Nitartha Digital Library
Tibetan
 
previousབཤད་པ་ཉེ་བར་དགོད་པ། next

བཤད་པ་ཉེ་བར་དགོད་པ།

གཉིས་པ་བཤད་པ་ཉེར་བར་དགོད་པ་ལ་གསུམ། བསོད་ནམས་སྤེལ་བའི་ཡན་ལག་མཆོད་བརྗོད། བསྟན་བཅོས་ལ་འཇུག་པའི་ཡན་ལག་དགོས་འབྲེལ། འཇུག་བྱ་བསྟན་བཅོས་ཀྱི་རང་བཞིན་དངོས་བཤད་པའོ། །དང་པོ་ལ་མཚམས་སྦྱར། རྩ་བ། འགྲེལ་པ་གསུམ་གྱི་དང་པོ་ནི། ཕྱག་འཚལ་ལོ་ཞེས་དྲང་། གང་གིས་ན། འཕགས་པ་བྱམས་པས་སོ། །དུས་ནམ་གྱི་ཚེ་ན། རེ་ཤིག་ཅེས་པ་གོ་རིམ་སྟོན་པའི་ཚིག་ཕྲད་དོ། །བསྟན་བཅོས་རྩོམ་པ་ལ་མཆོད་བརྗོད། དགོས་འབྲེལ། ལུས་རྣམ་གཞག་སོགས་བྱ་བ་དུ་མ་ཡོད་པའི་དང་པོར་རོ། །གང་ལ་ན། འཕགས་བཞིའི་ཡུམ་ལའོ། །ཚུལ་ཇི་ལྟར་ན་ཉེར་ཞིར་ཁྲིད་པ་སོགས་ཡོན་ཏན་ཇི་ལྟ་བ་བཞིན་དུ་བརྗོད་པ་སྔོན་དུ་འགྲོ་བ་ཅན་གྱིའོ། །དགོས་པ་ལ་གཉིས་ཀྱི་དང་པོ་རང་དོན་ནི། དམ་པ་རྣམས་བྱ་བ་ལ་འཇུག་པའི་ཐོག་མར་འདོད་པའི་ལྷ་ལ་ཕྱག་བྱེད་པས་འཕགས་པ་བྱམས་པ་རང་ཉིད་ཅེས་སོ། །གཉིས་པ་གཞན་དོན་ནི། ཤེས་རབ་བསྐྱེད་པའི་ཆེད་དུའོ། །འདི་ལ་གང་ཟག་གང་ཞིག །ཡུལ་གང་ལ། ཚུལ་ཇི་ལྟར། དགོས་པ་ཅིའི་ཕྱིར་ཞེ་ན། དང་པོ་ནི། དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བའི་གདུལ་བྱ་གཞན་དག་གོ །གཉིས་པ་ནི། བཅོམ་ལྡན་འདས་མ་སྟོབས་སོགས་སངས་རྒྱས་ཀྱི་ཡོན་ཏན་གདུལ་བྱའི་རེ་བ་བསྐོང་བས་རིན་པོ་ཆེ་སྤངས་རྟོགས་མཐར་ཕྱིན་པས་ཕུལ་དུ་དབྱུང་དུ་མེད་ཅིང་བློས་དཔག་ཏུ་མེད་པའི་འབྱུང་གནས་ལའོ། །བཅོམ་ལྡན་འདས་ཀྱི་སྐད་དོད་བྷ་ག་ཝན་ཞེས་པ་བཅོམ་པ་དང་། ལྡན་པ་གཉིས་ལ་འཇུག་པས་དང་པོའི་དབང་དུ་བྱས་ནས། ཀུན་ནས་ཉོན་མོངས་པ་གསུམ་མམ། སྒྲིབ་པ་གཉིས་བཅོམ་པས་ན་བཅོམ་ལྡན་འདས་ཏེ། རྡོ་རྗེ་རྩེ་མོ་ལས། ཉོན་མོངས་ལས་དང་དེ་བཞིན་སྐྱེ། །ཉོན་མོངས་ཤེས་བྱའི་སྒྲིབ་དེ་བཞིན། །གང་ཡང་མི་མཐུན་ཕྱོགས་ཆོས་བཅོམ། །དེ་འདིར་བཅོམ་ལྡན་འདས་སུ་བཤད། །ཅེས་དང་། གཉིས་པ་ལྟར་ན། འདོད་རྒུར་དབང་བསྒྱུར་པས་དབང་ཕྱུག །མཚན་དཔེས་བརྒྱན་པས་གཟུགས་བཟང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་ཚོགས་རྣམས་བསྟན་བྱ་ཡིན་པས་དཔལ་ཀུན་ཏུ་སྙན་པར་གྲགས་པ་དང་། ཤེས་བྱ་ཀུན་ལ་ཐོགས་པ་མེད་པའི་ཡེ་ཤེས་དང་། སེམས་ཅན་གྱི་དོན་བྱེད་པའི་བརྩོན་འགྲུས་ཏེ། སྐལ་བ་དྲུག་དང་ལྡན་པས་ན་བཅོམ་ལྡན་ཏེ་སམ་བུ་ཊི་ལས། དབང་ཕྱུག་དང་ནི་གཟུགས་བཟང་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་རྣམས་ལ་སྐལ་ཞེས་བརྗོད། །ཅེས་སོ། །གསུམ་པ་ནི། རབ་ཏུ་སྟེ་རྐྱེན་གྱིས་མི་འཕྲོགས་པར་ཆེན་པོར་རོ། །བཞི་པ་ནི། དང་བའི་ཤུགས་ཀྱིས་ཐོས་སོགས་ཀྱིས་འཇུག་པར་བྱ་བའི་ཕྱིར་རོ། །ཡུམ་ལ་དང་བ་ལ་འབྲས་བུ་ཅི་ཞིག་མཐོང་ནས་དེའི་དོན་དུ་ཕྱག་འཚལ་བ་བརྩོམ་ཞེ་ན། ངེས་པར་བཟུང་ཞེས་དྲང་། གང་ན་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུམ་གྱི་རབ་ཏུ་དང་བའིའོ། །གང་དུ་ན། གནས་སྐབས་དང་མཐར་ཐུག་གི་ལེགས་པ་ཐམས་ཅད་ཐོབ་པའི་ཕྱིར་བརྩོན་ནོ་སྟེ། དང་པོའི་རྒྱུ་ཡིན་ནོ་ཞེས་བྱ་བར་རོ། །གང་གི་ན། འཕགས་པ་བྱམས་པའི་མཉམ་གཞག་སོ་སོར་རིག་པའི་ཡེ་ཤེས་ཀྱིས་སོ། །དེ་ནི་རྣམ་པར་མི་རྟོག་པ་མ་ཡིན་ནམ། དེས་ཇི་ལྟར་རྒྱུ་འབྲས་ཀྱི་འབྲེལ་བ་བཟུང་ཞེ་ན། སྐྱོན་མེད་དེ། དཔེར་ན་མེ་དང་དུ་བའི་འབྲེལ་བ་མངོན་སུམ་ཕྲུགས་གསུམ་གྱིས་ཡོངས་སུ་བཅད་ནས། དེས་དྲངས་པའི་ངེས་ཤེས་ཀྱི་ངེས་པར་བྱེད་པ་ལྟར། འདིར་ཡང་མཉམ་གཞག་གིས་རང་རྒྱུད་ལ་ཉམས་སུ་མྱོང་བའི་ཚུལ་གྱིས་ཡོངས་སུ་བཅད་ནས་དེས་དྲངས་པའི་རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་ངེས་པར་བྱེད་པའོ། །

གཉིས་པ་ལ་དངོས་དང་། རྒལ་ལན་གྱིས་གཏན་ལ་དབབ་པ་གཉིས་ཀྱི། དང་པོ་ལ་བསྟོད་པ་དང་། ཕྱག་འཚལ་བ་གཉིས་ཀྱི། དང་པོ་ལ་གཉིས། མཁྱེན་གསུམ་གྱི་ཡོན་ཏན་བརྗོད་པའི་སྒོ་ནས་བསྟོད་པ་དང་། དོན་བསྡུས་ཏེ་འཕགས་པའི་ཡུམ་དུ་བསྟོད་པའོ། །དང་པོ་ལ་གསུམ་གྱི་དང་པོ་གཞི་ཤེས་ཀྱིས་ཉེར་ཞིར་ཁྲིད་པའི་སྒོ་ནས་བསྟོད་པ་ནི། ཁྲིད་པར་མཛད་པ་གང་ཡིན་པ་དེ་ལ་ཕྱག་འཚལ་ཅེས་སྦྲེལ། གང་ཟག་གང་། ཐབས་གང་གིས། འབྲས་བུ་གང་དུ་ཁྲིད་ཅེ་ན། དང་པོ་ནི། ཉན་ཐོས་ཞི་བ་ཚོལ་རྣམས་ཞེས་ཏེ། ཉན་ཐོས་ནི། ཤྲ་བ་ཎཾ་ཞེས་པ་ཐོས་པ་དང་། སྒྲོག་པ་གཉིས་ལ་འཇུག་པས། ཐོས་སྒྲོག་སྟེ། རང་གིས་ཐོས་པའི་གདམས་ངག་གི་འབྲས་བུ་གཞན་ལ་སྒྲོགས་སམ། ཡང་ན་ཐེག་ཆེན་ཀྱི་ཆོས་དེ་བཞིན་གཤེགས་པ་ལ་ཐོས་པ་རང་ཉིད་རྗེས་སུ་མཐུན་པ་ཙམ་ཡང་མི་སྒྲུབ་པར། དེའི་རིགས་ཅན་གཞན་ལ་སྒྲོགས་པས་ན། དེ་སྐད་ཅེས་བྱ་སྟེ། དམ་ཆོས་པད་མ་དཀར་པོ་ལས། མགོན་པོ་དེ་རིང་བདག་ཅག་ཉན་ཐོས་གྱུར། །བྱང་ཆུབ་དམ་པ་ཡང་དག་བསྒྲགས་པར་བགྱི། །བྱང་ཆུབ་པ་ཡི་སྒྲ་ཡང་རབ་ཏུ་བརྗོད། །དེ་བས་བདག་ཅག་ཉན་ཐོས་མི་ཟད་འདྲ། །ཞེས་གསུངས་པ་ལྟར་རོ། །བསམ་པ་འཁོར་བའི་སྡུག་བསྔལ་གྱིས་ཡིད་འབྱུང་སྟེ། ཉོན་མོངས་དང་དེའི་འབྲས་བུ་སྡུག་བསྔལ་ཞི་བའི་མྱང་འདས་ཚོལ་ཞིང་དོན་དུ་གཉེར་བ་རྣམས་སོ། །གཉིས་པ་ནི། གཞི་ཕུང་ཁམས་སྐྱེ་མཆེད་སྐྱེ་བ་མེད་པར་ཡོངས་སུ་ཤེས་པའི་ཀུན་ཤེས་ཉིད་ཀྱིས་སོ། །གསུམ་པ་ནི། སྡུག་བསྔལ་རྒྱུ་དང་བཅས་པ་ཉེ་བར་ཞི་བའི་མྱང་འདས་རྣམ་པ་གཉིས་སུ་ཁྲིད་པར་བྱེད་དོ། །ཅིའི་ཕྱིར་ཀུན་ཤེས་ཀྱིས་ཉེར་ཞིར་ཁྲིད་ཅེ་ན། འཁོར་བའི་རྩ་བ་ནི་བདག་ཏུ་྄འཛིན་པ་ཡིན་ཏེ། རྣམ་འགྲེལ་ལས། ཉེས་པ་རྣམ་པ་ཐམས་ཅད་དག །འཇིག་ཚོགས་ལྟ་ལས་སྐྱེས་པ་ཡིན། །དེ་མ་རིག་དེར་དེ་ལས་ཆགས། །དེ་ལས་ཞེ་སྡང་ལ་སོགས་འབྱུང་། །དེ་ཉིད་ཀྱིས་ན་ཉེས་རྣམས་ཀྱི། །རྒྱུ་ནི་གཏི་མུག་ཡིན་པར་གསུངས། །ཞེས་གསུངས་པ་ལྟར་རོ། །དེའི་ཕྱིར་བདག་ཏུ་འཛིན་པ་སྤངས་པས་མྱང་འདས་ཐོབ་ལ། བདག་དུ་འཛིན་པ་སྤོང་བྱེད་ཀྱི་གཉེན་པོ་ཡང་ཕུང་པོ་བདག་མེད་པར་རྟོགས་པའི་ཀུན་ཤེས་པ་ཉིད་ཡིན་ཏེ། དེ་ཡི་གནོད་བྱེད་ནི། བདག་མེད་མཐོང་བ་འགལ་བ་ཡིན། །ཞེས་གསུངས་པ་ལྟར་རོ། །དེའི་ཕྱིར་ཀུན་ཤེས་ཀྱིས་ཉེར་ཞིར་ཁྲིད་པ་འཐད་པ་ཡིན་ནོ། །

གཉིས་པ་ལམ་ཤེས་ཀྱིས་འཇིག་རྟེན་གྱི་དོན་སྒྲུབ་པའི་སྒོ་ནས་བསྟོད་པ་ནི། སྒྲུབ་པར་མཛད་པ་དེ་ལ་ཕྱག་འཚལ་ཞེས་སྦྲེལ། འདི་ལ་གང་ཟག་གང་། ཐབས་གང་གིས། འབྲས་བུ་གང་སྒྲུབ་པ་གསུམ་གྱི་དང་པོ་ནི། རྒྱན་ལས། ཇི་ལྟར་རྒྱལ་སྲས་ཕན་པར་བསམས་པ་འདིར། །འགྲོ་ཀུན་རྣམ་པར་སྨིན་བྱེད་གནས་པ་ལྟར། །དེ་བཞིན་ཕ་དང་མ་དང་གཉེན་བཤེས་རྣམས། །བུ་དང་གཉེན་པ་རྣམས་ལ་ལེགས་མི་གནས། །ཞེས་པ་ལྟར། འགྲོ་བ་ལ་གནས་སྐབས་དང་མཐར་ཐུག་གི་ཕན་པ་སྒྲུབ་པར་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་སོ། །གཉིས་པ་ནི་ཐེག་པ་གསུམ་གྱི་ལམ་སྐྱེ་བ་མེད་པར་ཤེས་པའི་ལམ་ཤེས་པ་ཉིད་ཀྱིས་སོ། །གསུམ་པ་ནི། སྐད་ཅིག་དང་རྒྱུན་གྱིས་འཇིག་པས་ན་འཇིག་རྟེན་ཉེར་ལེན་གྱི་ཕུང་པོ་ལ་བརྟེན་ནས་བཏགས་པའི་སེམས་ཅན་གྱི་དོན་མངོན་པར་མཐོ་བ་དང་། ངེས་པར་ལེགས་པ་རྣམས་སོ། །ཅིའི་ཕྱིར་འཇིག་རྟེན་གྱི་དོན་སྒྲུབ་པ་ལ་ལམ་ཤེས་པ་ཉིད་དགོས་ཤེ་ན། རིགས་ཅན་གསུམ་གྱི་གདུལ་བྱ་རྗེས་སུ་འཛིན་པ་ནི། རང་རང་གི་སྐལ་བ་དང་མཐུན་པའི་ལམ་བསྟན་པའི་སྒོ་ནས་ཡིན་ལ། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ། །དེ་འཆད་པ་ནི་དཀའ་བ་ཡིན། །ཞེས་པ་ལྟར། རང་གི་ལམ་ལེགས་པར་མི་ཤེས་པར་ཡང་གཞན་ལ་ཕྱིན་ཅི་མ་ལོག་པར་བསྟན་པར་མི་ནུས་སོ། །དེའི་ཕྱིར་ལམ་ཤེས་པ་ནི་འཇིག་རྟེན་གྱི་དོན་སྒྲུབ་པའི་ཐབས་ཡིན་ནོ། །གསུམ་པ་རྣམ་མཁྱེན་གྱིས། ཆོས་འཁོར་བསྐོར་བའི་སྒོ་ནས་བསྟོད་པ་ནི། གསུང་བར་མཛད་པ་དེ་ལ་ཕྱག་འཚལ་ལོ་ཞེས་སྦྲེལ་ལོ། །འདི་ལ་ཡང་། གང་ཟག་གང་། ཐབས་གང་གིས། འབྲས་བུ་གང་གསུང་བ་གསུམ་གྱི་དང་པོ་ནི། སྐུ་གསུང་ཐུགས་མི་མཐུན་ཕྱོགས་ལས་ལེགས་པར་བསྡམས་པས་སམ། སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་ན། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་སོ། །གཉིས་པ་ནི། རྒྱུ་འབྲས་ངོ་བོའི་རྣམ་པ་མ་ལུས་པ་སྐྱེ་བ་མེད་པར་ཐུགས་སུ་ཆུད་པའི་རྣམ་མཁྱེན་གང་དང་ཡང་དག་པར་ལྡན་པས་སོ། །གང་ཞེས་པ་སྤྱིའི་སྒྲ་ཡིན་ཡང་མཁྱེན་གསུམ་སྟོན་པའི་སྐབས་དང་། གཞན་གཉིས་སྔར་བརྗོད་ཟིན་པས་ཤུགས་དང་། ཐུབ་པའི་ཚིག་དང་འབྲེལ་བས། རྣམ་མཁྱེན་ཁོ་ན་ལ་གོ་བར་འགྱུར་རོ། །ཅིའི་ཕྱིར་ཆོས་འཁོར་བསྐོར་བ་ལ་རྣམ་མཁྱེན་དགོས་ཤེ་ན། གདུལ་བྱའི་ཁམས་དང་བསམ་པ་དང་། བག་ལ་ཉལ་ཇི་ལྟ་བ་བཞིན། ཆོས་འཁོར་བསྐོར་བ་ནི་རྣམ་མཁྱེན་ལས་གཞན་གྱིས་མི་ནུས་པའི་ཕྱིར་རོ། །གསུམ་པ་ནི། བདེན་གཉིས་ཀྱིས་རྣམ་པ་ཀུན་ནམ་ཡང་ན་ཐབས་ཀྱི་རྣམ་པ་ཀུན་དང་ལྡན་པའི་མདོ་སྡེ་རིན་པོ་ཆེ་སྣ་ཚོགས་པ་འདིའོ། །གཉིས་པ་ནི། ཉན་ཐོས་བྱང་ཆུབ་སེམས་པའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ་ཞེས་ཏེ། སྒོ་གསུམ་གུས་པའི་སྒོ་ནས་འདུད་པའི་ཚུལ་སྟོན་པའོ། །

གཉིས་པ་རྒལ་ལན་ལ་བཞི། གོ་རིམ་ངེས་པ་དང་། གྲངས་ངེས་པ་དང་། ཡུམ་སྲས་ཀྱི་དོན་དང་། ཕྱག་ཡུལ་པ་གཞི་ཤེས་ཀྱི་དོན་ནོ། །དང་པོ་ནི། དང་པོར་གཞི་ཤེས་ལ་བསྟོད་པར་མི་རིགས་ཏེ། རྒྱས་བཤད་ཀྱི་གོ་རིམ་དང་མི་མཐུན་པའི་ཕྱིར་རོ་ཞེ་ན། འདི་ལ་སྔ་རབས་པ་ཨར།དག །སྐྱོན་མེད་དེ། མདོའི་གླེང་གཞིའི་གོ་རིམ་དང་མཐུན་པའི་ཕྱིར་དང་། མཆོད་བརྗོད་ཀྱང་གླེང་གཞིའི་དོན་བསྡུད་བྱེད་ཡིན་ཏེ། རིན་ཆེན་སྒྲོན་མ་ནས། གླེང་གཞི་རྒྱས་པར་བཀའ་སྩལ་དོན་མཆོག་རྣམས། །ལེགས་པར་བསྡུས་པ་ཕྱག་འཚལ་ཚིགས་བཅད་ཡིན། །ཞེས་བཤད་པས་སོ་ཞེས་ཟེར་རོ། །དེ་ནི་མི་འཐད་དེ། མཆོད་བརྗོད་དང་། གླེང་གཞི། སློབ་དཔོན་དང་འཕགས་པ་སོགས་གང་གིས་ཀྱང་མ་སྦྱར་བའི་ཕྱིར་དང་། རིན་ཆེན་སྒྲོན་མེ་བོད་ཀྱིས་བྱས་པར་མཁས་པ་རྣམས་ལ་གྲགས་ཤིང་དོན་ལ་གནས་པའི་ཕྱིར་རོ། ཁ་ཅིག་དམན་པ་དང་མཆོག་གི་གོ་རིམ་ཡིན་ཞེས་ཟེར་བ་ཡང་མི་འཐད་དེ། དེ་ཉིད་ལ་རྒྱུ་མཚན་གཞན་དགོས་པའི་ཕྱིར་རོ། །དེ་བས་ན། ཤེར་ཕྱིན་གྱིིས་གདུལ་བྱ་ཐེག་པ་གསུམ་ལ་རིམ་གྱིས་འགོད་པའི་དབང་དུ་བྱས་ནས་དེ་ལྟར་བསྟན་ཏེ། འདི་ལྟར། འཁོར་བའི་ལམ་གྱིས་དུབ་པ་རྣམས་ཀུན་ཤེས་ཀྱིས་ཐབས་ཀྱིས་ཉན་རང་གི་བྱང་ཆུབ་ལ་བཀོད་ནས་དབུགས་ཕྱུང་སྟེ་སླར་ཐེག་ཆེན་ལ་བཀོད་ནས་ལམ་ཤེས་ཀྱིས་འགྲོ་བའི་དོན་བསྒྲུབས་ནས་མཐར་རྣམ་མཁྱེན་གྱི་སྒོ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བས་སངས་རྒྱས་ཀྱི་ས་ལ་འགོད་པའི་ཕྱིར་རོ། །གཉིས་པ་ནི། འདིར་ཤེས་ཕྱིན་མཐའ་དག་ལ་བསྟོད་ན་ཉུང་སྟེ། སྦྱོར་བཞི་ལ་མ་བསྟོད་པས་སོ། །ཕྱོགས་གཅིག་ལ་བསྟོད་ན་མང་སྟེ། རྣམ་མཁྱེན་ཁོ་ན་ལ་བསྟོད་པས་དེར་ཀུན་འདུས་པས་སོ་ཞེ་ན། མཐའ་དག་ལ་བསྟོད་ཀྱང་སྦྱོར་བཞི་མ་འདུས་པའི་སྐྱོན་མེད་དེ། མཁྱེན་གསུམ་གྱིས་སྦྱོར་བཞི་བསྡུས་པའི་ཕྱིར་རོ། །རྣམ་མཁྱེན་གྱིས་མཐའ་དག་བསྡུས་ཀྱང་། དེ་ཁོ་ན་ལ་བསྟོད་པས་ཡུམ་གྱི་ཡོན་ཏན་མཐའ་དག་བརྗོད་པར་མི་འགྱུར་ཏེ། འཕགས་པ་གཞན་གསུམ་གྱི་བཞེད་དོན་སྒྲུབ་པའི་ཡོན་ཏན་མ་བརྗོད་པའི་ཕྱིར་རོ། །མཁྱེན་པ་གསུམ་གྱི་སྒོ་ནས་བསྟོད་པས་ནི། ཡུམ་གྱི་ཡོན་ཏན་མཐའ་དག་བརྗོད་པར་འགྱུར་ཏེ། འཕགས་བཞིའི་བཞེད་དོན་བསྒྲུབ་པར་བསྟན་པའི་ཕྱིར་དང་། དེ་ཙམ་གྱིས་རང་གཞན་གྱི་དོན་མངོན་པར་འདོད་པའི་རྟོག་པ་མངོན་དུ་འགྲོ་བ་རྣམས་འདོད་པ་ཡོངས་སུ་རྫོགས་པའི་ཕྱིར། དེའི་ཕྱིར་མཁྱེན་གསུམ་ལ་བསྟོད་པས་མང་བའམ། ཉུང་བའི་སྐྱོན་མེད་དེ། སྔ་རབས་པ་དག་རྣམ་མཁྱེན་ཁོ་ན་ལ་བསྟོད་ན། རིགས་ཅན་གཞན་གཉིས་དང་བ་མི་སྐྱེ་བས་ཟེར་བ་ནི་མི་རིགས་ཏེ། འདིར་ཡུམ་ལ་བསྟོད་པ་ནི། ཐེག་ཆེན་གྱི་རིགས་ཅན་ཁོ་ན་དང་བ་སྐྱེད་པའི་ཆེད་ཡིན་གྱི་ཉན་རང་གི་རིགས་ཅན་མ་ཡིན་ཏེ། དང་བ་སྐྱེད་པའི་དགོས་པ་ནི། ཡུམ་ལ་ཐོས་སོགས་ཀྱིས་འཇུག་པར་བྱ་བའི་ཆེད་ཡིན་ན། ཉན་རང་གི་རིགས་ཅན་དག་ལ་དགོས་པ་དེ་བསྒྲུབ་མི་ནུས་པའི་ཕྱིར་རོ། །གསུམ་པ་ནི། ཡུམ་སྲས་ནི་རྒྱུ་འབྲས་སྔ་ཕྱི་ལ་རིགས་ན་མཁྱེན་གསུམ་དང་། འཕགས་བཞི་ལ་སྔ་ཕྱི་མེད་པས་ཡུམ་སྲས་སུ་མི་འཐད་ཅེ་ན། སྔ་རབས་པ་དག་དུས་མཉམ་པའི་མཁྱེན་གསུམ་དང་། འཕགས་བཞི་རྣམ་པར་བཞག་འཇོག་གི་རྒྱུ་འབྲས་ཡིན་ལ། སྔ་ཕྱི་དག་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་ཡིན་ཞེས་འཆད་ཀྱང་། གཞུང་འདིར་ཤེར་ཕྱིན་གྱི་མཁྱེན་པ་གསུམ་གྱི་སྒོ་ནས་འཕགས་བཞིའི་བཞེད་དོན་བསྒྲུབ་པས་ཤེར་ཕྱིན་ཉིད་འཕགས་བཞིའི་ཡུམ་དུ་བཤད་ཀྱི། གཞི་ཤེས་ཉན་རང་ཁོ་ནའི་ཡུམ་དང་། ལམ་ཤེས་བྱང་སེམས་ཀྱི་ཡུམ་ཡིན་ཞེས་སོགས་པ་གཞུང་འགྲེལ་པ་གང་དུ་ཡང་མི་འབྱུང་ངོ་། །ཐམས་ཅད་ཤེས་པ་ཉིད་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡིན་ནོ་ཞེས་སོགས་ཀྱིས་ནི། མཁྱེན་གསུམ་འཕགས་པ་སོ་སོའི་མངོན་རྟོགས་སུ་སྟོན་པར་ཡིན་གྱི་ཡུམ་དུ་སྟོན་པ་མ་ཡིན་ནོ། །དེ་བས་ན་འདིར་འཕགས་བཞི་བསྐྲུན་པར་བྱེད་པའི་ཡུམ་ནི་སངས་རྒྱས་ཀྱི་སའི་གཉིས་སུ་མེད་པའི་ཡེ་ཤེས་གཙོ་བོར་གྱུར་པའི་ཤེར་ཕྱིན་ཡིན་ཏེ། དེ་ཉིད་ཀྱིས་རིགས་ཅན་གསུམ་ལ་ཆོས་འཁོར་བསྐོར་བས་གནས་སྐབས་རང་རང་གི་རིགས་དང་མཐུན་པའི་ལམ་ཤེས་དང་། གཞི་ཤེས་ཀྱི་རྟོགས་པ་བསྐྱེད་ནས་སེམས་ཅན་གྱི་དོན་དང་། ཉེར་ཞིའི་བཞེད་པ་བསྒྲུབས་ནས་མཐར་ཐུག་རྣམ་མཁྱེན་ཀྱི་རྟོགས་པ་བསྐྱེད་ནས། ཆོས་འཁོར་བསྐོར་བའི་བཞེད་དོན་བསྒྲུབ་པའི་ཕྱིར་རོ། །དེས་ན་སངས་རྒྱས་སྔ་མ་སྔ་མའི་ཐུགས་རྒྱུད་ཀྱི་ཤེར་ཕྱིན་རྣམས་ནི། དེའི་ཕྲིན་ལས་ལས་བྱུང་བའི་འཕགས་བཞིའི་ཕྱི་མ་རྣམས་ཀྱི་བསྐྲུན་པར་བྱེད་པའི་ཡུམ་ཡིན་པས། ཡུམ་སྲས་དག་ནི་རྒྱུད་ཐ་དད་པ་དང་སྔ་ཕྱིར་གྱུར་པའི་བསྐྱེད་བྱ་སྐྱེད་བྱེད་མཚན་ཉིད་པ་ཡིན་ནོ། །གལ་ཏེ་རྒྱུད་ཐ་དད་པས་ཡུམ་སྲས་སུ་མི་འགྱུར་ན། སངས་རྒྱས་དང་བྱང་སེམས་རྣམས་རྒྱུད་ཐ་དད་པས་ཡབ་སྲས་སུ་ཡང་མི་རུང་བར་རྒྱུ་མཚན་མཚུངས་སོ། །བཞི་པ་ཉེར་ཞིར་ཁྲིད་པར་བྱེད་པའི་ཀུན་ཤེས་དེ་གང་། ཉན་རང་གི་རྒྱུད་ལ་སྐྱེ་བ་དེར་མི་འཐད་དེ། དེ་ཤེར་ཕྱིན་མ་ཡིན་པས་སོ། །སངས་རྒྱས་བྱང་སེམས་ཀྱི་ཡིན་པ་མི་འཐད་དེ། དེས་ཉན་རང་གི་བཞེད་དོན་མི་བསྒྲུབ་པས་སོ་ཞེ་ན། འདི་ལ་སྔ་རབས་པ་དག་ཉན་རང་རང་རྒྱུད་པའི་གཞི་ཤེས་ཡིན་ལ། ཤེར་ཕྱིན་མཚན་ཉིད་པ་མིན་པས་བསྟོད་ཡུལ་མིན་ན་ལམ་ཤེས་ཀྱང་དེར་འགྱུར་ལ། བཏགས་པ་བ་མ་ཡིན་པ་མ་གྲུབ་སྟེ། གང་ཟག་གི་བདག་མེད་རྟོགས་པ་ཙམ་གྱི་ཆས་ཤེར་ཕྱིན་མཚན་ཉིད་པ་དང་འདྲ་བའི་ཕྱིར་དང་། བསྟོད་ཡུལ་ཡང་དངོས་བཏགས་གཉིས་ཀ་ཡིན་པས་སོ། །ཞེས་ཟེར་རོ། །འདི་ཡང་མི་རིགས་ཏེ། འགྲེལ་པར། གཞི་ཐམས་ཅད་སྐྱེ་བ་མེད་པར་ཡོངས་སུ་ཤེས་པ་ཞེས་པ་དང་འགལ་བས་སོ། །དེས་ན་བསྟོད་ཡུལ་གྱི་གཞི་ཤེས་དང་ལམ་ཤེས་གཉིས་ཡང་ཉན་རང་དང་། བྱང་སེམས་ཀྱི་ལ་མི་འཇོག་གི་གཙོ་བོའི་ཤེར་ཕྱིན་ཉིད་གཞི་དང་ལམ་སྐྱེ་བ་མེད་པར་རྟོགས་པའི་ལྡོག་པ་ནས་གཞི་ཤེས་དང་ལམ་ཤེས་སུ་བཞག་ལ། དེས་གཞི་བདག་མེད་པ་དང་། ལམ་གསུམ་སྐྱེ་བ་མེད་པར་ཆོས་བསྟན་པས་ཉན་ཐོས་དང་བྱང་སེམས་ལ་དེ་དང་རྗེས་སུ་མཐུན་པའི་རྟོགས་པ་སྐྱེ་ནས་དེ་དག་གི་བཞེད་དོན་བསྒྲུབ་པ་ལ་ཤེར་ཕྱིན་གྱི་མཁྱེན་པ་གཉིས་ཀྱི་སྒོ་ནས་ཉན་རང་སོགས་ཀྱི་བཞེད་པ་བསྒྲུབ་ཅེས་བརྗོད་པ་ཡིན་ནོ། །དེ་ལྟར་ན་འགྲེལ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ཚུལ་གསུམ་པ་ཅན་ཞེས་པ་ཡང་ལེགས་པར་བཤད་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་འཕགས་བཞིའི་བཞེད་པ་བསྒྲུབ་པར་བྱེད་པའི་ཡུམ་མཁྱེན་པ་གསུམ་པོ་རྫས་ཐ་དད་པ་ཁོ་ན་ཡིན་པའི་ཕྱིར་ཚུལ་གསུམ་པ་ཅན་ཞེས་པ་ཅི་ལྟར་འཐད། རྩ་བར་ཡང། ཉན་ཐོས་བྱང་ཆུབ་སེམས་པའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཞེས། གཅིག་ཚིག་གིས་བརྗོད་པར་མི་རིགས་ཀྱི་ཡུམ་རྣམས་ལ་ཞེས་མང་པོའི་ཚིག་སྦྱར་བར་རིགས་པར་འགྱུར་རོ། །

གསུམ་པ་ལ། དགོས་དོན་བསྡུས་དོན་ཚིག་དོན་རྒལ་ལན་གྱིས་གཏན་ལ་དབབ་པ་དང་བཞིའི། དང་པོ་ལ་དང་བའི་རྐྱེན་དང་། དེ་ལས་དང་བ་སྐྱེ་བ་གཉིས་ཀྱི། དང་པོ་ནི། ཉན་ཐོས་ཞི་བ་ཚོལ་རྣམས་ཞེས་པའི་ཚིགས་སུ་བཅད་པ་འདིས་ནི་ཞེས་སོ། །གཉིས་པ་ལ་རྒྱས་པར་བཤད་པ་དང་། དོན་བསྡུ་བ་གཉིས་ཀྱི་དང་པོ་ལ་གསུམ། ཐོས་པ་ལས་དང་བ། དང་བ་ལས་གུས་པ། གུས་པ་ལས་ལེགས་པའི་མཆོག་ཐོབ་པའོ། །དང་པོ་ལ་ཡང་དབང་རྟུལ་དང་བའི་ཚུལ་དང་། དབང་རྣོན་དང་བའི་ཚུལ་གཉིས་ཀྱི་དང་པོ་ནི། དད་པ་སྐྱེའོ། །གང་ན། དད་པའི་རྗེས་སུ་འབྲང་བའི་ཚིག་ཙམ་ལས་ངེས་པ་སྐྱེ་བ་རྣམས་སོ། །གང་ལ་ན། ཡུམ་འདི་ལའོ། །རྐྱེན་གང་ལས་ན། མཆོད་བརྗོད་ཀྱི་ཚིགས་བཅད་དེ་ཐོས་ནས་སོ། །དུས་ནི་རེ་ཤིག་སྟེ་དུས་དང་པོར་རོ། །ཚུལ་ཇི་ལྟར་ན། ཡོན་ཏན་དེ་ལྟ་བུ་ཡོད་མེད་ཀྱི་ཐེ་ཚོམ་མེད་པར་ཡོད་ངེས་སྙམ་པ་དང་། དེ་ཡང་ཐོས་མ་ཐག་ཁོ་ནར་མྱུར་དུའོ། །ངོ་བོ་ནི་རྐྱེན་གྱིས་མི་འཕྲོགས་པ་ཆེན་པོར་སྐྱེ་བས་ན་རབ་ཏུའོ། །གཉིས་པ་ནི། རབ་ཏུ་དང་བ་བསྐྱེད་པར་བྱེད་པ་ཉིད་དོ། །ཞེས་དྲང་། སུ་ཞིག་ན། ཆོས་ཀྱི་མཚན་ཉིད་ལ་རིགས་པས་དཔྱད་ནས་འཇུག་པའི་དབང་རྣོན་ཆོས་ཀྱི་རྗེས་སུ་འབྲངས་བ་རྣམས་ཀྱང་ངོ་། །ཞེས་པ་དད་པའི་རྗེས་འབྲང་དུ་མ་ཟད་ཅེས་པའོ། །གང་ལ་ན། ཡུམ་དེ་ལའོ། །ཚུལ་ཇི་ལྟར་ན་གདོན་མི་ཟ་བར་སྲིད་པ་ཉིད་དོ་ཞེས་ངེས་པར་བཟུང་སྟེའོ། །གང་ཞིག་ཅེ་ན། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཅིག་བུ་དེ་ཉིད་གཞི་ལམ་རྣམ་པ་གསུམ་སྐྱེ་བ་མེད་པར་རྟོགས་པའི་ལྡོག་པ་ནས། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་དུ་བཞག་པས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པའི་སྒོ་ནས་ཚུལ་གསུམ་པ་ཅན་སངས་རྒྱས་དང་སོགས་པས་ཉན་རང་བྱང་སེམས་རྣམས་བསྐྲུན་པར་མཛད་པ་ནིའོ། །དབང་རྣོན་གྱི་ངེས་པ་ནི། སྒྲུབ་བྱེད་མཐོང་བའམ། གནོད་བྱེད་མ་མཐོང་བ་ལ་ལྟོས་པ་ཡིན་ན། འདིར་རྒྱུ་མཚན་གང་ཡོད་ཅེ་ན། སྔ་རབས་པ་དག་གཞུང་སྔ་མ་གནོད་བྱེད་མ་མཐོང་བ་དང་། ཕྱི་མ་སྒྲུབ་བྱེད་མཐོང་བ་ལ་སྦྱོར་ཡང་མི་རིགས་ཏེ། གཞུང་གི་ཡི་གེའི་དོན་ལ་མ་ཞུགས་པའི་ཕྱིར་དང་། དངོས་སྟོབས་ཀྱི་སྒྲུབ་བྱེད་མཐོང་ན་གནོད་བྱེད་མ་མཐོང་བ་ཕུགས་ལ་གྲུབ་པས་བཀོད་པ་དོན་མེད་པའི་ཕྱིར་རོ། །དེས་ན་འདིར་ཚད་མས་གནོད་བྱེད་མ་མཐོང་བ་ཉིད་རྒྱུ་མཚན་ཡིན་ཏེ། ཡུམ་གྱིས་སྲས་འཕགས་བཞི་བསྐྲུན་པ་ནི། ཤིན་ཏུ་སྐོག་གྱུར་ཡིན་པས་དངོས་སྟོབས་ཀྱི་སྒྲུབ་བྱེད་མི་རིགས་པའི་ཕྱིར་དང་། རྟོགས་ལྡན་ཤིན་ལྐོག་ལ་འཇུག་པའི་རྒྱུ་ཡང་། ལུང་གི་སྒྲུབ་བྱེད་མཐོང་ཞིང་རིགས་པའི་གནོད་བྱེད་མ་མཐོང་བ་ཙམ་ལས་གཞན་མེད་པས་སོ། །དེས་ན་འདིར་གཞི་ལམ་རྣམ་པ་གསུམ་སྐྱེ་བ་མེད་པར་ཡོངས་སུ་ཤེས་པ་མཆོད་བརྗོད་ཀྱི་ཚིགས་བཅད་ཀྱི་དོན་གྱི་མཚན་ཉིད། སྲས་འཕགས་བཞི་སྐྱེད་པའི་ཡུམ་ཡོད་པ་ལ་གནོད་བྱེད་མ་མཐོང་ཞིང་སྒྲུབ་བྱེད་མཆོད་བརྗོད་ཀྱི་ལུང་མཐོང་བའི་ཕྱིར་རོ། །ཞེས་སྦྱར་ཏེ། ནས་ཅེས་པ་རྒྱུ་མཚན་གྱི་ཚིག་གོ ། ཚད་མ་གང་གིས་གནོད་པ་མ་མཐོང་ཞེ་ན། འདི་ལ་གནོད་བྱེད་ཡོད་ན། གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་ཞེས་བྱ་བ་དང་། སོགས་པས་རྡོ་རྗེ་གཟེགས་མ་དང་། ཡོད་མེད་སྐྱེ་འགོག་དང་། རྟེན་འབྲེལ་ལ་སོགས་པ་སྐྱེ་བ་འགོག་པའི་ཚད་མས་གནོད་དགོས་ན་དེ་དག་གིས་གནོད་པ་མ་མཐོང་བའི་ཕྱིར་ཏེ། ཡུམ་གྱིས་འཕགས་བཞི་སྐྱེད་པ་ཀུན་རྫོབ་དུ་ཡིན་ལ། དེ་དག་གིས་སྐྱེ་བ་འགོག་པ་དོན་དམ་དུ་ཡིན་པས་སོ། །ཡང་ན་གཞི་ལམ་རྣམ་པ་རྣམས་སྐྱེ་བ་མེད་པར་གང་གིས་འགྲུབ་སྙམ་ན། གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་ཚད་མས་ཞེས་སྦྱར་རོ། །འདི་གཏན་ལ་དབབ་པ་ལ་བཞིའི་དང་པོ། ངོ་བོ་ལ་དཔྱོད་པ་གཅིག་དང་དུ་བྲལ་ལ་རྟགས་དགོད། ཚུལ་སྒྲུབ། ལུང་དང་སྦྱར་བ་གསུམ་གྱི། དང་པོ་ནི། གང་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བ་དེ་དོན་དམ་པར་བདེན་པའི་ངོ་བོ་ཉིད་མེད་དེ། དཔེར་ན་གཟུགས་བརྙན་བཞིན། གཞི་ལམ་རྣམ་པའི་ཆོས་རྣམས་ཀྱང་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བ་ཡིན་ནོ། །ཞེས་པ་ཁྱབ་བྱེད་མ་དམིགས་པའམ། རང་བཞིན་གྱི་རྟགས་སོ། །གཉིས་པ་ལ་ཕྱོགས་ཆོས་དང་ཁྱབ་པ་གཉིས་ཀྱི་དང་པོ་ནི། དངོས་པོ་ལ་ནི་དོན་དང་ཤེས་པ་གཉིས་སུ་ངེས་ལ། བུམ་པ་དང་སྣམ་བུ་ལ་སོགས་པ་དོན་དུ་གྲགས་པ་རྣམས་རགས་པ་གཅིག་ཏུ་མ་གྲུབ་སྟེ། སྒྲིབ་མ་སྒྲིབ་གཡོ་མི་གཡོ་ལ་སོགས་པ་འགལ་བའི་ཆོས་གནས་པའི་ཕྱིར་རོ། །ཅི་སྟེ་ཆ་ཤས་མེད་པའི་རྡུལ་ཕྲ་རབ་དུ་མའི་ངོ་བོར་གནས་སོ་ཞེས་ཟེར་ན། ཅི་འདི་དག་གཟེགས་ཟན་པ་རྣམས་ཀྱི་འདོད་པ་ལྟར་ཕན་ཚུན་ཕྲད་དེ་གནས་པའམ། བྱེ་བྲག་སྨྲ་བ་རྣམས་ཀྱི་ལྟར་བསྐོར་བ་བར་བཅས་སུ་གནས་པའམ། མདོ་སྡེ་པ་ལྟར་མ་རེག་ཅིང་བར་མེད་པ་གནས། ཕྱོགས་གསུམ་ཆར་ཡང་མི་རིགས་ཏེ། དབུ་མ་རྒྱན་ལས། དབུས་གནས་རྡུལ་ཕྲན་རྡུལ་གཅིག་ལ། །བལྟས་པའི་རང་བཞིན་གང་ཡིན་པ། །རྡུལ་ཕྲན་གཞན་ལ་བལྟ་བ་ཡང་། །དེ་ཉིད་གལ་ཏེ་ཡིན་བརྗོད་ན། །དེ་ལྟ་ཡིན་ན་ས་ཆུ་སོགས། །ཇི་ལྟར་རྒྱས་འགྱུར་མ་ཡིན་ནམ། །རྡུལ་ཕྲན་གཞན་ལ་བལྟ་བའི་ངོས། །གལ་ཏེ་གཞན་དུ་འདོད་ན་ནི། །རབ་དུ་ཕྲ་རྡུལ་ཇི་ལྟ་བུར། །གཅིག་བུ་ཤ་ཆས་མེད་པར་འགྱུར། །ཞེས་གསུངས་པ་ལྟར། དབུས་ཀྱི་རྡུལ་ཕྲན་གྱི་རང་བཞིན་གང་གིས་ཤར་གྱི་རྡུལ་ལ་བལྟས་པ་དེས། ཕྱོགས་གཞན་གྱི་རྡུལ་ལ་ཡང་ལྟས་ན། ཕྱོགས་གཞན་གྱི་རྡུལ་རྣམས་ཀྱང་ཤར་རྡུལ་གྱི་གོ་ས་ན་གནས་པར་འགྱུར་ལ། དེ་ལྟ་ན་རྡུལ་དུ་མ་ཚོགས་ཀྱང་གོང་བུ་རྒྱས་པར་མི་འགྱུར་ལ། ཅི་སྟེ་ཉེས་པ་དེ་སྤང་བར་འདོད་ནས། ངོས་གཞན་དང་གཞན་གྱིས་ཕྱོགས་གཞན་ན་གནས་པ་རྣམས་ལ་བལྟས་པར་འདོད་ན། དབུས་རྡུལ་ཆ་དང་བཅས་པར་འགྱུར་བས་རྡུལ་ཕྲན་གྱི་རང་བཞིན་ཉམས་སོ། །རྡུལ་ཕྲ་རབ་མ་གྲུབ་ན་དེས་བརྩམས་པའི་ཡན་ལག་ཅན་གྱི་རྫས་དང་། མིག་ལ་སོགས་པ་དབང་པོ་ལྔ་དང་། གཟུགས་ལ་སོགས་པ་དོན་ལྔ་རང་བཞིན་མེད་པར་བདེ་བླག་དུ་འགྲུབ་སྟེ། དེ་དག་ནི་རྡུལ་ཕྲ་རབ་བསགས་པའི་རང་བཞིན་ཡིན་པས་སོ། །དེ་དག་མེད་པས་ན། བདག་པོ་དང་དམིགས་པའི་རྐྱེན་མེད་པའི་ཕྱིར། དབང་ཤེས་ལྔ་མེད་ལ། དེ་དག་མེད་པས་ན་དེ་མ་ཐག་པའི་རྐྱེན་མེད་པས་ཡིད་ཤེས་ཀྱང་རང་བཞིན་མེད་དོ། །དེའི་ཕྱིར་རྣམ་ཤེས་མེད་པར་གྲུབ་བོ། །དོན་དང་རྣམ་ཤེས་ལས་གཞན་པའི་དངོས་པོ་ཡང་མེད་པའི་ཕྱིར། གཏན་ཚིགས་འདི་མ་སྒྲུབ་པ་མ་ཡིན་ནོ། །

གཉིས་པ་ནི། གཏན་ཚིགས་འདི་མ་ངེས་པ་མ་ཡིན་ཏེ། ཆུ་ཟླ་ལ་སོགས་པ་མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་དང་། གཅིག་དང་དུ་མའི་བདག་ཉིད་ནི་ཕན་ཚུན་སྤངས་ཏེ་གནས་པས་ཕུང་པོ་གཞན་སེལ་པའི་ཕྱིར་མི་མཐུན་ཕྱོགས་ལས་ལྡོག་པ་ཡང་གྲུབ་བོ། །གསུམ་པ་ནི། ལང་གཤེགས་ལས། གཅིག་དང་དུ་མ་ཉིད་སྤངས་པའི། །གཟུགས་ནི་ད་ལྟར་མེ་ལོང་ལ། །སྣང་ཡང་དེ་ན་ཡོད་མ་ཡིན། །དེ་བཞིན་དངོས་པོའི་ངོ་བོ་ཉིད། །ཅེས་གསུངས་སོ། །གཉིས་པ་རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མ་ལ་གསུམ་གྱི། དང་པོ་རྟགས་དགོད་པ་ནི། བདག་དང་གཞན་དང་གཉིས་ཀ་དང་། རྒྱུ་མེད་པ་ལས་སྐྱེ་བ་མེད་པ་དེ་ནི། དོན་དམ་པར་སྐྱེ་བ་མེད། དཔེར་ན་རི་བོང་གི་རྭ་བཞིན། གཞི་ལམ་སོགས་དངོས་པོ་རྣམས་ཀྱང་མཐའ་བཞིའི་སྐྱེ་བ་དང་བྲལ་ལོ། །ཞེས་པ་ཁྱབ་བྱེད་མ་དམིགས་པའོ། །གཉིས་པ་ཚུལ་བསྒྲུབ་པ་ལ་ཕྱོགས་ཆོས་ནི། བདག་ལས་སྐྱེ་ན་སྐྱེ་བ་དོན་མེད་པ་དང་། ཐུག་པ་མེད་པ་དང་། ནམ་ཡང་མི་སྐྱེ་བར་མི་འགྱུར་བ་ལ་སོགས་པའི་སྐྱོན་ཡོད་ཅིང་། རང་ཉིད་རང་ལ་བྱེད་པ་འགལ་བའི་ཕྱིར་ཡང་མི་རིགས་སོ། །གཞན་ལས་སྐྱེ་ན་རྒྱུ་དང་རྒྱུ་མ་ཡིན་པ་ཀུན་ལས་འབྲས་བུ་དང་འབྲས་བུ་མ་ཡིན་པ་ཀུན་སྐྱེ་བ་དང་། མེ་ལྕེ་དང་མུན་པ་ལ་སོགས་པ་མི་མཐུན་པ་དག་ཀྱང་རྒྱུ་འབྲས་སུ་ཧ་ཅང་ཐལ་བར་འགྱུར་རོ། །གཉིས་ཀ་ལས་སྐྱེ་ན། གཉིས་ཀ་ལ་བརྗོད་པའི་སྐྱོན་དུ་འགྱུར་བ་དང་། རེ་རེ་ལས་སྐྱེ་བ་མེད་པས་གཉིས་ཀ་ལས་ཀྱང་སྐྱེ་བ་མེད་དེ། བྱེ་མ་རེ་རེ་ལས་ཏིལ་མར་མི་འབྱུང་ན། དུ་མ་ཚོགས་པ་ལས་ཀྱང་མི་འབྱུང་བ་བཞིན་ནོ། །རྒྱུ་མེད་ལས་འབྱུང་ན་ཡུལ་དུས་ཀུན་ཏུ་འབྱུང་བའམ། ལན་ཅིག་ཀྱང་མི་འབྱུང་བར་འགྱུར་སྟེ། རྒྱུ་ལ་ཁྱད་པར་མེད་པའི་ཕྱིར་རོ། །གཉིས་པ་མ་ངེས་པ་མ་ཡིན་ཏེ། མཐའ་བཞི་ལས་གཞན་པའི་སྐྱེ་བའི་རྣམ་རྟོག་མི་སྲིད་པའི་ཕྱིར་རོ། །གསུམ་པ་ནི། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་སོ། །གཞུང་འདི་གཏན་ཚིགས་ལ་སྦྱོར་བ་མཁས་པའི་དབང་པོ་ཀ་མ་ལ་ཤཱི་ལས་དབུ་མ་སྣང་བར་བཤད་ཅིང་། དེའི་རྗེས་སུ་རྒྱ་བོད་ཀྱི་མཁས་པ་དུ་མས་འབྲངས་ཤིང་འདིར་ཡང་དེ་དང་མཐུན་པར་བཤད་མོད། འགྲེལ་ཆེན་གཉིས་ཀྱི་སྐྱེ་བ་འགོག་པའི་དམ་བཅའ་བཞི་སྟོན་བྱེད་དུ་སྦྱར་ནས་རིགས་པ་ཟུར་ནས་ཁ་བསྐོང་བར་མཛད་དོ། །གསུམ་པ་འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་ལ་གསུམ་གྱི་དང་པོ་ནི། ཡོད་པའམ་མེད་པ་གང་ཡང་མི་སྐྱེ་བ་དེ་ནི་དོན་དམ་པར་སྐྱེ་བ་མེད་དེ། དཔེར་ན་མོ་གཤམ་གྱི་བུ་བཞིན། གཞི་ལམ་སོགས་ཀྱི་དངོས་པོ་རྣམས་ཀྱང་ཡོད་མེད་གང་ཡང་སྐྱེ་བ་མེད་དོ། །གཉིས་པ་ལ་ཕྱོགས་ཆོས་ནི། ཡོད་པ་ནི་མི་སྐྱེ་སྟེ། གྲུབ་པ་ལ་སྒྲུབ་པ་མི་རུང་བའི་ཕྱིར་དང་། ཡོད་པ་སྐྱེ་བ་ལ་དགོས་པ་མེད་པའི་ཕྱིར་རོ། །མེད་པ་ཡང་མི་སྐྱེ་སྟེ། དེ་ལ་རྐྱེན་གྱིས་བྱ་བ་མི་འཇུག་པའི་ཕྱིར་དང་། རི་བོང་གི་རྭ་ལ་སོགས་པ་ཡང་སྐྱེ་བར་ཐལ་བའི་ཕྱིར་རོ། །གཉིས་པ་མ་ངེས་པ་མ་ཡིན་ཏེ། རྒྱུས་སྐྱེད་བྱ་ལ་ཡོད་པ་དང་། མེད་པ་ལས་གཞན་པའི་ཕུང་པོ་མེད་པའི་ཕྱིར་རོ། །གསུམ་པ་ནི། རྩ་ཤེར་ལས། འབྲས་བུ་ངོ་བོ་ཉིད་ཡོད་ན། །རྒྱུས་ནི་ཅི་ཞིག་བསྐྱེད་པར་བྱེད། །འབྲས་བུ་ངོ་བོ་ཉིད་མེད་ན། །རྒྱུས་ནི་ཅི་ཞིག་བསྐྱེད་པར་བྱེད། །ཅེས་སོ། །བཞི་པ་རྟེན་འབྲེལ་གྱི་རྟགས་ལ་གསུམ་གྱི་དང་པོ་ནི། གང་རྟེན་འབྲེལ་ཡིན་པ་དེ་དོན་དམ་པར་རང་བཞིན་མེད་དེ། དཔེར་ན་སྔགས་དང་སྨན་སོགས་ཀྱི་རྐྱེན་ལས་བྱུང་བའི་སྒྱུ་མ་བཞིན། གཞི་ལམ་སོགས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ནོ། །ཞེས་པ་འགལ་ཁྱབ་དམིགས་པའོ། །གཉིས་པ་ཕྱོགས་ཆོས་ནི། ཕྱི་དང་ནང་གི་ཆོས་རྣམས་རང་རང་གི་རྒྱུ་དང་རྐྱེན་ལས་སྐྱེ་བར་མངོན་སུམ་གྱིས་གྲུབ་ལ། གཞན་དུ་ན་རྒྱུ་མེད་དུ་ཐལ་བའི་ཕྱིར་རོ། །ཁྱབ་པ་ཡོད་དེ། བདེན་པར་ཡོད་ན་རྒྱུ་རྐྱེན་གྱིས་བྱ་བ་མི་འཇུག་སྟེ། རང་བཞིན་གཞན་དུ་མི་འགྱུར་བའི་ཕྱིར་རོ། །གསུམ་པ་ནི། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་གསུངས་ཤིང་། རྩ་ཤེར་ལས། རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་རྟེན་ནས་བདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་བཤད་དོ། །གཉིས་པ། དང་བ་ལས་གུས་པ་ནི། དང་བ་ལས་ཅི་འགྱུར་ཞེ་ན། ཡུམ་དེ་ལ་རབ་ཏུ་དང་བས་ཀྱང་ཤིན་ཏུ་གུས་པར་བྱེད་དོ། །སུ་ཞིག་ཅེ་ན། ཡུམ་དེའི་ཡོན་ཏན་འཕགས་བཞི་སྐྲུན་པ་སོགས་ལ་མངོན་པར་འདོད་པའི་གང་ཟག་དབང་པོ་རྣོ་རྟུལ་གཉིས་ཀ་ཡང་ངོ་། །གང་ལ་ན། ཤེར་ཕྱིན་དེ་དང་དེ་ལ་བ རྟེན་པའི་གསུང་རབ་རྒྱས་འབྲིང་བསྡུས་པ་སོགས་ལ་ཞེས་སམ་ཡང་ན། དེ་དང་ཞེས་པ་གཞུང་ཤེར་ཕྱིན་དང་དེ་ལ་བརྟེན་པ། དེའི་དོན་བསྡུས་པའི་བསྟན་བཅོས་སམ། དེ་དང་བརྗོད་བྱ་ཕྱོགས་མཐུན་གྱི་མདོ་སྡེ་གཞན་རྣམས་སོ། །གང་གི་དོན་དུ་ན། རྣམ་པ་ཐམས་ཅད་དུ་ཚིག་བཟུང་བ་དང་། ཐོས་པ་སོགས་ཀྱིས་དོན་ཀུན་ཆུབ་པར་བྱ་བའི་ཕྱིར་ལ་སོགས་པའི་དོན་དུའོ། །གསུམ་པ་ནི། གུས་པའི་འོག་དུ་ཅི་བྱ་ཞེ་ན། གུས་པར་བྱས་པ་དེ་ནས་ལེགས་པའི་མཆོག་རྣམ་མཁྱེན་ཐོབ་པར་འགྱུར་རོ། །ཚུལ་ཇི་ལྟར་ན། ཐོས་པ་ལས་བྱུང་བ་དང་། སོགས་པས་བསམ་པ་དང་། སྒོམ་པ་ལས་བྱུང་བའི་ཤེས་པ་ཐོག་མཐའ་བར་གསུམ་དུ་སྐྱེ་བའི་རིམ་གྱིས་སོ། །གཉིས་པ་ནི། གང་གི་ཕྱིར། ཐོས་པ་ལས་དང་། དང་བ་ལས་གུས། གུས་པ་ལས་ལེགས་པའི་མཆོག་ཐོབ་པ་དེའི་ཕྱིར་ཅེས་སོ། །འཕགས་པ་ཀླུ་སྒྲུབ་ཀྱིས། ལན་ཅིག་ཙམ་ཡང་བསམ་དག་པས། ཁྱོད་ལ་ཚུལ་བཞིན་ལྟ་བ་གང་། །དེས་ཀྱང་མཐོང་བ་དོན་ཡོད་པའི། །དངོས་གྲུབ་ངེས་པར་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །གཉིས་པ་བསྡུས་དོན་ནི་དེ་ལ་ཞེས་པའི་ངག་ཉེ་བར་འགོད་པའི་ཚིག་གི་ཕྲད་དེས་བསྟོད་དོ། །གང་གིས་ན། འཕགས་པ་བྱམས་པས་སོ། །གང་ལ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ལའོ། །གང་གི་སྒོ་ནས་ན། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཡོན་ཏན་བརྗོད་པའི་སྒོ་ནས་སོ། །ཅི་སྟེ་ཤེར་ཕྱིན་མཐའ་དག་ལ་བསྟོད་ན། སྦྱོར་བཞི་དང་ཆོས་སྐུ་ལ་མ་བསྟོད་པས་གྲངས་ཉུང་བར་འགྱུར་ལ། ཕྱོགས་གཅིག་ལ་བསྟོད་ན། རྣམ་མཁྱེན་ཁོ་ན་ལ་བསྟོད་པས། དེར་གཞན་རྣམས་ཀྱང་འདུས་པའི་ཕྱིར། གྲངས་མང་བར་འགྱུར་རོ་ཞེ་ན། མཐའ་དག་ལ་བསྟོད་ཀྱང་ཉུང་བའི་སྐྱོན་མེད་དེ། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་དོན་བརྒྱད་བསྡུས་ལ། དོན་བརྒྱད་པོ་དེ་དག་ཀྱང་དངོས་བཏགས་མ་ཕྱེ་ན། ཤེར་ཕྱིན་ཡིན་པས་སོ། །ཞིང་ཞེས་པ་འོག་མ་བསྡུད་པའི་ཚིག་གོ །བསྡུ་ཚུལ་ལ་ལོ་ཙྪ་བ་ཆེན་པོས། མཁྱེན་གསུམ་ནི་གཏན་ལ་དབབ་བྱ་ཡིན་པས་དུས་གསུམ་གྱི་འཕགས་པ་ཐམས་ཅད་ཀྱི་རྒྱུད་དང་འབྲེལ་བར་རྒྱ་མཚོ་ལྟ་བུ་ཡིན་ལ། སྦྱོར་བཞི་དང་ཆོས་སྐུ་ནི། སྦྱོར་བ་ཉམས་སུ་ལེན་པ་པོའི་རྒྱུད་དང་འབྲེལ་བའི་རྒྱུ་དང་འབྲས་བུའི་གནས་སྐབས་ཙམ་ཡིན་པས་སྐྲ་རྩེའི་ཆུའི་ཚོད་ཙམ་དུ་ཟད་ལ། དེས་ན་རྒྱ་ཆེ་བས་ཆུང་བ་བསྡུས་པ་ཡིན་ནོ་ཞེས་གསུངས་སོ། །འབྲེས་མཁྱེན་གསུམ་རང་བཞིན་ཡིན་ལ། སྦྱོར་བཞི་ཆོས་སྐུ་དེའི་གནས་སྐབས་ཡིན་པས་རང་བཞིན་གྱིས་གནས་སྐབས་བསྡུས་པའོ། །ཞེས་བཤད་ལ། ཨར་གྱིས་སྡུད་བྱེད་ཀྱི་མཁྱེན་གསུམ་ནི་སེམས་བསྐྱེད་ལ་སོགས་པ་མཁྱེན་གསུམ་མཚོན་བྱེད་ཀྱི་ཆོས་སུམ་ཅུ་ཡིན་ལ། དེས་སྦྱོར་བཞི་དང་ཆོས་སྐུ་བསྡུས་སོ་ཞེས་བཤད་དོ། །ཕྱོགས་གསུམ་ཆར་ལ་ཡང་གསུམ་གྱིས་ལྔ་བསྡུས་ཞེས་པར་འགྱུར་གྱི་གསུམ་ཀྱིས་བརྒྱད་བསྡུས་ཞེས་པའི་ཚིག་དོན་ལ་མ་ཞུགས་པར་སྣང་ངོ་། །འདིར་དོན་ནི་འདི་ཡིན་ཏེ། སྡུད་བྱེད་ཀྱི་མཁྱེན་གསུམ་ནི་ཕྱག་གི་ཡུལ་དུ་གྱུར་པ། གཙོ་བོའི་ཤེར་ཕྱིན་གཉིས་སུ་མེད་པའི་ཡེ་ཤེས་ཉིད་སྐྱེ་མེད་གསུམ་རྟོགས་པའི་ལྡོག་པ་ནས་མཁྱེན་པ་གསུམ་དུ་བཞག་པ་དེ་ཡིན་ལ། བསྡུ་བྱ་དོན་བརྒྱད་ནི། མཁྱེན་གསུམ་མཚོན་བྱེད་ཀྱི་ཆོས་སུམ་ཅུ་ལ་མཁྱེན་གསུམ་དུ་བཞག་པ་དང་། རྒྱུ་དང་འབྲས་བུའི་གནས་སྐབས་ཀྱི་སྦྱོར་བཞི་ཆོས་སྐུ་རྣམས་ཡིན་ནོ། །དེ་ལ་ཆེད་དུ་བྱ་བ་དང་། ཆོས་སྐུ་ནི་སྡུད་བྱེད་མཁྱེན་པ་གསུམ་དང་རང་བཞིན་ཐ་དད་པ་མ་ཡིན་ལ། གཞན་རྣམས་ནི་འབྲས་བུས་རྒྱུ་བསྡུས་པའི་ཚུལ་དུ་ཤེས་པར་བྱའོ། །རྣམ་མཁྱེན་ཁོ་ན་ལ་བསྟོད་པས་ཆོག་པས་བསྟོད་པ་གྲངས་མང་བའི་སྐྱོན་མེད་དེ། རྣམ་མཁྱེན་ཀྱིས་ཆོས་འཁོར་བསྐོར་བའི་ཡོན་ཏན་ཙམ་གྱི་སྒོ་ནས་བསྟོད་ན་ཡོན་ཏན་རྫོགས་པར་མི་འགྱུར་ལ། མཁྱེན་གསུམ་གྱི་སྒོ་ནས་བསྟོད་ན་ཡོན་ཏན་རྫོགས་པར་འགྱུར་ཏེ། མཁྱེན་པ་གསུམ་པོ་དེའི་ཡང་ཚིག་དོན་དུ་འཆད་པར་འགྱུར་བའི་ཚུལ་གྱི་འཕགས་པ་བཞིའི་བཞེད་དོན་ཐམས་ཅད་ཕུན་སུམ་ཚོགས་པ་ཡིན་ལ། དེ་ཙམ་གྱིས་རྟོགས་ལྡན་གྱི་དགོས་འདོད་ཡོངས་སུ་རྫོགས་པ་ཡིན་ནོ་ཞེས་རྗེ་བཙུན་གྱིས་ཐུགས་ལ་བཞག་ནས་མཁྱེན་གསུམ་གྱི་སྒོ་ནས་བསྟོད་པ་ཡིན་ནོ། །ཡང་ན་ཅིའི་ཕྱིར་མཁྱེན་གསུམ་ཁོ་ནས་བསྟོད་ཅེ་ན། རྒྱན་རྩོམ་པའི་དང་པོར་དེའི་བརྗོད་བྱ་ཤེར་ཕྱིན་མཐའ་དག་ལ་བསྟོད་པ་རིགས་ལ། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་རྒྱ྄ན་གྱི་བརྗོད་བྱ་དོན་བརྒྱད་དུ་བསྡུས་པ་དེ་དག་ཀྱང་ཤེར་ཕྱིན་ཡིན་པས་སོ། །དེ་ལྟར་ན། རྣམ་མཁྱེན་གྱི་དོན་བརྒྱད་བསྡུས་པས་དེ་ཁོ་ནས་བསྟོད་པར་རིགས་སོ་ཞེ་ན། དེས་ཀྱང་། ཞེས་སོགས་ལ་བཤད་པ་སྔ་མ་སྦྱར་སྟེ། སྔ་མས་མཁྱེན་གསུམ་གྱི་སྒོ་ནས་བསྟོད་པའི་རྒྱུ་མཚན་དང་། འདིས་དགོས་པ་བསྟན་ཏེ། དེས་ན་བསྟོད་ཕྱག་གི་ཡུལ་གྱི་གཙོ་བོ་ནི་འབྲས་བུ་ཤེར་ཕྱིན་ཡིན་ལ། དེར་གཞན་རྣམས་འདུས་པས་མངོན་རྟོགས་གཞན་རྣམས་ཀྱང་བསྟོད་ཕྱག་གི་ཡུལ་མ་ཡིན་པའི་སྐྱོན་མེད་དོ། །

གསུམ་པ་ཚིག་དོན་ལ་རྩ་བ་ལྟར་གཉིས་ཀྱི། དང་པོ་ལ་གསུམ་གྱི། དང་པོ་གཞི་ཤེས་ཀྱིས་ཉེར་ཞེར་ཁྲིད་པ་ནི། ཐོབ་པར་མཛད། གང་ཟག་གང་ན། ཉན་ཐོས་དང་དེར་མ་ཟད་རང་སངས་རྒྱས་རྣམས་བསྟན་ཏེ། རང་དོན་དུ་འབྲས་བུ་མྱ་ངན་ལས་འདས་པ་འདོད་པ་རྣམས་སོ། །རང་རྒྱལ་རྩ་བས་མ་ཟིན་ནོ་ཞེ་ན། སྐྱོན་མེད་དེ། ཉན་ཐོས་དེའི་ཕྱོགས་སུ་བསླན་པས་ཤུགས་ལ་བསྟན་པས་སོ། །ཚིག་གང་གིས་ན། ཉན་ཐོས་ཞི་བ་ཚོལ་རྣམས་ཞེས་པ་གཞི་ཤེས་ཀྱི་ཡོན་ཏན་བརྗོད་པའི་ཚིག་གི་རིམ་པ་གཅིག་གིས་ཏེ། ཚིག་དེས་དངོས་སུ་ཐབས་ཀུན་ཤེས་ཀྱིས་གང་ཟག་ཞི་བ་དོན་གཉེར་གྱི་ཉན་ཐོས་རྣམས་འབྲས་བུ་ཉེར་ཞིར་ཁྲིད་པར་བསྟན་པའི་ཕྱིར་དང་། དེ་དང་རང་རྒྱལ་རྣམས་ཞི་བ་དོན་གཉེར་དུ་མཚུངས་པའི་ཕྱིར་རོ། །བསམ་པའི་སྒོ་ནས་ཞི་བ་དོན་གཉེར་དུ་མཚུངས་ཀྱང་དེ་དང་ཡོན་ཏན་ཁྱད་པར་མེད་པ་མ་ཡིན་ཏེ། གཞན་ལ་སྒྲ་མེད་དུ་ཆོས་སྟོན། གཟུང་རྟོགས་སྤངས། སྲིད་པ་ཐ་མའི་ཚེ་སློབ་དཔོན་གྱི་མན་ངག་ལ་མི་ལྟོས་པ་སོགས་རྣམ་པར་ཐར་པར་ཅུང་ཟད་གཅིག་གིས་ཉན་ཐོས་ལས་ལྷག་པས་སོ། །ཐབས་གང་གིས་ཞེ་ན། གཞི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་སྐྱ྄ེ་བ་མེད་པར་ཡོངས་སུ་ཤེས་པ་ཉིད་ཀྱིས་སོ། །འབྲས་བུ་གང་ན། ཆོམ་རྐུན་བསད་དེ། གྲོང་མ་གཤིག་པ་ལྟར། ཉོན་མོངས་མ་ལུས་པ་སླར་མི་འབྱུང་བའི་ཚུལ་གྱིས་སྤངས་ཀྱང་ཟག་བཅས་ཀྱི་ཕུང་པོ་མ་འགགས་པའི་སོ་སོར་བརྟགས་འགོག་ཕུང་པོ་དང་བཅས་པ་དང་། ཆོམ་རྐུན་བསད་པའི་འོག་དུ་གྲོང་ཡང་རང་གི་ངང་གིས་ཞིག་པ་ལྟར་ཚེའི་འདུ་བྱེད་བཏང་སྟེ། ཟག་བཅས་ཀྱི་ཕུང་པོ་མ་ལུས་པ་འགག་པས་རབ་ཏུ་ཕྱེ་བའི་སོ་སོར་བརྟགས་མིན་འགོག་པ་ཕུང་པོ་མེད་པའི་མཚན་ཉིད་ཀྱི་མྱ་ངན་ལས་འདས་པ་རྣམས་སོ། །གཉིས་པ་ལམ་ཤེས་ཀྱིས་འཇིག་རྟེན་གྱི་དོན་སྒྲུབ་པ་ནི། སྒྲུབ་པར་མཛད། གང་ཟག་གང་ན། གཞན་དོན་དུ་ཆོས་སྐུའི་རང་བཞིན་གྱི་བྱང་ཆུབ་ཀྱི་ཆེད་དུ་སྲན་ཐུབ་ཅིང་། སྙིང་སྟོབས་བརྟན་པས་བྱང་ཆུབ་སེམས་དཔའ་དུས་འཁོར་བ་ཇི་སྲིད་བར་འགྲོ་བའི་དོན་བྱེད་པ་རྣམས་སོ། །ཐབས་གང་གིས་ན། ཐེག་པ་གསུམ་གྱི་ལམ་ཐམས་ཅད་སྐྱེ་བ་མེད་པར་རྟོགས་པའི་ངོ་བོ་ཉིད་ཀྱིས་སོ། །འབྲས་བུ་གང་ན། འགྲོ་བ་མཐའ་དག་གི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་དོན་ནོ། །

གསུམ་པ་རྣམ་མཁྱེན་གྱིས་ཆོས་འཁོར་བསྐོར་བ་ནི། བསྐོར་བར་མཛད། གང་ཟག་གང་ན། སངས་རྒྱས་སྒོ་གསུམ་མི་མཐུན་ཕྱོགས་ལས་ཡང་དག་པར་བསྡམས་པའི་སྐུ་ཅན་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་ཅན་གྱི་དབང་ཕྱུག་ཉན་རང་དག་ལས་ཆོས་ཀྱི་དབང་ཕྱུག་ཕུན་སུམ་ཚོགས་པ་མངའ་ཞིང་། དེ་དག་བཀས་མངའ་བསྒྱུར་བས་ན་གཙོ་བོ་རྣམས་སོ། །ཐབས་གང་གིས་ན། ཆོས་རྣམས་ཀྱི་རྒྱུ་འབྲས་ངོ་བོའི་རྣམ་པ་ཐམས་ཅད་སྐྱེ་བ་མེད་པར་ཐུགས་སུ་ཆུད་པ་གང་དང་ཡང་དག་ལྡན་པའོ། །འབྲས་སུ་གང་ཞེ་ན། གདུལ་བྱ་རྣམས་ཀྱི་འདོད་ཆགས་ལ་སོགས་པ་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་རང་བཞིན་གྱི་ཆོས་ཀྱི་འཁོར་ལོ་ལ་འདུད་པ་བརྗོད་བྱ་ཀུན་རྫོབ་དང་དོན་དམ་པའི་བདེན་པའི་རྣམ་པ་ཐམས་ཅད་དང་ལྡན་པའོ། །


previousབཤད་པ་ཉེ་བར་དགོད་པ། next