Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཚ༽


   
   
  collapse section
  collapse section
   
   
   
  collapse section
   
   
   
   
   
   
   
སྤྱི་དོན་བདུན་པ། མཐར་ཕྱིན་གནད་ཀྱི་འབྲས་བུའི་གྲུབ་ཚུལ།
   
   
   
   
   
  collapse section
  collapse section
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   


 
previousསྤྱི་དོན་བདུན་པ། མཐར་ཕྱིན་གནད་ཀྱི་འབྲས་བུའི་གྲུབ་ཚུལ།next

སྤྱི་དོན་བདུན་པ། མཐར་ཕྱིན་གནད་ཀྱི་འབྲས་བུའི་གྲུབ་ཚུལ།

༈ སྤྱི་དོན་བདུན་པ་མཐར་ཕྱིན་འབྲས་བུའི་གྲུབ་ཚུལ་བསྟན་པ་ལ་གསུམ་སྟེ། གྲོལ་བ་སྤྱིའི་ངོ་བོར་བསྟན་པ། མྱ་ངན་ལས་འདས་པའི་རང་བཞིན་བཤད་པ། ལྷུན་གྲུབ་རིན་པོ་ཆེའི་རྣམ་པར་བཞག་པའོ། །དང་པོ་ལ་གཉིས་ཏེ། རང་དོན་གྲོལ་བ་དང་། གཞན་དོན་ཐུགས་རྗེའོ། །

དང་པོ་ལ་ངོ་བོ། ངེས་ཚིག །དབྱེ་བ། དཔེ་དང་བཞི་ལས། ངོ་བོ་ནི་འཁོར་བའི་ཆོས་འཁྲུལ་སྣང་འཁྲུལ་རྐྱེན་དང་བཅས་པ་སྦུབས་གཉིས་ལས་གྲོལ་བའོ། །ངེས་ཚིག་ནི་འཁྲུལ་སྣང་གི་འཆིང་བ་ཆ་དང་བཅས་པ་ལས་དག་གོ། །དབྱེ་ན་ཡུལ་ལས་གྲོལ་བ་ཕྱིར་སྣང་འཁྲུལ་པའི་རྒྱུ་རྐྱེན་མེད་པས། ལུས་ལས་གྲོལ་བ་འབྱུང་བཞི་རྡོས་པའི་སྦུབས་ལས་འདས་པ། སེམས་ལས་གྲོལ་བ་ཚོགས་བརྒྱད་ཀུན་གཞིའི་བརྟན་ཆོས་བྲལ་བ་དང་གསུམ་མོ། །ཀུན་གཞི་མེད་དེ་འཁོར་འདས་བརྟན་དུས་ཀུན་གཞིར་བཞག་པ་ལ། དེ་འཁོར་བ་མི་བརྟན་པས་མྱང་འདས་ཀྱི་ཆོས་གཅིག་པུ་ལྷུན་གྲུབ་རྣམ་དབྱེར་མེད་པར་རང་ས་ཟིན་པའི་ཕྱིར་རོ། །དེའང་དྲི་བཅས་ཀྱི་རིག་པ་ལ་ཀུན་གཞིར་བཞག་པ་དེ་དྲི་མ་མེད་དུས་ཆོས་སྐུར་གནས་པ་ཡིན་ནོ། །དཔེ་ནི་མདུད་པའི་འཆིང་བྱེད་གྲོལ་བ་བཞིན་ནོ། །གཞན་དོན་ཐུགས་རྗེ་ནི་གྲོལ་ནས་རྒྱུན་ཆད་མེད་པར་ལྷུན་གྲུབ་རྩོལ་མེད་དུ་འབྱུང་སྟེ། (༢༤༡)ཐུགས་རྗེའི་ངོ་བོ་གཟུགས་སྐུ་གཉིས་ཀྱི་རོལ་པ་ཡེ་ཤེས་དང་བཅས་པས་གང་ལ་གང་འདུལ་དུ་དོན་མཛད་པ། ངེས་ཚིག་འཁོར་བ་ལས་ཞི་བར་འདྲེན་ཞིང་སྡུག་བསྔལ་ལས་སྐྱོབ་པའི་ཕྱིར་ཐུགས་རྗེའོ། །དབྱེ་ན་ཇི་ལྟ་བ་དང་། ཇི་སྙེད་པ་ཡེ་ཤེས་གཉིས་ཀྱིས་དོན་མཛད་པ་སྟེ། རྟོག་མེད་དང་། རྟོག་བཅས་ཞེས་དམིགས་ཡུལ་ཆོས་ཉིད་ཆོས་ཅན་གཉིས་ལ་ལྟོས་ནས་བཏགས་པའོ། །དཔེ་ནི་འདྲེན་པ་ལྕགས་ཀྱུ་ལྟ་བུའོ། །གྲོལ་བས་གྲུ་དང་མ་རིག་སེལ་བས་ཉི་མ་དང་། ཉོན་མོངས་ཀྱི་ནད་འཇོམས་པས་སྨན་དང་ཐབས་སྟོན་པས་སྨན་པ་ལྟ་བུའོ། །དེ་ཡང་ཀུན་གསལ་ལས། འཁོར་བའི་ཆོས་ལ་མི་གནས་པར། །མྱ་ངན་འདས་པའི་དོན་ལ་གནས། །གྲོལ་བ་སྤྱི་ཡི་ངོ་བོར་བཤད། །རང་གི་ངོ་བོ་སོ་སོ་སྟེ། །ཡུལ་ལས་གྲོལ་བའི་ངོ་བོ་ནི། །རང་གདངས་ཆེན་པོར་གསལ་བ་ཡིན། །ལུས་ལས་གྲོལ་བའི་ངོ་བོ་ནི། །རིག་པ་དངོས་མེད་རིན་ཆེན་སྦུབས། །སེམས་ལས་གྲོལ་བའི་ངོ་བོ་ནི། །རྟོག་མེད་རིག་པ་རང་གསལ་ཡིན། །གྲོལ་བ་ཞེས་པའི་ངེས་ཚིག་ནི། །རྩོལ་བའི་ཆོས་ལས་རབ་འདས་ཤིང་། །འཁྲུལ་པ་གསུམ་གྱིས་མ་བཅིངས་པས། །ངེས་ཚིག་གཏན་ཚིགས་བཅས་པ་ཡིན། །དབྱེ་བའི་ངོ་བོ་སྐབས་སུ་བཤད། །དཔེ་ནི་སྦྲུལ་མདུད་གྲོལ་བ་དང་། །རྔ་མ་དག་གི་མདུད་པ་བཞིན། །ཐུགས་རྗེའི་ངོ་བོ་ངེས་ཚིག་ནི། །ངོ་བོ་མ་འགགས་གཟུགས་སྐུ་ཡིན། །ཅིའི་ཕྱིར་ཐུགས་རྗེ་ཞེས་བྱ་བ། །མ་འགགས་གནོད་པ་སེལ་བའི་རྟགས། །དབྱེ་བ་ཆེན་པོ་ཆུང་ངུ་གཉིས། །རྟོག་མེད་དང་ནི་རྟོག་བཅས་ཏེ། །འཛིན་པར་བྱེད་པའི་ལྕགས་ཀྱུ་བཞིན། །སྒྲོལ་བར་བྱེད་པའི་གྲུ་བཞིན་ནོ། །མ་རིག་སེལ་བས་ཉི་མ་བཞིན། །སྡུག་བསྔལ་ནད་འཇོམས་སྨན་པ་བཞིན། །དཔེར་མཚོན་མར་ཡང་བསྡུས་པ་ཡིན། །ཞེས་སོ། །

གཉིས་པ་མྱ་ངན་ལས་འདས་པའི་རང་བཞིན་ལ། །ངོ་བོ། ངེས་ཚིག །དབྱེ་བ། མཚན་ཉིད་བཞི་ལས། ངོ་བོ་ནི་མི་གནས་པའི་ཡེ་ཤེས་བདེ་བ་ཆེན་པོའི་གོ་འཕང་ཐོབ་པའོ། །ངེས་ཚིག་ནི། འཁོར་བ་སྡུག་བསྔལ་གྱི་ཆོས་ལས་འདས་པའོ། །དབྱེ་ན་ཟག་བཅས་བག་ཆགས་ཀྱི་སྦུབས་དང་མ་བྲལ་བར་རྟོགས་པས་འཁོར་བ་ཆོད་པ་དང་། ཟག་མེད་སྦུབས་གཉིས་ལས་གྲོལ་ཏེ་རིན་པོ་ཆེ་ལ་མཐར་ཕྱིན་པ་གཉིས་སོ། །མཚན་ཉིད་ནི་ཆོས་སྐུ་མཐའ་ལས་འདས་པའམ་དབྱིངས་སུ་རང་ས་ཟིན་པ་སྟེ། (༢༤༢)བཤད་རྒྱུད་ལས། ངོ་བོ་ངེས་ཚིག་དབྱེ་བ་དང་། །མཚན་ཉིད་རྣམ་པ་བཞི་ཡིས་བཤད། །མྱ་ངན་འདས་པའི་ངོ་བོ་ནི། །མི་གནས་པའི་ཡེ་ཤེས་ཆེན་པོའོ། །ངེས་ཚིག་ནི། སྡུག་བསྔལ་གྱི་མཐའ་ལས་འདས་ཏེ་མི་རྟོག་པའི་བདེ་བ་ཆེན་པོ་ལ་གནས་པའི་ཕྱིར་ནའོ། །དབྱེ་བ་ནི། ཟག་བཅས་ཀྱི་མྱ་ངན་ལས་འདས་པ་དང་། ཟག་པ་མེད་པའོ། །མཚན་ཉིད་ནི། མཐའ་རྣམ་པ་བཞི་ལས་འདས་པའོ། །ཞེས་སོ། །

གསུམ་པ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཀྱི་རྣམ་པར་གཞག་པ་ལ་ལྔ་སྟེ། ཤེས་རབ་མཁའ་ལ་འདེགས་པ། འབྱུང་བ་མ་ལ་ཞ་བ། ཡེ་ཤེས་དབྱིངས་སུ་ཐིམ་པ། ཤེས་རབ་མཁའ་ལ་འཁྱིལ་བ། རིག་པ་རང་ས་ཟིན་པ་སྟེ། དེ་ཉིད་ལས། ཤེས་རབ་མཁའ་ལ་འདེགས་པ་ཡིས། །མ་བསྐྱོད་ཤུགས་ཀྱིས་བསྐྱོད་པར་བྱེད། །འབྱུང་བ་མ་ལ་ཞ་བ་ཡིས། །མཚན་མ་རང་སར་གྲོལ་བར་བྱེད། །ཡེ་ཤེས་དབྱིངས་སུ་ཐིམ་པ་ཡིས། །རྩལ་སྟོབས་གཞི་ལ་ཐིམ་པར་སྟོན། །ཤེས་རབ་མཁའ་ལ་འཁྱིལ་བ་ཡིས། །སྐུ་གསུམ་ཡེ་ཤེས་ནང་གསལ་སྟོན། །རིག་པ་རང་ས་ཟིན་པ་ཡིས། །དགོངས་པ་འགྱུར་བ་མེད་པར་སྟོན། །ཞེས་སོ། །དང་པོ་ནི་རླུང་ལྔ་ཡོན་ཏན་རྫོགས་པ་ཞེས་ཡང་ཏིག་ཡིད་བཞིན་ནོར་བུའི་སྙན་བརྒྱུད་ཆེན་མོར་བཤད་པ་ཡིན་ནོ། །ཡེ་ཤེས་ཀྱི་རང་རླུང་ནང་དུ་འཕོ་འགྱུར་མེད་པར་གནས་པའི་ལྡོག་ཆ་སྟེ། སྟོབས་ལྡན་མ། ཤུགས་འཆང་མ། འདེགས་བྱེད་མ། བརྟན་མ་བཞི་ལས། སྟོབས་ལྡན་མས་ཕྱིར་སྣང་སྐུ་དང་ཡེ་ཤེས་སུ་སྣང་བ། ནང་དབྱིངས་ལྷུན་གྲུབ་ཀྱི་ངང་དུ་སྐད་ཅིག་ལ་གཉིས་སུ་མེད་པར་སྦྱོར་བར་བྱེད། ཤུགས་འཆང་མས་སྐུ་དང་ཡེ་ཤེས་སུ་དང་པོ་རྩོལ་མེད་དུ་ཤར་བས། ཐ་མའང་རྩོལ་མེད་དུ་རིན་པོ་ཆེའི་སྦུབས་སུ་འདུས་པར་བྱེད་དོ། །འདེགས་བྱེད་མས་རིན་པོ་ཆེའི་སྦུབས་སུ་རང་གསལ་ཟང་ཐལ་ཆེན་པོར་གནས་པར་བྱེད་དོ། །བརྟན་མས་རིན་པོ་ཆེའི་སྦུབས་ལས་མི་གཡོ་བར་བྱེད་དོ། །

འབྱུང་བ་མ་ལ་ཞ་བ་ནི། དང་པོའང་ལྷུན་གྲུབ་ལས་ཡེ་ཤེས་སུ་ཤར་བ་ལས་རྩལ་སྣང་འབྱུང་ལྔར་སྣང་བ། མཐར་ཡང་ལྷུན་གྲུབ་རང་བཞིན་གྱི་ནང་འོད་ལྔར་ཐིམ་པའོ། །དེ་ཡང་རླུང་རྡོ་རྗེ་རྒྱ་གྲམ་དགོད་ལེགས་ཏེ། གདན་དུ་བཏིང་བ་གཡོ་བ་མེད་པའི་བསྐྱོད་པའི་རླུང་ངོ་། །ཆུ་ཤེལ་གྱི་འཁོར་ལོ་བརྩེགས་ལེགས་ཏེ་ཀློང་གཅིག་ཏུ་འདྲིལ་བ་གཤེར་བ་མེད་པའི་ཆུའོ། །ས་རིན་པོ་(༢༤༣)ཆེ་སྣ་ལྔའི་མཆོད་རྟེན་ཁོད་སྙོམས་ཏེ་མ་འདྲེས་ལ་རྫོགས་ལ་སྲ་བ་མེད་པའི་སའོ། །མེ་པདྨ་འདྲ་བ་འོད་འབར་ཏེ་མ་སྨིན་པ་སྨིན་པར་བྱེད་པ་ཚ་བ་མེད་པར་བསྲེག་པའི་མེའོ། །ནམ་མཁའ་རྒྱལ་མཚན་གྱི་རྩེ་མོ་ལྟར་སྐྱེ་འགགས་དང་འཆར་ནུབ་མེད་པ་ཁྱབ་པ་མེད་པའི་གདངས་ཅན་ནོ། །

ཡེ་ཤེས་དབྱིངས་སུ་ཐིམ་པ་ནི། ཕྱིར་སྣང་སྐུ་ལྔ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཡེ་ཤེས་ལྔའི་རང་གདངས་དང་བཅས་པ་ནང་དབྱིངས་ལྷུན་གྲུབ་ལ་ཐིམ་པའི་ཚེ། ཕྱི་ཡུལ་ལ་སྤྱོད་པའི་ཤེས་རབ་དང་། གཟུང་འཛིན་ནང་གི་ཡུལ་ལས་འདས་ཤིང་གཉིས་སུ་མེད་པའི་ཡེ་ཤེས་རྩེ་གཅིག་ཏུ་གསལ་ཏེ། ད་ལྟ་ཤེས་རབ་ཀྱི་སྤྱན་བར་དོར་ཆོས་ཀྱི་སྤྱན་ལ་ཐིམ། དེ་ཡེ་ཤེས་ཀྱི་སྤྱན་ལ་ཐིམ་པས་ཡེ་ཤེས་རྩེ་གཅིག་གོ། །སྣང་བ་གསུམ་དང་། ལུས་གསུམ་ཀྱང་གཅིག་ལ་གཅིག་ཐིམ་སྟེ། ལྷུན་གྲུབ་རང་གསལ་དུ་གནས་སོ། །

ཤེས་རབ་མཁའ་ལ་འཁྱིལ་བ་ལ། ཐིམ་པ་ལ་མ་རྨུགས་པ། གསལ་བ་ལ་རྟོག་པ་མེད་པ། ཡིན་པ་ལ་བདག་མེད་པ། སོ་སོར་མ་འདྲེས་པ། གོ་མི་འབྱེད་པ་བཞི་ལས། དུས་དེར་སྐུ་དང་ཡེ་ཤེས་ཀྱི་གསལ་ཆ་ཐམས་ཅད་ནང་དུ་ཐིམ་ཀྱང་། ཅང་མེད་རྨུགས་འཐིབས་སུ་མ་སོང་སྟེ་ནང་གསལ་ལྷུན་གྲུབ་ཀྱི་རང་གདངས་སུ་གནས་སོ། །དེ་ཡང་འཁོར་གཙོ་བོ་ལ་ཐིམ། གཙོ་བོ་ལྔ་འོད་ཀྱི་ཚོམ་བུ་གཅིག་ནང་གསལ་བ་ལ་ཤེས་རབ་ཀྱི་བུམ་པ་ལྔའམ། ཡུམ་གྱི་བུམ་པ་ལྔ་ནི་ཡེ་ཤེས་ཀྱི་སྐུ་གསལ་བ་ཞེས་བྱའོ། །འདི་ཉིད་སྐུ་རྣམས་ཀྱི་འཆར་གཞི་ཕྲ་བའི་སྐུར་བཞུགས་སོ། །འདི་གནད་ཆེ་བར་ཡོད་དོ། །རང་གསལ་ཡེ་ཤེས་སུ་གསལ་ཡང་ཚོགས་བརྒྱད་ཀྱི་སེམས་མེད་པས། གཅོད་བྱེད་ཀྱི་འཛིན་རྟོགས་གང་ཡང་མེད་དོ། །རིག་པ་རང་བྱུང་གི་ཡེ་ཤེས་ཡིན་ཡང་དངོས་པོ་དང་མཚན་འཛིན་གྱི་ཆོས་ལས་གྲོལ་བས། བདག་དང་བདག་གིར་འཛིན་པ་གང་ཡང་མེད་དོ། །ལྷུན་གྲུབ་ཀྱི་ཀློང་ན་སྐུ་དང་ཡེ་ཤེས་སོ་སོར་གསལ་ཀྱང་ཐ་དད་རིགས་ཚུན་དུ་འབྱེད་པའི་ཆོས་སུ་མེད་དེ། རིག་པ་ཆོས་སྐུ་གཅིག་ཏུ་གནས་པའི་ཕྱིར་རོ། །

རིག་པ་རང་ས་ཟིན་པ་ནི། གདངས་དབྱིངས་སུ་འཁྱིལ་བས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་ལ་རྟག་ཏུ་འཕོ་འགྱུར་མེད་པར་བཞུགས་ཏེ། ཆོས་སྐུ་རྡོ་རྗེ་ལྟ་བུའི་སྐུ། །ལོངས་སྐུ་གཡུང་དྲུང་ལྟ་བུའི་ཚེ། །སྤྲུལ་སྐུ་ཡེ་ཤེས་དག་པའི་སྤྱན། །དགོངས་པ་རྒྱུན་གྱི་ཏིང་ངེ་འཛིན་ཆུ་བོ་ལྟ་བུ་(༢༤༤)རྣམས་ཐོབ་ནས། རང་དོན་ཆོས་སྐུ་ལས་གཞན་དོན་གཟུགས་སྐུའི་རོལ་པ་འཆར་བས་འགྲོ་བའི་དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་པ་ནི། ཆོས་སྐུ་རིན་པོ་ཆེ་གསང་བའི་སྦུབས་ཀྱི་རྣམ་པར་གཞག་པ་སྟེ། ཀུན་གསལ་ལས། སངས་རྒྱས་མྱ་ངན་འདས་པའི་ཚུལ། །ཟུར་ཙམ་གོང་དུ་ངས་བསྟན་ཀྱང་། །ཁྱོད་ཀྱིས་ངེས་པར་མ་ཤེས་ན། །རྒྱས་པར་ངས་བཤད་ལེགས་པར་ཟུང་། །ཤེས་རབ་མཁའ་ལ་༼རླུང་ལྔ་ཡོན་ཏན་རྫོགས་པ་༽འདེགས་པ་ལ། །མཚན་ཉིད་རྣམ་གྲངས་རྣམ་པ་བཞི། །སྟོབས་ལྡན་མ་དང་ཤུགས་འཆང་མ། །འདེགས་བྱེད་མ་དང་བརྟན་མ་བཞི། །སྟོབས་ལྡན་མས་ནི་འཆར་བ་དང་། །གཉིས་སུ་མེད་པར་སྦྱོར་བར་བྱེད། །ཤུགས་འཆང་མས་ནི་དང་པོ་རིག་པའི་རྩལ་སྐུ་དང་ཡེ་ཤེས་སུ་ཤར་བ་དེ་ཡང་རྩོལ་བ་མེད་པའི་ངང་གིས་ཤར་ལ། ཐ་མ་འཁོར་གཙོ་བོ་ལ་འདུས་ཏེ། གཙོ་བོ་ཆོས་སྐུ་རིན་པོ་ཆེའི་སྦུབས་སུ་གཤེགས་པ་དེ་ཡང་རྩོལ་བ་དང་བཅས་སྤྱོད་པ་མ་ཡིན་ཏེ། ངང་གིས་གྲོལ་བའི་ཕྱིར་ན་ཤུགས་འཆང་ངོ་། །དེའི་དུས་ཆོས་སྐུ་རིན་པོ་ཆེ་ལྟ་བུ་ལ་རྡོས་པ་ཅན་གྱི་ཆོས་མེད་དེ། ཆོས་ཉིད་ནམ་མཁའ་ལྟ་བུ་དང་། །ཆོས་སྐུ་ནམ་མཁའ་ལྟ་བུ་གཉིས། །གཉིས་སུ་མེད་པར་ཟང་ཐལ་བ། །བྱིང་བ་སིང་ངེ་གནས་པས་འདེགས་བྱེད་མའོ། །དུས་དེ་ཙམ་ན་ཡེ་ཤེས་ཀྱི་རླུང་མི་གཡོ་བར་གནས་པས་བརྟན་མའོ། །དེ་རྣམས་ནི་རླུང་གི་མཚན་ཉིད་སྤྱི་ལས་བརྩིས་པའོ། །རིགས་ཀྱི་བུ། འབྱུང་བ་མ་ལ་ཞ་བ་ལ་མཚན་ཉིད་ལྔ་སྟེ། འབྱུང་བ་ལྔ་པོ་རྣམས་ཡེ་ཤེས་ཀྱི་གདངས་ལྔ་ལ་འདུས་ཏེ། ཡེ་ཤེས་ལྔ་ཡི་གདངས་ཀྱང་རང་ལ་བྱུང་གི་འབྱུང་བ་ལྔ་ལ་འདུས་སོ། །དེའི་ཚེ་རླུང་རྡོ་རྗེ་རྒྱ་གྲམ་འགོད་ལེགས་ཏེ་གདན་ཐིངས་སོ། །དེ་ཡང་རླུང་ནི་མ་བྱིང་བའོ། །དུས་དེར་གཡོ་བྱེད་མེད་པར་གནས་པ་ནི་རྡོ་རྗེ་རྒྱ་གྲམ་ལྟ་བུའོ། །དེ་ནི་རླུང་གཡོ་བྱེད་མེད་པར་བསྐྱོད་པའོ། །ཆུ་ཤེལ་གྱི་འཁོར་ལོ་བརྩེགས་ལེགས་ཏེ། འབྱེད་པ་མེད་པའི་ཤེས་རབ་ཀློང་དུ་དྲིལ་ཏེ། གཤེར་བ་མེད་པའི་ཆུ་བོ། དེ་ནི་རྣམ་པར་དག་པའི་དབྱིངས་ཏེ་བརྩེགས་ལེགས་པའོ། །

དེ་ཡང་དབྱིངས་རྣམ་པར་དག་པའི་ངང་ན་རིག་པ་གནས་པ་སྟོང་པ་དང་དབྱེར་མེད་པའོ། །དེའི་ངང་ནས་ཡེ་ཤེས་ཀྱི་སྤྱན་མ་འགགས་པར་ཤར་བ་འོད་ཀྱི་བུམ་པ་ལྔར་གནས་ལ། དེའི་སྙིང་པོར་རིགས་ལྔའི་སྐུ་གསལ་ལ་མ་འགགས་པར་གནས་སོ། །དེ་ནི་དེ་བས་བརྩེགས་(༢༤༥)ལེགས་སོ། །རིགས་ཀྱི་རང་གསལ་འཛིན་པ་མེད་པའོ། །དེའི་དུས་སུ་སྲ་བ་དང་བཅས་པའི་ས་སྲ་བ་མེད་པའི་ངང་དུ་གྲོལ་ཏེ། དོན་འགྱུར་བ་མེད་པའོ། །དེ་ཡང་རང་གི་ངོ་བོ་འགྱུར་བ་མེད་པའི་ངང་ན་གོང་བཞིན་མ་འདྲེས་ལ་ཡོངས་སུ་རྫོགས་པར་གནས་ལ། མཆོད་རྟེན་ལྟ་བུའོ། །དེ་ལ་བཟང་ངན་ཆེ་ཆུང་དང་ཡངས་དོག་མེད་པར་གནས་པས་ཀུན་ཏུ་ཁོད་སྙོམས་པའོ། །འདུག་ཚུལ་སྐུའི་ཡེ་ཤེས་ལ་སྣང་ཚུལ་སྐུའི་ཡེ་ཤེས་ཤར་བས། རྟོགས་ཚུལ་གཉིས་མེད་ཆེན་པོར་རྟོགས་ཏེ། འབྱེད་པ་མེད་པའི་ཚུལ་དུ་ཤེས་པའོ། །རིགས་ཀྱི་བུ་ཚ་བ་དང་བཅས་པའི་མེ་ཚ་བ་མེད་པར་བསྲེགས་པའི་ངང་དུ་གྲོལ་བས། རང་རིག་པའི་ཡེ་ཤེས་ལ་གཞན་སྣང་གི་རྟོགས་པ་མེད་དོ། །དྲི་མ་མེད་པའི་རིགས་པ་ལ་སྐུ་དང་ཡེ་ཤེས་གནས་ཀྱང་། དེ་གཉིས་སུ་མེད་པར་གསལ་ཏེ། ས་བོན་འབྲས་བུར་སྨིན་ནས། འབྲས་བུ་འགྱུར་བ་མེད་བར་གནས་པས། མེ་པདྨ་འདྲ་བར་འོད་འབར་ཏེ་མ་སྨིན་པ་སྨིན་པར་བྱས་སོ། །རིག་པའི་ཡེ་ཤེས་འབྱུང་བ་ལས་འདས་པའི་རང་གདངས་འོད་ལས་འདས་པའི་ཡེ་ཤེས། ཡིད་ལས་འདས་པའི་ཤེས་རབ། དུས་ཐམས་ཅད་སྐྱེ་འགག་དང་ནུབ་པ་མེད་པར་གནས་པས། ནམ་མཁའ་ཁྱབ་པ་མེད་པའི་གདངས་ཅན་ཏེ། རྒྱལ་མཚན་གྱི་རྩེ་མོ་ལྟ་བུའོ། །དེ་ལྟར་འབྱུང་བ་ལྔ་མ་ཐོག་ནས་ཤར་བས། ཐ་མ་ཡང་མ་ཐོག་ཏུ་གྲོལ་ཏེ། མི་གནས་པས་མ་ལ་ཞ་བའོ། །དེ་ཡང་དང་པོ་དབྱིངས་དང་རིག་པ་དབྱེར་མེད་ཀྱི་ངང་ལ་ཤར་ལ། ཐ་མ་དེའི་ངང་དུ་དག་ཅིང་ཐིམ་པས། ཡེ་ཤེས་དབྱིངས་སུ་ཐིམ་པའི་མན་ངག་གོ། །ཡེ་ཤེས་དབྱིངས་སུ་ཐིམ་པས་སོ་སོར་རྟོགས་པའི་ཤེས་རབ་ལས་འདས་ཤིང་། གཟུགས་སྣང་གི་ཡུལ་ལས་འདས་ཤིང་གཉིས་སུ་མེད་པས། ཡེ་ཤེས་རྩེ་གཅིག་པར་གསལ་ཏེ། ཡེ་ཤེས་ཀྱི་སྤྱན་ནོ། །དེའི་ཚེ་ཤེས་རབ་དང་ཆོས་ཀྱི་སྤྱན་ལས་གྲོལ་བའོ། །རིགས་ཀྱི་བུ་ཡེ་ཤེས་དབྱིངས་སུ་ཐིམ་ཡང་སྟོང་པ་ཕྱང་ཆད་དུ་མ་སོང་སྟེ། དབྱིངས་ཀྱི་ཐིག་ལེ་གཤེར་བ་མེད་པའི་ཆུས་ནང་མེད་པའི་ནང་དུ་བསྡུས་ཏེ། སྐུ་དང་ཡེ་ཤེས་ནང་གསལ་དུ་གནས་པས། ཤེས་རབ་མཁའ་ལ་འཁྱིལ་བའོ། །དེ་ཡང་རིགས་ཀྱི་བུ་མཚན་ཉིད་བཞི་སྟེ། སྐུ་དང་ཡེ་ཤེས་དབྱིངས་སུ་ཐིམ་ཡང་། རིག་པ་རང་གསལ་དབྱིངས་ན་མི་འགགས་པར་ཐིམ་ལ་མ་རྨུགས་པའོ། །མ་རྨུགས་ཀྱང་སེམས་རྣམ་པར་དག་པ་ནི། རང་སྣང་གི་ཡེ་ཤེས་ལ་(༢༤༦)གཞན་སྣང་གི་རྟོག་པ་མི་མངའ་བས། འཛིན་རྟོག་བྲལ་བའི་ཡེ་ཤེས་སོ། །རིགས་ཀྱི་བུ་དེ་ནི་གཞན་མ་ཡིན་ཏེ། རང་གི་རིག་པ་ཉིད་དོ། །

འདི་ཉིད་རྟོགས་པ་ལྟར་སྣང་བ་ནི། རྐྱེན་ཕྲ་མོའི་དབུགས་སྣང་བའོ། །དོན་ཤེས་པ་གནས་འགྱུར་བ་མ་ཡིན་ཏེ། དཔེར་ན་ཁྱིམ་གྱི་ནམ་མཁའ་བསྒྲིབས་པས་བཅད་ཀྱང་། མཐོངས་ན་ཡར་ཟང་ཐལ་ཏེ། ནམ་མཁའ་དབྱེར་མེད་དོ། །དེ་བཞིན་དུ་བག་ཆགས་ཀྱི་སྦུབས་ཀྱིས་བཅད་ཀྱང་དོན་ཡེ་ཤེས་ཟང་ཐལ་ཏེ། རྟག་མི་རྟག་གཉིས་ལ་སྒྲིབ་པ་མེད་པར་ཟང་ཐལ་ལོ། །དེ་བས་ན་ཡིན་པ་ལ་བདག་མེད་པའོ། །དེའི་ངང་ལ་དུས་གསུམ་དུ་བཞུགས་ཀྱང་། འབྱེད་པ་མེད་པའི་ཤེས་རབ་རང་གསལ་རྟོག་པ་མེད་པར་བཞུགས་སོ། །རིག་པའི་ཡོན་ཏན་དང་པོ་རང་གི་ཀློང་ནས་ཤར་བས། ཐ་མ་མི་འགགས་པར་རང་གི་ཀློང་ན་གནས་ཏེ། ཡུམ་གྱི་བུམ་པ་ལྔ་ལ་ཡེ་ཤེས་ཀྱི་སྐུ་སོ་སོར་གསལ་བ་རང་སྣང་ལས་གཞན་སྣང་མེད་དོ། །དོན་དེ་སོ་སོར་མ་འདྲེས་ལ་མི་འབྱེད་པར་བཞུགས་སོ། །དུས་དེར་རིག་པ་རང་ས་ཟིན་ཏེ། གཉིས་མེད་ཆོས་སྐུ་མི་འགྱུར་བས། སྟོང་ཉིད་རྡོ་རྗེ་ལྟ་བུའི་སྐུ་ཐོབ་བོ། །གཉིས་སུ་མེད་པའི་ཆོས་སྐུའི་ངང་ནས། རིག་པ་ཡེ་ཤེས་ཀྱི་སྤྱན་མི་འགགས་པར་གསལ་བས། ལོངས་སྤྱོད་རྫོགས་པའི་སྐུ་འགགས་པ་མེད་པས་གཡུང་དྲུང་ལྟ་བུའི་ཚེའོ། །དེའི་ཚེ་རིགས་ལྔ་སྤྲུལ་པའི་སྐུ་ཡེ་ཤེས་ཀྱི་སྤྱན་ནི་ངང་ན་གནས་པས། དེ་གསུམ་འབྱེད་པ་མེད་པའི་ཤེས་རབ་ཀློང་གཅིག་ཏུ་འཁྱིལ་ནས། ཐུན་མེད་པའི་ཐུན་ཆེན་པོ་གཅིག་གི་ངང་དུ་དྲིལ་ཏེ། རྒྱུན་གྱི་ཏིང་ངེ་འཛིན་རྩེ་གཅིག་གི་ངང་ལ་གནས་སོ། །དེའི་ཚེ་ཡུལ་གཉིས་འོད་རྟོག་བཅས་ལ་གྲོལ་ཏེ། རང་སྣང་ལས་གཞན་སྣང་མེད་དོ། །སྤྱན་གཉིས་དག་ནས་ཡེ་ཤེས་རང་གསལ་གྱི་སྤྱན་རྩེ་གཅིག་པའོ། །ལུས་གཉིས་ལས་འདས་ནས། རིག་པ་རྐྱང་པ་རིན་པོ་ཆེ་ལྟ་བུའི་མ་དང་བྲལ་ཏེ་གཅེར་བུར་གནས་པའོ། །ཞེས་གསུངས་སོ། །མཐར་ཕྱིན་པ་རིན་པོ་ཆེའི་སྦུབས་རིག་པ་དྲི་མེད་ཆོས་སྐུ་ནང་གསལ་ལྷུན་གྲུབ་སྐུ་ལྔའི་བུམ་པ་ལྔ་ཡེ་ཤེས་ཀྱི་སྤྱན་དུ་གསལ་བ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཅན། གཞི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་འཁོར་བའི་འཆར་གཞི་བྱེད་པ་དག་པས། འབྲས་བུ་ལྷུན་གྲུབ་དང་ཕྱིས་འཁོར་མི་སྲིད་པ་ལྷུན་གྱིས་གྲུབ་པའི་ཐུགས་རྗེ་ཆེན་པོའི་བྱིན་གྱིས་བརླབས་ལས་གཞན་དོན་སྐུ་དང་ཡེ་ཤེས་སུ་འཆར་བའི་གོ་མ་འགགས་པར་གནས་པ་སྟེ། གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །(༢༤༧)ཞེས་གསུངས་པ་གང་ཡིན་པའོ། །འབྲས་བུ་བསྟན་ཟིན་ཏོ། །

དེ་ལྟར་ཆོས་ཚུལ་རིན་ཆེན་སྙིང་པོའི་དོན། །རྡོ་རྗེ་རྩེ་མོ་ལྷུན་གྱིས་གྲུབ་དབྱིངས་ལས། །ཡང་གསང་རབ་འབྱམས་ཟབ་ཅིང་རྒྱ་ཆེའི་དོན། །མ་ལུས་མངོན་ཕྱུང་ལེགས་པར་བཀོད་པ་ཡིན། ༡ །འདི་དང་གང་འཕྲད་སྲིད་པ་ཐ་མའི་ཆོས། །ངོ་མཚར་གནས་ལ་སྤྱད་དུ་ཡོད་པ་རྣམས། །དབུལ་པོས་གཞན་གྱིས་མ་མཐོང་གཏེར་རྙེད་བཞིན། །གསང་ཞིང་སྤྱད་དེ་ཤིན་ཏུ་དགའ་བར་རིགས། ༢ །འདི་འདྲའི་ཆོས་མཆོག་སྟོན་བྱེད་བླ་མ་ལ། །བཀའ་དྲིན་དྲན་པས་སྤྱི་གཙུག་འཁོར་ལོའི་རྒྱན། །ཉིན་མཚན་ཡེངས་མེད་གསོལ་བ་གདབ་པ་དང་། །རྡོ་རྗེའི་མཆེད་ལ་མཆོག་ཏུ་གུས་པར་རིགས། ༣ །ཁོ་བོ་སྔོན་སྦྱངས་བསགས་པ་རྣམ་དག་པས། །ཚེ་འདིར་ཐེག་མཆོག་སྙིང་པོའི་དོན་ལ་མཁས། །བླ་མ་རབ་མཉེས་ཐུགས་ཀྱི་གསང་སྒོ་སྐོར། །རྒྱུད་ལུང་མན་ངག་གདམས་ཁྲིད་མ་ལུས་རྫོགས། ༤ །དེ་བས་ཚུལ་འདི་ཟབ་ཅིང་རྒྱ་ཆེའི་གནས། །མ་ལུས་གཅིག་བསྡུས་ཉམས་ལེན་སྙིང་པོར་བཀོད། །ཇི་ལྟར་ཕ་ཡིས་བུ་ལ་གདམས་པ་བཞིན། །ཕྱི་རབས་རྗེས་འཇུག་དད་ལྡན་རྣམས་ལ་གདམས། ༥ །འདི་ཉིད་རང་ཉམས་ངེས་པའི་གནད་རྣམས་དང་། །རྟོགས་དཀའི་གནད་ཀུན་གསལ་བར་བྱེད་པས་ཏེ། །ཁོ་བོའི་སྙིང་གཏམ་ཟབ་མོའི་འདས་རྗེས་བཞིན། །བསྲི་ཕངས་མེད་པར་མངོན་ཕྱུང་གསལ་བར་བསྡེབས། ༦ །དགེ་བ་དེ་ཡིས་མ་ལུས་འགྲོ་བ་ཀུན། །བག་ཆགས་སྦུབས་ལ་རྟོགས་པས་བདག་གྲོལ་ཏེ། །ཡེ་ཤེས་སྦུབས་ལ་ཐུགས་རྗེས་གཞན་བསྒྲལ་ནས། །རིན་ཆེན་སྦུབས་ལས་གདོད་མའི་སར་ཕྱིན་ཤོག ༧ །ད་ནི་ཁོ་བོ་སྲིད་ལས་རབ་སྐྱོ་བས། །ནགས་ནང་མེ་ཏོག་བུང་བ་འཕུར་ལྡིང་དང་། །གཅིག་པུར་ཞི་བའི་ཏིང་འཛིན་མཐར་ཕྱིན་ནས། །ལྷུན་གྲུབ་སྦུབས་ལ་ཀུན་ཏུ་བཟང་པོར་ཤོག ༨ །གང་ལ་བསམས་ཀྱང་མི་རྟག་སྐྱོ་ཤས་འཕེལ། །ཅི་ལ་བསམས་ཀྱང་དོན་མེད་སྙིང་པོ་སྟོར། །འཁོར་དང་ཡོ་བྱད་ཚེ་འདིའི་སྣང་བ་ལ། །ཆགས་མེད་ཞི་བའི་གནས་སུ་བསྒོམ་པར་ཤོག ༩ །སྣ་ཚོགས་རྣམ་གཡེང་མངོན་པར་སྐྱོ་བ་ཅན། །བྱིས་པ་འདུ་འཛིའི་ཚོགས་ལས་རྒྱང་བསྲིངས་ཏེ། །འཁྲུགས་དང་ཅ་ཅོ་ཞི་བའི་ནགས་ནང་དུ། །གཅིག་པུར་དབེན་སར་གནས་པས་དགའ་བར་ཤོག ༡༠ །ཟབ་དོན་གནད་ཀྱི་མེ་ལོང་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་སྣ་ཚོགས་རང་གྲོལ་གྱིས། གངས་རི་ཐོད་དཀར་གྱི་མགུལ། ཀུན་ཏུ་བཟང་པོའི་ཁང་བཟང་དུ་སྦྱར་བ་རྫོགས་སོ།། །།

དགེའོ། །དགེའོ། །དགེའོ།། །།


previousསྤྱི་དོན་བདུན་པ། མཐར་ཕྱིན་གནད་ཀྱི་འབྲས་བུའི་གྲུབ་ཚུལ།next