Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

1 occurrence of གཏེར་སྲུང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་ཞལ་སྔར་རྒྱལ་དབང་ཀརྨ་པ་མཁའ་ཁྱབ་རྡོ་རྗེས་བཀའ་འདྲི་ཕུལ་བ་ལེན་དང་བཅས་པ།
  
  
  
  
  
  
 


1 occurrence of གཏེར་སྲུང་
[Clear Hits]

 
previousའཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་ཞལ་སྔར་རྒྱལ་དབང་ཀརྨ་པ་མཁའ་ཁྱབ་རྡོ་རྗེས་བཀའ་འདྲི་ཕུལ་བ་ལེན་དང་བཅས་པ།next

འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་ཞལ་སྔར་རྒྱལ་དབང་ཀརྨ་པ་མཁའ་ཁྱབ་རྡོ་རྗེས་བཀའ་འདྲི་ཕུལ་བ་ལེན་དང་བཅས་པ།


LT36_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་ཞལ་སྔར་རྒྱལ་དབང་ཀརྨ་པ་མཁའ་ཁྱབ་རྡོ་རྗེས་བཀའ་འདྲི་ཕུལ་བ་ལེན་དང་བཅས་པ་བཞུགས།།


LT36_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་སྐྱབས་མཐར་ཐུག་རྡོ་རྗེ་འཆང་གི་གསེར་སྙན་དུ། གུས་པ་བདག་བོད་ཡུལ་མུན་གླིང་དུ་བརྡོལ་བས་གང་སྤྱིར་དོགས་གནས་ཀྱི་ཕུང་པོ་འབའ་ཞིག་ལས་མ་འདས་པས་ཐམས་ཅད་ཞུ་སྤོབས་བྲལ་རུང་། གནས་སྐབས་ཉེར་མཁོ་འགའ་ཞིག་གི་དོགས་གཅོད་བཀའ་འདྲི་ཞུ་རྒྱུ་འདི་བཞིན་ལ་ཆོས་ཀློང་མི་རྙོགས་པ་ནས་གཤམ་འཁོད་སོ་སོར་བཀའ་མཆན་ཡོད་པར་གསོལ་བ་ལན་བརྒྱར་འདེབས་པ་ལགས།། ༈ །།ཐམས་ཅད་མཁྱེན་ཅིང་གཟིགས་པ་རྒྱལ་དབང་རིན་པོ་ཆེའི་གསེར་སྙན་དུ། གུས་པས་ཞུ་འབུལ། གང་ཉིད་མ་བྱོན་པའི་སངས་རྒྱས་དྲུག་པ་སེང་གེའི་སྒྲ་ཅན་ད་ལྟ་ས་བཅུའི་དབང་ཕྱུག་ཏུ་བཞུགས་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཚད་མེད་པར་སྟོན་པའི་སྐྱེས་མཆོག་ཡིན་པར་སྔར་ནས་ཡོངས་སུ་གྲགས་བཞིན་


LT36_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་ཡེ་ཤེས་དང་ཆ་མཐུན་པས་མཁྱེན་རབ་ནམ་མཁའ་ལྟ་བུའི་སྤྱན་སྔར་ཕྲན་ལྟ་བུ་སོ་སྐྱེ་རྨོངས་པའི་བློ་ཅན་གྱིས་ཤེས་བྱ་ཕྱོགས་ཙམ་མཐོང་བ་ཉིད་ཡིན་རློམ་དུ་བཟུང་ནས་སྙན་འབུལ་ཞུ་ག་ལ་སྤོབས་ཀྱང་། རྗེས་འཇུག་རྣམས་ལ་ཐུགས་བརྩེ་བའི་དགོངས་པས་བཀའ་འདྲི་ཁ་ཤས་གནང་བའི་དོན་རྩ་མདོར་བསྡུས་མཆན་གསལ་དུ་ཕུལ་རྒྱུར།། ༈ །།ཇོ་ལུགས་སྒྲོལ་དཀར་གྱི་སྲུང་འཁོར་སྐབས་ལྟེ་བ་དང་། སྟེང་འོག་གི་རྩིབས་གཉིས་འཁོར་དགོས་མིན། འཁོར་དགོས་ཚེ་དབུས་སུ་རང་སྒྲོལ་མར་གསལ་བ་དང་། བསྲུང་བྱ་སོགས་ཡོད་ན་དེའང་བར་སྣང་ལྟ་བུར་དམིགས་པ་ལགས་སམ། རྩིབས་བརྒྱད་ཀྱི་ཡི་གེ་བརྒྱད་དང་། སྟེང་འོག་གི་ཨོཾ་ཧཱ་བཅས་འཁོར་དགོས་མིན་བཀའ་འདྲི་ཞུ་ཞུ།། ༈ །།ཇོ་བོ་རྗེའི་ལུགས་


LT36_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྒྲོལ་དཀར་ལ་བོད་ཀྱི་རྟོག་བཟོས་མ་བསླད་པ་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་བཞིན་ཕྲན་ནས་སྒྲུབ་ཐབས་ཟླ་བ་འདོད་འཇོར་བྲིས་པ་དེ་རིགས་བསླད་མེད་ཡིན་པས་དེ་ལ་ཞིབ་ཏུ་གཟིགས་པ་བཙལ་བ་གལ་ཆེ་བ་ཡོད། དེ་ནང་མཚན་བཅས་རྫོགས་རིམ་སྲུང་འཁོར་སྐབས་རང་སྒྲོལ་དཀར་ཐུགས་ཀའི་འཁོར་ལོ་ཡིག་འབྲུ་དང་བཅས་པ་གསལ་བར་བསྒོམ། བསྲུང་བྱ་རང་གི་བླ་མ་ཡིན་ན་སྤྱི་བོའམ་རིགས་བདག་འོད་དཔག་མེད་དང་དབྱེར་མེད། བསྲུང་བྱ་གཞན་རྣམས་ཕོ་གཡས་མོ་གཡོན་སྒྲོལ་དཀར་གྱི་རྣམ་པར་བསྒོམ། ཕྱི་རོལ་འཁོར་ལོ་དཀར་པོ་གུར་ཐབས། ཕྱོགས་མཚམས་བརྒྱད་དུ་རྩི་བས་བརྒྱད། སྟེང་འོག་གི་རྩིབས་གཉིས་བཅས་ནང་སྟོང་པ་སྒོ་ང་ལྟ་བུ། ཕྱི་རོལ་རྩེ་མོ་རྣམས་ཤིན་ཏུ་རྣོ་བ་རྩིབས་ཀྱི་ནང་སྟོང་པའི་སྟེང་དུ་ཨོཾ། འོག་ཏུ་ཧཱ། ཕྱོགས་མཚམས་བརྒྱད་ཀྱི་བར་སྟོང་ནང་ངོས་སུ་ཏཱ་རེ་སོགས་འབྲུ་བརྒྱད། ཐམས་ཅད་རྩེ་མོ་གྱེན་བསྟན་ཡིག་འབྲུ་བཅུ་པོ་ནི་མི་གཡོ་བ་ཡིན། འཁོར་ལོ་མི་མངོན་པར་མྱུར་དུ་འཁོར་བས་སྟེང་འོག་གི་རྩིབས་གཉིས་ཀྱང་འཁོར་བར་བསྒོམ། དེའི་ཕྱི་རོལ་ཏུ་འོད་གུར་རིམ་པ་དྲུག་ཀྱང་བཟླས་པའི་སྐབས་སུ་རིམ་པ་བཞིན་གསལ་འདེབས་དགོས་པས། དང་པོ་རང་གི་ཐུགས་ཀ་ནས་འོད་ཟེར་དཀར་པོ་ཤིན་ཏུ་དྭངས་པ་ཤེལ་ལྟ་


LT36_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ནམ་མཁའ་གང་བར་སྤྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྡུག་བསྔལ་སོགས་ཞི་བའི་ཕྲིན་ལས་བྱས། སངས་རྒྱས་བྱང་སེམས་རྣམས་ཀྱི་ཐུགས་ཀ་ནས་ཞི་བའི་བྱིན་རླབས་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་བསྡུས་ནས་རང་གི་ཐུགས་ཀའི་འཁོར་ལོ་དང་བསྲུང་བྱ་རྣམས་ལ་ཐིམ་པས་ཞི་བའི་ཕྲིན་ལས་འགྲུབ་པའི་དངོས་གྲུབ་ཐོབ། འོད་ལྷག་མ་འཁོར་ལོའི་གུར་ཁང་གི་ཕྱི་རོལ་ནས་འདོམ་གང་ཙམ་ནས་འོད་གུར་དཀར་པོ་སྟེང་འོག་ཟླུམ་པོའི་རྣམ་པ་ཅན་དུ་གྱུར། བར་མཚམས་ཨུཏྤལ་སྔོན་པོ་ཁ་བྱེ་མ་ཐག་པས་གང་བར་དམིགས། དེས་ལྷག་མ་ལྔ་ལ་འགྲེ་དགོས་པ་ལགས།། ༈ །།ཡང་མགོན་པོའི་སྲུང་འཁོར་ཡང་བསད་པའི་སྐབས་འཁོར་བར་བཤད་པ་ལའང་། དབུས་ལེགས་ལྡན་དང་། རྩིབས་ཀྱི་སྲས་མཆོག་བཅས་པར་སྒྲོལ་མ་བཞིན་སོམ་ཉིར་ཆེ་བས་ཚུལ་ཇི་ལྟར་དམིགས་པ་ལགས།། ༈ །།མགོན་པོའི་སྲུང་འཁོར་སྐབས་ཀྱང་ནི་ལྕགས་ཀྱི་འཁོར་ལོ་རྩིབས་བཅུ་གུར་ཐབས་སུ་ཡོད་པ་དེ་འཁོར་བ་ལས། གཙོ་བོ་ལེགས་ལྡན་དང་། འཁོར་སྲས་མཆོག་རྣམས་བརྟན་པར་བཞུགས་པ་སྒྲོལ་དཀར་དང་ཆ་མཐུན་པ་ལགས།། ༈ །།ཡང་དགུ་ཆེན་སོགས་ཆོས་སྐྱོང་སྐོར་དང་། བླ་མ་ཡི་དམ་སོགས་ཀྱི་གདབ་ལས་སྐབས། སྒྲོལ་བའི་


LT36_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱེད་པ་པོ་རང་བདག་བསྐྱེད་དང་། བདག་མདུན་དབྱེར་མེད་ཇི་ལྟར་ཡང་། གཙོ་བོས་མཛད་དགོས་སམ། རང་ལས་སྤྲུལ་པའི་ཁྲོ་བོ་ལྟ་བུས་བྱེད་པ་སོགས་དམིགས་ལུགས་རྩ་གསུམ་སོ་སོར་ཇི་དགོས། མདུན་བསྐྱེད་ཡོད་རིགས་ལ་སླར་ཟློག་དཀྱིལ་གསལ་བཏབ་ནས་གདབ་ལས་སྐབས་འོད་ཟེར་སྤྲོ་བ་དང་ཞལ་བསྟབས་སོགས་མདུན་དཀྱིལ་དང་། བཟློག་དཀྱིལ་གཉིས་ཀར་དམིགས་ཤིང་། རྗེས་ཚོག་སྐབས་བཟློག་དཀྱིལ་གྱི་ལྷ་ཇི་ལྟར་བྱ་བ་ལགས། ཡང་བཟློག་དཀྱིལ་གསལ་འདེབས། བདག་བསྐྱེད་ལ་དགོས་མིན། མེད་པར་རང་བཞིན་ཟློག་པར་འཇུག་རྒྱུའི་རིགས་ལ་བཟློག་དཀྱིལ་བསྐྱེད་ལུགས་ཇི་དགོས། ཡང་དགུ་ཆེན་དང་པར་བུའི་སྐབས་བདག་མདུན་བཟློག་དཀྱིལ་བཅས་གསུམ་དུས་གཅིག་ཏུ་བསྐྱེད་ཅིང་། སྤྱན་དྲངས་བསྟིམ། དབང་བསྐུར་རྒྱས་གདབ་ཕྱག་མཆོད་སོགས་དཀྱིལ་འཁོར་གསུམ་ཀར་དགོས་མིན་དང་། འཁོར་ལོ་ཚང་མའི་ལྷ་རྣམས་བསྐྱེད་དགོས་མིན། བཟླས་པའི་སྐབས་དམིགས་པའི་འཕྲོ་འདུ་བྱ་ཚུལ་ཇི་ལྟར་ཡིན། རྗེས་བསྡུ་རྟེན་བཞུགས་སོགས་ཀྱི་སྐབས་ཇི་ལྟར་ལགས།། ༈ །།ཀཾ་ཚང་རང་ལུགས་ཀྱི་མ་མགོན་ཐད། ལྷོ་བྲག་མར་པ་ལ་མགོན་པོ་སྐུ་ལྔ་བདག་བསྒོམ་བཅས་རྩ་རླུང་སྦྱོང་ཐབས་སྙན་བརྒྱུད་


LT36_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ལྡེབ་གཅིག་ཙམ་ལས་མེད་འདུག །ཌོ་མྦྷི་ཧེ་རུ་ཀས་མལ་གྱོ་ལོ་ཙཱ་ལ་གནང་ནས་འགྲོ་མགོན་རས་ཆེན་བར་དུ་བརྒྱུད་པ་བེར་ཅན་ཡབ་རྐྱང་ལ་ཕྱོགས་བཅུ་མགོན་པོས་བསྐོར་བ་འདི་དེ་ནས་བརྩམ་སྟེ་དར། དུས་མཁྱེན་ལ་ལྷ་མོ་རང་བྱུང་མའི་བཀའ་བབས་བྱུང་བས་ཡུམ་རྐྱང་ཟུར་དུ་བསྒྲུབ་པ་དར། དེ་དག་གི་ལུགས་ལ་རང་ཡི་དམ་བསྐྱེད། མདུན་དུ་ཡབ་རྐྱད་ཡུམ་རྐྱང་གང་ཡིན་བསྐྱེད། །ཡི་དམ་མི་ལ་ནས་བརྒྱུད་པ་གཙོ་བོར་བཏོན་པས་ཕག་མོ་ལ་བྱེད་སྲོལ་བྱུང་བས་དེང་སང་མགོན་པོ་བདག་བསྒོམ་སྐབས་ཡི་དམ་ཟུར་དུ་མི་དགོས་ཀྱང་ཕག་མོའི་བདག་བསྐྱེད་རེ་ཐོག་མར་བཏང་སྲོལ་བྱུང་སྣང་། ཡབ་རྐྱང་ཡུམ་རྐྱང་སྐབས་བསྒྲལ་ལས་སོགས་མདུན་བསྐྱེད་ལ་ཕྲིན་ལས་བཅོལ་བ་ཟིན་བྲིས་ཆེ་ཆུང་མང་པོ་ན་ཁ་གསལ་ཅན་འདུག །ཞལ་སྦྱོར་འདི་གྲུབ་ཆེན་པཀྵིའི་ཡབ་ཆོས་ཡིན་འདུག་ཀྱང་དེའི་ལུགས་ལ་ཞལ་སྦྱོར་རྒྱུད་ལས་བསྟན་པ་ལྟར་ནག་པོ་ཡབ་ཡུམ་བཅུ་དྲུག་ལས་འཁོར་གཞན་མེད། དེ་རྗེས་རྒྱལ་བ་གཡུང་སྟོན་པ་གསར་རྙིང་གཉིས་ཀ་ལ་གསན་རྒྱ་ཤིན་ཏུ་ཆེ་བ་ཡིན་འདུག་ཅིང་། ཆོས་སྐྱོང་འདིའི་སྐོར་ལ་གཡུང་སྟོན་པའི་ཕྱིང་ཁུག་ནག་པོར་གྲགས་པ་ཞིག །རྗེ་བཞི་པ་ཚུན་གྱི་ཕྱག་ལ་བཞུགས་འདུག་ཀྱང་བཀའ་རྒྱ་ཤིན་ཏུ་དམ་ཆེས་པས་དེ་ནང་ཅི་ཡོད་ཙམ་སུས་ཀྱང་མཐོང་བ་མེད། དེ་རྗེས་རྟོགས་ལྡན་མཁའ་


LT36_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་དབང་པོས་ཞལ་སྦྱོར་དཀྱིལ་འཁོར་དེ་གཙོ་བོར་བཏོན། བེར་ཅན་དང་རང་བྱུང་མའི་འཁོར་རྣམས་ཀྱང་བསྲེས་ནས་འཁོར་ལོ་བཞི་རིམ་དུ་གྲགས་པའི་ཆོ་ག་འདི་ཐོག་མར་བཀོད། དེ་ནས་བརྩམས་ཡི་དམ་གཞན་མི་དགོས་པར་མ་མགོན་ཞལ་སྦྱོར་བདག་སྒོམ་བྱེད་པའི་སྲོལ་བྱུང་། དེའང་ཐོག་མར་ཤིན་ཏུ་གཉན་ཆ་ཆེ་བས་ཞལ་སྦྱོར་བྲིས་སྐུ་བྲི་སྲོལ་མེད་ཅིང་། རེ་རེ་ཙམ་ཡོད་ནའང་ངམ་ལྡན་མ་གཏོགས་སུས་ཀྱང་མཐོང་ཆོག་ལུགས་མེད་འདུག །ཕྱིས་ནས་ཕྲིན་ལས་འདོན་ཆ་རྣམས་ཇེ་རྒྱས་དང་། དམ་ཚིག་རྣམས་ཀྱང་ཚུལ་བཞིན་མེད་པས་བྲིས་སྐུ་མ་ཟད་ལོགས་རིས་ལའང་འབྲི་སྲོལ་དོད་པས་དེས་མཐུ་རྩལ་ཇེ་དམན་དུ་སོང་། དེང་སང་རྒྱུན་གཏོར་མཚལ་མ་ལྟ་བུ་འདོན་སྐབས་བདག་མདུན་དཀྱིལ་འཁོར་བསྒོམ་དགོས་པས་མདུན་རྟེན་ནི་ཐང་སྐུ་སོགས་ཡོད་ན་དེ་ཙམ་དང་། མེད་ན་མདུན་གྱི་བར་སྣང་ལ་གསལ་འདེབས། དགུ་གཏོར་སྐབས་བདག་བསྐྱེད་དཀྱིལ་འཁོར་དང་། མདུན་བསྐྱེད་དགྲ་ཆོས་གཏོར་མ་དེ་དང་དེ་སྟེང་ཙག་གདུགས་ཕུབ་ཡོད་པ་བཅས་གསལ་འདེབས་རྒྱུ་ལགས། གོང་གཏོར་བཅུ་གསུམ་ཟེར་བ་དང་སྐོང་གཏོར་རྣམས་ནི་མཆོད་གཏོར་ཡིན་གྱི་ལྷ་བསྐྱེད་རྒྱུ་མིན། གཞོང་པ་རྣམ་དག་ནི་མགོན་པོའི་སྨན་རག་གཏོར་གསུམ་ཡིན་


LT36_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཞིར་བཅས། བླ་མ་ཡི་དམ་མཁའ་འགྲོ་རྣམས་ནི་མགྲོན་ཐབས་སུ་བར་སྣང་ལ་གསལ་འདེབས་ནས་མཆོད་གཏོར་འབུལ་ཞིང་ཕྲིན་ལས་ཞུ་བ་ཙམ་ལས་དུས་རྒྱུན་ལ་བསྒོམ་རྒྱུ་ཅིའང་མེད། བསྒྲལ་ལས་སྐབས་བདག་བསྐྱེད་ཀྱི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་བསྐུལ། དེ་ལས་སྤྲུལ་པའི་ཕོ་ཉ་རྣམས་ཀྱིས་འགུག་བསྒྲལ་མཛད་པ་གཙོ་བོ་དང་། ཐོག་མར་བདག་བསྐྱེད་ལས་ཀྱང་མགོན་པོ་ལ་གསོལ་བ་གདབ་མཁན་ཁྲོ་བོ་ཐུགས་ཀ་ནས་སྤྲོ་བ་སོགས་བསྒྲལ་ལས་རང་གཞུང་དུ་གསལ་བ་ལྟར་ལགས། གྲོལ་ཉིན་སྒོ་དབྱེ་ཚར་ནས་གཏོར་མའི་དཀྱིལ་འཁོར་གྱི་ཡེ་ཤེས་པ་སྟེང་གི་ཙཀྲ་གདུགས་ལ་བསྟིམ། དམ་ཚིག་པ་སྤྲུལ་པའི་དམག་དཔུང་གྲངས་མེད་པ་དང་བཅས་མ་གཅིག་གཉན་མའི་སྐབས་དགྲ་བགེགས་ཀྱི་སྟེང་དུ་ཆས་པར་བསྒོམ། ཕྱི་རོལ་ཏུ་གཏོར་མ་འཕེན་སྐབས་དམ་ཚིག་པའི་དཀྱིལ་འཁོར་བ་རྣམས་ཀྱང་རང་ལ་བསྟིམ། གཏོར་མ་ནད་དུག་མཚོན་ཆའི་ཕུང་པོར་གྱུར་ཏེ་དགྲ་བགེགས་ཀྱི་སྟེང་དུ་བརྒྱབས་པས་རྩད་ནས་བརླག་པར་བསྒོམ་པ་ལགས། རྗེས་ཆོག་དངོས་གྲུབ་ལེན་པའི་དཀྱིལ་འཁོར་བར་སྣང་ཙཀ་གདུགས་ལ་བསྒོམ་པ་དེ་ཡིན། མཆོད་བསྟོད་སོགས་རྗེས་བསྡུ་བདག་མདུན་གཉིས་ཀ་ལ་བྱེད་པ་ལགས། །


LT36_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

པར་བུའི་སྐབས་ཀྱང་མདུན་དཀྱིལ་གཏོར་མའི་པར་བུ་ལ་བྱེད་པ་ཙམ་ལས་གོང་དང་ཕྱོགས་མཚུངས། དེའི་ཟིན་བྲིས་ཀུན་ཁྱབ་ཀྱིས་མཛད་པ་དེ་ཀ་ལྟར་ལགས་པས་དེར་ཡང་ཕྱག་དཔེ་བཞུགས་ཡོད་འགྲོ་སྙམ། མགོན་པོའི་བསྙན་སྒྲུབ་སྐབས་མདུན་རྟེན་དཀྱིལ་འཁོར་སྟེང་སྒྲུབ་གཏོར་སྙིང་ཟུར་མ་གབ་པ་ལྷ་བཞིས་བསྐོར་བ་སྐུ་རྟེན་ཙ་ཀླི་དར་གདུགས་བཅས། སྨན་རག་གཏོར་གསུམ་དང་དྲག་མཆོད་ཀྱིས་བསྐོར་བ་བཤམ། དེང་སང་ཆགས་མེད་ཟིན་བྲིས་ལྟར་གཙོ་བོར་བཏོན་པས་བདག་བསྐྱེད་དང་མདུན་རྟེན་གཉིས་ཀ་མགོན་པོའི་དཀྱིལ་འཁོར་དུ་བསྒོམས་ནས་བསྙེན་པའི་སྐབས་འོད་ཟེར་སྤྲོ་བསྡུ་སོགས་དེ་ནང་ལྟར་བྱེད་པ་ལགས། འདི་ལ་སྔར་གྱི་ཕྱག་རྒྱུན་ལྟར་འདོན་ཚུལ་ངེད་ནས་བྲིས་པ་ཞིག་ཀྱང་ཡོད་ལགས།། ༈ །།ཡང་རྙིང་ཆོག་རྣམས་ཀྱི་སྐྱབས་སེམས་སོགས་ཀྱི་སྐབས་རང་ཐ་མལ་པ་ཡིན་ནམ། ཐུན་མཚམས་ཀྱི་ལྷ་སོགས་ཇི་ལྟར་གསལ་དགོས།། ༈ །།རྙིང་ལུགས་དངོས་ལ་ཡོ་ག་རྣམ་གསུམ་སོ་སོ་དང་། མ་ཧཱ་ཡོ་ག་ལའང་རྒྱུད་སྡེ་དང་སྒྲུབ་སྡེའི་ལུགས་སྲོལ་གཉིས་སྒྲུབ་སྡེ་ལ་དེ་ལྟར་ལགས། བཀའ་གཏེར་གྱི་ལུགས་སྲོལ་ཐ་དད་པ་མང་ཡང་། བཀའ་འདྲི་ཕེབས་དོན་གཏེར་ཆོས་སོགས་ཕྲན་ཚེགས་ལ་དགོངས་པར་སྣང་བས་སྔགས་པ་ཡིན་ཕྱིར་


LT36_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

།ཐུན་མཚམས་ལྷ་སྔགས་ཀྱི་ང་རྒྱལ་ལ་གནས་དགོས་པ་དགོངས་བཞིན་ལགས། ༈ །ཡང་སྔོན་དུ་བསང་ཆུ་བྱིན་རླབས་སོགས་ཡོད་པ་རྣམས་ཀྱི་སྐབས། རང་ཧེ་རུ་ཀར་བསྐྱེད་ཟིན་པ་དེ་སྐྱབས་སེམས་ཀྱི་སྐབས་ཇི་ལྟར་བྱ་དགོས། ༈ །དེ་སྐབས་ཧེ་རུ་ཀའི་ང་རྒྱལ་འཛིན་པ་ཙམ་ལས་སྐྱབས་སེམས་སྐབས་ཐ་མལ་པ་ལགས། ༈ །ཡང་བགེགས་གཏོར་གོང་རང་ལས་ཀྱི་ཧེ་རུ་ཀར་བསྐྱེད་པ་དེ་མཚམས་གཅོད་གྲུབ་ནས་ལྷ་བསྐྱེད་པར་ཇི་ལྟར་བྱ། ༈ །མཚམས་ལྷའི་ང་རྒྱལ་འཛིན་བཞིན་པ་ལས་བསྡུ་མི་དགོས། ༈ །བདག་མདུན་སོ་སོར་ཡོད་རིགས་ལ་དྲང་བསྟིམ་ཕྱག་མཆོད། བསྟོད་པ་སོགས་བདག་མདུན་གཉིས་ཀར་དགོས་སམ། མདུན་བསྐྱེད་ཁོ་ན་ཡིན། ༈ །རྙིང་ལུགས་དངོས་ལ་བདག་མདུན་དབྱེར་མེད་བྱེད་ཕྱིན་ཆད་ཐོག་མར་བདག་མདུན་གཉིས་ཀ་དཀྱིལ་འཁོར་གཅིག་བསྒོམ། སྤྱན་འདྲེན་མཆོད་བསྟོད་བར་བྱེད། བཟླས་པའི་དབུར་ཛཔྲ་ཁང་ཕྱེས་ཏེ་བདག་བསྐྱེད་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་མདུན་རྟེན་དཀྱིལ་འཁོར་གྱི་གོ་སར་ཡེ་ཤེས་ཀྱི་དཀྱིལ་འཁོར་ཕྱེས་ཏེ་འོད་ཟེར་སྤྲོ་བསྡུ་སོགས་བདག་མདུན་གཉིས་ཀར་བྱེད་པ་ལགས། ཆགས་མེད་ཞབས་ཀྱིས་འདོན་ཚིག་གཅིག་གིས་བདག་བསྐྱེད་དང་མདུན་རྟེན་དཀྱིལ་འཁོར་


LT36_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་བསྒོམ། དེ་ལ་བདག་མདུན་དབྱེར་མེད་འདྲ་ཞིག་གསུངས་ཀྱང་། དཀྱིལ་འཁོར་ཆ་གཉིས་བསྒོམ་དགོས་པས་བདག་མདུན་དབྱེར་མེད་ཀྱི་ཐ་སྙད་མི་འཇུག ༈ །ཡང་ཆོ་ག་ཚར་གྲངས་དང་། མཚམས་རྒྱའི་དུས་ཐུན་གྲོལ་སྐབས་སོགས་སུ་བདག་མདུན་སོ་སོར་ཡོད་རིགས་ལ་མདུན་བསྐྱེད་ཡེ་ཤེས་པ་བསྟིམ། དམ་ཚིག་པ་བསྡུ། བདག་བསྐྱེད་ཀྱང་བསྡུ་ལྡང་དགོས་མིན། ༈ །དེ་ལྟར་མཛད་དགོས། ༈ །བདག་མདུན་བསྡུ་མ་དགོས་ན་ཐུན་མཚམས་སྐབས་ཉམས་ལེན་ཇི་དགོས་དང་། ཐུན་རྗེས་མའི་ལྷ་བསྐྱེད་སྐབས་ཏིང་འཛིན་གསུམ་སོགས་དུས་ཇི་ལྟར་བྱ། ༈ །ཐུན་སྔ་མ་བསྡུས་ཟིན་པས་རྗེས་མའི་སྐབས་དེ་བཞིན་ཉིད་ཀྱི་ཏིང་འཛིན་ནས་གསར་དུ་བསྒོམ་པ་ལགས། ༈ །བསྡུ་དགོས་ཚེ་ཐུན་ཕྱི་མའི་བྱིན་འབེབས་མགོ་ཟིན་སྐབས་བཏང་ངམ། ཐུན་མཚམས་ཀྱི་ལྷར་གསལ་བ་དེས་འཐུས་མིན། དེས་འཐུས། ༈ །ཛཔྲ་ཁང་ཕྱེས་པའི་རིགས་དེ་ཐུན་མཚམས་སུ་དམིགས་བསལ་གྱི་བསྡུ་ལུགས་ཇི་དགོས། ༈ །ཐུན་མཚམས་སུ་རང་ལ་བསྟིམ་པ་ལགས། ༈ །ཐུན་རྗེས་མ་སྲོད་ཐུན་ལྟ་བུའི་དུས་ཚོགས་ཀྱི་མགོར་གོང་དུ་ཛཔྲ་ཁང་ཕྱེས་པ་དེ་བསྡུ་དགོས་མིན། རྗེས་ཚོགས་མཆོད་ཀྱི་ཚོགས་ལྷ་སྤྱན་འདྲེན་དུས་དཀྱིལ་འཁོར་ལྷ་ཚོགས་རྩ་གསུམ་རྒྱ་མཚོ་བཅས་


LT36_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་དྲངས་ནས། མདུན་བསྐྱེད་ཡོད་རིགས་ཡིན་ན་ཚོགས་མགྲོན་དེ་རྣམས་མདུན་བསྐྱེད་ལ་བསྟིམ་མམ་ཇི་ལྟར་བྱ་བ་ལགས། ༈ །ཚོགས་ཀྱི་མགོར་ཛཔྲ་ཁང་མི་བསྡུ། ཚོགས་མགྲོན་སྤྱན་དྲངས་པ་རྣམས་ཀྱང་མདུན་དཀྱིལ་དང་དབྱེར་མེད་དུ་བྱེད་ནས་མཆོད་བཤགས་བསྒྲལ་བསྟབ་དགོས། ༈ །ཚོགས་ཐ་མའི་སྐབས་རང་ལས་ཀྱི་ཁྲོ་བོར་བསྐྱེད་པ་དེ་ཞལ་བསྟབ་གྲུབ་ནས་ཇི་ལྟར་བྱ། ༈ །ཞལ་བསྟབ་གྲུབ་ནས་ལྷ་གཙོ་བོའི་ང་རྒྱལ་དུ་འཕོ་དགོས། ༈ །འདི་སྐབས་རང་དཀྱིལ་འཁོར་གྱི་གཙོ་བོ་དེ་གནས་འགྱུར་ལྟ་བུ་བྱ་དགོས་སམ། རང་ལས་སྤྲུལ་པའི་ཁྲོ་བོས་ལས་མཛད་པ་བསྒོམ་དགོས་མིན། འདི་ལྟར་བསྒོམ། ༈ །རྟ་བྲོའི་བྲོ་བརྡུང་གི་རོལ་པ་བདག་མདུན་གཉིས་ཀས་མཛད་དགོས་པ་བསྒོམ་དགོས་མིན། ༈ །འདི་སྐབས་བདག་མདུན་གཉིས་ཙམ་དུ་མ་ཟད་སྣང་སྲིད་ལས་བཞིའི་ལྷར་གྱུར་པ་བསྒོམ་དགོས། ༈ །རྟ་བྲོའི་སྐབས་རང་ལས་ལྷར་བསྐྱེད་ན་རྗེས་ཆོག་སྐབས་དེར་ཇི་ལྟར་བྱ་བ་ལགས། ༈ །རྗེས་ཆོག་སྐབས་དཀྱིལ་འཁོར་སླར་གསལ་གདབ། ༈ །གསར་མའི་རྒྱུད་སྡེའི་དཀྱིལ་འཁོར་ཚོགས་མཆོད་དུས། ཚིག་རིས་དང་མཐུན་པའི་ཚོགས་མགྲོན་སྤྱན་དྲངས་དགོས་མིན་དང་། སྤྱན་དྲངས་ན་དེ་རྣམས་མདུན་བསྐྱེད་ལ་བསྟིམ་དགོས་


LT36_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

སམ། མགྲོན་ཐབས་སུ་བཞུགས་པ་དམིགས་དགོས་པ་གང་ལགས། ༈ །གསར་མའི་རྒྱུད་སྡེ་རྣམས་ཀྱི་སྒྲུབ་མཆོད་སྐབས་ཚོགས་མཆོད་འབུལ་ཚེ་བླ་མ་ཡི་དམ་ཆོས་སྲུང་དང་བཅས་པ་གསར་དུ་སྤྱན་འདྲེན་ནས་མདུན་བསྐྱེད་ལ་བསྟིམ་པ་ལགས། དུས་བཟང་མཆོད་པ་ལྟ་བུ་ལ་བདག་བསྐྱེད་ཁོ་ན་མ་གཏོགས་མདུན་བསྐྱེད་སོགས་སྤྲོས་པ་མི་དགོས་པས་ཚོགས་ཞིང་སྤྱན་དྲངས་པ་རྣམས་མདུན་གྱི་བར་སྣང་ལ་བཞུགས་ནས་ཚོགས་མཆོད་ལྷག་མ་བཅས་བྱ། མཐར་མཆོད་བསྟོད་བཟོད་གསོལ་སོགས་བདག་བཟླས་པ་དང་བསྡུ་ལྡང་གྲུབ་ནས། མདུན་ག་ཅིག་ཅར་གྲུབ་ནས་མདུན་བསྐྱེད་ཐང་སྐུ་སོགས་རྟེན་ཡོད་ན་དེ་ལ་བརྟན་གཞུག་བྱ། མེད་ན་གཤེགས་སུ་གསོལ། བསྔོ་སྨོན་དང་བཀྲ་ཤིས་སོགས་བྱ་བ་ལགས། ༈ །ཀར་ལུགས་བདེ་མཆོག་ལྷ་ལྔའི་དམིགས་ཟིན་ཆགས་མེད་ཅན་དེར། བཟླས་དམིགས་དངོས་གཞི་ཡེ་ཤེས་འཁོར་ལོའི་དམིགས་པ་ཐུན་བཞི་སོ་སོར་སྒོམ་རྒྱུ་དེར་ཡི་གེ་ཆད་འཁྲུགས་ལྟ་བུས། ཐུན་གཉིས་པ་དང་གསུམ་པའི་སྐབས་དེར་མ་བདེ་བ་ཞིག་འདུག་པ། སྤྲོ་བསྡུ་དམ་ཚིག་གི་བཟླས་པའི་སྐབས། འདོན་ཆར། སྤྲུལ་པའི་འཁོར་ལོ་པད་ལྟེར་ནཱ་ད་ལས། །ཞེས་པ་དང་། རྣམ་བཤད་ཟིན་བྲིས་རིགས་ཚང་མར་ཡང་དེ་བཞིན་ལས་གཞན་ཅི་ཡང་མི་གསལ་བ་ཞིག་འདུག་པ་དེ། གོང་


LT36_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྫོགས་རིམ་སྐབས་གནས་བཞིའི་ཡི་གེ་བཞི་པོའི་ལྟེ་བའི་ཨཱཿདེ་ལ་འོག་ཏུ་རྫོགས་རིམ་དངོས་གཞི་སྒོམ་ལུགས་ནང་དུ་ཨཱཿདེ་ལ་ཟླ་ཚེས་དང་ཀླད་སྐོར་ནཱ་ད་བཅས་དགོས་པ་ཆགས་མེད་ལུགས་སུ་གསལ་འདུག་པ་དེ་འདི་སྐབས་གསལ་བཏབ་དགོས་པ་ལགས་སམ་ཅི་ཡིན་བཀའ་འདྲི་ཞུ། བདེ་མཆོག་ཐུགས་གསུང་སྐུའི་འཁོར་ལོ་གསུམ་སྟེང་ཡེ་ཤེས་ཀྱི་འཁོར་ལོ་དང་། དམ་ཚིག་གི་འཁོར་ལོ་ཞེས་ལྔར་བཞེད་པ་དེ་གཉིས་ཀ་ལ་ངོས་འཛིན་དགོས་མིན། ༈ །བདེ་མཆོག་བསྙེན་ལུགས་ཟིན་བྲིས་ཆགས་མེད་ཀྱིས་མཛད་པ་དེ་སྙན་བརྒྱུད་སོགས་ལུགས་སྲོལ་མང་པོ་ནས་སྤྲོ་བསྡུ་སྣ་ཚོགས་བྱས་པ་ཡིན་འདུག་པས་འདི་ནས་ཁྲིད་སྲོལ་མེད། རྒྱལ་དབང་བརྒྱད་པས་མཛད་པའི་ཀཾ་ཚང་བདེ་མཆོག་ལྷ་ལྔ་དེའི་དམིགས་ཟིན་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པ་དེ་མ་ནོར་བ་ཡིན་པས་འདི་གའི་སྒྲུབ་ཁང་ཆེན་མོ་ནས་དེ་ལྟར་ཁྲིད་སྲོལ་ལགས་པས་དེ་ལ་གཟིགས་རྟོགས་གལ་ཆེ། བདེ་མཆོག་འཁོར་ལོ་ལྔའི་ཚེས་སྐད་འདི་ལཱུ་ནག་སོགས་དཀྱིལ་འཁོར་ཆེ་བ་རྣམས་ལ་སྦྱོར་རྒྱུ་ལགས་པས། གཙོ་བོ་དང་མཁའ་འགྲོ་ལྔ་ནི་བདེ་མཆོག་ཡེ་ཤེས་ཀྱི་དཀྱིལ་འཁོར། དེ་རྒྱབ་ཐུགས་ཀྱི་དཔའ་བོ་དཔའ་མོ་ཡབ་ཡུམ་བཅུ་དྲུག་


LT36_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀྱི་འཁོར་ལོ། དེ་རྒྱབ་གསུང་གི་དཔའ་བོ་དཔའ་མོ་ཡབ་ཡུམ་བཅུ་དྲུག་གསུང་གི་འཁོར་ལོ། །དེ་རྒྱབ་སྐུའི་དཔའ་བོ་དཔའ་མོ་ཡབ་ཡུམ་བཅུ་དྲུག་སྐུའི་འཁོར་ལོ། དེ་རྒྱབ་སྒོ་མ་བཞི་དང་མཚམས་མ་བཞི་ནི་དམ་ཚིག་གི་འཁོར་ལོའི་བརྡ་ཁྱད་བྱས་པ་ལགས། ཐུགས་འཁོར་ནི་ས་བླ། གསུང་འཁོར་ནི་ས་སྟེང་། །སྐུ་འཁོར་ནི་ས་འོག་སྟེ་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ཞེས་པའང་དེ་ཀ་ལགས། ༈ །རྒྱལ་རྒྱམ་དང་། ཕག་མོ་ལྟ་བུ་ལ་ལྷོ་སྒོ་སྦྱར་སྐབས་མདུན་བསྐྱེད་དཀྱིལ་འཁོར་ལྷོ་ཁྱམས་ལྟ་བུར། རང་ཉིད་ཐུན་མཚམས་ཀྱི་ལྷར་ལྡང་ཟིན་པ་དེས་སྦྱང་ཁྲུས་དབང་སོགས་བྱ་བ་མཛད་པར་དམིགས་པ་ལགས་སམ། ཡང་བདག་འཇུག་སྐབས་ཀྱང་ཁྲུས་ནས་བཟུང་། རང་ཐུན་མཚམས་ཀྱི་ང་རྒྱལ་མ་བྲལ་བར་འཇུག་པ་ཡིན་ནམ། དེ་བཞིན་རྙིང་ཆོག་གི་བདག་མདུན་དབྱེར་མེད་དུ་དམིགས་ནས་བདག་འཇུག་ལེན་པོ་རང་ཡང་ལྷའི་ང་རྒྱལ་བཅས་ལོགས་སུ་ཕྱེ་བ་ལགས་སམ། ཐ་མལ་པའི་རྣམ་པར་ལོགས་སུ་ཕྱེ་དགོས་པ་ལགས། ཡང་ཀུན་རིག་མི་འཁྲུགས་གཉིས་ཀྱི་ལྷོ་སྒོའི་དུས་བདག་བསྐྱེད་མདུན་བུམ་སྐབས་མ་བསྡུས་པར་རྗེས་ཆོག་དུས་རྒྱ་གསུམ་སོགས་བཀྲོལ་ནས་བསྡུས་པ་ལྟར་སྣང་ན། དེ་སྐབས་ལྷོ་སྒོ་བདག་མདུན་གྱི་དཀྱིལ་འཁོར་གང་དུ་


LT36_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར། སྦྱང་དབང་སོགས་ཀྱི་བྱེད་པ་པོ་དེ་བདག་བསྐྱེད་གཙོ་བོས་མཛད་དགོས་སམ་གཞན་ཇི་ལྟར་ལགས། མེ་སྦར་སྐབས་དམིགས་པ་དང་། རྣམ་ཤེས་སྤར་ཚུལ་ཇི་ལྟར་བྱ། དེའི་གོང་བདག་འཇུག་སྐབས་བདག་བསྐྱེད་དཀྱིལ་འཁོར་མ་བསྡུས་པས་དབང་ལེན་པ་པོ་བདག་ཇི་ལྟར་གསལ་དགོས། འོད་ཆོག་གི་གནས་ལུང་སྐབས། བདག་ཉིད་སྤྱན་རས་གཟིགས་སུ་གསལ་བ་དེས་དམིགས་ཡུལ་བཀུག་སྦྱང་། དབང་བསྐུར་སོགས་བགྱིས་ན་འཐུས་སམ་ལགས། ༈ །ལྷོ་སྒོའི་བྱང་ཆོག་འདི་སྦྱོང་རྒྱུད་ནས་བཤད་པ་ཡིན་པས་ཀུན་རིག་གི་ཆ་ལག་ཏུ་སྦྱོར་རྒྱུ་འཕགས་བོད་ཀུན་གྱི་ཕྱག་བཞེས་ཡོངས་གྲགས་ལགས། དེ་སྐབས་བདག་མདུན་བུམ་བསྐྱེད་བཅས་གྲུབ་ནས་ཐུགས་ཀའི་སྒོ་ཕྱེ་སྟེ་ལས་ཀྱི་སེམས་དཔའ་གཉིས་པ་ཞིག་སྤྲོས་པས་བྱི་རོལ་དུ་ཆ་གསུམ་གཏོར་མ་བཏང་། མདུན་བསྐྱེད་ལས་བདག་འཇུག་ལེན། སླར་ཐུགས་ཀར་ཞུགས་ནས་སྔགས་ཀྱི་ང་རྒྱལ་བཟུང་། བྱང་ཆོག་བདག་བསྐྱེད་ཀྱིས་མཛད་པར་དམིགས། མི་འཁྲུགས་པའི་བྱང་ཆོག་གཞུང་གསལ་མདོར་བསྡུས་དེ་ལ་ཀུན་རིག་ནས་ཁ་བསྐང་སྟེ་ཆོ་ག་བཏང་སྐབས་བདག་བསྐྱེད་ཀྱིས་མཛད་པ་ལས་ཟུར་དུ་མི་དགོས། སྔར་ཀར་ལུགས་པ་རྣམས་ཀྱང་ཕྱག་


LT36_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་འདི་ལྟར་ལས་བླ་མེད་རྒྱུད་སྡེ་ལ་སྦྱོར་རྒྱུ་མཛད་སྲོལ་མི་སྣང་། ཕྱིས་སུ་རྗེ་པདྨ་ཉིན་བྱེད་དང་། རྗེ་བཅུ་བཞི་པ་རྣམ་གཉིས་ནས་བདེ་ཕག་གི་བསྙེན་སྒྲུབ་ཙམ་ལས་ཀུན་རིག་བསྙེན་པ་མཛད་རྒྱུ་མ་བྱུང་འདུག་པས་སྤྱི་རྒྱུགས་སུ་མི་འཁྲུགས་པ་དང་། དམིགས་བསལ་བྱང་ཆོག་ཆེ་བ་དགོས་རིགས་ཕག་མོར་ཀུན་རིག་ལྷོ་སྒོ་སྦྱར་རྒྱུ་མཛད་སྲོལ་འདུག །དེ་སྐབས་བདག་བསྐྱེད་བསྡུ་ལྡང་བྱས་པའི་ཐུན་མཚམས་ཀྱི་རྣལ་འབྱོར་མ་དེས་མདུན་བུམ་བདག་འཇུག་ལྷོ་སྒོ་སོགས་མཛད་པར་བསྒོམ་པ་ལས་ཅི་ཡོད། བདེ་མཆོག་ལ་ནི་གཏན་ནས་སྦྱར་སྲོལ་མེད། རྒྱལ་རྒྱམ་རང་གཞུང་དུ་གསལ་བ་ལྟར་ལགས། འོད་ཆོག་གི་བྱང་སྲེག་ནི་སྔར་ནས་སྤྱན་རས་གཟིགས་སུ་གསལ་བ་དེ་ལས་གང་ཡང་མི་དགོས་འདུག་ལགས། ལར་གནམ་ཆོས་འདི་རིགས་རྙིང་མ་བཀའ་གཏེད་གཞན་གང་དང་ཡང་མི་མཚུངས། ཆགས་མེད་ཞབས་ཀྱིས་ཨ་ཏི་ཡོ་གའི་ཡང་ཏི་ལུགས་ཡིན་གསུང་འདུག །ཆོག་ཁྲིགས་རིགས་སྤྱི་དང་། འོད་ཆོག་ལའང་ཆགས་མེད་གསུང་ལྟར་སོར་བཞག་ལས་རྗེས་ཆོག་མཆོད་བསྟོད་སོགས་གཏན་ནས་ཡོད་སྲོལ་དང་བྱེད་སྲོལ་མེད་ལགས། ༈ །ཀརྨ་གླིང་པའི་ཞི་ཁྲོའི་སྐབས་བདག་མདུན་སོ་སོའམ་དབྱེར་མེད་བསྒོམ། བདག་བསྐྱེད་སྐབས་སམ་


LT36_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་གང་ལྟར་ཡང་སྔོན་དུ་ཞི་བ་བསྐྱེད་ཟིན་ནས་རྗེས་ཁྲོ་བོ་བསྐྱེད་ཚུལ་ཇི་ལྟར་ལགས། བདག་མདུན་དབྱེར་མེད་ཡིན་ན་བཟླས་པའི་སྐབས་ཛཔྲ་ཁང་དབྱེ་བསྡུ་སོགས་གང་དགོས། བུམ་དཀྱིལ་ནམ་ཙམ་ནས་བསྐྱེད། བུམ་པར་རིགས་བརྒྱ་ཡོངས་རྫོགས་གསལ་དགོས་མིན། བདག་མདུན་སོ་སོའམ། དབྱེར་མེད་གང་ལྟར་ཡང་། བརྒྱ་ཕྱག་ཀློང་བཤགས་སོགས་ཚུལ་ཇི་ལྟ་བུས་འབུལ། བག་ཆགས་རང་གྲོལ་གྱི་དུས་ཀྱང་། བདག་བསྐྱེད་བཞིན་པ་དེ། སླར་ཡན་ལག་བདུན་པ། རྡོར་སེམས་སྒོམ་བཟླས། ལུས་དཀྱིལ་དུ་གསལ་འདེབས་པ་སོགས་ཚུལ་ཇི་ལྟར་ཉམས་སུ་ལེན། གནས་འདྲེན་གྱི་སྐབས་སྦྱོང་ཁྲུས་དབང་བསྐུར་སོགས་བྱེད་པོ་བདག་ཇི་ལྟར་བསྐྱེད། གནས་སྤར་སྐབས་རིགས་དྲུག་སོགས་དེ་དང་དེར་སྐྱེ་འགྱུར་གྱི་ལས་ཉོན་སྦྱང་བར་དམིགས་སམ། བཤམ་པ་ལྟར་གནས་འོག་མར་སྐྱེས་པར་རིམ་པར་གང་མར་སྤར་ཏེ་མཐར་དཀྱིལ་འཁོར་གྱི་སྒོ་དྲུང་དུ་འཁོད་ནས་ཁྲུས་སོགས་བྱེད་པ་ལགས། ཐུབ་པ་རིགས་དྲུག་གི་སྐུ་བཤམ་ནས་ཞལ་ཟས་འབུལ་ཙམ་ལས་གང་ཡང་མ་གསལ་བར་དེའི་སྔོན་རྗེས་སུ་བསྐྱེད་བསྡུ་ལྟ་བུ་ཇི་དགོས། ཡང་པདྨ་བཛྲ་གྱི་གནས་འདྲེན་སྐབས་ཀྱང་། གནས་


LT36_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

སྤར་ལུགས་ཇི་ཡིན་བཅས་བཀའ་འདྲི་ཞུ་ཞུ། ༈ །ཀར་གླིང་ཞི་ཁྲོའི་ཆོས་བདག་གསུམ་པ་རྒྱ་སྟོན་ནམ་མཁའ་ཆོས་ཀྱི་རྒྱ་མཚོའི་སྐུ་ཚེའི་སྟོད་དུ་བཀའ་རྒྱ་མ་གྲོལ་བས་ཞི་ཁྲོ་བསྡུས་པ་ཟུར་མང་ལུགས་འདི་སྤེལ། བར་དུ་འབྲིང་པོ་ཀཿཐོག་དང་ཏ་བླ་རྣམས་ཀྱི་ལུགས་དེ་བྱུང་། སྐུ་ཚེའི་སྨད་བཀའ་རྒྱ་གྲོལ་སྐབས་ཞི་ཁྲོའི་གཞུང་དང་རྫོགས་རིམ་བར་དོ་དྲུག་ཁྲིད་སོགས་རྒྱས་པར་སྤེལ་བ་གནས་མདོ་ལུགས་འདི་ལགས། ཀུན་མཁྱེན་དྷརྨཱ་ཀ་རས་ཟུར་མང་ལུགས་གསན་ནས་དཔལ་སྤུངས་སུ་སྒྲུབ་མཆོད་ཉིན་གསུམ་ཙམ་མཛད་སྲོལ་འདུག་ཀྱང་ཆ་ལག་གང་ཡང་མེད་པར་མ་ཟད། གནས་འདྲེན་ནི་གཏེར་གཞུང་དངོས་དང་འགྲིགས་དཀའ་བ་སོགས་ཡིད་རྟོན་ཕེར་བ་མི་སྣང་། སྤྱིར་རྙིང་ལུགས་ཡོ་ག་གསུམ་ལས་ཐེག་རྩེ་ཨ་ཏི་ཡོ་གའི་རྒྱུད་རྣམས་ལས་ཞི་ཁྲོའི་དཀྱིལ་འཁོར་རྒྱས་པར་བསྟན་པས་ཨ་ཏིའི་ཞི་ཁྲོའི་དཀྱིལ་འཁོར་གསུངས་པ་ཡིན། བྱེ་བྲག་ཀར་གླིང་ཞི་ཁྲོ་འདི་མ་ཧཱ་ཡོ་ག་ལ་གསུམ་དུ་དབྱེ་བའི་ནང་གསེས་མ་ཧཱའི་ཨ་ཏིའི་བསྐྱེད་ཆོག་དང་མཐུན་པ་ཤས་ཆེ། །རྙིང་མ་རང་ལུགས་ཀྱི་བདག་མདུན་དབྱེར་མེད་གསུངས་པ་ཐམས་ཅད་ཐོག་མར་སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་གཅིག་བསྐྱེད་པ་ལས་བདག་མདུན་སོགས་མང་པོ་བསྒོམ་མི་དགོས།


LT36_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་དང་གནས་འདྲེན་སོགས་ཀྱི་སྐབས་བཟླས་པའི་དབུར་སླེབས་པ་དང་སྙིང་པོའི་མཇུག་ཏུ་ཕཊ་ཛཿབཏགས་པས་བདག་བསྐྱེད་དཀྱིལ་འཁོར་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་གྱིས་དཀྱིལ་འཁོར་གཉིས་པ་མདུན་དུ་ཕྱེ་ནས་མདུན་རྟེན་རྣམས་དང་དབྱེར་མེད་དུ་བསྒོམ། སྤྲོ་བསྡུ་སོ་སོར་བྱ། ཚོགས་མཆོད་དབུར་ཟིན་པ་དང་རང་ཉིད་གཙོ་བོའི་ཐུགས་ཀ་ནས་ལས་ཀྱི་ལྷ་རྡོ་རྗེ་སེམས་དཔའ་ཞིག་མདུན་དུ་འཕྲོས་པ་དེས་བྱ་བ་རྣམས་མཛད་པ་དང་། གནས་འདྲེན་སྐབས་སུའང་དེ་ལྟར་བསྒོམ། ཞི་ཁྲོའི་དཀྱིལ་འཁོར་བསྒོམ་ལུགས་ལས་བྱང་རྒྱས་པར་གཟིགས་གལ་ཆེ་ཡི། ལས་བྱང་ཆུང་བ་འདི་རིགས་མདོར་བསྡུས་ཙམ་ལས་གསལ་ཁ་ཅིའང་ཆེད་པས་མོས་པ་ཡིད་བྱེད་ཙམ་ལས་དམིགས་གནད་ཚུལ་བཞིན་མི་འོང་། དཀྱིལ་འཁོར་དངོས་གཞིའི་འོག་མ་གཞལ་ཡས་ཁང་སྤྱི་འགྲེ་དང་། སྟེང་ཁང་བུམ་པའི་དབྱིབས་ལ་ཐོག་ཕུབ་སོགས་ཁྱད་པར་མང་པོ་སྣང་། སྟེང་ཁང་ནང་དུ་ཞི་དཀྱིལ། འོག་ཁང་གཞལ་ཡས་ཁང་དངོས་ཀྱི་ནང་དུ་ཁྲོ་དཀྱིལ་རྣམས་བསྐྱེད་པ་ལགས། བག་ཆགས་རང་གྲོལ་ནི་ཞི་ཁྲོ་ལུས་དཀྱིལ་སྒེར་ཐུབ་ཅིག་ལགས་པས་རྙིང་མ་རྣམས་ཀྱིས་རྒྱུན་འདོན་བྱེད། ཞི་ཁྲོའི་ཆོ་ག་བཏང་སྐབས་


LT36_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་པ་ལ་དགའ་བ་རྣམས་ཀྱིས་ཐོག་མར་དེ་འདོན། དེ་ནས་བརྒྱུད་འདེབས་སོགས་ཆོ་ག་དངོས་ལ་འཇུག །རྙིང་མ་ཕལ་ཆེ་བས་ནི་ཆོ་གའི་སྐབས་ཆོས་སྤྱོད་འདི་འདོན་སྲོལ་མི་འདུག །ཟུར་མང་ལུགས་སུ་གནས་འདྲེན་མགོར་འདོན་འདུག་པས་སྔར་ནས་རྡོར་སེམས་ཟུར་དུ་བྱེ་བ་དེ་ལ་དམིགས་པ་གཏད་དགོས་པ་ཡིན་འདྲ། ཞི་ཁྲོའི་གནས་འདྲེན་འདི་རྫོགས་ཆེན་གྱི་རྒྱུད་ནས་ཡང་ཡང་གསུངས་པ་ཤིན་ཏུ་ཁུངས་ལྡན་དང་། ཞག་ཞེ་དགུ་ལ་བདུན་ཚིགས་རེ་རེ་ལ་རིམ་པ་བཞིན་སོ་སོར་སྦྱོར་ཚུལ་ཀུན་མཁྱེན་ཀློང་ཆེན་པའི་ཐེག་མཆོག་རིན་པོ་ཆེའི་མཛོད་ལས་རྒྱས་པར་བཀྲལ་བ་ལྟར་ལགས་ཀྱང་། དེང་སང་དེ་ལྟར་ལག་ཏུ་ལེན་མཁན་མི་འབྱུང་། རིགས་དྲུག་གི་གནས་འདྲེན་དུས་གཅིག་བྱེད་པའི་སྐབས་རིགས་དྲུག་གི་དལ་དེ་དང་དེའི་ཡུལ་དངོས་སུ་བསྒོམ། དམྱལ་གནས་ནས་བརྩམས་རིམ་པར་དྲང་བ་སོགས་ཆགས་མེད་ཀྱིས་མཛད་པའི་གནས་འདྲེན་རྒྱས་པ་ལྟར་བསྒོམ་རྒྱུ་ལགས། བསྡུས་པའི་སྐབས་ཀྱང་དམིགས་པ་དེ་རིགས་ཚང་དགོས། ཡོན་དགེ་མི་འགྱུར་རྡོ་རྗེ་ལ་གཏེར་ཁ་ཆེན་པོ་མང་པོ་ཞིག་གི་བཀའ་བབས་ཡོད་པ་ཡིན་འདུག་ཀྱང་རྩ་བའི་གཟུངས་མ་དང་ཆོས་བདག་སོགས་ཀྱི་རྟེན་འབྲེལ་འཆུགས་པས་ཆོས་བཀའ་གསུམ་པོ་འདི་ཙམ་ལས་མ་


LT36_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཐོན། འདི་གསུམ་ཡང་ཤོག་སེར་ཚད་མ་གཏན་ལ་འབེབས་མ་ཐུབ་པས་དབུ་རྣམས་ནི་རྒྱས་པ་ལ་མཇུག་ནི་གཅིག་ཀྱང་མེད་པ་འདྲ་ཞིག་འདུག །འོན་ཀྱང་བཅོས་བསླད་མ་བྱེད་ཅེས་ནན་ཏན་དུ་གསུངས་པའི་དབང་གིས་ད་ལྟའི་བར་དུ་ཆོས་ཆེན་ཀློག་པ་ལྟར་དེ་ཉིད་མགོ་འདོན་མཇུག་འདོན་ལས་རྙིང་མ་སྤྱིའི་འགྲོས་ལྟར་ཁ་སྐོང་སོགས་གང་ཡང་བྱེད་སྲོལ་མི་འདུག་ཀྱང་། བྱིན་རླབས་ཀྱི་རྒྱུན་ལྡན་ནི་ངེས་པར་ཡིན་འདུག །འདི་རྣམས་ལ་ཁྲིད་དང་ཞལ་རྒྱུན་སོགས་གང་ཡང་མེད་སྟབས་དམིགས་རིམ་སོགས་ལ་ཐེ་ཚོམ་གྱི་གནས་ནི་མང་དུ་འདུག །གནས་འདྲེན་ཀྱང་ཞི་ཁྲོ་སོགས་རྙིང་མ་སྤྱི་དང་མི་མཚུངས་པས་གཏེར་གཞུང་དངོས་བསྟན་མོས་པ་ཡིད་བྱེད་ཙམ་ལས་རིགས་བཟོ་ནི་མི་རུང་བར་རྟོགས་པས་དཀྲིགས་ཆོད་ཞུ་མ་ཤེས་ལགས། ༈ །བསྙེན་ཚད་སོགས་སྐྱེལ་སྐབས། གྲངས་གསར་རྙིང་གཉིས་ཀར་ས་ཡ་དང་། བྱེ་བ་སྔོན་ལ་གང་འདྲེན་པ་ལགས། ༈ །བསྙེན་ཚད་སྐབས་སྐར་རྩིས་ཡོངས་གྲགས་ཀྱི་ལུགས་ལྟར། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། །བྱེ་བས་ཡ་དུང་ཕྱུར་ཏེ། །དགུ་པོ་རྐྱང་པའི་གྲངས་སུ་བརྗོད། །ཅེས་པ་ལྟར་བྱེ་བ་སྔོན་དུ་བགྲངས་ཤིང་ས་ཡ་རྗེས་མ་བྱེད་པ་ལགས། ༈ །རྒྱུན་དུ་བུམ་ཅན་སོགས་དང་མ་འབྲེལ་བར།


LT36_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

བར་རླུང་འཛིན་ན། ཐོག་མར་རླུང་རོ་བསལ་དགོས་མིན། རྗེས་སུ་རླུང་ཕྱིར་འབུད་དགོས་སམ་རང་གར་བཞག་པས་འཐུས། བཟླས་བརྗོད་སོགས་ཀྱི་སྐབས་འོག་རླུང་ཅུང་འཐེན་པར་རླུང་ཐད་ཀར་བརྒྱང་ནའང་། སྟེང་རླུང་ཕྱིར་འགྲོ་ནང་དུ་འཇུག་པ་སོགས་ཆོག་པ་ལགས་སམ་གང་ཡིན། བར་རླུང་གི་རླུང་ཁུག་རིང་ཐུང་གི་ཚད་ཇི་ཙམ་ལ་བཟུང་དགོས། ༈ །བར་རླུང་ཞེས་པ་ལྟོ་བ་ཐད་ཀར་བརྒྱངས་པ་ཙམ་ཡིན་པས་རླུང་རོ་བསལ་བ་གང་ཡང་མི་དགོས། འདི་ལ་ཡེ་ཤེས་ཆེན་པོའི་རླུང་སྦྱོར་ཞེས་གསར་རྙིང་གཉིས་ཀ་ནས་བསྔགས་བརྗོད་ཆེ། སྔགས་ཀྱི་རྣལ་འབྱོར་པ་སྤྱི་དང་ཁྱད་པར་ཆོས་དྲུག་གི་གཏུམ་མོའི་རྣལ་འབྱོར་ཉམས་སུ་ལེན་པ་རྣམས་ཀྱིས་དུས་རྒྱུན་དུ་ལུས་གནད་དྲང་པོར་བསྲངས། ལྟོ་བ་ཐད་ཀར་བརྒྱངས་པ་འདི་དང་མ་བྲལ་ན་ཡོན་ཏན་ཤུགས་ལ་སྐྱེ་བས་གྲུབ་ཆེན་ཨོ་རྒྱན་པའི་ཞལ་ནས། གསུས་པ་ཐེར་གྱིས་བཀང་བ་འདི་ང་རྣལ་འབྱོར་པ་ཡིན་པའི་རྟགས་ཡིན། ལྟོ་བ་ཝས་བྲུས་པ་བཞིན་སྟོང་ནས་གཏུམ་མོ་སྒོམ་མཁན་ཡིན་ཟེར་བ་རྣམས་སྙིང་རེ་རྗེ་ཞེས་གསུངས། བར་རླུང་སྐབས་སྟེང་རླུང་རང་བབ་ལས་ཅིའང་མི་དགོས་ཞུ། འདི་ལ་རླུང་འཛིན་གཏོང་མེད་པས་རང་གི་ཅི་ནུས་ལས་ཁུག་པ་བརྩི་རྒྱུ་མེད་ལགས། ༈ །མཚམས་རྒྱ་སོགས་


LT36_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཐུན་གྲོལ་སྐབས་བདག་མདུན་བསྡུས་ཚེ་ཕྱི་ཡི་སྲུང་འཁོར་བསྡུ་བ་ལགས་སམ། ཕྱི་ཡི་སྲུང་འཁོར་བསྡུ་ན་ཐུན་ཕྱི་མ་རྣམས་དུས་སླར་གསལ་འདེབས་དགོས་ལགས། ཡང་མི་བསྡུ་ན་སྲོད་ཐུན་སྐབས་སྲུང་འཁོར་བསྡུའམ་མ་བསྡུས་པར་ཉལ་བའི་རྣལ་འབྱོར་བྱ་བ་ལགས། ༈ །སྲུང་འཁོར་ནི་ཐོག་མར་གསལ་བཏབ་ནས་བཟུང་བསྙེན་མཚམས་མ་གྲོལ་བར་མི་བསྡུ། ཐུན་མགོ་ལ་གསར་འདེབས་བསྐྱར་མ་རེ་རེ་བྱ། གཞལ་ཡས་ཁང་གི་མཐའ་ནས་བསྡུ། ལྷ་འཁོར་རྣམས་གཙོ་བོ་དང་། དེ་ས་བོན། དེ་ཉིད་ནཱ་དར་ཡལ་བའི་སྟོང་ཉིད་ལ་མཉམ་པར་བཞག །དེ་ནས་ཐུན་མཚམས་ཀྱི་ལྷར་ལྡངས་ནས་གནས་གསུམ་སྲུང་བ་སོགས་བྱ་བ་ནི་མཁྱེན་བཞིན་ལགས། ༈ །འདི་གར་དགུ་ཆེན་སྐབས་མགོན་པོའི་གཏོར་ཆེན་ཞལ་གཏོར་ཡིན་ན་དེ་དགྲ་ཕྱོགས་སུ་ཞལ་བསྒྱུར་བའམ་གཙང་སར་གཤེགས་པ་མ་གཏོགས་གཏོར་ཟོར་དུ་འཕེན་མི་རུང་ཞེས་རྗེ་དོན་ལྡན་ཞབས་སོགས་གོང་མ་རྣམས་ནས་ནན་ཏན་གྱིས་གསུངས་འདུག་ཀྱང་། དེང་སང་ནི་ཟོར་དུ་འཕེན་པ་འདི་རུང་མིན་དང་། རང་ལུགས་བེར་ཅན་ཡུམ་གྱི་སྲོག་འཁོར་འབྲི་ཐབས་དམིགས་བསལ་མ་མཇལ་བས་སྲོག་འཁོར་ཞིག་འབྲི་འདོད་ན་དམིགས་བསལ་བ་ཡོད་དམ་སྤྱི་འགྲེ་ཞིག་


LT36_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

གིས་འཐུས་སམ་ལགས། དཀྱིལ་འཁོར་རྡུལ་ཚོན་ཡིན་ཀྱང་ས་ཆོག་ཆགས་མེད་ལུགས་ཀུན་རིག་ལྟར་བྱ་འདུག་པས་དེ་ག་རུང་ངམ། ཡང་ནས་ཆོག །ཐིག་ཚོན་བྱིན་རླབས་སོགས་ཇི་ལྟར་བགྱིས་པ་ལེགས་བཅས་བློ་དམན་ཁ་ན་མ་ཐོ་བའི་ཞུ་ཚིག་ལ་ཆོས་ཀློང་མི་འགལ་བ་ནས་སོ་སོར་བཀའ་མཆན་འཁོད་ཐུབ་པ་གསོལ་བ་འདེབས་པ་ལགས། ༈ །མགོན་པོའི་དགྲ་ཆོས་ཞལ་གཏོར་ལྷ་བསྐྱེད་བཞིན་དུ་ནི་འཕེན་ག་ལ་རུང་། གོང་དུ་ཞུས་པ་ལྟར་དམ་ཡེ་གཉིས་ཀ་གཤེགས་ན་གཏོར་མ་ནད་དུག་མཚོན་ཆར་བསྒྱུར་ནས་འཕེན་པ་ལ་ཉེས་པ་མེད་ལགས། དེང་སང་ཀར་ལུགས་པ་ཐམས་ཅད་མ་མགོན་ཞལ་སྦྱོར་ལས་ཡབ་ཡུམ་རྐྱང་པའི་འདོན་སྲོལ་མི་འདུག་པས་སྲོག་འཁོར་ཡང་ཞལ་སྦྱོར་གྱི་སྲོག་འཁོར་བྲི་ཐབས་ཆགས་མེད་ཀྱིས་མཛད་པ་དེ་ཀ་ལྟར་བྱེད་པ་ལགས། བེར་ཅན་ཡབ་རྐྱང་སྲོག་འཁོར་བྲི་ཐབས་གཞུང་པོད་ཆེ་བ་རྣམས་སུ་ཡོད་པ་འདྲ་ཡང་འདི་སྐོར་ཡིག་སྣ་ཁ་ཤས་ཙམ་ལས་ཚང་བར་མི་འདུག་བས་དེ་རིགས་རྣམས་སུ་སྲོག་འཁོར་བྲི་ཐབས་མི་སྣང་། ཡུམ་རྐྱང་གི་སྲོག་འཁོར་བྲི་ཐབས་རིན་ཆེན་གཏེར་མཛོད་བླ་རྡོ་སྲོག་འཁོར་བཅའ་ཐབས་ཡོད་པ་དེ་ནང་གསལ་བ་ལྟར་ལགས། མགོན་པོའི་དཀྱིལ་འཁོར་རྡུལ་ཚོན་ལས་བཞེངས་རྒྱུ་འདི་སྐོར་ལ་ནི་སྲོལ་མི་འདུག །གལ་ཏེ་རྡུལ་ཚོན་གྱིས་བྲིས་ཚེ་ས་ཆོས་


LT36_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་མགོན་པོའི་གཞུང་གང་དུའང་མ་བཤད་པས་མི་དགོས། ཐིག་ཚོན་བྱིན་རླབས་དགོས་ཀྱང་ཁྲོ་དཀྱིལ་ཞིག་གི་རིགས་འགྲེ་བྱས་ན་འཐད་པས་མར་ལུགས་རྒྱུད་སྡེ་ཀུན་བཏུས་གཤེད་སྐོར་ཞིག་ནས་ཁ་བསྒྱུར་ན་ལེགས་སམ་སྙམ། ཀུན་རིག་གི་ས་ཆོག་སོགས་མགོན་པོ་ལ་སྦྱར་ན་བླུན་རྟགས་དེ་ལས་ཆེ་བ་ཅི་ཡོད་ཞུ། ཞེས་བཀའ་འདྲི་བཀའ་དྲིན་སྐྱོང་བ་རྣམས་ཀྱི་གསུང་ལན་ཐད་ཀ་མདོ་ཙམ་ཕུལ་བ་ལ་ཟབ་དགོངས་ཀྱི་སྣང་བ་ཡངས་པོར་བཀྱེ་བ་ཞིག་གསོལ་བ་འདེབས་པ་ལགས། །སརྦ་དཱ་མངྒ་ལཾ།། །།ཞེས་སྣང་མཛད་ལོ་ཆེན་བླ་མ་འཇམ་མགོན་རྡོ་རྗེ་འཆང་དགུང་ལོ་གྱ་བདུན་བཞེས་པ་ས་ཕག་སྣྲོན་ཟླའི་ནང་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅོ་ལྔ་པ་ཀུན་བཟང་མཁའ་ཁྱབ་རྟག་པའི་རྡོ་རྗེ་དགུང་གྲངས་ཉེར་དགུའི་སྐབས་བཀའ་འདྲི་ཕེབས་པ་ལ། དྲི་ཡིག་ལ་གསུང་ལན་བཀའ་མཆན་ཞལ་སྤོད་གནང་རིམ་བཞིན་ཁོ་བོ་མངྒ་ལས་བྲིས་པ་སླར་གསུང་འབུམ་དྲིས་ལན་གྲལ་དུའང་བཅུག་དགོས་དང་། ཀར་ལུགས་མགོན་པོའི་དགྲ་ཆོས་ཟློག་ཟོར་སྐབས་སོགས་དེང་སང་ཟིན་བྲིས་སོགས་གསལ་ཀ་མེད་མའི་གནད་དོན་འགའ་ཙམ་ལ་ཅུང་ཟད་ཕན་ཐོགས་པའང་ཡོད་ཅེས་བཀའ་སྩལ་བ་ཐོས་སོ།། །།


previousའཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་ཞལ་སྔར་རྒྱལ་དབང་ཀརྨ་པ་མཁའ་ཁྱབ་རྡོ་རྗེས་བཀའ་འདྲི་ཕུལ་བ་ལེན་དང་བཅས་པ།next