Nitartha Digital Library
Tibetan
ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།

22 occurrences of གཡོན་རུ་
[Clear Hits]


 
 
 
  
 
 
 
  
 
 
  
  
  
  
  
ཡུལ་ཉི་ཤུ་རྩ་བཞིའི་བཤད་པ།
  
  


22 occurrences of གཡོན་རུ་
[Clear Hits]

 
previousཡུལ་ཉི་ཤུ་རྩ་བཞིའི་བཤད་པ། next

ཡུལ་ཉི་ཤུ་རྩ་བཞིའི་བཤད་པ།

༄༅། །དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། ཤར་བྷ་ག་ལའི་མི་ཕྱེད་མ་འགོ་བོ་ལ་གནས་པུ་ལི་ར་མ་ལ་ཡ་ཞེས་པ་རི་བོ་འོད་ལྡན་དང་རི་བོ་དགའ་འབྱེད་དང་གྷཾ་གྷ་གསུམ་གྱི་རྩའོ། །བསྒྲུབ་པའི་གནས་རྡོ་རྗེའི་ཆོས་འབྱུང་གིས་མཚན་པ་ཡོད་དོ། ཕྲ་གཟུགས་མ་སྤྱི་གཙུག་ན་གནས་ཛཱ་ལན་དྷ་ར་འཐོ་ལིང་གི་རྩང་པོ་ཤ་བ་རུ་དང་། ཀར་ཤའི་རྩང་པོ་པ་ཤ་དང་། ཤི་ལ་པའི་རྩང་པོ་མེར་བ་གསུམ་འདུས་པའི་མདོ་ན་ཛ་ལན་དྷ་རའི་གྲོང་ཁྱེར་ཡོད། དེ་ནས་རྒྱང་གྲགས་གཅིག་གི་ཚུ་རོལ་ན་བྲག་ཕུག་ཆུ་མིག་གཅིག་དང་ཤིང་གིས་བརྒྱན་པའི་བསྒྲུབ་གནས་ཡོད། ཨུ་བརྒྱན་ཁ་ཆེའི་ཡུལ་ན་ཡོད། བསྒྲུབ་གནས་ཏུ་དབང་ཕྱུག་གི་ལྷ་རྟེན་སྐུས་མཚན་པ་ཡོད། གཡོན་པ་མ་རྒྱབ་ཀྱི་ཚིགས་པ་ལ་ས་དང་པོ་ཨ་ར་པུ་ཏ་རི་འབྲང་རྒྱས་ལྟ་བུ་དབུས་མཐོ་བ་ནགས་ཀྱིས་བསྐོར་བ་ཕྱུགས་རྫི་མང་པོ་གནས་པའི་ས་སྟེ་དྲོ་འཇོག་ཀྱང་ཟེར་རོ། །ཐུང་ངུ་མ་རྣ་བ་གཡོན་པ་གཅོད་པ་རི་ཆོས་བཟངས་དང་འདྲ་བ་བལ་ཡུལ་གུ་ལང་གི་ཤར་ན་ཡོད། བསྒྲུབ་གནས་རི་འབིགས་བྱེད་དེའི་རྩ་ན་འོ། །ལྕགས་པའི་བྲང་ནི་རུ་སྦལ་སྐྱེངས་མ་སྨིན་དབུས་ར་མོ་ཤྭ་ར་ཤར་ཕྱོགས་ཀྱི་རྒྱལ་པོ་དགའ་བྱེད་གྱི་གྲོང་ཁྱེར་ན་ཡོད། བསྒྲུབ་གནས་བྲག་རྟ་རྔོག་འདྲ་བས་མཚན་པའོ། །སྒོམ་པ་མ་མིག་གཉིས་དེ་བི་ཀོ་ཊ་ཤར་ཕྱོགས་ཀྱི་གྲོང་ཁྱེར་པན་ཙ་ལིའི་འགྲམ་ན་ཡོད། བསྒྲུབ་གནས་རྡོ་རྗེའི་ཆོས་འབྱུང་མིག་ལྟ་བུས་མཚན་པ་ཡོད་དེ། ས་གཉིས་པ། དབང་མ་ཕྲག་པ་གཉིས། ཡ་ལ་ཕ་ཕྱོགས་འདི་ན་ཡོད་ནི་མི་གསུང་བསྒྲུབ་གནས་རི་འཕྲག་པ་འདྲ་བ་གཉིས་ཡོད་སྐད། སྐྱོན་མ་མཆན་ཁུང་ཀ་མ་རུ་ལྷོ་བྲག་གི་རྒྱབ་ན་བསྒྲུབ་གནས་རྡོ་རྗེའི་ཆོས་འབྱུང་གིས་མཚན་པའོ། །འཇུག་མ་ནུ་མ་ལ། ས་གསུམ་པའོ། །ཨོ་ཊ་རྩ་རི་ཊ་ལྷོ་ཕྱོགས་ཀྱི་རྒྱལ་པོ་ཤིང་རྟ་བཅུ་པའི་ཡུལ་ན་བསྒྲུབ་གནས་རྡོ་རྗེའི་ཆོས་འབྱུང་ནུ་མ་འདྲ་བས་མཚན་པའོ། །དྲི་ཤ་མ་མོ་ལྟེ་བ་ཀུ་ནི་སྟག་གཟིག་གི་ཡུལ་ན་ལམ་དང་ཆུ་འདུས་པའི་གྲོང་གྷ་གྷ་དང་གྷ་ཏི་དང་རུ་པ་གསུམ་འཚོག་པ་བྱ་མང་པོ་ཚོགས་པ་ཉམས་དགའ་བའོ། ས་བཞི་པའོ། །མཚན་མོ་སྣ་རྩེ་ཀོ་ས་ལ་གསལ་རྒྱལ་གྱི་ཡུལ་ན་རྡོ་རྗེའི་ཆོས་འབྱུང་སྣ་བུག་འདྲ་བ་ལྟ་བུའོ།། །།བསིལ་སྦྱིན་མ་ཁ་ལ་ཀ་ལིང་ཀ་རྡོ་རྗེ་གདན་གྱི་ཤར་ཕྱོགས་དཔག་ཚད་བཅུ་གཉིས་ཀྱི་ཚུ་རོལ་ན་གླང་པོ་འཛིན་པའི་གནས་ཞེས་བྱ་བ་ཡོད་དོ་ཤིན་ཏུ་ཉམས་དགའོ། །ཚ་བ་མ་འགུལ་པ་ལ་ས་ལྔ་པའོ། །ལམ་པ་ཀ་གར་ལོག་གི་རྒྱབ་ན་བྲག་དང་ཆུ་འདོམ་པའོ། །གཞོལ་མ་སྙིང་ཁ་ན་ཀན་ཙི་དུ་རུ་ཀའི་ཡུལ་ན་ཡོད་གྲོང་ཁྱེར་མཆུར་དཔག་ཚད་བཅུ་གཉིས་ཀྱི་དབུས་ན་སྒྲུབ་གནས་གསེར་གྱི་སྐུས་མཚན་པའོ། རང་མ་སྒངས་པ་ས་དྲུག་པའོ། ཧི་མ་ལ་ཡ་ནི་གངས་ཏི་རྩེའོ། །སྨན་སྣ་ཚོགས་འབྱུང་བའི་གྲོང་ཁྱེར་རྡོ་རྗེའི་ཆོས་འབྱུང་གི་ཁ་ནས་ཆུ་འབབ་པའོ། །ཤིན་དུ་གཟུགས་ཅན་མ་མཚན་མོ་ལྕགས་པའི་བྲང་། པྲེ་ཏ་པུ་རི་རྒྱ་ནག་པོའི་ཡུལ་སྟེ་བསྒྲུབ་གནས་ངམ་གྲོག་ལྕོང་རོང་ཉམས་མི་དགའ་བའོ། །ས་བདུན་ནོ། སྤྱི་མ་གཤང་ལམ་ལ་ཚན་རྡོ་ཧ་རི་ཀེ་ལ་ནི་གྷྲི་ཧ་དེ་བ་སྟེ་གྷྲི་ཧ་དེ་བ་ལི་ཡུལ་ལྕང་ར་སྨུག་པོ་ན་ཡོད་དེ་རྡོ་རྗེའི་ཆོས་འབྱུང་སྙུང་བུ་འདྲ་བས་མཚན་པའོ། །སྒྱུ་སྦྱིན་མ་རླ་གཉིས་ལ་སོའུ་ར་ཏ་བཟང་པོའི་ཕོ་བྲང་ཞེས་བྱ་བ་བ་ར་ན་སོ་ན་ཡོད། ཏུ་རུ་ཀའི་ཡུལ་ན་ཡོད་ཀྱང་ཟེར། ས་བརྒྱད་པའོ་སྦྱོར་བྲལ་མ་བྱིན་པ་གཉིས་ལ་སུ་ཝ་ཎ་དི་པ་ནི་རྒྱལ་པོ་དཔལ་ལྡན་གཙུག་གི་ནོར་བུའི་ཡུལ་ན་ཡོད། རྒྱ་ནག་པོའི་ཡུལ་དང་ཐག་ཉེ་སྟེའོ། །སྡུ་གུ་མ་སོར་མོ་རྣམས་ན་ག་ར་པུ་རངས་ན་ཡོད། མཚོ་ལ་ངག་གི་དོ་ལ་ཡོད་ཀྱང་ཟེར། ས་དགུ་པའོ་བསྒྲུབ་མ་རྐང་པའི་བོ་ལ་སིན་དྷུ་ར་ཛ་ལན་དྷ་ར་དང་། དུ་རུ་ཀའི་བར་ན་རྟ་པའི་ཉིན་ལམ་བཅུ་གཉིས་ཡོད། མི་ངན་གྱི་ཐང་ཛ་ལན་ད་ར་དང་ཉེ་བ་ན་ཆུ་བོ་སིན་འདུས་མཚན་པའི་གནས་ཡོད། འཚོད་མ་ཐོལ་བོ་ལ་ཀོ་ཀ་ནམ་དང་མ་རུ་ནི་ཛ་ལན་དྷ་ར་ལ་ལྟོས་པའི་བྲག་འཁྱམས་ཆེན་པོའི་དབུས་ན། བསྒྲུབ་པ་པོ་བརྒྱ་ཤོང་བའི་གནས་ཡོད། སྤྱང་ཐང་འདོམ་བཅུ་གཉིས་པས་འགྲོ་བས་སྟེ་མིས་མི་ཐར་འདོམ་ཐག་ཆད་ནས་དེང་སང་བསྒྲུབ་པ་པོ་མེད་སྐད། ས་བཅུ་པའོ་ཡིད་བཟང་མ་པུས་མོ་ཡི་གེ་མི་གསལ།ཀར་ཤིའི་ཡུལ་ན་ཡོད་ས་ཕུག་རྡོ་རྗེའི་ཆོས་འབྱུང་པུས་མོ་འདྲ་བ་ཡོད་དོ། །ཡུལ་ཉི་ཤུ་རྩ་བཞིའི་མཚན་དང་གནས་ཀྱི་ངེས་བ་གསལ་བར་བྱས་པ་ཐམས་ཅད་མཁྱེན་པའི་ཆོས་རྗེ་རང་བྱུང་རྡོ་རྗེའི་བཀོད་པའོ།། །།


previousཡུལ་ཉི་ཤུ་རྩ་བཞིའི་བཤད་པ། next