Nitartha Digital Library
Tibetan
གསུང་འབུམ་པོད་བརྒྱད་པ། གྲུབ་མཐའ་དང་ས་ལམ་སོགས།

3 occurrences of ནང་གི་སྒྲིབ་པ་ཅན་
[Clear Hits]


 collapse section
  
  
  
  
  
  
  
  
  
  
  
  
  
  
གསུམ་པ་སེམས་ཙམ་པའི་གྲུབ་མཐའ་བཤད་པ།
  
  
  
  
  
  
  
  
  
  
  
  
  
  
  
  
  
 expand section
 expand section
  
expand section
 expand section
 expand section
  
  
  
  
 expand section
  
  
  
  
  
  
 expand section
  
  


3 occurrences of ནང་གི་སྒྲིབ་པ་ཅན་
[Clear Hits]

 
previousགསུམ་པ་སེམས་ཙམ་པའི་གྲུབ་མཐའ་བཤད་པ།next

གསུམ་པ་སེམས་ཙམ་པའི་གྲུབ་མཐའ་བཤད་པ།

གསུམ་པ་སེམས་ཙམ་པའི་གྲུབ་མཐའ་བཤད་པ་ལ།

མཚན་ཉིད། དབྱེ་བ། སྒྲ་བཤད། འདོད་ཚུལ་བཤད་པ་དང་བཞི། དང་པོ་ནི། ཕྱི་དོན་དུ་མ་གྲུབ་ཅིང་རང་རིག་པའི་འདུས་བྱས་བདེན་དངོས་འདོད་པའི་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བ་དེ། སེམས་ཙམ་པའི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། སེམས་ཙམ་པའི་མཚན་ཉིད། ཐེག་ཆེན་པ་གང་ཞིག རང་རིག་པའི་འདུས་བྱས་བདེན་དངོས་འདོད་པའོ། །ཞེས་གསུངས་སོ། །

གཉིས་པ་དབྱེ་བ་ནི།

སེམས་ཙམ་རྣམ་བདེན་པ་དང༌། སེམས་ཙམ་རྣམ་བརྫུན་གཉིས། དེ་གཉིས་ཀྱི་མཚན་ཉིད་དབྱེ་བ་དང་བཅས་ཏེ་འཆད་པར། ཕར་ཊཱིཀ་ཡིད་ཀྱི་མུན་སེལ་ལས། དབྱེ་ན། སེམས་ཙམ་རྣམ་བདེན་པའི་མཚན་ཉིད། ཐེག་ཆེན་སེམས་ཙམ་པ་གང་ཞིག སྒོ་ལྔའི་དོན་སྣང་དོན་དམ་པར་སེམས་སུ་བདེན་པར་འདོད་པའོ། །སེམས་ཙམ་རྣམ་བརྫུན་པའི་མཚན་ཉིད། གང་ཞིག དེ་དོན་དམ་པར་སེམས་སུ་མི་བདེན་པར་འདོད་པའོ། །ཞེས་གསུངས་སོ། །

གསུམ་པ་སྒྲ་བཤད་ནི།

རྒྱུ་མཚན་ཅིའི་ཕྱིར་སེམས་ཙམ་པ་ཞེས་བྱ་ཞེ་ན། ཆོས་ཐམས་ཅད་སེམས་ཀྱི་བདག་ཉིད་ཙམ་དུ་སྨྲ་བས་སེམས་ཙམ་པའམ་རྣམ་རིག་པ་དང༌། རྣལ་འབྱོར་བའི་གཞིའི་སྒོ་ནས་ལམ་གྱི་སྤྱོད་པ་ཉམས་ལེན་གཏན་ལ་འབེབས་པས་རྣལ་འབྱོར་སྤྱོད་པ་བ་ཞེས་བྱ་སྟེ། མདོ་ལས། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་ནི་སེམས་ཙམ་སྟེ། ཞེས་སོགས་གསུངས་པའི་ཕྱིར་རོ། །

བཞི་བ་འདོད་ཚུལ་ལ།

གཞིའི་འདོད་ཚུལ། ལམ་གྱི་འདོད་ཚུལ། འབྲས་བུའི་འདོད་ཚུལ་དང་གསུམ། དང་པོ་ནི། དྲི་མེད་འོད་ལས། ཡན་ལག་ཅན་ཞེས་བྱ་བ་མེད། །ཕྲ་རབ་རྡུལ་ཡང་ཡོད་མ་ཡིན། །རྨི་ལམ་ཉམས་སུ་མྱོང་བ་བཞིན། །དམིགས་པ་མེད་པར་རབ་ཏུ་སྣང༌། །གཟུང་དང་འཛིན་པའི་རྣམ་རོལ་བའི། །རྣམ་པར་ཤེས་པ་དོན་དམ་ཡོད། །ཅེས་པ་རྣམ་འབྱོར་སྤྱོད་པའི་གཞུང༌། །རྒྱ་མཚོའི་ཕ་རོལ་ཕྱིན་རྣམས་སྒྲོགས། །ཞེས་གསུངས་པ་ལྟར་འཆད་པ་སྟེ། བླང་དོར་རབ་གསལ་ལས། རྣལ་འབྱོར་སྤྱོད་པ་སེམས་ཙམ་སྨྲ་བ་དག །མུ་སྟེགས་ཅན་རྣམས་འདོད་པ་ལྟ་བུ་ཡི། །ཡན་ལག་ཅན་ཞེས་བྱ་བའི་བདག་མེད་ཅིང༌། །ཉན་ཐོས་སྡེ་གཉིས་འདོད་པ་ལྟ་བུ་ཡི། །ཕྲ་རབ་རྡུལ་ཡང་དཔྱད་ན་རྫས་གྲུབ་མེད། །རྨི་ལམ་སྣང་བ་བཞིན་དུ་ཕྱི་རོལ་གྱི། །དམིགས་པ་དོན་ལ་མེད་ཀྱང་བག་ཆགས་ཀྱི། །དབང་གིས་དོན་དུ་སྣང་བ་ཙམ་དུ་འདོད། །ཅེས་པ་ལྟར་མུ་སྟེགས་པ་རྣམས་ཀྱིས་བཏགས་པའི་རྟག་གཅིག་རང་དབང་ཅན་ལ་སོགས་པའི་ཡན་ལག་ཅན་ཞེས་བྱ་བའི་བདག་ནི་མེད་ཅིང༌། ཉི་ཤུ་པར། དྲུག་གིས་གཅིག་ཆར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་གསུངས་པ་ལ་སོགས་པའི་རིགས་པས་དཔྱད་ན། ཉན་ཐོས་སྡེ་པ་གཉིས་ཀྱི་འདོད་པའི་རྡུལ་ཕྲ་རབ་ཆ་མེད་དང༌། དེ་བསགས་པའི་ཕྱི་རོལ་གྱི་དོན་ཡང་བདེན་པར་ཡོད་པ་མ་ཡིན་ལ། ལང་ཀར་གཤེགས་པར། དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། ། ཞེས་པ་དང༌། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང༌། །ཞེས་གསུངས་པ་ལྟར། དོན་མེད་ཀྱང་གཟུགས་ཀྱི་གཞི་དོན་དུ་སྣང་པ་ནི་རྨི་ལམ་དུ་དོན་གྱི་རྣམ་པ་ཉམས་སུ་མྱོང་བ་བཞིན་དུ་བག་ཆགས་ཀྱི་དབང་གིས་སྣང་བ་ཙམ་ཡིན་ཞིང༌། བླང་དོར་རབ་གསལ་ལས། གཟུང་འཛིན་གཉིས་མེད་རང་རིག་རང་གསལ་གྱི། །རྣམ་ཤེས་དོན་དམ་ཡོད་པར་འདོད་མོད་ཀྱི། །ཤེས་པ་སྐད་ཅིག་ངོ་བོར་མ་གྲུབ་པས། །དེ་བསགས་རྒྱུན་ཡང་དོན་ལ་གྲུབ་པ་མེད། །ཅེས་པ་ལྟར་སེམས་ཀྱི་གཞི་རྣམ་པར་ཤེས་པ་ཚོགས་བརྒྱད་དང་དེ་དག་གི་འཁོར་སེམས་ལས་བྱུང་བ་ཐམས་ཅད་ཀྱང༌། གཟུང་དང་འཛིན་པ་མེད་པའི་ཕྱིར། །དེ་ནི་དེ་ལྟར་རང་ཉིད་གསལ། །ཞེས་པ་ལྟར་གཟུང་འཛིན་གྱི་དྲི་མས་མ་གོས་པའི་རང་རིག་རང་གསལ་དོན་དམ་པར་ཡོད་པར་འདོད་མོད། དེ་ལྟར་ཡང་རིགས་པ་མ་ཡིན་ཏེ། ཇི་སྐད་སྐད་ཅིག་མཐོང་བ་བཞིན། །ཐོག་མ་དབུས་ཀྱང་བརྟགས་པར་གྱིས། །ཐོག་མ་དབུས་དང་ཐ་མ་ཡང༌། །སྐད་ཅིག་བཞིན་དུ་བསམ་བྱས་ན། །འཇིག་རྟེན་སྐད་ཅིག་ལ་མི་གནས། །ཞེས་གསུངས་པ་ལྟར་ཤེས་པ་སྐད་ཅིག་གི་ངོ་བོར་བདེན་པར་མ་གྲུབ་པས་དེ་བསགས་པའི་རྒྱུན་ཡང་བདེན་པར་མི་འགྲུབ་པའི་ཕྱིར་དང༌། གཟུང་བ་མེད་ན་དེ་འཛིན་མེད། ཅེས་པ་ལྟར། གཟུང་བྱའི་ཡུལ་བདེན་པར་མ་གྲུབ་པས་དེ་འཛིན་གྱི་ཤེས་པའང་བདེན་པར་མ་གྲུབ་པའི་ཕྱིར་རོ། །སྔར་བཞིན་ལྡན་མིན་འདུ་བྱེད་ནི་སེམས་དང་སེམས་བྱུང་གི་གནས་སྐབས་ལ་བཏགས་པ་ཙམ་དང༌། འདུས་མ་བྱས་ཀྱང་མེད་དགག་ཡིན་པས་རྫས་སུ་གྲུབ་པ་མེད་པར་འདོད་དོ། །དེ་ལྟར་གཞན་སྟོང་སྙིང་པོ་ལས། སེམས་ཙམ་པ་ནི། གཟུགས་སོགས་ཕྱི་རོལ་གྱི་ཡུལ་རྣམས་རྨི་ལམ་གྱི་གཟུགས་སོགས་ལྟར་ཤེས་པ་ཉིད་དེ་དང་དེར་སྣང་བ་ཡིན་གྱི། ཕྱི་རོལ་ན་དེ་ལྟར་སྣང་བ་མེད་དེ་དཔེར་ན་གཟུགས་ལ་མཚོན་ན། མིག་གི་དབང་པོར་གྲགས་པ་ཡང༌། མིག་གི་རྣམ་པར་སྣང་བའི་སེམས་ཡིན་པས། མིག་རང་མཚན་པ་ཞིག་མེད་ལ། གཟུགས་སུ་གྲགས་པ་ཡང་གཟུགས་ཀྱི་རྣམ་པར་སྣང་བའི་སེམས་ཡིན་པས་གཟུགས་རང་མཚན་པ་ཞིག་མེད་ལ། གཟུགས་སུ་གྲགས་པ་ཡང་གཟུགས་ཀྱི་རྣམ་པར་སྣང་བའི་སེམས་ཡིན་པས་གཟུགས་རང་མཚན་པ་མེད་ཅིང་དེ་དག་ལས་མིག་གི་རྣམ་པར་ཤེས་པ་སྐྱེས་པར་སྣང་བ་ཙམ་ཡིན་པས༌། གསུམ་ཀར་ཡང་ཐ་དད་པར་སྣང་བ་ནི་འཁྲུལ་བ་ཡིན་ཅིང༌། ཤེས་པའི་ངོ་བོར་རྫས་གཅིག་པས། མིག་ཤེས་ཀྱི་གཟུགས་མཐོང་བ་ནི། རང་གིས་རང་མཐོང་བ་ཡིན་ཅིང༌། གཟུགས་ཀྱི་རྣམ་པ་འཆར་བའི་རྒྱུ། ཤེས་པ་ལས་གཞན་ཕྱི་རོལ་ཏུ་རྣམ་པ་གཏོད་བྱེད་གཟུགས་སུ་གྲུབ་པ་ནི་གཏན་ནས་མེད་དོ། །འོན་ཀྱང་མ་བརྟགས་མ་དཔྱད་པའི་ངོར་མིག་གིས་གཟུགས་མཐོང་ཞེས་སོགས་འདོད་ཀྱང༌། དཔྱད་ན་གཟུགས་ནི་མ་གྲུབ།གཟུགས་སུ་སྣང་བའི་ཤེས་པ་དེ་ནི་བདེན་པར་གྲུབ་བོ། །དེས་ན་འདི་ནི་རྣམ་ཤེས་སོགས་ཤེས་པ་ཐམས་ཅད་ཀྱི་ངོ་བོར་བདེན་པར་གྲུབ་ལ། ཡུལ་ཕྱི་རོལ་ན་ཡོད་པ་ལྟར་སྣང་བ་གཟུང་ཆ་དང༌། རིག་པ་ནང་ན་ཡོད་པ་ལྟར་སྣང་བ་འཛིན་ཆ་སྟེ་དེ་གཉིས་འཁྲུལ་བ་ཡིན་པས་ཕྱིར། གཟུང་འཛིན་གཉིས་མེད་ལ། གཟུང་འཛིན་གཉིས་སྤངས་པའི་རྣམ་པར་ཤེས་པ་ནི་བདེན་པར་འདོད་དོ། ཞེས་འདོད་པས་གཟུང་ཆ་དང་འཛིན་ཆ་གཉིས་ཐ་དད་མ་གྲུབ་པས་གཟུང་འཛིན་གཉིས་མེད་ཀྱི་གོ་ཆོད་པ་དང༌། རྣམ་ཤེས་ཀྱི་རང་ངོ་ཙམ་ཡེ་ཤེས་སུ་འདོད་པ་ཡིན་ནོ། །སེམས་ཙམ་ཁོ་རང་གི་རང་ལུགས་ཀྱི་གཟུང་འཛིན་བཀག་པར་རློམ་ཡང་གྲུབ་མཐའ་གོང་མས་གཞལ་ན་གཟུང་འཛིན་བཀག་པར་མ་སོང་སྟེ་གཟུང་འཛིན་རྫས་གཞན་མེད་པ་ཙམ་ཁས་བླངས་བ་ཡིན་ཀྱང༌། འཛིན་པ་རང་ངོས་ནས་ཁས་བླངས་བར་སོང་བས་སོ། །དེ་ལྟར་ན་འདིའི་འདོད་པའི་གཟུགས་སོགས་ཕྱི་དོན་དུ་སྣང་བའི་རྣམ་རིག་བདེན་གྲུབ་དང༌། རྣམ་ཤེས་ཀྱི་ངོ་ལྡོག་ཙམ་གཟུང་འཛིན་གཉིས་མིན་གྱི་ཡེ་ཤེས་སུ་འདོད་པ་དང༌། འཛིན་པའི་ངོ་བོ་རྣམ་ཤེས་ཉིད་ལ་མི་འདོད་པར་ཡུལ་དུ་སྣང་བའི་རྣམ་རིག་ལས་ཐ་དད་པར་སྣང་བའི་ཆ་ཙམ་ལ་འདོད་པ་ནི་འཁྲུལ་བ་ཡིན་ལ། གཞན་རྣམས་མ་ནོར་བའོ། །ཞེས་གསུངས་སོ། །ཡང་ལུགས་འདི་ལ་གྲུབ་མཐའི་རྣམ་བཞག་དོན་གསལ་ལས། སེམས་ཙམ་པས་ནི་ཆོས་རྣམས་ཀུན། །སྟོང་བ་ནམ་མཁའི་མེ་ཏོག་ལྟར། །ཆད་པར་ལྟ་བ་མ་རུང་པ། །མི་དབང་ཁྱོད་ཀྱིས་ཤེས་པར་འཚལ། །ཞེས་ཆོས་ཐམས་ཅད་སྟོང་བ་ནམ་མཁའི་མེ་ཏོག་ལྟར་དངོས་སུ་ཁས་མི་ལེན་ཡང་དོན་གྱིས་ཁས་ལེན་ཡིན་སྙམ་སྟེ་དཔྱད་པར་བྱའོ། །གཉིས་པ་ལམ་གྱི་འདོད་ཚུལ་ལ་གསུམ། དང་པོ་ལམ་གྱི་དམིགས་པ་ནི། བདེན་བཞིའི་ཁྱད་ཆོས་མི་རྟག་སོགས་བཅུ་དྲུག་དང༌།གཟུང་འཛིན་རྫས་ཐ་དད་དུ་གྲུབ་པས་སྟོང་བའི་ཆོས་ཀྱི་བདག་མེད་རྣམས་སོ། །

གཉིས་པ་ལམ་གྱི་སྤང་བྱ་ནི།

རྩ་ཉོན་དྲུག ཉེ་ཉོན་ཉི་ཤུ་སོགས་ཉོན་སྒྲིབ་དང༌། ཆོས་ཀྱི་བདག་འཛིན་བག་ཆགས་དང་བཅས་པ་སོགས་ཤེས་སྒྲིབ་རྣམས་ཡིན་པའོ། །ཐེག་དམན་སློབ་པ་རྣམས་ཀྱིས་ཉོན་སྒྲིབ་སྤང་བྱའི་གཙོ་བོར་བྱེད་ཀྱང༌། ཤེས་སྒྲིབ་སྤང་བར་མི་བྱེད་དོ། །བྱང་སེམས་རྣམས་ཀྱིས་ཤེས་སྒྲིབ་སྤང་བྱའི་གཙོ་བོར་བྱེད་དོ། །གསུམ་པ་ལམ་གྱི་རང་བཞིན་ནི། ཐེག་པ་གསུམ་པོ་རེ་རེ་ལའང་ཚོགས་སྦྱོར་མཐོང་སྒོམ་མི་སློབ་ལམ་དང་ལྔའི་རྣམ་བཞག་བྱེད་དོ། །ལུགས་འདིར་ས་བཅུའི་རྣམ་བཞག་བྱེད་དོ། །དེ་ཡང་བྱེ་མདོ་གཉིས་ཀྱིས་ས་བཅུའི་རྣམ་བཞག་མི་བཞེད་པ་དང༌། འདིར་བཞེད་པ་ནི་རྟེན་གཞི་མདོའི་དབང་གིས་ཡིན་པའོ། །ལུགས་འདིའི་མདོ་ནི་འཁོར་ལོ་ཐ་མ་དང༌། བསྟན་བཅོས་ལུགས་འདིའི་སློབ་དཔོན་བཙུན་པ་ཆེན་པོ་ཨ་བི་ཏརྐ་དང༌། ཛྙཱ་ན་ཏ་ལ་སོགས་པ་སེམས་ཙམ་པའི་སློབ་དཔོན་ལྔ་བརྒྱ་དེ་དག་གིས་མཛད་པའི་བསྟན་བཅོས་དག་ཡིན་མོད་བོད་དུ་མ་འགྱུར་བ་ཡིན་ཏེ། གཞན་སྟོང་དབུ་མའི་རྒྱན་གྱི་ལུང་སྦྱོར་ལས། འོ་ན་སེམས་ཙམ་གྱི་མདོ་དང་བསྟན་བཅོས་ལོགས་སུ་མེད་པར་འགྱུར་སྙམ་ན། མདོ་སྡེ་ནི་ལོགས་སུ་ཡོད་པ་མ་ཡིན་ཏེ། དཔེར་ན་བྱེ་མདོ་གཉིས་ལ་ཡང་མདོ་སྡེ་ཐ་དད་མེད་པ་བཞིན་ནོ། །སེམས་ཙམ་པའི་བསྟན་བཅོས་ཐོར་བུ་འགའ་ཞིག་ནི་ཡོད་པར་གསལ་ན་ཡང༌། བྱམས་ཆོས་དང༌། ཐོགས་མེད་སྐུ་མཆེད་ཀྱི་གཞུང་གི་རྗེས་སུ་འབྲང་བ་ནི་མ་ཡིན་ཏེ། བྱང་ཆུབ་སེམས་འགྲེལ་སོགས་ཐོགས་མེད་སྐུ་མཆེད་ཀྱི་སྔོན་དུ་བྱུང་བའི་བསྟན་བཅོས་ནས་བཀག་པ་སོགས་ཀྱིས་འཕགས་པ་ནཱ་གཱ་རྫུ་ནའི་སྔ་རོལ་དུ་བྱུང་བའི་ཕྱིར་རོ། །དེས་ན་བཙུན་པ་ཆེན་པོ་ཨ་བི་ཏརྐ་དང༌། ཛྙཱ་ན་ཏ་ལ་སོགས་པ་རྣལ་འབྱོར་སྤྱོད་པའི་སློབ་དཔོན་ལྔ་བརྒྱ་བྱུང་བར་གྲགས་པ་ལྟར་ཡིན་པར་མངོན་ནོ། །དེ་དག་གི་བསྟན་བཅོས་ནི་བོད་དུ་མ་འགྱུར་བ་ཡིན་ཏེ། སྡེ་བ་བཅོ་བརྒྱད་ཀྱི་བསྟན་བཅོས་རྣམས་བཞིན་ནོ། །ཞེས་དང༌། གཞན་སྟོང་སྙིང་པོ་ལས། ཐེག་ཆེན་པ་དེ་རྣམས་ཐེག་ཆེན་གྱི་མདོ་ཐམས་ཅད་བཀར་འདོད་ཀྱང༌། སེམས་ཙམ་པ་རྣམས་ནི་མདོ་སྡེ་དགོངས་པ་ངེས་འགྲེལ་དང༌། ལང་ཀར་གཤེགས་པ་དང༌། རྒྱན་སྟུག་པོ་དང༌། ཕལ་པོ་ཆེ་སྟེ་མདོ་བཞིར་གྲགས་པ་རྣམས་ངེས་དོན་དུ་འཛིན་ཏེ། གཞན་རྣམས་དྲང་དོན་དུ་འདོད་ལ། གྲུབ་མཐའ་བྱེད་པ་པོ་ནི་སྔོན་གྱི་སློབ་དཔོན་ལྔ་བརྒྱ་པོའོ། །ཞེས་གསུངས་སོ། །དེས་ན་རང་གཞན་ཁ་ཅིག་གིས་ཐོགས་མེད་སྐུ་མཆེད་སེམས་ཙམ་པའི་སློབ་དཔོན་ཡིན་ཟེར་བ་མི་འཐད་དེ། གཞན་སྟོང་དབུ་མའི་ལུང་སྦྱོར་ལས། ཐོགས་མེད་སྐུ་མཆེད་རྗེས་འབྲང་དང་བཅས་པ་རྣམས་དབུ་མ་ཁོ་ན་ལ་ཡོངས་སུ་སྤྱོད་དོ་ཞེས་ཤེས་པར་བྱའོ། །ཞེས་སོ། །གསུམ་པ་འབྲས་བུའི་རྣམ་བཞག་ནི། ཉན་རང་གཉིས་ཀྱིས་རང་དོན་དུ་ལམ་ལྔ་རིམ་གྱིས་བགྲོད་ནས་ཉོན་སྒྲིབ་སྤངས་བ་ན་ཐེག་དམན་དགྲ་བཅོམ་པའི་གོ་འཕང་ཐོབ་པ་ཡིན་ནོ། །རང་རྒྱལ་ལ་འདོད་རྟེན་ཅན་མ་གཏོགས་མེད་པར་གསུངས་སོ། །རང་རྒྱལ་བསྐལ་བ་བརྒྱར་བསོད་ནམས་ཀྱི་ཚོགས་བསགས་པ་ཡོད་པ་དང༌། དེའི་དབང་གིས་འབྲས་བུ་ཡང་ཉན་ཐོས་ལས་མཆོག་ཡིན་པ་སོགས་ཡོན་ཏན་ཁྱད་པར་དུ་འཕགས་པ་ཡོད་པའི་ཕྱིར་རོ། །མཐར་ཐུག་ཐེག་པ་གསུམ་གྲུབ་ཏུ་འདོད་དོ། །ཐེག་ཆེན་གྱི་གྲངས་མེད་གསུམ་གྱི་ཚོགས་དང་འབྲེལ་བའི་སྒོ་ནས་ལམ་ལྔ་ས་བཅུ་བགྲོད་དེ་རྒྱུན་མཐའི་བར་ཆད་མེད་ལམ་གྱིས་སྒྲིབ་གཉིས་ཟད་པས་སྤངས་ཏེ། སྐུ་བཞི་མངོན་དུ་བྱེད་པ་ཡིན་ནོ།། །།

སྨྲས་པ།ཁམས་གསུམ་སེམས་ཙམ་སྨྲ་བའི་གྲུབ་མཐའ་ཡི། །རྣམ་བཞག་ཆུ་གཏེར་ལས་འཁྲུངས་རིན་ཆེན་གཏེར། །མ་འདྲེས་ཀུན་གསལ་རྒྱུ་སྐར་རྣམ་བཀྲ་བའི། །གྲུབ་མཐའ་རྒྱ་མཚོའི་འཇུག་ངོགས་འདི་ལོངས་ཤིག །ཅེས་གྲུབ་མཐའི་རྣམ་བཞག་ལུང་རིགས་གཏེར་མཛོད་ལེགས་བཤད་འདོད་འཇོ་ཞེས་བྱ་བ་ལས་སེམས་ཙམ་པའི་གྲུབ་མཐའི་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ།། །།


previousགསུམ་པ་སེམས་ཙམ་པའི་གྲུབ་མཐའ་བཤད་པ།next