Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ། ཕར་ཕྱིན་སྟོད་ཆ།


  collapse section
   
   
   
   
   
   
   
   
   
   
   
   
   
   
ལྔ་བ་རྒྱན།
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྔ་བ་རྒྱན།next

ལྔ་བ་རྒྱན།

ལྔ་བ་རྒྱན་ནི།

ཉ་ཊཱིཀ་ལས། རྒྱན་དང་འདྲ་བར་དགའ་བ་སྐྱེད་པར་བྱེད་པས་དཔེའི་མིང་ཞེས་ཆོས་བཤེས་ཏེ། རང་བཞིན་གྱི་རྒྱན་གཟུགས་བཟང་བོ་མཛེས་བྱེད་གདུབ་བུ་ལ་སོགས་པས་སྤྲས་པ་གསལ་བྱེད་མེ་ལོང་གི་ནང་དུ་ཤར་བ་མཐོང་ན་དགའ་བ་སྐྱེ་བ་ལྟར། ཡུམ་གྱི་མདོའི་གཟུགས་བཟང་བོ་མཛེས་བྱེད་སྐབས་བརྒྱད་དོན་བདུན་ཅུས་སྤྲས་པ་གསལ་བྱེད་བསྟན་བཅོས་ཀྱི་མེ་ལོང་གི་ནང་དུ་ཤར་བས་མཁས་པ་རྣམས་དགའ་བ་སྐྱེད་པར་འགྱུར་ཏེ། གཟུགས་རྒྱན་རང་བཞིན་ཡོན་ཏན་ལྡན་པ་མེ་ལོང་ནང་སོང་ན། །མཐོང་བའི་དབང་གིས་མི་རྣམས་རབ་ཏུ་དགའ་བའི་མཆོག་སྐྱེད་པ། །དེ་བཞིན་ལེགས་གསུངས་རྟག་ཏུ་རང་བཞིན་ཡོན་ཏན་ལྡན་པ་ཡི། །ཆོས་ཀྱང་དོན་རྣམས་ཕྱེ་བས་མཁས་རྣམས་འདི་ན་དགའ་མཆོག་སྐྱེད། ཅེས་དང༌། མཁས་པ་དགའ་བར་བྱེད་པའི་རྒྱན་ནི་ཚིག་ལེའུར་བྱས་པ་ཡིན་ནོ་ཞེས་བསྟན་ཟིན་ཀྱང༌། ཞེས་གསུངས་པ་ལྟར་ཡིན་ནོ། །དེ་ཆོས་ཅན། ཁྱོད་ལ་རྒྱན་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དཔེར་ན་མི་རང་གི་རང་བཞིན་དུ་གྲུབ་པའི་རྒྱན་སྐྱེས་བུ་ལུས་མཛེས་པ་ལ་མཛེས་བྱེད་ཀྱི་རྒྱན་རྣ་རྒྱན་སོགས་ཀྱིས་སྤྲས་པ་དེ་གསལ་བྱེད་ཀྱི་རྒྱན་མེ་ལོང་གི་ནང་དུ་ཤར་བ་ན། དགའ་བའི་རྒྱན་ཆགས་ལྡན་ལ་དགའ་བ་བསྐྱེད་པ་བཞིན་དུ། ཡུམ་རང་གི་རང་བཞིན་དུ་གྲུབ་པའི་རང་བཞིན་གྱི་རྒྱན་ཡུམ་གྱི་ལུས་བཟང་པོ་ལ་མཛེས་བྱེད་ཀྱི་རྒྱན་དངོས་པོ་བརྒྱད་དང་དོན་བདུན་ཅུས་བཀྲ་བར་སྤྲས་པ་དེ་གསལ་བྱེད་ཀྱི་རྒྱན་བསྟན་བཅོས་འདིའི་ནང་དུ་ཤར་བ་ན། དགའ་བའི་རྒྱན་གྱིས་གདུལ་བྱ་ཡུམ་དོན་ལ་ཤེས་རབ་ཀྱི་མིག་གིས་ལྟ་བ་པོ་ལ་དགའ་བ་བསྐྱེད་པ་ཡིན་པས་ན་ཁྱོད་ལ་རྒྱན་ཞེས་བརྗོད་པའི་ཕྱིར་རོ། །གསལ་བྱེད་ཀྱི་རྒྱན་དུ་འདོད་པ་ཡོད་དོ། །དྲུག་པ་ཞེས་བྱ་བ་ནི། མིང་དེ་སྐད་ཅེས་བྱའོ་ཞེས་པའོ། ། བདུན་པ་ཚིག་ལེའུར་བྱས་པ་ནི། སྐབས་འདིར་བསྟན་བཅོས་མངོན་རྟོགས་རྒྱན་ནི། ཉ་ཊཱིཀ་ལས། གང་ན་ཤེར་ཕྱིན་དེའི་རྒྱན་དུ་གྱུར་པའི་ཚིག་ལེའུར་བྱས་པ་འདི་སྟེ། ཚིགས་བཅད་རྩ་བ་བཞི་བ། ཚེག་བར་བརྒྱད་མར་བྱས་པའི་མིང་སྟེ། ཚེག་བར་བཅུ་གཅིག་པ་དབང་བོའི་རྡོ་རྗེའི་སྡེབ་སྦྱོར་སོགས་ལས་ཁྱད་པར་དུ་བྱས་པའོ། །ཞེས་གསུངས་པ་དེ་ནི་རྒྱ་གར་གྱི་སྐད་ཀྱི་དབང་དུ་བྱས་པའི་རྗེས་སུ་བསྔགས་པའི་སྡེབ་སྦྱོར་ཡིན་ལ་བོད་སྐད་ཀྱི་དབང་དུ་བྱས་ན་ཚེག་བར་བདུན་པ་གཞོན་ནུ་རོལ་བ་ཡིན་ནོ། །དེ་ལྟར་བྲམ་ཟེ་ཀ་བི་ལིའི་གཞུང་ལས། གཞོན་ནུ་རོལ་བ་བདུན་པ་སྟེ། །བརྒྱད་པ་རྗེས་སུ་བསྔགས་པའོ། །ཞེས་སོ། །བསྟན་བཅོས་མངོན་རྟོགས་རྒྱན་ནི་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་དོན་འགྲེལ་ཡིན་ལ། སྤྱིར་འགྲེལ་བ་ཞེས་པ་ཚིག་གི་དོན་མདུད་པ་དང་འདྲ་བ་འགྲོལ་བར་བྱེད་པའི་ཐ་སྙད་དེ། ཚིག་དོན་གཉིས་ཀ་ཞིབ་མོར་འབྱེད་པ་རྒྱ་ཆེར་འགྲེལ་བ། ཚིག་རེ་རེ་ནས་འབྱེད་པ་ཚིག་གི་འགྲེལ་བ། རྟོགས་དཀའ་བའི་དོན་ཙམ་འབྱེད་པ་དཀའ་འགྲེལ། རྩ་བའི་དོན་བླངས་ཏེ་འབྱེད་པ་དོན་ཙམ་གྱི་འགྲེལ་བ། རྩ་བའི་དོན་བསྡུས་ཏེ་འབྱེད་པ་བསྡུས་དོན་གྱི་འགྲེལ་བ། རྩ་བའི་དོན་མདོ་དང་སྦྱོར་བ་མདོ་སྦྱོར་གྱི་འགྲེལ་བ། གཞན་གྱིས་གོ་སླར་བཞག་པ་འབྱེད་པ་གོ་སླའི་འགྲེལ་བ། གཞན་གྱིས་བྱས་པའི་འགྲེལ་བ་འབྱེད་པ་འགྲེལ་བཤད་ལ་སོགས་པ་ཡོད་དོ། །གཉིས་པ་མཚན་འདོགས་པའི་རྒྱུ་བཤད་པ་ལ། བརྡ་སྦྱོར་བའི་རྒྱུ། གང་ལས་མཚན་དུ་གསོལ་བ་དང་གཉིས། དང་པོ་ནི། ཉ་ཊཱིཀ་ལས། བྱང་སེམས་འཕགས་པ་ཆེན་པོ་དང་དགྲ་བཅོམ་པས་བརྡ་སྦྱོར་བའི་རྒྱུ་ཡང་དག་པའི་རྟོག་པ། སོ་སྐྱེས་བརྡ་སྦྱོར་བའི་རྒྱུ་སྒྲ་དོན་སྣང་བའི་རྟོག་པ་ཡིན་པས་རྩ་བའི་མཚན་གྱི་བརྡ་སྦྱོར་བའི་རྒྱུ་ཡང་དག་པའི་རྟོག་པ་ཡིན་ཏེ་སྦྱོར་བ་པོ་རྗེ་བཙུན་བྱམས་པ་ཡིན་པས་སོ། །འགྲེལ་བ་ཞེས་སྦྱོར་བའི་རྒྱུ་སྒྲ་དོན་སྣང་བའི་རྟོག་པ་ཡིན་ཏེ་བརྡ་སྦྱོར་བ་པོ་སློབ་དཔོན་སེང་བཟང་ཡིན་ཅིང་དེ་སོ་སྐྱེ་ཡིན་ཏེ། ཐུབ་དགོངས་སུ། བདག་ཉིད་ཆེན་པོ་ཡིན་ཡང་སོ་སོ་སྐྱེ་བོ་ཡིན་པས་ཞེས་སོ། །ཞེས་གསུངས་སོ། །རྒྱན་རྩོམ་པ་པོ་རྗེ་བཙུན་བྱམས་པ་བྱང་འཕགས་ཡིན་པར་ཐལ། ཉ་ཊཱིཀ་གི་ལུང་དེ་དང༌། གླེང་གཞིའི་མདོ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པའི། ཞེས་དང༌། འདུས་པའི་རྩ་རྒྱུད་ལས། དེ་ནས་ཡང་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས། ཞེས་དང༌། རྩ་བར། ལས་མེད་ལ་སོགས་ཀླན་ཀ་ཡི། །ལན་ནི་ཇི་སྐད་བཤད་པར་ཟད། །ཅེས་པའི་རྩ་བའི་མདོ་ལས། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་དྲིས་ཤིག་དང་དེས་འདིའི་ལན་སྟོན་པར་འགྱུར་རོ། །ཞེས་དང༌། རྒྱུད་བླ་མ་ལས། བདག་ཉིད་འབའ་ཞིག་དག་ཕྱིར་དང༌། །ཞེས་དང༌། དེའི་ས་འགྲེལ་ལས། གང་གི་ཆེད་དུ་བཤད་པ་ནི། རང་གི་དོན་ལས་བརྩམས་ཏེ་རྩོམ་པ་པོ་བདག་ཉིད་ཆོས་ཀྱི་དབྱིངས་འབའ་ཞིག་པ་སྤང་བྱའི་སྒྲིབ་པ་ཕྲ་མོས་ཀྱང་ཤིན་ཏུ་རྣམ་པར་དག་ནས་མཐར་ཕྱིན་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་དང༌། ཞེས་དང༌། མདོ་ལུགས་མ་ལས། གཞུང་འདི་ནི་ས་བཅུ་པས་མཛད་པ་ཡིན་པའི་ཕྱིར། དགོས་འབྲེལ་ཡང་ས་བཅུ་པ་རྣམས་ཀྱི་རྗེས་སུ་འབྲང་སྟེ་བསྟན་པར་བྱ་དགོས་སོ། །ཞེས་གསུངས་པའི་ཕྱིར་ཟེར་ན། དེ་མི་རིགས་ཏེ། རྒྱན་རྩོམ་པ་པོ་རྗེ་བཙུན་བྱམས་པ་སངས་རྒྱས་ཡིན་པའི་ཕྱིར་ཏེ། གཞན་སྟོང་དབུ་མའི་རྒྱན་ལས། མི་ཕམ་མགོན་པོས་གཞན་དུ་བཀྲལ་བའི་ཕྱིར། །དགོངས་འགྲེལ་མཁན་པོ་ལུགས་འདི་ལྷག་པ་ཡིན། །ཀླུ་སྒྲུབ་ཉིད་ཀྱི་ཡི་དམ་ཡིན་ཕྱིར་དང༌། །ཐེག་ཆེན་པ་ཀུན་རྒྱལ་བར་འདོད་ཕྱིར་དང༌། གསང་སྔགས་རྒྱུད་ལས་དཀྱིལ་འཁོར་གཙོ་བོར་བསྟན། །མདོ་སྡེ་ཕལ་ཆེར་དུ་ཡང་བསྟན་པ་དང༌། །སངས་རྒྱས་ཀུན་གྱི་ཉེ་བའི་སྲས་གྱུར་དང༌། །ཚུལ་སྟོན་ལ་ཡང་ས་བཅུའི་དབང་ཕྱུག་ཡིན། །ཉན་ཐོས་རྣམས་ཀྱང་རྒྱལ་ཚབ་ཡིན་པར་འདོད། །ཅེས་དང༌། དམ་པའི་དོན་དུ་མི་ཕམ་མགོན་པོ་ཡང༌། །བསྐལ་པ་ཚད་མེད་སྔོན་ནས་མངོན་བྱང་ཆུབ། །ཅེས་གསུངས་པའི་ཕྱིར་ཟེར་ན་ཚུལ་སྟོན་དང་དངོས་གནས་ཀྱི་སྒོ་ནས་དེ་ལྟར་ཡོད་པའི་ཁྱད་ཕྱེ་ན་འགལ་བ་མེད་དམ་དཔྱད། སྤྱིར་རྗེ་བཙུན་བྱམས་པ་ལ་སློབ་པ་དང་མི་སློབ་པ་གཉིས་ཡོད་དེ། ཤེར་མདོ་ལས། སློབ་པ་དང་མི་སློབ་པའི་གནས་སྐབས་ཐམས་ཅད་དུ་བྱམས་པ་ཞེས་པའི་མཚན་མི་འདོར་བའི། ཞེས་དང༌། བྱམས་པ་འཇུག་པའི་མདོར། རྗེ་བཙུན་འདི་སངས་རྒྱས་རིན་ཆེན་གདུགས་ཀྱི་བསྟན་པ་ལ་དགེ་སློང་བློ་གྲོས་བརྟན་པར་གྱུར་པ་ན་སེམས་ཅན་ཐམས་ཅད་ལ་བྱམས་པ་བསྒོམ། གཞན་ལའང་དེའི་ཐབས་སྟོན། དེ་ལྟར་ཡུན་རིང་པོར་སྤྱད་པས་བསོད་སྙོམས་ལ་བྱོན་པའི་ཚེ་ཁྱིམ་གང་གི་ཐེམ་པ་ལ་ཞབས་བཞག་མ་ཐག་ནས་དེའི་ནང་གི་སེམས་ཅན་གྱི་རྒྱུད་ལ་བྱམས་པའི་ཏིང་ངེ་འཛིན་སྐྱེ་བ་གཅིག་བྱུང༌། དེ་ལ་ལྷ་རྣམས་ངོ་མཚར་ནས། ཨ་ལ་ལ་དགེ་སློང་འདི་ནི་བྱམས་པའོ་ཞེས་འོག་མིན་གྱི་བར་དུ་གྲགས། སངས་རྒྱས་དེས་ལྷའི་བུ་དག་དགེ་སློང་འདི་སྤྱད་པ་སྤྱོད་པ་ནའང་བྱམས་པ་སངས་རྒྱས་པ་ནའང་བྱམས་པ་ཞེས་བྱ་སྟེ་ཐམས་ཅད་དུ་བྱམས་པ་ཞེས་པའི་མིང་ཐོབ་པར་འགྱུར་རོ། །ཞེས་དང༌། ཉ་ཊཱིཀ་ལས། ཡང་ན་ཡུམ་བྱམས་མ་ཞེས་པ་ལས་བཙས་པས་སམ། འདིའི་རང་བཞིན་བྱམས་པ་དང་སྙིང་རྗེ་ཅན་ཡིན་པས་སམ། ཐོག་མར་བྱམས་པའི་སེམས་ཀྱི་ཏིང་འཛིན་ཐོབ་པའི་ཕྱིར་རམ། སྔོན་དྲང་སྲོང་ཡེ་ཤེས་ཐམས་ཅད་ཀྱི་འོད་ཅེས་པར་གྱུར་པ་ན་སངས་རྒྱས་བྱམས་པ་ཞེས་པའི་དྲུང་དུ་བདག་སངས་རྒྱས་པའི་ཚེ་ཡང་མིང་བྱམས་པ་ཞེས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས་བྱམས་པའོ་ཞེས་དགོངས་འགྲེལ་འགྲེལ་ཆེན་ལས་སོ། །ཞེས་གསུངས་པའི་ཕྱིར་རོ། །རྗེ་བཙུན་བྱམས་པ་ལ་རང་དོན་དོན་གཉེར་ཡོད་མེད་ཀྱི་ཚིག་སྤྲོའོ། །


previousལྔ་བ་རྒྱན།next