ཡང་གསང་ཐུགས་ཀྱི་ཕུར་གཅིག་གི་བརྒྱུད་འདེབས་བྱང་ཆུབ་ལམ་བཟང་། ཀརྨ་ངེས་དོན་བསྟན་པ་རབ་རྒྱས།
ཡང་གསང་ཐུགས་ཀྱི་ཕུར་གཅིག་གི་བརྒྱུད་འདེབས་བྱང་ཆུབ་ལམ་བཟང་ཞེས་བྱ་བ་བཞུགས་སོ། །
ན་མཿཤྲཱི་བཛྲ་ཀུ་མཱ་ར་ཡེ། རང་བྱུང་གདོད་མའི་མགོན་པོ་ཀུན་ཏུ་བཟང་། །རིགས་དྲུག་ཁྱབ་བདག་བཅོམ་ལྡན་རྡོ་རྗེ་སེམས། །ལྷུན་གྲུབ་སྣང་བའི་གདངས་རྩལ་དཔལ་ཆེན་པོར། །གསོལ་བ་འདེབས་སོ་མཐུ་དབང་དངོས་གྲུབ་སྩོལ། ཁ་སྦྱོར་བདུན་ལྡན་ཟུང་འཇུག་རྡོ་རྗེ་འཆང་། །མི་མཇེད་ཞིང་གི་སྟོན་མཆོག་ཤཱཀྱ་ཐུབ། །རྒྱལ་བའི་གདུང་འཛིན་དགའ་རབ་རྡོ་རྗེའི་ཞབས། །གསོལ་བ་འདེབས་སོ་མཐུ་དབང་དངོས་གྲུབ་སྩོལ། །གསང་བའི་བདག་པོ་རིག་འཛིན་རྡོ་རྗེ་ཆོས། །མཁའ་འགྲོའི་གཙོ་མོ་ལས་ཀྱི་དབང་མོ་ཆེ། །མཆོག་གི་བདག་ཉིད་ཨིནྡྲ་བྷཱུ་ཏི་ལ། །གསོལ་བ་འདེབས་སོ་མཐུ་དབང་དངོས་གྲུབ་སྩོལ། །ཤྲཱི་སིང་ཧ་རིག་འཛིན་ཡོངས་ཀྱི་རྗེ། །བདེ་ཆེན་མཆོག་གི་གར་བསྒྱུར་གོ་མ་ས། །རྡོ་རྗེ་འཛིན་པ་ཧཱུྃ་ཆེན་ཀཱ་ར་ལ། །གསོལ་བ་འདེབས་སོ་མཐུ་དབང་དངོས་གྲུབ་སྩོལ། །མཐུ་སྟོབས་དབང་ཕྱུག་པྲ་བྷ་ཧསྟི་དང་། །སྣང་སྲིད་ཟིལ་གནོན་གུ་རུ་པདྨ་འབྱུང་། །དབྱངས་ཅན་སྤྲུལ་པ་ཡེ་ཤེས་མཚོ་རྒྱལ་ལ། །གསོལ་བ་འདེབས་སོ་མཐུ་དབང་དངོས་གྲུབ་སྩོལ། །སྨོན་ལམ་དབང་བསྒྱུར་ཚངས་ཆེན་ལྷ་ཡི་ལྷ། །དེ་སྲས་སེམས་དཔའ་ཆོས་ཀྱི་བློ་གྲོས་ཞབས། །མཁོན་རིགས་སྟོན་པ་ཀླུ་དབང་སྲུང་བ་ལ། །གསོལ་བ་འདེབས་སོ་མཐུ་དབང་དངོས་གྲུབ་སྩོལ། །ཤུད་བུ་དཔལ་སེང་གདུལ་དཀའ་འདུལ་བའི་དཔལ། །གཉགས་ཆེན་ཛྙཱ་ནས་རང་བྱུང་ཡེ་ཤེས་རྟོགས། །ཨོ་རྒྱན་ཐུགས་སྲས་མཆོག་གྱུར་གླིང་པའི་ཞབས། །གསོལ་བ་འདེབས་སོ་མཐུ་དབང་དངོས་གྲུབ་སྩོལ། །སྨོན་ལམ་ལས་ཅན་གཏད་རྒྱ་དང་ལྡན་པའི། །རྒྱུད་
ལུང་མན་ངག་གདམས་པ་ཟབ་མོ་ཡིས། །བཤད་སྒྲུབ་བསྟན་པ་མི་ནུབ་འཛིན་མཛད་པ། །ཆོས་བདག་བརྒྱུད་པར་བཅས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །སྨིན་གྲོལ་བདུད་རྩིས་རྒྱུད་བརླན་བསྐྱེད་དང་རྫོགས། །དོན་དམ་ལྷན་སྐྱེས་ཡེ་ཤེས་གདིང་ཐོབ་ནས། །མཐའ་ཡས་འགྲོ་བ་སྒྲོལ་བའི་ནུས་ཐོབ་ཤོག །རང་བྱུང་ཀ་དག་ཕུར་པ་ཆོས་དབྱིངས་ལ། །བདེ་ཆེན་ཐིག་ལེའི་ཕུར་པ་ཡུམ་གྱི་མཁར། །ཚད་མེད་ཐུགས་རྗེའི་ཕུར་པ་འགྲོ་ལ་ཐེབས། །མཚན་མ་རྫས་ཀྱི་ཕུར་པས་ཞིང་བཅུ་བསྒྲལ། །ཕུར་བཞིའི་དགོངས་པ་སྦྱོར་སྒྲོལ་འཁོར་ལོ་ཡིས། །གཟུགས་ཅན་གཟུགས་མེད་བྱང་ཆུབ་སྒྲུབ་པའི་གེགས། །མ་ལུས་ཚར་གཅོད་རྗེས་སུ་འཛིན་པ་དང་། །རྡོ་རྗེ་གཞོན་ནུའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་གཏེར་གསར་ཡང་གསང་ཐུགས་ཀྱི་ཕུར་གཅིག་གི་བརྒྱུད་འདེབས་འདི་ལྟར་དགོས་ཞེས་རིམ་གཉིས་རྣལ་འབྱོར་ཟུར་མང་རྟོགས་ལྡན་དཀོན་མཆོག་རྒྱལ་མཚན་ནས་བཀྲ་ཤིས་པའི་ལྷ་རྫས་དར་སྣ་ལྔའི་ཅོད་པན་དང་བཅས་བསྐུལ་བ་དང་། གཏེར་ཆེན་མཆོག་གིས་ཀྱང་བཀའི་གནང་བ་ལ་བརྟེན་བཀའ་གཏེར་དག་སྣང་བརྒྱུད་པ་ཀུན་འདུས་ཀྱི་ལུགས་སུ་མོས་ནས། ཟླ་བཟང་སྤྲུལ་མིང་པ་ཀརྨ་ངེས་དོན་བསྟན་པ་རབ་རྒྱས་ཀྱིས་ས་སྤྱོད་གསུང་གི་འཁོར་ལོའི་གནས་ཆེན་དུ་བྲིས་པ་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་ཕྱོགས་མཐར་ཁྱབ་པའི་རྒྱུར་གྱུར་ཅིག །ཤུ་བྷཾ།། །།