Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གསུམ་པ།

28 occurrences of གཏེར་སྲུང་
[Clear Hits]


 
  
 
  
  
  
  
  
  
  
  
  
  
  
  
རྩང་བཟློག་མེའི་སྤུ་གྲི།
 
  
  
  
 
  
  
 
 
  
 
 
 
  
  
 
collapse section
  
  
  
  
  
 
  
 
 
collapse section
 
  
  
 
 
 
  
 
  
  
 
  
collapse section
 
  
  
  
  
  
  
  
  
 
  
  
  
collapse section
 
  
  
  
  
  
 
  
  
 
 
 


28 occurrences of གཏེར་སྲུང་
[Clear Hits]

 
previousརྩང་བཟློག་མེའི་སྤུ་གྲི།next

རྩང་བཟློག་མེའི་སྤུ་གྲི།

ཕག་མོ་ནག་མོའི་ཟབ་ཐིག་ལས༔ རྩང་བཟློག་མེའི་སྤུ་གྲི་བཞུགས༔ མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ མཁའ་འགྲོ་བསྒྲུབ་པའི་རྣལ་འབྱོར་པས༔ ཆགས་ཆེ་ཉམ་ང་བཟློག་པའི་ཕྱིར༔ དམར་ནག་གཏོར་མའི་ལྕགས་རི་ལ༔ རྩང་ནི་སྲིན་མོའི་འགྲོས་སུ་བཙུགས༔ གང་གནོད་བཟློག་པའི་བྱང་བུས་བརྒྱན༔ ཤ་དུམ་ལིངྒ་ཅི་མང་གཟུག༔ བ་སུ་ཏ་ཡི་ཞགས་པས་བསྡམས༔ དམར་སྦྲེང་རོལ་མོ་དྲག་ཏུ་འཁྲོལ༔ དྲག་པོའི་ངར་གྱིས་འདི་སྐད་དོ༔ ཧཱུྃ༔ ང་ནི་ཁྲོས་མ་ནག་མོ་སྟེ༔ མ་མོ་མཁའ་འགྲོ་ཀུན་གྱི་རྗེ༔ ཐམས་ཅད་ང་ཡི་བཀའ་ལ་ཉོན༔ འབྱུང་བ་ལྔ་དང་འཁོར་འདས་ཀུན༔ ཐམས་ཅད་ང་ཡི་རང་བཞིན་ཡིན༔ ང་ཡིས་མི་འདུལ་གང་ཡང་མེད༔ བཟློག་པས་མི་བཟློག་གང་ཡང་མེད༔ བཟློག་བསྒྱུར་འཕྲིན་ལས་དུས་ལ་བབས༔ ཧཱུྃ༔ དང་པོ་རྩང་བྱུང་གང་ནས་བྱུང་༔ རྩང་བྱུང་ཨོ་རྒྱན་ཡུལ་ནས་བྱུང་༔ ཨོ་རྒྱན་སྨུག་ནག་འཁྲིགས་པའི་གནས༔ མཁའ་འགྲོ་འདུ་བའི་དུར་ཁྲོད་དུ༔ རྩི་ཤིང་ཐམས་ཅད་མཚོན་ཆར་སྐྱེས༔ ཡེ་ཤེས་ལས་ཀྱི་མཁའ་འགྲོ་ཡིས༔ སྤྲུལ་པའི་ཕོ་ཉར་བྱིན་གྱིས་བརླབས༔ ཧེ་རུ་ཀ་ཡིས་དབང་ཡང་བསྐུར༔ དབྱིབས་ནི་སྣ་ཚོགས་མཚོན་ཆའི་དབྱིབས༔ གཟུགས་ནི་སྲིན་མོའི་འགྲོས་སུ་བཙུགས༔ ཤ་དུམ་ལིངྒ་བྱང་བུས་བརྒྱན༔ ཡེ་ཤེས་མཁའ་འགྲོའི་ཕོ་ཉ་སྟེ༔ ཤ་ཟ་མཁའ་འགྲོའི་ཕོ་བྲང་ཡིན༔ ཟློག་བྱེད་མཁའ་འགྲོའི་སྐུ་རུ་གསལ༔ ཧཱུྃ༔ ཡར་གྱི་རྩེ་མོས་ཆོས་ཉིད་དབྱིངས་སུ་སླེབས༔ མར་གྱི་རྩེ་མོས་ངན་སོང་འགྲོ་དྲུག་ཁྱབ༔ རྐེད་པ་རྒྱ་མདུད་མཁའ་འགྲོའི་ཕོ་བྲང་སྟེ༔ ཡར་གྱི་རྩེ་མོ་སྲིད་རྩེའི་སྟེང་ན་མཐོ༔ མར་གྱི་རྩེ་མོས་ན་རག་དམྱལ་བར་གནོན༔ རྐེད་པ་རྒྱ་མདུད་ཁམས་གསུམ་གཞལ་ཡས་ཁང་། ཡར་གྱི་རྩེ་མོ་མི་མངོན་དབྱིངས་ན་མཐོཿ མར་གྱི་རྩེ་མོས་འབྱུང་བཞིའི་ཁམས་རྣམས་ཁྱབཿ རྐེད་པ་རྒྱ་མདུད་སྟོང་གསུམ་ཟིལ་གྱིས་གནོན༔ ཡར་གྱི་རྩེ་ལ་སྐུ་གསུམ་སངས་རྒྱས་བཞུགས༔ མར་གྱི་རྩེ་མོས་དུག་གསུམ་ཨར་ལ་གཏད༔ རྐེད་པ་རྒྱ་མདུད་ཐབས་ཤེས་དབྱེར་མེད་ཞིང་༔ ཡར་གྱི་རྩེ་ལ་རིགས་ལྔའི་ལྷ་ཚོགས་བཞུགས༔ མར་གྱི་རྩེ་མོས་དུག་ལྔ་དབྱིངས་སུ་བསྒྲལ༔ རྐེད་པ་རྒྱ་མདུད་ཡེ་ཤེས་ལྔ་ལྡན་ཞིང་༔ ཡར་གྱི་རྩེ་ལ་ཕ་རྒྱུད་ལྷ་ཚོགས་བཞུགས༔ མར་གྱི་རྩེ་ལ་མ་རྒྱུད་མཁའ་འགྲོ་འཁྲབ༔ རྐེད་པ་རྒྱ་མདུད་དཔའ་བོ་དཔའ་མོ་འབུམ༔ ཡར་གྱི་རྩེ་ལ་འདབ་ཆགས་བུ་ཡུག་འཚུབ༔ མར་གྱི་རྩེ་ལ་མཆེ་ཅན་གཅན་གཟན་འདུ༔ རྐེད་པ་རྒྱ་མདུད་སེང་འབྲུག་ཆུ་སྲིན་རྔམ༔ ཡར་གྱི་རྩེ་ལ་ཐོག་གི་བུ་ཡུག་འཚུབ༔ མར་གྱི་རྩེ་ལ་གནམ་ལྕགས་སེར་ཆེན་འབེབས༔ རྐེད་པ་རྒྱ་མདུད་དྲག་མེ་དམར་ནག་འཚུབས༔ ཡར་ཀྱི་རྩེ་ལ་ཧཱུྃ་སྒྲས་ཁམས་གསུམ་གཡོ༔ མར་གྱི་རྩེ་ལ་ཕཊ་སྒྲས་སྲིད་གསུམ་འཁྲུག༔ རྐེད་པ་རྒྱ་མདུད་བྷྱོ་བཟློག་སྟོང་གསུམ་བརླག༔ དྲག་པོ་རྩང་གི་འཕྲིན་ལས་དུས་ལ་བབས༔ ཡེ་ཤེས་ཕུར་པའི་འཕྲིན་ལས་དུས་ལ་བབས༔ སྤྲུལ་བའི་ཕོ་ཉས་བཅོལ་བའི་ལས་མཛོད་ཅིག༔ ཧཱུྃ༔ སངས་རྒྱས་བསྟན་ལ་སྡང་བའི་དགྲ༔ ཆོས་ལ་བར་དུ་གཅོད་པའི་བགེགས༔ རིག་འཛིན་རྣལ་འབྱོར་སྒོས་ཀྱི་དགྲ༔ མཁའ་འགྲོའི་ཕོ་ཉ་རྩང་ཕུར་གྱིས༔ མྱུར་དུ་ཁུག་ལ་དམ་དུ་ཆིངས༔ མཚོན་ཆས་གཏུབས་ལ་དྲག་ཏུ་སྒྲོལ༔ འདོད་ཆགས་ཁྲག་ལ་ཆེམས་ཆེམ་འཐུང་༔ གཏི་མུག་ཤ་ལ་གཏིབས་གཏིབས་ཟོ༔ ཞེ་སྡང་རུས་ལ་ཁྲུམ་ཁྲུམ་མུར༔ ཏིལ་འབྲུ་ཙམ་ཡང་མེད་པར་གྱིས༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་བྷྱོ༔ ད་ནི་བཟློག་བསྒྱུར་དུས་ལ་བབས༔ སྟེང་གི་ཕྱོགས་ནས་མི་མཐུན་བགེགས༔ ལྷ་ཡི་དལ་ཁ་རྩང་གིས་ཟློག༔ འོག་གི་ཕྱོགས་ནས་གདུག་པའི་དུག༔ ཀླུ་ཡི་གདོན་ཚོགས་རྩང་གིས་ཟློག༔ བར་གྱི་ཕྱོགས་ནས་རྦོད་གཏོང་བགེགས༔ སྡེ་བརྒྱད་གནོད་པ་རྩང་གིས་ཟློག༔ ཡེ་ཤེས་མཁའ་འགྲོའི་བསུན་མ་སྟེ༔ ཚེ་ལ་བར་ཆད་རྩང་གིས་ཟློག༔ བན་བོན་འདུས་པའི་བྱད་ཀ་སྟེ༔ མནན་གཏད་ཁྲམ་ཁ་རྩང་གིས་ཟློག༔ མ་མོ་ཁྲོས་པའི་དལ་ཁ་སྟེ༔ དམར་ནད་ཡམས་ཁ་རྩང་གིས་ཟློག༔ སྡེ་བརྒྱད་ཁྲོས་པའི་ཁ་རླངས་ཏེ༔ མི་ནད་ཕྱུགས་ནད་རྩང་གིས་ཟློག༔ རྒྱ་འདྲེ་འགོང་པོའི་སྤྲུལ་བསྒྱུར་ཏེ༔ ལོ་ནད་བཙའ་སད་རྩང་གིས་ཟློག༔ ལོ་ཡི་འབྱུང་བ་ཁམས་ཀྱི་རྒྱལ༔ ལོ་སྐག་ཐམས་ཅད་རྩང་གིས་ཟློག༔ ཟླ་བའི་འབྱུང་དགྲ་བློན་གྱི་སྐག༔ ཟླ་ཁམས་དགྲ་གཤེད་རྩང་གིས་ཟློག༔ ཞག་ནི་དམག་མི་དཔུང་གི་དགྲ༔ དུས་ཚོད་བདུད་བབས་རྩང་གིས་ཟློག༔ སྤར་ཁ་རུས་པའི་སྟེང་ཆགས་པ༔ སྐྱ་མདའ་ཟུག་པ་རྩང་གིས་ཟློག༔ སྨེ་བ་ཤ་པགས་རྒྱ་རལ་བ༔ འབྱུང་བཞིའི་དར་གུད་རྩང་གིས་ཟློག༔ ལན་ཆགས་བུ་ལོན་སྟོང་ཕྲག་བགེགས༔ བགེགས་རིགས་གནོད་པ་རྩང་གིས་ཟློག༔ ཤ་འཁོན་མ་དག་སྡང་བའི་དགྲ༔ དགྲ་བོའི་གནོད་པ་རྩང་གིས་ཟློག༔ བསམ་སྦྱོར་ངན་པའི་ལྟས་ངན་རིགས༔ བརྒྱད་ཅུ་རྩ་གཅིག་རྩང་གིས་ཟློག༔ བརྡུང་ཞིང་བརྡེག་པ་ལས་ཀྱི་ནད༔ བཞི་བརྒྱ་རྩ་བཞི་རྩང་གིས་ཟློག༔ བསད་བཅད་བཤས་གཏུབས་གློ་བུར་རྐྱེན༔ ཉི་ཁྲི་ཆིག་སྟོང་རྩང་གིས་ཟློག༔ ཉེར་འཚེ་བར་ཆད་གཞན་ལ་གནོད༔ གློ་བུར་བདུན་བརྒྱ་རྩང་གིས་ཟློག༔ ཧཱུྃ་བྷྱོ༔ གཞན་ཡང་བཟློག་ཅིང་བསྒྱུར་བ་ནི༔ སྲེ་མོང་བྱི་རོ་འཁྱེར་བ་དེ༔ ནལ་གྱི་ལྟས་ངན་རྩང་གིས་ཟློག༔ སྦལ་སྦྲུལ་ཁྱིམ་དུ་འོང་བ་ནི༔ བྱེ་ཡུགས་ལྟས་ངན་རྩང་གིས་ཟློག༔ དྲིའུ་རྟས་རྔ་རྔོག་འཆའ་བ་ནི༔ མཚོན་འཁྲུག་ལྟས་ངན་རྩང་གིས་ཟློག༔ སྦྲ་ཡི་གུང་ཤིང་ཆག་པ་ནི༔ ལྷ་ཉམས་ལྟས་ངན་རྩང་གིས་ཟློག༔ རི་དྭགས་ཁྱིམ་སྒོར་ཆགས་པ་སྤྱོད༔ མ་སྲིང་ནལ་ལྟས་རྩང་གིས་ཟློག༔ རྨོས་གླང་ར་བར་འཁུན་ཞིང་ངར༔ ས་བདག་ལྟས་ངན་རྩང་གིས་ཟློག༔ སོག་པའི་མེ་ལོང་ཞོམ་པ་ནི༔ མ་ཡམས་ལྟས་ངན་རྩང་གིས་ཟློག༔ སྲིན་བྱས་ཁང་ཁྱིམ་སྐད་སྒྲོགས་པ༔ བྱེ་བྲལ་ལྟས་ངན་རྩང་གིས་ཟློག༔ སྒོ་ཁྱིས་ཐོ་རང་ངུ་ཟུག་བྱེད༔ ཤི་ཆད་ལྟས་ངན་རྩང་གིས་ཟློག༔ དུར་ཁྲོད་ཝ་མོ་སྲོད་ལ་བརྒྱལ༔ དུར་སྲི་ལངས་པ་རྩང་གིས་ཟློག༔ རི་གསུམ་རྩེ་ལ་ཤ་ཕོ་འཛིང་༔ མགོ་དཔོན་བརྗེ་ལྟས་རྩང་གིས་ཟློག༔ ལུང་གསུམ་ནང་དུ་ཡུ་མོ་འཛིང་༔ ཤི་ཆད་ལྟས་ངན་རྩང་གིས་ཟློག༔ མདོ་གསུམ་ཆབ་ལ་ཉ་མོ་འཛིང་༔ ཀླུ་སྲིན་ཁྲོས་པ་རྩང་གིས་ཟློག༔ བར་སྣང་མཁའ་ལ་སྡེར་ཆགས་འཛིང་༔ ཡུལ་འཁྲུགས་ལྟས་ངན་རྩང་གིས་ཟློག །༔ གྲོང་འདབས་བུད་མེད་ཅོ་ཏོ་འཛིང་༔ ཉེས་ཀུན་ལྟས་ངན་རྩང་གིས་ཟློག༔ བྱ་ནག་ཞོན་ཞིང་ཆགས་པ་སྤྱོད༔ སྲི་གསུམ་ལང་བ་རྩང་གིས་ཟློག༔ དེ་ལ་སོགས་པའི་མི་མཐུན་བགེགས༔ བར་ཆད་ཐམས་ཅད་རྩང་གིས་ཟློག༔ ཅེས་བཟློག་སྔགས་བཟླ་ཞིང་ཐལ་མོ་བརྡབ༔ དེས་ནི་མི་མཐུན་ཐམས་ཅད་ཟློག༔ དཔེར་ན་མེ་དང་རྩི་སྦུར་འདྲ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འདུས་ཉི་མ་གྲགས་པ་རྩལ་གྱིས་ཁམས་སྲིང་མོ་རྫོང་གི་ཆགས་རུ་ཕུག་ནག་ནས་ས་རྟ་ལ་གཏེར་ནས་སྤྱན་དྲངས་ཤིང་ལྕགས་བྱ་ལ་ཤོག་སེར་ལས་ཕབ་པའོ།། །།མངྒ་ལཾ།། །།


previousརྩང་བཟློག་མེའི་སྤུ་གྲི།next