་ངོམས་པ་བསྐྱེད་མ་ཡིན། །དེ་ཕྱིར་འདི་ནི་འཕེལ་བར་བྱ། ཞེས་ཏེ། མ་འཕེལ་ན་ཤིན་ཏུ་ངོམས་པ་སངས་རྒྱས་བསྐྱེད་མི་ནུས་ཞེས་པའོ། །ལུས་འཕེལ་བ་ནི། ལུས་འཕེལ་བྱ་བ་གང་ཞེ་ན། །ལེ་ལོ་མེད་དང་སྟོབས་བསྐྱེད་ཡིན། ཞེས་ཏེ། ལུས་ཀྱི་སྟོབས་བསྐྱེད་པ། འཕགས་པ་དེ་བཞིན་གཤེགས་པའི་གསང་བའི་མདོ་དྲངས་ནས་སོ། །ལུས་ཀྱི་བྱ་བ་བརྩོན་འགྲུས་བསྐྱེད་པ། འཕགས་པ་བློ་གྲོས་རྒྱ་མཚོས་ཞུ་པའི་མདོ་དྲངས་ནས་སོ། ལོངས་སྤྱོད་སྤེལ་བ་ནི། སྟོང་དང་སྙིང་རྗེའི་སྙིང་པོ་ཅན། །སྦྱིན་པས་ལོངས་སྤྱོད་འཕེལ་བར་འགྱུར། ཞེས་ཏེ། རྡོ་རྗེ་གཅོད་པ་ལ་སོགས་པ་དྲངས་ནས་སོ། །


JLD014_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་རྩ་སྤེལ་བ་ལ། གཞི་གང་ལ་གནས་ནས་དགེ་རྩ་སྤེལ་བ་ནི། བརྩོན་དང་བསམ་པ་བརྟན་པར་ཡང༌། དང་པོར་ནན་ཏན་བྱས་ནས་ནི། །སྙིང་རྗེའི་མདུན་དུ་བཞག་ནས་སུ། །དགེ་བ་སྤེལ་ལ་ནན་ཏན་བྱ། ཞེས་ཏེ། བརྩོན་པ་བརྟན་པ་ནི། འཕགས་པ་ནོར་བཟང་ཞེས་པ་ལ་སོགས་སོ། །བསམ་པ་བརྟན་པ་ནི། འཕགས་པ་ཆོས་ཡང་དག་བར་སྡུད་པ་ལ་སོགས་པ་དྲངས་ནས་སོ། །སྙིང་རྗེ་སྔོན་དུ་བྱ་བ་ནི། ཆོས་ཡང་དག་བར་སྡུད་པའི་མདོ་ལ་སོགས་པ་དྲངས་ནས་སོ། །ཐབས་གང་གིས་དགེ་རྩ་སྤེལ་བ་ལ། ཕུང་པོ་གསུམ་པའི་སྒོ་ནས་སྤེལ་བ་ནི། དེ་ལ་རེ་ཞིག །བཟང་པོ་སྤྱོད་པའི་ཆོ་ག་བཞིན། །ཕྱག་འཚལ་ལ་སོགས་གུས་པར་བྱ། ཞེས་ཏེ། དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལ་སོགས་པ་དྲངས་ནས་སོ། །དད་པ་ལ་སོགས་པ་ལྔ་སྒོམ་པ་ནི། དད་པ་ལ་སོགས་རྟག་ཏུ་བསྒོམ། ཞེས་ཏེ། དེ་བཞིན་གཤེགས་པའི་གསང་བའི་མདོ་ལ་སོགས་པ་དྲངས་སོ། །བྱམས་པ་སྒོམ་པ་ནི། བྱམས་དང༌། ཞེས་ཏེ། ཟླ་བ་སྒོན་མེའི་མདོ་དྲངས་ནས་སོ། །རྗེས་སུ་དྲན་པ་སྒོམ་པ་ནི། སངས་རྒྱས་སོགས་དྲན་བྱ། ཞེས་ཏེ། །འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལ་སོགས་པ་དྲངས་ནས་སོ། །སེམས་ཅན་གྱི་དོན་དྲན་པ་ནི། དུས་རྣམས་རྟག་ཏུ་སེམས་ཅན་དོན། ཞེས་ཏེ། བྱ་བ་གང་དང་གང་སྒྲུབ་པ་ཐམས་ཅད་ལ་སེམས་ཅན་གྱི་ཆེད་དུ་སྙམ་པས་བྱེད་པ་ནི། དཀོན་མཆོག་སྤྲིན་ལ་སོགས་པ་དྲངས་ནས་སོ། །ཆོས་ཀྱི་སྦྱིན་པ་བྱ་བ་ནི། །ཆོས་ཀྱི་སྦྱིན་པ་ཟང་ཟིང་མེད། ཅེས་ཏེ། ལྷག་པའི་


JLD014_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་བསྐུལ་བ་ལ་སོགས་པ་དྲངས་ནས་སོ། །བྱང་ཆུབ་ཀྱི་སེམས་སྒོམ་པ་ནི། བྱང་ཆུབ་སེམས་ནི་མདོར་བསྡུ་ན། བསོད་ནམས་འཕེལ་པའི་རྒྱུ་ཡིན་ནོ། ཞེས་ཏེ། དཀོན་མཆོག་ཟ་མ་ཏོག་གི་མདོ་དྲངས་ནས་སོ། །བཞི་པ་སྤྱོད་པ་འགྲུབ་པའི་ཐབས་ནི། འགྲུབ་པ་ཡང་དག་སྤོང་རྣམས་ཏེ། བག་ཡོད་པ་དང་མ་བྲལ་ཞིང༌། །དྲན་པ་དང་ནི་ཤེས་བཞིན་དང༌། །ཚུལ་བཞིན་དུ་ནི་སེམས་པས་སོ། ཞེས་ཏེ། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་མོས་པ་བསྐྱེད་ཅིང༌། འབད་ལ་བརྩོན་འགྲུས་རྩོམ་ཞིང་སེམས་རབ་ཏུ་འཛིན་ཏེ་ཡང་དག་པར་འཇོག་གོ་ཞེས་བྱ་བ་འདི་ནི་སྲུང་བའོ། །སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་མོས་པ་བསྐྱེད་ཅེས་བྱ་བ་འདི་ནི་དག་པ་བསྟན་ཏོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་མོས་པ་བསྐྱེད་པ་དང་། སྐྱེས་པ་རྣམས་གནས་པ་དང་འཕེལ་བའི་ཕྱིར་ཞེས་བྱ་བ་འདིས་ནི་འཕེལ་བ་བསྟན་ཏོ། །དེ་དག་ཀྱང་བག་ཡོད་པས་འགྲུབ་ལ། བག་ཡོད་དང་ལྡན་པ་དེས་དྲན་པ་དང་ཤེས་བཞིན་ལ་བརྩོན་པར་བྱས་ལ། དེ་རྣམས་དང་ལྡན་པ་དེས་ཚུལ་བཞིན་དུ་སྦྱོར་བ་ལ་བརྩོན་པར་བྱའོ། །དེ་ཉིད་ཟླ་བ་སྒྲོན་མེའི་མདོ་དང༌། དེ་བཞིན་གཤེགས་པའི་གསང་བའི་མདོ་དྲངས་ནས་སོ། །དགེ་སྦྱོང་ཆད་པས་གཅོད་འཇུག་དང༌། །ཞེས་པའི་རྩ་ལྟུང་གི་ཡུལ་རྒྱལ་པོ་དང༌། བློན་པོ་གཉིས། ཞི་གནས་འདོར། ཞེས་པའི་ཡུལ་རྒྱལ་པོ་དང་བློན་པོ་གཉིས། ཡང་དག་འཇོག་གི་ལོངས་སྤྱོད་རྣམས། ཁོ་ཏོན་བྱེད་ལ་བྱིན་པ་དང༌། ཞེས་པའི་ཡུལ་རྒྱལ་པོ་དང༌།


JLD014_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སྦྱོང་དབེན་བྱེད་པ་གཉིས་ཡིན། རྫོགས་སོ། །འདི་ནི་རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པས་རྭ་སྒྲེང་དུ་བསླབ་པ་ཀུན་ལས་བཏུས་པ་རྒྱས་པར་གསུངས་ཤིང༌། འགག་བསྡུ་བ་རེ་རྗེས་སུ་མཛད་དུས་སྐུ་མདུན་དེ་ཉིད་དུ་བསྐྱར་ཏེ་ཡི་གེར་བཀོད་པ་ཡིན་ནོ། ཞེས་འཇམ་དབྱངས་ཆོས་རྗེས་གསུངས་ལ། དེ་ཉིད་ཀྱིས་ཕྱག་བྲིས་སུ་བཀོད་པའི་ཕྱི་མོ་ལས་བླངས་པའོ། །འཇམ་པའི་དབྱངས་ལས་ཞི་པ་ལྷས། །ཐེག་ཆེན་དོན་ཀུན་ཐུགས་ཆུད་བཞིན། །འཇམ་དབྱངས་དང་མཚུངས་བླ་མ་ལས། །འཇམ་དབྱངས་ཆོས་རྗེས་ཇི་བཞིན་ནོ། །སྔ་མ་སྔ་མ་ཇི་བཞིན་དུ། །དེ་དང་དེ་འདྲར་འགྱུར་བར་ཤོག །དེ་དག་དེ་ཡི་ཉམས་ལེན་ནི། །དེ་དག་དེ་བཞིན་བྱེད་པར་ཤོག །དེ་ལྟར་སྒྲུབ་པའི་འགལ་རྐྱེན་ཚོགས། །ཆེ་ཆུང་ཐམས་ཅད་མཱ་ར་ཡ། །དེ་ལྟར་བསྒྲུབ་པའི་མཐུན་རྐྱེན་ཚོགས། །ཆེ་ཆུང་ཐམས་ཅད་ཨཾ་ཀུ་ཤ །འདིས་ཀྱང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག །བཀྲ་ཤིས། །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །


previousརྗེ་རིན་པོ་ཆེས་རྭ་སྒྲེང་དུ་བསླབ་བཏུས་རྒྱས་པར་གསུང་དུས་འཇམ་དབྱངས་ཆོས་རྗེས་ཟིན་བྲིས་མཛད་པ།next