Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།

1 occurrence of མགོན་པོ་བེང་
[Clear Hits]


  
expand section
  
 collapse section
 collapse section
  
ལུས་རྟེན་འདི་བཙས་ནས་ན་ཚོད་འཕེལ་ཚུལ།
  
  
  
  
  


1 occurrence of མགོན་པོ་བེང་
[Clear Hits]

 
previousལུས་རྟེན་འདི་བཙས་ནས་ན་ཚོད་འཕེལ་ཚུལ།next

ལུས་རྟེན་འདི་བཙས་ནས་ན་ཚོད་འཕེལ་ཚུལ།


MLP003_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལུས་རྟེན་འདི་བཙས་ནས་ན་ཚོད་འཕེལ་ཚུལ་ནི། ཁོ་བོ་ཅག་གི་རུས་ནི་སྔགས་རུས་ཏེ་མཐིང་མ་སྨྱོས་ཞིག་ཆེན་པོའི་རིགས་བརྒྱུད་ཡིན། ལུས་འདི་བསྐྱེད་པའི་ཕ་མ་ནི། གནུབས་ཆེན་གྱི་ཡང་སྲིད་ཡབ་རྗེ་སྨྱོས་སྟོན་གསང་བདག་ཆེན་པོ་ཕྲིན་ལས་ལྷུན་གྲུབ་དང་། ཤེལ་དཀར་རྡོ་རྗེ་མཚོའི་སྤྲུལ་པ་མ་བཙུན་རྗེ་རིགས་ལྷ་འཛིན་དབྱངས་ཅན་སྒྲོལ་མ་སྟེ། ཡབ་ཡུམ་དེ་གཉིས་ལས་རྗེ་བླ་མ་དམ་པ་སྐུ་མཆེད་ཀྱིས་གཙོས་པའི་སྲས་ལྔ་དང་། སྲས་མོ་གཉིས་ཏེ། སྲས་ལྕམ་སྲིང་བདུན་འཁྲུངས་པ་ལས་བདག་ལྔ་པ་ཡིན། དེ་ཡང་ཤིང་ཕོ་རྟའི་ལོ་ལ་ཡུལ་གཡོར་པོ་གྲྭ་ནང་གི་ལུང་པའི་ས་ཚིགས། སྔགས་ཀྱི་སྡེ་དགོན་དར་རྒྱས་ཆོས་གླིང་ཞེས་བྱ་བར་སྐྱེས། མིང་རྒྱུ་སྐར་གྱི་རྟེན་འབྲེལ་ལས། ལེགས་པ་དོན་གྲུབ་ཏུ་བཏགས། ལོ་ངོ་གསུམ་ཙམ་ལ་སླེབས་དུས་བུ་རྫིའི་གདོལ་སྤྱོད་ཀྱི་གྲིབ་ཕོག་སྟེ་ལྕེ་མི་བདེ་བ་འདི་བྱུང་། ལྕགས་ཕོ་བྱི་བའི་བར་ཕལ་ཆེར་རང་གི་གཞིས་དགོན་པ་དང་། རེས་ཞང་པོའི་ཁྱིམ་འདུམ་པོ་གཉིས་སུ་བསྡད། སྐབས་ཤིག་མ་རིན་པོ་ཆེའི་ཨ་ནེའི་རྩར་ཁྲབ་མོར་ཡང་ཕྱིན། ལོ་བརྒྱད་པ་ལ་གཅེན་རྒྱལ་བའི་སྲས་པོའི་ཞབས་ཕྱིར་དཀྲིས་ཏེ་དགུན་དཔྱིད་གཉིས་འཕྱོངས་རྒྱས་དཔལ་རི་དང་། དབྱར་དབུས་རིའི་གནས་ཆེན་མཆིམས་ཕུར་བསྡད། དེ་དུས་མ་རིན་པོ་ཆེ་བསམ་ཡས་སུ་ཕེབས་པ་དང་ལྷན་ཅིག་བསམ་ཡས་རི་མཐིལ་གྱི་གནས་རྟེན་ངོ་མཚར་བ་རྣམས་མཇལ་ཞིང་སྨོན་ལམ་བཏབ། མ་ཕྱིར་ཐེགས་རྗེས་གཅེན་དང་དགེ་སློང་ལེགས་པ་གཉིས་ཀྱི་རྩར་ཀློག་སྦྱང་ལ་སྦྱང་ལོ་བྱས། གཞིས་ནས་ཀེག་མལ་གྱི་རིམ་གྲོར་མིང་བསྒྱུར་དགོས་པའི་བཀའ་འཕྲིན་བྱུང་བ་ལྟར། སྤྲུལ་སྐུ་ཕྲིན་ལས་རྣམ་རྒྱལ་གཅེན་གྱི་ཞབས་བསྙུན་སྐོར་དུ་ཕེབས་དུས། ཀ་བཅུ་ཚེ་མཆོག་གིས། ད་རེས་རྟེན་འབྲེལ་འགྲིག མིང་སྤྲུལ་སྐུ་རིན་པོ་ཆེ་ལ་ཞུས་པ་


MLP003_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

འཐད་ཅེས་བསྐུལ་བ་ལྟར། མིང་ཞུས་པས་པདྨ་ཕྲིན་ལས་རྒྱལ་མཚན་ཞེས་སྩལ། གཅེན་འཕྱོངས་རྒྱས་སུ་ཕྱིར་ཕེབས་ཀྱི་ཞབས་ཕྱིར་བསམ་ཡས་མཐིལ་གྱི་བར་འོངས་ནས་རྟ་མགྲིན་གླིང་དུ་གསུང་སྤྲུལ་རིན་པོ་ཆེ་ཡབ་སྲས་མཇལ། དེ་ནས་ངེད་ཀྱིས་ཟུར་མཁར་གྱི་ཀོ་བ་བཏོན། རྟ་བསུ་མ་སླེབས་པས་གྲྭ་ཕྱི་ཚོང་འདུས་སུ་ཞག་གཉིས་བསྡད་དེ་གཞིས་སུ་འབྱོར། དེ་དུས་རྗེ་བླ་མ་དམ་པའང་གཙང་རོང་བོན་ལུང་ནས་ཕྱིར་ཕེབས་གྲུབ་འདུགཨ་མ་ཡབ་སྲས་ལྷན་ཅིག་ཏུ་བཞུགས་པ་མཇལ་ཞིང་། གསུང་སྤྲུལ་རིན་པོ་ཆེ་ཕྱིར་ལམ་གྲྭ་བརྒྱུད་ཁྲབ་མོ་ཞོལ་ཁྲོད་དུ་བཞུགས་འདུག་པའི་སར། གཙུག་ཕུད་ཕུལ་ཏེ་མིང་ཨོ་རྒྱན་གྲགས་པ་བཟང་པོ་ཞེས་སྩལ། ཆབ་ཟེ་གཤེགས་སར་ཕྱིན་ནས་དད་པ་ཆེན་པོས་ཙན་ནེར་གསང་ཆབ་ཞུས་ཏེ་མང་དུ་འཐུང་། རང་ལོ་དགུར་སླེབས་པ་ཆུ་སྟག་དབོ་ཟླའི་ཉེར་གཉིས་ལ་ཡབ་རྗེ་གསང་བདག་ཆེན་པོ་ཡེ་ཤེས་གོང་འཕོའི་རྟགས་ངོ་མཚར་བ་དང་བཅས་ཏེ་དག་པའི་ཞིང་དུ་གཤེགས་པའི་གདུང་མཆོད་ཀྱི་ཚེ་སྐུ་གདུང་རིན་པོ་ཆེའི་དྲུང་དུ་ཡང་ཡང་ཕྱིན་ཏེ་ཕྱག་མང་པོ་བཙལ་ཅིང་གསོལ་བ་བཏབ་པས་བྱིན་རླབས་ཞུགས་པ་ཡིན་པ་འདྲ། ནུབ་ཅིག་ཡབ་རྗེ་བར་སྣང་ལ་ཡེར་གྱིས་གཤེགས་པའི་སྐུའི་ཐུ་བ་ལ་འཇུས་པས་རང་ཡང་བར་སྣང་ལ་ཧད་ཀྱིས་བཏེགས་པ་དང་ལྷན་ཅིག་གཉིད་སད་པ་ཞིག་བྱུང་། དེ་ལྟར་ཡབ་རྗེ་རིག་འཛིན་ཆེན་པོ་དང་འགྲོགས་ཡུན་ལོ་དགུའི་ངོ་མཐོང་ཙམ་ལས་མ་བྱུང་བས་སྐུ་གཤེགས་རྟིང་ནས། གཅེན་རིག་འཛིན་གཏེར་སྟོན་ཆེན་པོས་འཇིག་རྟེན་ཕྱོགས་ནས་ཕའི་དོད་དང་། ཆོས་ཕྱོགས་ནས་བཀའ་དྲིན་གསུམ་ལྡན་གྱི་བླ་མ་མཛད་ནས་བརྩེ་བ་ཆེན་པོའི་སྤྱན་རས་ཀྱི་བཙའ་བས་རྗེས་སུ་བཟུང་སྟེ་ལེགས་པར་བསྐྱངས། གཅེན་རྒྱལ་བའི་སྲས་པོ་དང་མ་རིན་པོ་ཆེ་ནས་ཀྱང་ཆུང་དུས་ནས་བློ་ངན་ལང་དུ་མ་བཏང་བར་ཆོས་སྒོར་འདྲེན་པའི་མཐུན་རྐྱེན་སྦྱར་བས། མགྲིན་པ་ཐེག་པ་ནས་ཆོས་ལ་མོས་པ་ཐོབ་ཅིང་། བསམ་པ་རྙེད་པ་ནས་བཟུང་སྟེ་དམ་པའི་ཆོས་ལ་ངང་གིས་འཇུག་ཏུ་ཡོད་པའི་སྐལ་བ་ཐོབ་པས་འཚེངས་པ་ཡིན་ནོ། །


previousལུས་རྟེན་འདི་བཙས་ནས་ན་ཚོད་འཕེལ་ཚུལ།next