Nitartha Digital Library
Tibetan
གཟུང་འདུས་གླེགས་བམ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
སྟག་མོས་ཞུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྟག་མོས་ཞུས་པ།next

སྟག་མོས་ཞུས་པ།

༄༅། །སྟག་མོས་ཞུས་པ་བཞུགས་སོ། །

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྣལ་འབྱོར་དང་མཐུན་པའི་གནས་རིའི་སུལ་སྨན་ལྗོངས་ཤིག་ན་གནས་ཤིང་སྤྱོད་དོ། །དེ་ནས་རི་ཁྲོད་དེ་ན་སྟག་མོ་ཕྲུག་གུ་འབྲང་བ་ཞིག །ཕྲུག་གུ་འབྲང་བའི་སྡུག་བསྔལ་གྱི། སྤྱོད་པ་ཉམས་པར་གྱུར་པ་མཐོང༌། །བཀྲེས་པས་ལྟོགས་པ་རབ་ཏུ་མྱོང༌། །མིག་གཉིས་ལྟ་བ་ཞན་པར་གྱུར། །ཕྲུག་གུ་བདག་ཁ་བུ་ཡིན་ཀྱང༌། །ཁ་ཟས་བཞིན་དང་ལྡན་པར་འགྱུར། །མ་ལ་ཡིད་གཅུགས་འཇིགས་མེད་ཅིང༌། །ནུ་ཞོ་འདོད་ཕྱིར་ལྷགས་པ་ལས། །སྟག་མོ་ངར་ངར་སྒྲ་འབྱིན་ཅིང༌། གཞན་གྱི་བུ་བཞིན་སྤངས་པར་འགྱུར། བྱང་ཆུབ་སེམས་དཔའ་དེ་མཐོང་ནས། །བརྟན་ཀྱང་སྙིང་རྗེའི་དབང་གྱུར་པ། །ས་གཡོས་པ་ཡི་ལྗོན་ཤིང་བཞིན། །གཞན་གྱི་སྡུག་བསྔལ་གདུངས་པས་འདར། །བདག་གིས་སྡུག་བསྔལ་ཆེན་པོས་ཀྱང༌། །སྙིང་རྗེའི་བདག་ཉིད་བརྟན་པ་གསལ། །གཞན་གྱི་སྡུག་བསྔལ་ཆུང་ངུས་ཀྱང༌། །འདར་བར་གྱུར་པ་དེ་རྨད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་བརྟབ་ཅིང་རིང་རིངས་སྐད་དུ་སྨྲ་བའི་ཚིག་རང་བཞིན་ཁྱད་པར་ཅན་གསལ་བར་སྟོན་པ། སྙིང་རྗེའི་དབང་གིས་ཚིག་འབྲུ་གསལ་བར་སློབ་མ་ལ་སྨྲས་པ། །འུ་བུ་འཁོར་བ་ཡོན་ཏན་མེད་ལ་ལྟོས། །གཅན་གཟན་མོ་འདི་ལྟོགས་ནས་སུ། །བྱམས་པའི་མཚམས་ལས་འདས་ནས་ནི། །རང་གི་བུ་ཡང་ཟ་བར་འདོད། ཀྱེ་མ་བདག་ལ་བྱམས་པ་འདི། །ཧ་ཅང་མ་འོས་མི་བཟད་དོ། །གང་ཕྱིར་མ་ཡང་བདག་གི་བུ། །ཟ་བར་འདོད་པ་ག་ལ་སྲིད། །གང་ཕྱིར་འདི་འདྲའི་ལས་དག་ཀྱང༌། བྱེད་པར་རྩོམ་པ་དེ་ལྟ་བུའི། །བདག་ལ་བྱམས་པའི་དགྲ་བོ་དེ། །འཕེལ་བར་བྱེད་པ་སུ་ཞིག་ཡོད། །དེ་ལྟ་བས་ན་སྟག་མོ་དང་ཕྲུག་གུ་རྣམས་མ་རུངས་པར་འགྱུར་བ་འདི་བཀྲེས་པའི་སྡུག་བསྔལ་སེལ་བའི་རྒྱུ་གང་ཞིག་ནས་མྱུར་དུ་ཚོལ་ཅིག །བདག་ཅག་འདིའི་ཐུབ་ཚོད་འདི་ལས་བཟློག་པའི་ཕྱིར་འབད་དོ། །དེས་ཀྱང་དེ་མ་ཉན་ཏེ་དེ་བཞིན་དུ་བགྱིའོ་ཞེས་ནས་དེའི་ཟས་འཚོལ་བ་ལ་འབད་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་སློབ་མ་དེ་སྙད་བཏགས་ཏེ་བཏང་ནས་བསམས་པ། བདག་གི་ལུས་ཚང་བར་ཡོད་བཞིན་དུ། ཅིའི་ཕྱིར་གཞན་ལས་ཤ་ནི་བཙལ་བར་བྱ། །དེས་ཀྱང་རྙེད་དམ་མི་རྙེད་གཏོལ་མེད་ལ། །བདག་གི་དགོས་པ་མི་འགྲུབ་སྲིད་དཔེར་ན། །བདག་མེད་འཇིགས་ལ་སྙིང་པོ་མེད་པའི་ལུས། །སྡུག་བསྔལ་དྲན་མེད་རྟག་ཏུ་མི་གཙང་བའི། །ལུས་ཀྱིས་གཞན་ལ་ཕན་འདོགས་ནུས་པ་ལ། །དགའ་བར་མི་འགྱུར་དེ་ནི་མཁས་མ་ཡིན། །བདག་གི་དེ་ལ་ཆགས་ནས་གཞན་དག་གི །སྡུག་བསྔལ་ཡལ་བར་འདོར་བ་མཐུ་མེད་དམ། །གཞན་དག་སྡུག་བསྔལ་དག་ལ་བདེ་བ་མེད། །ནུས་པ་ཡོད་བཞིན་ཅི་སྟེ་ཡལ་བར་འདོར། །ནུས་པ་ཡོད་བཞིན་བདག་གིས་ཡལ་འདོར་ན། །གསོད་པའི་དགྲ་ཡང་སྡུག་བསྔལ་བྱེད་པ་ལ། །ཡལ་བར་བོར་བཞིན་སྡིག་པ་བྱས་པ་ནི། །བདག་གི་སེམས་ནི་འདམ་བུ་མེས་འཚིག་བཞིན། །དེ་བས་ལུས་ཀྱིས་བསྲུང་བ་བྱས་པ་ནི། །གཡང་སར་ལྷུང་ལ་ཐུག་པའི་སྲོག་ཡོད་པས། །ཕྲུག་གུ་བསད་པའི་གཅན་མོ་བསྲུང་བ་དང༌། །གཅན་མོ་ལས་ཀྱང་དེ་ཡི་ཕྲུག་གུ་བསྲུང༌། །གཞན་ཡང་འཇིག་རྟེན་ཕན་བརྩོན་རྣམས་ལ་བསྟན་པ་དང༌། །བརྩོན་འགྲུས་གཞན་ལ་སྤྲོ་བ་བསྐྱེད་པ་དང༌། །གཏོང་ཕོད་རྣམས་ནི་དགའ་བ་སྐྱེད་པ་དང༌། །སྐྱེ་བོ་དམ་པའི་ཡིད་ནི་དྲང་བ་དང༌། །བདུད་ཀྱི་སྡེ་ཆེན་སྤ་ནི་བཀོང་བ་དང༌། །སངས་རྒྱས་ཡོན་ཏན་དག་ལ་དགའ་བ་དང༌། །བདག་གིས་དོན་བརྩོན་ངོ་མཚར་སྐྱེད་པ་དང༌། བརྡུངས་དང་འདོད་ཆེན་ངོ་མཚར་སྐྱེད་པ་དང༌། །ཐེག་པ་མཆོག་ལ་བརྟེན་པ་དད་བསྐྱེད་ཅིང༌། །གཏོང་ཕོད་བརྟེན་པ་ངོ་མཚར་བསྐྱེད་པ་དང༌། །གཏོང་ལ་དགའ་ལ་རྗེས་སུ་ཡི་རང་རྣམས། །མཐོ་རིས་ལམ་ཆེན་རྣམས་ལ་སྦྱང་ཕྱིར་རོ། །ལུས་ཙམ་གྱིས་ཀྱང་གཞན་ལ་ཕན་འདོགས་པར། །ནམ་ཞིག་འགྱུར་ཞེས་བདག་གིས་གང་བསམས་པའི། །སྨོན་ལམ་དེ་ནི་འབྲས་བུ་ཡོད་པ་བྱ། །བྱང་ཆུབ་མཆོག་ཀྱང་རབ་ཏུ་ཉེ་བར་བྱ། །འགྲན་ཕྱིར་མ་ཡིན་གྲགས་པ་འདོད་ཕྱིར་མིན། །མཐོ་རིས་སུ་འདོད་གྲགས་དང་རྒྱལ་སྲིད་སྒྲུབ། །བདག་གིས་བདེ་བ་མཆོག་ཐོབ་ཕྱིར་མིན་གྱི། །གཞན་དོན་བསྒྲུབ་ཕྱིར་བདག་ནི་འདི་རྩོམ་མོ། །དེ་བས་བདག་ནི་འདི་ཡི་དུས་གཅིག་ཏུ། །འཇིག་རྟེན་དག་ལ་སྡུག་བསྔལ་བདེ་འབྱུང་བ། །བསལ་ཞིང་བསྒྲུབ་པ་རྟག་ཏུ་ནུས་གྱུར་ཅིག །ཉི་མས་མུན་སེལ་སྣང་བྱུང་ནུས་བཞིན་དུ། མཐོང་ངམ་ཐོས་སམ་རྗེས་སུ་དྲན་ཀྱང་རུང༌། །རེག་གམ་གཏམ་དུ་བརྗོད་པ་ཙམ་གྱིས་ཀྱང༌། །རྣམ་པ་ཀུན་ཏུ་འགྲོ་ལ་ཕན་པ་ནི། །བདེ་དང་ལྡན་པ་རྟག་ཏུ་བྱེད་གྱུར་ཅིག །དེ་ལྟར་གཞན་དོན་བསྒྲུབ་ཕྱིར་ངེས་བྱས་ནས། །སྲོག་དང་བྲལ་ཡང་རབ་ཏུ་དགའ་གྱུར་ཏེ། །བརྟན་པའི་ལྷ་རྣམས་ངོ་མཚར་སྐྱེ་འགྱུར་བར། །བདག་གིས་ལུས་ནི་དེ་ནས་བོར་འགྱུར་བ། །དེ་ནས་སྟག་མོ་དེས་བྱང་ཆུབ་སེམས་དཔའ་ལུས་བོར་བའི་སྒྲ་དེ་ཐོས་ཤིང་ངོ་མཚར་སྐྱེས་ནས། རང་གི་ཕྲུག་གུ་བཅའ་བ་བཏང་སྟེ། དེ་ནས་དེ་ལ་མིག་གཉིས་བལྟས་ནས། བྱང་ཆུབ་སེམས་དཔའ་དེའི་ལུས་སྲོག་དང་བྲལ་བ་མཐོང་བས། དེ་མ་ཐག་ཏུ་ཉེ་བར་འོངས་ཏེ་བཟའ་བར་བརྩམས་སོ། །དེའི་འོག་ཏུ་སློབ་མ་དེས་ཤ་མ་རྙེད་པ་སླར་འོངས་ཏེ། མཁན་པོ་ག་ན་བཞུགས་སྙམ་ནས་བལྟས་པ་ན། བྱང་ཆུབ་སེམས་དཔའ་དེའི་ལུས་སྲོག་དང་བྲལ་བ་སྟག་མོ་དེ་ཟ་ཞིང་འདུག་པ་མཐོང་བ་དང༌། དེས་དེའི་སྤྱོད་པ་ཁྱད་པར་ཅན་ངོ་མཚར་ཆེ་བར་བཟུང་ནས་མྱ་ངན་སྡུག་བསྔལ་གྱི་ཤུགས་བཏང་སྟེ། དེའི་ཡོན་ཏན་གྱི་གཞི་ལ་སྨོན་པའི་ཚིག་ཏུ་སྨྲ་བ་བཞིན་དུ་ཡིད་ལ་བསམ་པ་ཚིག་ཏུ་སྨྲས་ན་ལེགས་ཏེ། ཨེ་མ་སྡུག་བསྔལ་ཅན་ལ་འདི་སྙིང་རྗེ། །བདག་ཉིད་འཆི་བ་བདག་གིས་དེ་མ་ཆགས། །དམ་པ་རྣམས་ཀྱི་སྤྱོད་པ་མཆོག་ཏུ་བྱས། །གཞན་གྱི་དཔལ་དང་གྲགས་པ་ཟིལ་གྱིས་གནོན། །ཨེ་མ་རབ་ཏུ་དཔའ་བ་འཇིགས་པ་མེད། །ཡོན་ཏན་བཞི་ལྡན་བྱམས་མཆོག་རྣམ་པར་བརྟན། །ཨེ་མ་ཡོན་ཏན་ཆེན་པོ་བདག་གི་ལུས། ཕྱག་གི་གནས་ཀྱི་ཁྱད་པར་ཅན་དུ་བྱས། །རང་བཞིན་ཞི་བ་ས་གཞི་བཞིན་དུ་བརྟན། །ཨེ་མ་གཞན་གྱི་སྡུག་བསྔལ་མི་བཟོད་པ། །ཨེ་མ་དཔའ་བོ་ཕུན་སུམ་ཚོགས་པ་འདིས། །བདག་གི་སྐྱོན་ནི་རབ་ཏུ་གྲགས་པར་འགྱུར། །མགོན་པོ་འདིས་ནི་མགོན་དང་བཅས་བྱས་པ། །དེ་ནི་འགྲོ་བ་མྱ་ངན་བྱ་མི་དགོས། །གཞན་གྱིས་ཕམ་དུས་དོགས་པའི་བདུད་དག་ཀྱང༌། །ད་ནི་ངེས་པར་ཤུགས་ཀྱང་ནར་ཞེས་འབྱིན། །ཡོང་ཡེ་བསྐལ་པ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་སྐྱབས་སུ་གྱུར་པ། ཐུགས་རྗེ་ཤིན་ཏུ་རླབས་ཆེ་བ། སྙིང་སྟོབས་དཔག་ཏུ་མེད་པ། བྱང་ཆུབ་སེམས་དཔའི་དོན་ཇི་ལྟ་བ་ཉིད་ལ་ཕྱག་འཚལ་ལོ། །ཞེས་སྨྲས་ནས། དེ་ནས་དོན་དེ་ཚངས་པར་མཚུངས་པར་སྤྱོད་པ་རྣམས་ལ་སྦྲན་ནོ། །དེ་ནས་དེའི་སྤྱོད་པས་ངོ་མཚར་གྱུར་པའི་སློབ་མ་དང༌། དྲི་ཟ་གནོད་སྦྱིན་ཀླུ་དང་སུམ་ཅུ་རྩ་གསུམ་གྱི་བདག་པོ་རྣམས། འཕྲེང་བ་ན་བཟའ་རྒྱན་དང་ཙན་དན་ཕྱེ་མའི་ཆར་པ་ཕབ་པས། དེའི་སྐུ་གདུང་འཛིན་པའི་ས་གཞི་ཁེབས་པར་བྱས། དེ་བས་ན་དེ་ལྟར་བཅོམ་ལྡན་འདས་དེའི་སྐུ་ཚེ་སྔ་མ་ལ་ཡང༌། སེམས་ཅན་ཐམས་ཅད་ལ་རྒྱུ་མེད་པར་རབ་ཏུ་བྱམས་པའི་རང་བཞིན་ཅན། སེམས་ཅན་ཐམས་ཅད་བདག་གིར་གྱུར་པ་ཡིན་པས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རབ་ཏུ་དད་པར་བྱའོ། །དད་པ་སྐྱེས་པ་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་དགའ་བ་བསྐྱེད་པར་བྱའོ། །དེ་ལྟ་བས་ན་དེ་ནི་བདག་ཅག་གི་དད་པའི་གནས་ཡིན་ནོ། །ཞེས་པ་དེ་ལྟར་ཡང་སྦྱར་བར་བྱའོ། །དེ་ལྟར་ཆོས་ཀྱང་བྱ་དཀའ་བ་མང་པོ་བསྒྲུབ་པའི་ཕྱིར་རིམ་གྲོ་བསྐྱེད་དེ། ཆོས་མཉན་པར་བྱའོ། །དེ་ལྟར་སྙིང་རྗེ་ནི་གཞན་ལ་ཕན་འདོད་པུའི་རྒྱུ་ཡིན་ཞིང༌། ངོ་བོ་ཉིད་ཁྱད་པར་ཅན་བསྒྲུབས་པ་ཡིན་པའི་ཕྱིར། སྙིང་རྗེའི་ཡོན་ཏན་བསྔགས་པ་ལའང་བརྗོད་པར་བྱའོ། །བྱང་ཆུབ་སེམས་དཔའི་རྒྱུད་ལས་རྟོགས་པ་དང་པོའི་ལེའུ་རྫོགས་སོ།། །།མངྒ་ལཾ།། །།


previousསྟག་མོས་ཞུས་པ།next