Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།

22 occurrences of གཡོན་རུ་
[Clear Hits]


  
  
  
  
  
  
  
  
  
 
  
  
  
 
  
དཔལ་ཆེན་པོའི་རྟ་སྐད་སྒྲོག་པའི་མན་ངག
 
  
 
11   
  
  
  
  
  
  


22 occurrences of གཡོན་རུ་
[Clear Hits]

 
previousདཔལ་ཆེན་པོའི་རྟ་སྐད་སྒྲོག་པའི་མན་ངགnext

དཔལ་ཆེན་པོའི་རྟ་སྐད་སྒྲོག་པའི་མན་ངག

དཔལ་ཆེན་པོའི་རྟ་སྐད་སྒྲོག་པའི་མན་ངག་བཞུགས་སོ། །པདྨའི་རིགས་ཀྱི་བསྟན་པར་རྣམ་ཀུན་དེ། །སྣང་བ་མཆོག་ལྡན་སྟོན་པའི་ཞལ་སྐྱེམས་མ། །གྲུབ་རྒྱལ་འཇིག་རྟེན་ནང་གི་ཉིན་བྱེད་ལ། །བདེ་ལེགས་ཆེད་དུ་དད་པའི་ཕྱག་འབུལ་ལོ། །སྙིགས་དུས་འདམ་ན་མ་རྙོགས་པད་དཀར་ཞལ། །མན་ངག་ཚར་དུ་དངར་བའི་འབྱུང་ཁུངས་དེ། །རྗེས་འཇུག་སྦྲང་རྩི་བཟོ་བོ་རྣམས་དགའ་བའི། །བདུད་རྩི་སྤེལ་ལ་གསར་དུ་འོངས་པ་བཞིན། ཁམས་གསུམ་དབང་དུ་སྡུད་ཅིང་དྲེགས་པ་ཚར་གཅོད་པ་དཔལ་པདྨ་དབང་ཆེན་གྱི་རྟ་སྐད་སྒྲོག་པ་བཤད་པར་བྱ་སྟེ། པདྨ་རིགས་ཀྱི་བསྟན་པ་ལ་སྟོན་པའི་ཞལ་སྐྱེམས། གསང་བ་སྔགས་ཀྱི་དཀྱིལ་འཁོར་ཆེན་པོ་ཐམས་ཅད་དུ་རིགས་ཀྱི་བདག་མོ། རྒྱ་གར་འཕགས་པའི་ཡུལ་ན་དཔལ་ནཱ་རོ་པའི་ལྕམ། སྭ་སའི་གླིང་ན་མི་རུས་ཀྱི་རྒྱན་ཆ་ཅན། གངས་ཅན་པ་འགས་ནི་གུ་མ་ཞེས་བཏགས་པ། མཚན་ཐམས་ཅད་ལ་གྲགས་པ་གྲུབ་པའི་རྒྱལ་མོས། བོད་ཕྲུག་རྒྱ་གར་དུ་ཕྱིན་པ་ཙམ་ལ་གདམས་ངག་ཐོན་ཆེ་བ། འབྲོག་གནས་པའི་གོས་སྔོན་པོ་ཅན་དག་གི་རྒྱལ་བ་སྐུ་གསུམ་གྱི་ཞིང་གི་ཌཱ་ཀི་ནཱི་མཚར་མོ་ཐམས་ཅད་ཀྱི་སྙིང་སྡུག གྲུབ་ཐོབ་མི་ལ་ཆེན་པོའི་ཐུགས་སྲས། བདག་ཅག་ལ་བླ་ན་མེད་པའི་ལམ་སྟོན་པ། རས་ཆུང་པ་ཞེས་གྲགས་པ་འཇིག་རྟེན་གསུམ་བརྒལ་བ་དེ་ལ་ཚིག་གསུམ་གྱིས་སྩལ་བ་རྒྱས་པར་འབྱེད་པའོ། །དེ་གང་ཞེ་ན། ལྟ་བས་ས་གསུམ་མཉམ་སྦྱར་ནས། །སྤྱོད་པ་དྲེགས་པ་ཚར་གཅོད་པ། །རྟ་སྐད་ཐེངས་གསུམ་ཐབས་ཀྱི་མཆོག །ཅེས་པའོ། །ཇི་ལྟར་རྒྱས་པར་བཤད་ན། རྟ་སྐད་དང་པོ་ཆོས་ཉིད་ཀྱི་དཀྱིལ་འཁོར་དུ་བསྙེན་པ། གཉིས་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་སྒྲུབ་པ། གསུམ་པ་ཚོགས་ཀྱི་དཀྱིལ་འཁོར་དུ་ལས་ལ་སྦྱར་བའོ། །སངས་རྒྱས་པ་རྣམས་གཏན་ལ་འབེབས་པ་ནི། ཆོས་དང་ཆོས་ཉིད་དེ་དེ་ལ་ཆོས་ཞེས་བྱ་བ་ནི་འདུས་བྱས་པ་དང་། འདུས་མ་བྱས་པའི་ཆོས་རྣམས་སོ། །ཆོས་ཉིད་ཅེས་བྱ་བ་ནི། ཆོས་རྣམས་ལ་གང་གིས་ལེགས་པར་བརྟགས་པ་ན། ཡོད་པ་མི་དམིགས། མེད་པ་མི་དམིགས། མཐའ་མི་དམིགས། དབུས་མི་དམིགས། སྟོང་པ་མི་དམིགས། མི་སྟོང་པ་མི་དམིགས་པ་དེའོ། །དེའི་ཕྱིར་ཆོས་ཉིད་ནི་ཆོས་རྣམས་མ་ཡིན་ལ། ཆོས་རྣམས་ལས་གཞན་ཞིག་ཀྱང་མ་ཡིན་ནོ། །དེ་ལྟ་བུའི་ཆོས་ཉིད་ནི་དཔལ་རྟ་མགྲིན་ཏེ་དཀྱིལ། ཆོས་རྣམས་ཀྱི་དེའི་འཁོར་ལོ། དེ་གཉིས་གཉིས་སུ་འབྱེད་མི་ཤེས་པ་ཟུང་འཇུག་ཡིན་པས་དཀྱིལ་འཁོར་གྱི་འཁོར་ལོ་ཞེས་བརྗོད་དོ། །དེ་ཇི་ལྟར་བསྙེན་ན། ཆོས་རྣམས་ལ་མཚན་མར་འཛིན་ན་རྣམ་པར་རྟོག་པ་ལ་གནས་པ། རྣམ་པར་མི་རྟོག་པ་ཆེས་རིང་པོར་དོར་བ་སྟེ་རྒྱུ་འདིས་འཁོར་བར་འཁོར་རོ། །དེ་ཕྱིར་མཚན་མར་འཛིན་པར་མི་བྱེད་པ། དེས་མཚན་མ་ཞི་སྟེ་ཆོས་ཀྱི་དབྱིངས་ཐོབ། ཆོས་ཐམས་ཅད་རྣམ་པར་དག་ནས་ལམ་དུ་སོང་སྟེ་མངོན་པར་རྫོགས་པར་སངས་རྒྱའོ། །དེ་བས་འདི་ནི་ལྟ་བ་གྱད་ཀྱི་ལྷ་ཞེས་བྱའོ། །གཉིས་པ་ལ། བསྐྱེད་པ། རྫོགས་པ། མཐར་ཐུག་པའི་སྒྲུབ་པ་གསུམ་ལས། དང་པོ་ནི། ལས་དང་པོ་པའི་སྒོམ་པ་དཔའ་བོ་གཅིག་པའི་ཏིང་ངེ་འཛིན་གོམས་པར་གྱུར་ནས་བདེ་བའི་སྟན་ལ་སྣང་བ་མཐའ་ཡས་ཀྱི་བྱེད་པ་བཅིངས་ནས་ཁ་ནུབ་ཏུ་ཕྱོགས་ནས། འདི་ལྟར་བསྒོམ་པར་བྱ་སྟེ། ལྟ་བའི་ལྷས་བདག་འཛིན་གྱི་གཤེད་ཕྲལ་བའི་ཕྱིར་རང་གི་ལུས་ཉིད་དུར་ཁྲོད་ཀྱི་གཞལ་ཡས་ཁང་ཡིན་པ་གོ་བར་བྱས་པའི་ནང་གི་དབུས་སུ་རྣམ་པར་ཤེས་པ་ཐབས་ཤེས་ཀྱི་ཆ་གཉིས་སུ་ཆད་པའི་ཤེས་རབ་གསང་བའི་ཨ་ཤད་དེ་སྲཱིཿརྣམ་བཅད་དང་བཅས་པར་སོང་། སླར་ཨུཏྤལ་དམར་པོ་སྲཱིཿམཚན་པ། དེ་ཡང་ཀུ་རུ་ཀུལླེ་གཏུམ་ཞིང་དམར་བའི་སྐུ། ཡིད་སྒྱུར་བའི་མེ་ཏོག་གི་མདའ་གཞུ་འགེངས་ཤིང་། ལྷག་མས་ཨུཏྤ་ལའི་ཞགས་པ་དང་ལྕགས་ཀྱུ་བསྣམས་པ། ཕྱག་རྒྱ་ལྔས་བརྒྱན་ཅིང་སྟག་ཤམ་ཅན། བཅུ་གཉིས་ཀྱི་ལོའི་གང་བ་འཆང་ཞིང་འབར་བའི་དབུས་སུ་ཉི་མ་དང་རོའི་གདན་ལ་སྐྱིལ་ཀྲུང་ཕྱེད་པས་གནས་པ་སོར་གཅིག་པ། ཐབས་སྤྱི་བོའི་ཧཾ་ཡིག་སྟེ་སྲཱིཿ རྣམ་བཅད་དང་བཅས་པར་སོང་། སླར་དབྱུག་ཐོ་དཀར་པོ་སྲཱིཿམཚན་པ། དེ་ཡང་། རྟ་མགྲིན་འཇིགས་ཤིང་དཀར་བའི་སྐུ། ཁྲོ་བོའི་ཞལ་དང་། སྤྱི་གཙུག་ཏུ་རྟ་ལྗང་ཞུར་གྱི་མགོ་བོ། རྡོ་རྗེ་དབྱུག་ཐོ་འཕྱར་ཞིང་སྡིགས་མཛུབ་ཐུགས་ཀར་མཛད་པ། དཔལ་གྱི་ཆས་ཐམས་ཅད་ཀྱིས་སྤྲས་ཤིང་། བཅུ་དྲུག་པའི་ལང་ཚོ་གཟུང་སྟེ་འོད་དཀར་པོ་བསིལ་བའི་ནང་དུ་ཟླ་བ་ལ་གནས་པར་བསྒོམ་མོ། །དེ་ནས་ལྷ་མོའི་སྙིང་གར་སྲོག་གི་ངོ་བོ་སྲཱིཿམེ་དྲག་ཏུ་འབར་བའི་སྒྲ། ཨོཾ་ཀུ་རུ་ཀུལླེ་སྲཱིཿསྭཱ་ཧཱ། ཞེས་པར་གྲག་པ། རླུང་རང་བཞིན་གྱིས་ལྡང་བ་ན། དཔའ་བོ་བསྐུལ་བའི་ཕྱིར་ལྷ་མོའི་སྙིང་གའི་ཡིག་འབྲུ་དེ། དེ་ཉིད་ཀྱི་ཤངས་གཡས་པའི་སྒོ་ནས་འཐོན། དཔའ་བོའི་ཡང་ཤངས་གཡས་པའི་སྒོ་ནས་ཞུགས་ནས་སྙིང་གར་སྲཱིཿདཀར་པོ་བསིལ་བ་ཞིག་ཏུ་གྱུར་ཏེ། འོད་ཟེར་གྱི་བྱིན་རླབས་འཕྲོ་བའི་སྒྲ། སྲཱིཿ པདྨ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ྄་ཅེས་པར་གྲགས་པ། རླུང་ནང་དུ་འཇུག་པའི་དུས་དཔའ་བོའི་ཤངས་གཡོན་ནས་འོངས་ཏེ་ལྷ་མོའི་ཤངས་གཡོན་པ་ནས་ཞུགས་པ། གནས་པའི་དུས་སྔར་བཞིན་ཡང་ནས་ཡང་དུ་རྩེ་གཅིག་ཏུ་བསྒོམ་པར་བྱའོ། །གོམས་ནས་སྲཱིཿཡིག་འགྲོ་འོང་གི་དུས་སུ་རང་རང་གི་དབང་པོའི་སྒོ་གཡས་པ་ཐམས་ཅད་ནས་འོད་ཀྱི་ཕོ་ཉ་དང་ཕོ་ཉ་མོ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པ་དཔག་ཏུ་མེད་པ་འཕྲོས་ཏེ། ཁམས་གསུམ་པ་ཐམས་ཅད་ལ་ལྕགས་ཀྱུས་བཏབ་སྟེ་དབང་དང་ཕྲལ་ནས་དེ་དག་གི་བསོད་ནམས་སྟོབས་ཐམས་ཅད་དབང་པོ་གཡོན་པ་ཐམས་ཅད་ཀྱི་སྒོ་ནས་ཚུར་བཀུག་རང་དང་ལྷན་ཅིག་བཅིངས་བསྡམས་མཉེས་པར་བྱས་པར་བསམ་མོ། །དེས་དངོས་གྲུབ་ཀྱི་མཚན་མ་སྔར་བཏང་ནས་གྲུབ་པ་བརྒྱད་ལ་སོགས་པ་ཕྱིས་རང་རང་འོངས་ནས་རྣལ་འབྱོར་པ་དེའི་འདོད་པ་རྫོགས་པར་བྱེད་དོ། །འདི་ནི་ས་འོག་གི་སྒྲས་འཇིག་རྟེན་གཏི་མུག་གིས་རྨོངས་པ་བཤད་པ་ཡིན་ལ། དེ་སྦྱང་བ་ནི་ཟབ་པ་བསྐྱེད་པའི་རྣལ་འབྱོར་འདིས་ཡིན་ཏེ། མི་ཤེས་པ་ཞེས་བྱ་བ་ནི་ཕུང་པོ་ཁམས་སྐྱེ་མཆེད་ཐམས་ཅད་ཟུང་དུ་འཇུག་པའི་ལྷར་མི་ཤེས་པ་ཡིན་ལ། འདིར་ནི་དེ་ཤེས་པར་བྱེད་པས་སོ། །གཉིས་པ་ནི། དེ་ནས་སྟེང་རླུང་ཉི་མ། འོག་རླུང་ཟླ་བ། སྙིང་གི་ཕུག་ཏུ་སྒྲ་གཅན་གྱི་གདན་བསམ་པ་ལ་བཅུག་སྟེ། གསང་གནས་ཀྱི་བཅོམ་ལྡན་འདས་མ་དེ་ལང་ཚོའི་མས་བཅོམ་ལྡན་ལ་ཤིན་ཏུ་ཆགས་པའི་གདུང་བ་སྐྱེས་ནས་གཅེར་བུར་སྙིང་ཀུ་རུ་ཀུལླེའི་རིའི་ཕུག་པ་དེར་གཤེགས་ནས། རཱ་ཧུ་ལའི་གདན་མནན་ཏེ་འོད་ཀྱི་སྤྲིན་འདོད་པའི་ཡོན་ཏན་ལྔར་འབར་བས་བཅོམ་ལྡན་འདས་མཆོད་ཅིང་འདོད་པ་ལ་ཡོངས་སུ་འདྲིད་པའི་སྒྱུ་ཐབས་དེ་དང་དེ་བསྟན་པ་ན། སྔོན་དབང་ཕྱུག་ཆེན་པོ་ཨུ་མ་འདྲིད་པ་ལྟར་ཆགས་པ་བདོ་ནས་སྐར་མདའ་འཕངས་པ་བཞིན་སྐད་ཅིག་གིས་ཕུག་དེར་བྱོན། བཅོམ་ལྡན་འདས་མ་ལ་འཁྱུད་ནས་འདོད་ཆགས་ཆེན་པོའི་རྗེས་སུ་ཆགས་པ་ཚིམ་པ་མེད་པ་བརྩམས་པའི་མཐར། དཔའ་བོའི་སྐུ་ཡས་མས་ནས་ཞུ་བའི་ཐིག་ལེ་དཀར་པོ་ཞིག་དེའི་གསང་བའི་སྣ་རྩེར་ལྷུང་ངོ་། །རྐྱེན་དེས་ལྷ་མོ་ཡང་དེ་བཞིན་དུ་ཞུ་ནས་ཐིག་ལེ་དམར་པོར་གྱུར་ཏེ་དེ་ལ་འཁྱུད་དོ། །ཐིག་ལེ་འདྲེས་པའི་བདེ་བ་ཆེན་པོ་འབར་བས་རྟེན་དབང་པོའི་གཞུ་ལྟ་བུ་ཇེ་ཕྲ་ཇེ་ཕྲར་སོང་ནས་ཆོས་ཉིད་ཀྱི་གཞི་ལ་བསྟིམ་ཐིམ་པས་རྣམ་པ་མེད་པར་གྱུར་ཏོ། །སླར་དེ་བཅོམ་ལྡན་འདས་མའི་རང་བཞིན་དུ་སད་པའི་གླུས་བསྐུལ་བས་ཆུ་ལས་ཆུ་བུར་བརྡོལ་བ་ལྟར་ཡབ་ཡུམ་ཁ་སྦྱོར་བ་དེར་བཞེངས་ནས་ཚིམ་པ་ཉིད་ཀྱིས་སོ་སོའི་ཡུལ་དུ་གཤེགས་སོ། །དེ་ལྟ་བུ་རླུང་བུམ་པ་ཅན་རེ་ལ་རྫོགས་པར་བསྒོམ་ཞིང་། ཡང་དང་ཡང་དུ་བསླབ་བོ། །སའི་སྒྲ་འདོད་ཆགས་ཀྱིས་རྨོངས་པའི་འཇིག་རྟེན་བཤད་ལ། དེ་སྦྱངས་པ་ནི་རྫོགས་པ་འདོད་ཆགས་ཆེན་པོའི་སྐུར་བསྟན་པའི་རྡོ་རྗེའི་ཆགས་པ་འདིས་ཏེ། འདོད་ཆགས་ནི་རང་བཞིན་མ་རྙེད་པ་ལ་འཁོར་བའི་རྐྱེན་དུ་འགྱུར་ཡང་། ཤེས་པ་ལ་གྲོལ་བར་བྱེད་པའི་ཐབས་མཆོག་ཏུ་འཆར་བས་སོ། །གསུམ་པ་ནི། ཚུལ་དེས་ས་བཅུའི་དབང་ཕྱུག་གི་སྒྱུ་མ་ལྟ་བུའི་ལུས། ས་བཅུ་གཅིག་པར་སྒྲིབ་པ་དང་བཅས་པའི་རྟེན་ཡོངས་སུ་གྱུར་པའི་ངོ་བོ་འོད་གསལ་བར་རབ་ཏུ་འཇུག་པ་སྟོན་ནོ། །དེས་ནི་རྣམ་པར་རྟོག་པའི་དྲ་བ་བག་ཆགས་དང་བཅས་པ་དྲུངས་ཕྱུང་བས་སྤྲོས་པ་ཐམས་ཅད་ཉེ་བར་ཞི་ཞིང་ཞི་བ་བདེ་བ་ཆེན་པོ་གདུལ་བྱའི་འགྲོ་བའི་བསོད་ནམས་དང་། སྔོན་གྱི་སྨོན་ལམ་གྱི་སྟོབས་ལས་སྐད་ཅིག་གཅིག་ལ་བདེ་སྟོང་མཆོག་གི་བདག་ཉིད་ཟུང་དུ་འཇུག་པ་ལོངས་སྤྱོད་རྫོགས་པའི་སྐུ་བཅོམ་ལྡན་འདས་པདྨ་གར་གྱི་དབང་པོ་རིགས་ལྔའི་ཁྲག་འཐུང་ཆེན་པོ་མཐའ་ཡས་ཤིང་སྣ་ཚོགས་པའི་སྤྲུལ་པའི་སྐུས་ནམ་མཁའ་འགེངས་པས་གཞན་གྱི་དོན་ཡང་དག་པར་བསྒྲུབ་པ་འཆར་རོ། །འདིས་ནི་ས་སྟེང་གི་སྒྲས་ཞེ་སྡང་གིས་རྨོངས་པའི་འཇིག་རྟེན་བཤད་ལ། དེ་སྦྱང་བ་ནི་མཐར་ཐུག་པའི་ལམ་འདིས་ཏེ། ཞེ་སྡང་ནི་གཉིས་སུ་འཛིན་པ་ལས་བྱུང་བ་ཡིན་ལ། འདི་ནི་གཉིས་སུ་མེད་པ་ཟུང་འཇུག་ཆེན་པོ་ལ་ལམ་ཐམས་ཅད་སྦྱོར་བ་གཅིག་ཏུ་བྱེད་པས་སོ། །གསུམ་པ་ཚོགས་ཀྱི་དཀྱིལ་འཁོར་དུ་ལས་ལ་སྦྱར་བ་ལ། ཚོགས་ཀྱི་དཀྱིལ་འཁོར་སྤྲོས། ཏ་ན་རོལ་པ་བརྩམ། ག་ན་རོལ་པ་སྤྱད་པ་གསུམ་ལས། དང་པོ་ནི། ཆོས་ཉིད་རང་བཞིན་གྱི་ཏིང་ངེ་འཛིན་དེ་ལས་ཀུན་ཏུ་སྣང་བ། དེ་ལས་རྒྱུའི་ཏིང་ངེ་འཛིན་གསུམ་ལས། རྡོ་རྗེ་བཙུན་མོའི་བྷ་ག་ཞེས་པ་ནམ་མཁའ། རླུང་། རཀྟའི་རྒྱ་མཚོ། ཀེང་རུས་རི་རབ། བསྐལ་པའི་མེ་དཔུང་། ལུས་ཡོངས་སུ་སྦྱངས་བ། དུར་ཁྲོད་ཀྱི་གཞལ་ཡས་ཁང་ཟླ་གམ་དབང་གི་དཀྱིལ་འཁོར་དང་བཅས་པའོ། །དེ་ལ་བཞུགས་པ་ནི་སྐད་ཅིག་གིས་བསྐྱེད་པའི་པདྨ་གར་གྱི་དབང་ཕྱུག གཟུགས་ཀྱི་ཕུང་པོ་བུད་དྷ་ཁྲག་འཐུང་། ཚོར་བ་རཏྣ་ཁྲག་འཐུང་། འདུ་ཤེས་པདྨ་ཁྲག་འཐུང་། འདུ་བྱེད་ཀརྨ་ཁྲག་འཐུང་། རྣམ་ཤེས་བཛྭ་ཁྲག་འཐུང་། ཁམས་ལྔ་ཡུམ་ལྔར་དག་པ་གཅིག་གིས་གཅིག་ལ་འཁྱུད་པའི་སྤྱི་གཟུགས་ནམ་མཁའི་དབྱིངས་ལྟར་མཐིང་ནག་དྲེགས་པ་ཅན་ཐམས་ཅད་འཇིགས་ཤིང་འཇིགས་པར་མཛད་པ་ཡན་ལག་རགས་ཤིང་ལྟོ་བ་འཕྱང་བ་ཞལ་གཅིག་པ་རྟ་མི་གཟན་གྱི་མགྲིན་པ་ཅན། རྡོ་རྗེ་ཕག་མོ་མཐིང་ནག་དུར་ཕག་གི་གདོང་པ་ཅན་དང་རྩེ་བ། གཤིན་རྗེ། མ་མོ། གཟའ། སྲིན་པོ། བདུད། གནོད་སྦྱིན། ཀླུ། ལྷའི་ཚོགས་དང་བཅས་པས་བསྐོར་བ་དེར་ལྡང་ངོ་། །དེ་ཡང་ཁྲག་འཐུང་རིགས་ལྔ་འཁོར་དུ་བསྐོར་བ་ལྟ་བུ་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ཉིད་རིགས་གང་དང་གང་གིས་གདུལ་བྱ་ཞི་བ་ལ་སོགས་ལས་རབ་འབྱམས་གང་དང་གང་གིས་འདུལ་བའི་སྐབས་དེ་དང་དེར་མོས་པ་བཞིན་འཆར་བ་ནི་བར་སྣང་གི་ཟླ་བ་གཅིག་ཉིད་ཆུ་ཀླུང་གིས་དབྱེ་བས་སྣ་ཚོགས་པའི་བརྙན་པོར་སྣང་བ་བཞིན་ནོ། །ལྷ་མ་སྲིན་སྡེ་བརྒྱད་ཀྱིས་བསྐོར་བ་ནི། སྔོན་དེ་དག་གཡོག་དང་བཅས་པས་མགྲིན་གཅིག་ཏུ་རང་རང་གི་སྐད་དུ་དམོད་མོ་དང་མཚང་ཚིག་མདོངས་གསོལ་དུ་འབུལ། དཔའ་བོ་རྟ་མགྲིན་གྱིས་ཀྱང་ལྷ་མ་སྲིན་གྱི་བརྡ་སྒྲ་དགུ་མི་བརྗེད་པའི་གཟུངས་སུ་གཏད། དབང་ཆེན་གྱི་ཕོ་ཉར་བརྟན་ནས་གཟུངས་སུ་བཞག ལྷ་མ་སྲིན་གྱིས་བརྡ་སྐད་དགུ་བསྒྲགས་པའི་དུས་སུ་ཅི་བསྒོ་ཉན་པའི་ར་མདའ་བྱ་བར་ཁས་འཆེ་བས་སོ། །འདིར་དཔལ་ཆེན་པོ་རྟའི་མགྲིན་པ་གཅིག་ཏུ་བྱེད་པ་ནི་བཅོམ་ལྡན་འདས་ཉིད་ཀྱི་ཞལ་ཡིན་ལ། ཁྲོ་བོའི་ཞལ་ནི་གཅིག་གམ་གསུམ་ལ་སོགས་པར་ཕྱེ་བ་ནི་མ་ཏྲཾ་རུ་དྲའི་གཟུགས་ཉིད་དབང་དུ་བྱས་པ་ཙམ་གྱི་གནས་སྐབས་ཡིན་ལ། འདི་ནི་དེའི་གཟུགས་དངོས་པོ་མེད་པ་ཉིད་དུ་རྣམ་པར་ཐིམ་པའི་གནས་སྐབས་ལ་དགོངས་པ་ཡིན་པས་གནས་སྐབས་ཤན་ཕྱེད་པར་བྱའོ། །འདི་ལྟ་བུའི་ལྷ་ཚོགས་ཐམས་ཅད་ཀྱང་རང་རང་གི་སྔགས། ཧཱུཾ་བཛྭ་ཀྲོ་དྷཱ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ྄། བཛྭ་བྷཻ་ར་ཝ་ཝཱ་རཱ་ཧི་ཨ་ཡ་མ་དུ་རུ་ཙ་ཤ་ན། ཞེས་པའི་སྒྲ་ལྷང་ལྷང་སྒྲོག་པ་ཁམས་གསུམ་དབང་དུ་སྡུད་ཅིང་དྲེགས་པ་ཐམས་ཅད་ཟིལ་གྱིས་གནོན་པའི་ཕོ་ཉ་དང་ཕོ་ཉ་མོའི་སྤྲིན་མཐའ་ཀླས་པ་འགྱེད་པའོ། །དེ་ལྟར་བསྟན་པ་རྡོ་རྗེའི་གླུ་བླངས་ཏེ་བྱིན་གྱིས་བརླབ་བོ། །གཉིས་པ་ནི་གཉིས་ཏེ། དགོས་པའི་དོན་ལ་སྦྱོར་བ་དང་། དགའ་བའི་དོན་ལ་སྦྱོར་བའོ། །དང་པོ་ནི། སྡེ་བརྒྱད་ཀྱི་ཁྲོམ་ཆེན་པོ་དེ་དག་གི་དབང་མཚན་ཁྲག་ཐིག་ལེར་བྱས་པའི་སྤོས། མེ་ཏོག མར་མེ། དྲི་ཆབ། གཟུགས་སྡུག་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་བདའ་བ། རེག་བྱ་འཇམ་པ་ཐམས་ཅད་དང་བདུད་རྩི་ལྔ་དང་སྒྲོན་མ་ལྔ་དང་བྱས་པའི་ཚོགས་གཏོར་མཆོད་པར་ཕུལ་ལ། དབང་པོ་རྣམས་ཅི་བདེ་བས་གཉིས་སུ་མེད་པས་ལོངས་སྤྱད། དེ་དག་གི་བསྟོད་པའི་དམ་པས་བསྟོད་པར་བསམ་མོ། །གཉིས་པ་མེ་ཐུ་ནའི་དོན་དུ་སྡེ་བརྒྱད་ཀྱི་བུ་མོའམ། མིའི་བུད་མེད་པདྨ་ཅན་གྱི་མཚན་ཉིད་དང་ལྡན་པ་ཕོ་ཉ་རྣམས་ཀྱི་བྷ་གར་ལྕགས་ཀྱུས་བཏབ། ཞགས་པས་བཅིངས། རླུང་གི་གཞུ་ལ་བསྐྱོན། དབང་དང་བྲལ་བར་བདག་གི་དྲུང་དུ་ཁྲིད་དེ་ཕུལ་བར་བསམ་མོ། །ཨ་ཡ་མ་དུ་རུ་ཙ་ན་ཤ། ཆེ་གེ་མོ་མོ་ཧ་ཡ་ཞེས་བཏགས་ལ་བཟླས་པས་གང་འདོད་པ་སྐད་ཅིག་དེ་ལ་འོངས་ཏེ། རང་ཉིད་ཀྱི་ལུས་ལ་ཕོ་བརྒྱུད་ཐམས་ཅད་དང་མོ་བརྒྱུད་ཐམས་ཅད་དེ་ལ་བསྟིམ་སྟེ་བཅོམ་ལྡན་འདས་ཡབ་ཡུམ་གྱི་འདུ་ཤེས་བརྟན་པོས་དུང་ཅན་དང་ཀཱ་ཀ་མུ་ཁ་རྡོ་རྗེ་དང་པདྨ་གཟུང་བ་དང་འཛིན་པ་ཐབས་དང་ཤེས་རབ་ཡང་དག་པར་སྦྱར་ཏེ། གཉིས་ཀའི་ཐིག་ལེ་འཁོར་ལོ་བཞིའི་དཀྱིལ་འཁོར་དུ་ཕབ་ཅིང་། དང་པོར་གསང་གནས་ཙམ་དུ་ཕབ་ཅིང་བཟློག དེ་ནས་རྡོ་རྗེའི་བུ་གའི་བར་དུ་ཁད་ཀྱིས་ཕབ་ནས་རྣམ་པར་སྦྱར་ཞིང་ཐིག་ལེ་ཕྱིར་མ་འཕོས་པར་བྱ། འཕོས་ན་དམྱལ་བར་ལྟུང་བས་སོ། །དེ་ལྟར་རྡོ་རྗེ་ནོར་བུར་བསྐྱིལ་བའི་བདེ་བ་རྣམ་པ་ཐམས་ཅད་པར་སྤྲོ་ཞིང་སྤྲོས་པ་ཉེ་བར་ཞི་བ་ཉིད་དུ་བསྡུ་བས་རང་བྱུང་དུ་ཁམས་ཐམས་ཅད་གྱེན་དུ་དེ་བཞིན་གཤེགས་པར་གྱུར་ཏེ། དཀྱིལ་འཁོར་བཞིའི་མཐར་ཐུག་པ་བྱང་ཆུབ་ཀྱི་སེམས་ཀྱིས་ཁྱབ་ནས་བཅུ་དྲུག་པའི་གང་བ་གཙུག་ཏོར་དུ་འཆིང་བར་འགྱུར་ཏེ་པདྨ་གར་གྱི་དབང་ཕྱུག་ཐོབ་པ་ཞེས་བྱའོ། །གསུམ་པ་ནི། དགྲ་དང་བགེགས་ཞེས་བཞག་པ་བདག་ཏུ་ལྟ་བའི་གཞི་དེ་དག་གི་ཉེར་ལེན་གྱི་ཕུང་པོ་ཁམས་སྐྱེ་མཆེད་ཀྱི་ནང་དུ་རང་ཉིད་ཀྱི་སོ་སོ་རང་རིག་པའི་རྟ་མཆོག་ཞུགས་ཏེ་ལུས་ཐམས་ཅད་སྐུས་བརྒྱངས། ངག་ཐམས་ཅད་གསུང་གིས་དབང་དུ་བསྡུས། ཡིད་ཐམས་ཅད་ཐུགས་ཀྱིས་མནན་པས་དེ་དག་གི་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་ཀྱིས་གཉིས་སུ་མེད་པར་ལོངས་སྤྱོད་དེ། ཕུང་པོ་ཁམས་དེ་དག་ལྷར་བཞེངས་པའི་རྟ་བྲོ་བརྡུངས་པས་ཐམས་ཅད་གཉིས་སུ་མེད་པའི་ཀློང་དུ་བསྒྲལ་བར་གྱུར་པ་རྗེས་སུ་དྲན་པར་བྱའོ། །འདི་ལྟ་བུའི་སྦྱོར་བ་དང་སྒྲོལ་བ་ཆོས་སུ་སྨྲ་བ་ནི་སྔགས་འཆང་ཆེན་པོའོ། །དེ་ལྟར་དཔལ་ཆེན་པོའི་རྟ་སྐད་སྒྲོག་པའི་མན་ངག་པདྨ་དཀར་པོས་རྒྱལ་བྱེད་ཀྱི་ཚལ་དུ་སྦྱར་བའོ།། །།སརྦ་མངྒ་ལཾ།། །།


previousདཔལ་ཆེན་པོའི་རྟ་སྐད་སྒྲོག་པའི་མན་ངགnext