Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།

2 occurrences of འབེན་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ལས་མཐའ་སྦྱིན་བསྲེག་བྱ་བའི་མན་ངག་གསལ་བར་བསྡུས་ཏེ་བཀོད་པའི་ཟིན་བྲིས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  


2 occurrences of འབེན་
[Clear Hits]

 
previousའཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ལས་མཐའ་སྦྱིན་བསྲེག་བྱ་བའི་མན་ངག་གསལ་བར་བསྡུས་ཏེ་བཀོད་པའི་ཟིན་བྲིས།next

འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ལས་མཐའ་སྦྱིན་བསྲེག་བྱ་བའི་མན་ངག་གསལ་བར་བསྡུས་ཏེ་བཀོད་པའི་ཟིན་བྲིས།


CMR012_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ལས་མཐའ་སྦྱིན་བསྲེག་བྱ་བའི་མན་ངག་གསལ་བར་བསྡུས་ཏེ་བཀོད་པའི་ཟིན་བྲིས་བཞུགས་སོ།


CMR012_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་གཤིན་རྗེ་མེའི་ཐོག་རྒོད་འབར་བ་ལ་ཕྱག་འཚལ་ལོ༔ གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་སྦྱིན་སྲེག་ལ་གསུམ་སྟེ༔ སྤྱི་དང་བྱེ་བྲག་ཞལ་ཧོམ་དང་གསུམ་མོ༔ དང་པོ་ནི་གདོན་བགེགས་ཚར་གཅོད་པ་ནི༔ ཤི་འདྲེ་ཆུང་སྲི་གོད་འདྲེ་དང་སྨྱོ་འདྲེ་འདུལ་བའམ༔ དགྲ་བགེགས་རྣམས་ཚར་གཅོད་འདོད་ན་སྦྱིན་སྲེག་བྱ་སྟེ༔ ས་ཆོག་དང་བྲི་ཐིག་སོགས་བསྲེག་རྫས་ཐམས་ཅད་དང་༔ མེ་ལྷ་མེ་སྦྱར་མེ་ཞགས་རྗེས་ཆོག་ཐམས་ཅད་དང་༔ གཞན་སྤྱི་དང་འདྲ་སྟེ་འདིར་མ་སྨྲས་སོ༔ གཉིས་པ་དྲག་པོའི་ས་སྣ་ལ༔ གྲུ་གསུམ་མདའ་གང་སུམ་བརྩེགས་བྱ དུག་ཁྲག་གིས་ཆག་ཆག་གདབ༔ གྲུ་གསུམ་མཚོན་ཆ་མེ་རིའི་མཚོན་པ༔ ནང་དུ་ཡི་གེ་རཾ་བྲིས༔ དུག་ཤིང་རིམ་པ་གསུམ་


CMR012_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས་པ༔ ཡང་ན་སྔར་གྱི་བྲུབ་ཁུང་དེ་ཉིད་ཕྱི་ནས་དུག་ཤི་ང་གྲུ་གསུམ་བརྩེགས་ནང་ཚེར་མས་བཀང་༔ གཡས་སུ་སྨན་རཀ་དང་མར་གཏོར་བཤམས༔ གཡོན་དུ་གཞི་ནག་པོའི་སྟེང་དུ་ཡམ་ཤིང་སོར་བརྒྱད་ཁྲག་གིས་སྦག་པ་བདུན་ནམ་ཉེར་གཅིག གཡོན་ནས་བྲུབ་ཁུང་ཡོད་པའི་ཟན་ལིང་རེ་དང་༔ ལིང་ག་དངོས་གཞིའི་ནང་གི་ཤོག་ལིང་དེ་གྲི་ལྕགས་ཀྱི་མཚོན་གྱིས་རྐང་པ་གཡོན་ནས་བསད༔ སྔགས་བརྗོད་ཅིང་གཏུབ་པའི་དུམ་བུ་རེ་དང་ཤ་དུམ་སྦྲགས་ནས་བཞག སྔར་གྱི་ཟན་ལིང་དེ་ལྕགས་གཏུན་ནམ་རྡོ་གཏུན་ལྕགས་ལྡེར་རམ་མེད་ན་རྡོ་ཐོག་ཏུ་བསད་སྔགས་བཟླ་ཞིང་ཐོ་བས་ཞིབ་པར་བརྡུང་བའི་ཕྱེ་མ་ཤ་དུམ་དང་ལིང་ག་ཐམས་ཅད་ལ་བཏབ༔ བྱིན་བརླབས་མ་བྱས་པའི་ཆང་རྒོད་དང་ཁྲག་དང་ཆུ་བསྲེས་པའི་ཕུད་རྒོད་ཀྱང་བཤམས༔ མདུན་དུ་


CMR012_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

མཆན་ནམ་ཚིལ་དང་ཁྲག་ཞག་བསྲེས་པའི་མར་ཁུ་ཅུང་ཟད་བཤམས༔ དེ་ལ་སླར་འགུགས་གཞུག་དང་མཆོད་པ་བྱིན་རླབས་བྱ༔ ཁ་ལྔ་སེར་དང་མཁའ་འགྲོ་སོགས་ལ་གདོང་མི་ལྟ་བར་ལྷོའམ་དགྲ་ཕྱོགས་སུ་ཁ་བལྟས༔ མགར་བའི་འདུག་སྟངས་ཀྱིས་སྔགས་ཆས་གྱོན༔ དུར་ཁྲོད་སོལ་བ་གདོང་ལ་བྱུག ཐབ་བྲན་བསངས་སྦྱངས་མེ་སྦར་ལ༔ སྟོང་པའི་ངང་ལས་མདུན་དུ་མེ་ཐབ་གྲུ་གསུམ་མཐིང་ནག་མེ་རླུང་མཚོན་ཆ་འཁྲུགས་པ༔ དུག་གི་མེ་རི་མེ་དཔུང་འུར་སྒྲ་ཚག་སྒྲ་དང་འབྲུག་ལྟར་ལྡིར་བའི་དབུས་སུ༔ འཇིག་རྟེན་ཁམས་ཚ་གྲང་རབ་ཏུ་འཁྲུགས་པའི་ཞེས་སོགས་ནས་བསྐྱེད་ཆོག་སྤྱན་འདྲེན་བཞུགས་གསོལ་སོགས་ནས་གཏོར་བསྔོས་གཞུང་ལྟར་འདོན༔ དེ་ནས་རྩ་སྔགས་ལ། ཨོཾ་བྷྱོ་དྷི་བྲིཀཱ་ཡེ་སྭཱ་ཧཱུ་རྗེའི་གཟི་བརྗིད་ཕུན་སུམ་ཚོགས་པ་ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་ཡམ་ཤིང་ལ༔ ཨོཾ་ཨཀྵེ་ཡེ་སྭཱ་ཧཱ༔ རྨིའི་འབྱོར་པ་ཕུན་སུམ་ཚོགས་པ་ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བདུན་ནམ་ཉེར་གཅིག་འབུལ༔ དེ་ནས་གཡོན་གྱི་ཧོམ་གཟར་དུ་ལིང་རོ་ཤ་དུམ་རེ་དང་ཟན་ལིང་རེ་བཞག༔ གཡས་བླུག་གཟར་གྱིས་ཁྲག་བླུག་པ་བཟུང་ནས༔ ཧཱུྃ༔ འཇིགས་བྱེད་ཡ་མཱན་ཀ་ནི༔ སོགས་བསྟབ་པའི་གཞུང་ཚིག་དེ་བརྗོད་ནས༔ གཤིན་རྗེ་འཁོར་བཅས་ཞལ་མེའི་རང་བཞིན་གནམ་ས་ཙམ་གདངས་བའི་ནང་དུ་དགྲ་བགེགས་དངོས་སུ་བསྟབས་པས༔ ཧྲག་ཧྲག་བསྲེགས་ཤིང་གྱུར་


CMR012_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

མིད་དུ་བཏང་བར་བསམས་ལ༔ བསྙེན་སྔགས་དང་ཟློག་སྔགས་དང་བསད་སྔགས་གསུམ་སྦྲེལ་བའི་མཇུག་ཏུ༔ བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་ཀྱི་སྲོག་སྙིང་རྣམ་ཤེས་དང་བཅས་པ་མཱ་ར་ཡ་ཛྭ་ལ་རཾ་རཾ༔ ཞེས་བརྒྱ་དང་ཉེར་བརྒྱད་འབུལ་ཏེ༔ སྔགས་དང་རྫས་ལ་ལྷག་ཆད་མང་ཉུང་མེད་པར་བྱའོ༔ དེ་ནས་མངའ་གསོལ་བྱ་སྟེ༔ དབུ་སྐྲ་ཁམ་ནག་སྲིད་པའི་རྩེ་མོར་འབར༔ ཞལ་ཟས་སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ བར་ཆད་རྐྱེན་རྣམས་ཟློག་པའི་ཕྲིན་ལས་མཛོད། ཅེས་སོགས། གནོད་བྱེད་དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛོད༔་ཞེས་སོགས་སྐབས་ཐོབ་འདོན་པ་བསྒྱུར༔ དེ་ནས་མེ་ལྷའི་གཏོར་མ་དེ་རིམ་གྲོ་ཡིན་ན་གཏོར་བསྔོས་བྱས་ལ་འབུལ༔ མཐུ་ཡིན་ན༔ ཕྱོགས་ཕྱོགས་དག་ཀྱང་སོགས་བསྐུལ་པ་བྱས་ལ༔ སྟོང་གསུམ་འཇིག་རྟེན་ཁྱབ་པར་རྒྱུག༔ ཞལ་ཟས་སྦྱིན་སྲེག་མཆོད་པ་འབུལ༔ ནད་གདོན་སྡིག་སྒྲིབ་ཚར་ཆོད་ཅིག༔ ཅེས་སོགས་སྐབས་ཐོབ་བསྒྱུར བསྟོད་པ་བྱ༔ སྐབས་འདིར་རྐྱེན་བཟློག་ཡིན་ན་མེའི་བརྟུལ་ཞུགས་བྱ༔ མེ་ལྕེ་ཁ་ལས་སྤྲུལ་པའི་ཁྲོ་བོ་རྣམས༔ ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས་ཏེ༔ མེ་དཔུང་གི་རྟ་ལ་ཆིབས་ནས། བདག་ཅག་འཁོར་བཅས་ཀྱི་ནད་དང་གནོད་པ༔ མི་མཐུན་པའི་ཕྱོགས་གང་ལ་དམིགས་པ་ཐམས་ཅད༔ གཞོབ་ཐུལ་བསྲེགས་ནས་ཐལ་བ་རྡུལ་དུ་བརླག་པར་བསམ༔


CMR012_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་གཅོད་ཀྱི་ཚིགས་བཅད་རྣམས་དང་རྩ་སྔགས་སོགས་ཀྱིས་མེ་ཞགས་བརྒྱབ༔ དེ་ནས་རྗེས་ཆོག་བྱ༔ རིམ་གྲོ་ཡིན་ན་བཀྲ་ཤིས་བརྗོད༔ ལས་སྦྱོར་ཡིན་ན་མི་བརྗོད༔ མཐུ་ཡིན་ན་སྦྱིན་སྲེག་རང་ཁྱིམ་དུ་མི་བྱའོ༔ ༈ གསུམ་པ་ནི་ས་སྟེགས་སེར་པོ་གྲུ་གསུམ་པའི་བྲུབ་ཁུང་ལྟ་བུའི་ནང་དུ༔ དུག་ཚེར་གྱིས་བཀང་ནས་ལིངྒ་ཡང་བཞག༔ ལོགས་གཅིག་ནས་ཁུང་བུ་སྤྱད་པའི་མཆུ་ཐལ་བར་བྱ༔ དེའི་སྟེང་དུ་རྫ་ས་ལ་ཁྲོ་ཆུའི་སྐུ་ཞལ་གདངས་བ་ཕྱག་སྤར་མོ་འདེབས་ཚུལ་ཙམ༔ ནང་སྟོང་པ་བྱས་ལ་བཞག་ནས༔ གཞུང་ལྟར་མེ་དཔུང་གི་ནང་ན་གཤིན་རྗེའི་གཤེད་བསྐྱེད་ནས༔ སྤྱན་འདྲེན་མཆོད་པ་གཞུང་ལྟར་བྱ༔ བསྲེག་རྫས་ནི་མར་ཁུ་ཡམ་ཤིང་བདུན་ཏེ༔ ཤིང་སྟག་པའི་ལོ་མའི་ལིང་ག་མ་རྙེད་ན་ཤོག་ལིང་སྟེ༔ ཟན་གྱི་ཉ་བོ་རེ་ཤ་དུམ་རེ་ཧོམ་གཟར་དུ་བླུགས་ལ་ཁྲག་གིས་བྲན་ཏེ༔ གོང་ལྟར་སྔགས་ཀྱིས་བརྒྱ་རྩ་འབུལ་རིམ་གྲོ་ཡིན་ན་རྩ་སྔགས་མཇུག་ཏུ༔ ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ༔ བདག་ཅག་ཡོན་མཆོད་ལ་གནོད་པའི་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བརྒྱ་དང་རྩ་བརྒྱད་ཀྱིས་ཡུངས་ཀར་འབུལ༔ གཏོར་འབུལ་གཏོད་བསྐུལ་བྱ༔ རྗེས་ཆོག་བྱས་ལ་སྐུ་གཟུགས་དགོན་པའམ༔ སྒྲུབ་ཁང་ཡིན་ན་དབེན་སར་བཞག་ལ་ཕྱིས་དགོས་དུས་སྤྱད༔ གྲོང་པ་ཡིན་ན་ཟོར་དུ་འཕངས་ལ་བཅགས་ནས་རྗེས་མི་མངོན་པར་བྱའོ༔ འདི་ནི་དགྲ་བགེགས་ཐམས་ཅད་དང་ཁྱད་པར་དུ་གདོན་བགེགས་རྒོད་དང་ཆུང་སྲི་འདུལ་བ་ལ་ཟབ་བོ༔


CMR012_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གཤེགས་གསོལ་དང་བསྡུ་ཆོག་ལས་བྱང་ལྟར་བྱས་ལ༔ རིམ་གྲོ་ཡིན་ན་ཐལ་བ་དེ་སླ་ངས་སྦུབས་ལ༔ སྐད་ཅིག་གིས་ས་ཡི་འོག་ནས་ལས་ཀྱི་གཤིན་རྗེ་ཡ་མ་རཱ་ཙ་གཡས་སེངྒེ། གཡོན་ཕག་ཞལ་དབུས་ཆུ་སྲིན་གྱི་གདོང་པ་ཅན་ཡ་ཁ་གནམ་ལ་མ་ཁ་ས༔ མཆེ་བ་གངས་རི་ལྟར་གཙིགས་པ༔ ལྕེ་གློག་ལྟར་དུ་འགྱུ་བ ཁ་ནང་དུ་གནོད་བྱེད་དམ་སྲི་ཐམས་ཅད་ཚུད་པར་གྱུར འགུགས་གཞུགག་བྱས་ལ་ཆུ་སྲིན་གྱིས་གྱུར་གྱིས་མིད་ནས་ས་རིམ་པ་དགུའི་འོག་ཏུ་སོང་ནས༔ རྡོ་རྗེ་རྒྱ་གྲམ་རི་རབ་དང་བཅས་པས་མནན་པར་བསམས་ནས༔ ལས་བྱང་གི་བྲོ་མནན་དེ་བྱས་ལ༔ ཐལ་བ་ལམ་རྒྱ་གྲམ་མམ་མཆོད་རྟེན་གྱི་འོག་ཏུ་བླུགས༔ སྲོག་སྒྲུབ་ཆེན་མོ་ཡིན་ན༔ ཐལ་བ་དེ་ཆ་བཞི་བྱས་ལ༔ ཆ་གཅིག་རི་གཉན་གསུམ་གྱི་རྩེ་ལ་ཕྱར་ན་མྱུར་དུ་མཐའ་ལ་ཕུང་༔ ཆ་གཅིག་ཆུ་གཉན་པོའམ་མཚོ་གཉན་པོར་བཏབ༔ ཆ་གཅིག་ལུང་གསུམ་གྱི་མདོ་རུ་མནན་པའམ༔ ཆ་གཅིག་དེ་ལ་ཆ་ཉུང་ངུ་མང་དུ་བྱས་ལ༔ ཟོར་དང་གཏོར་མའི་ནང་དུ་ཅུང་ཟད་རེ་བླུག་ལ་འཕང་༔ ཆ་གཅིག་མནན་པ་བྱེད་པ་དེ་དང་ལིང་ག་དང་མཉམ་དུ་མནན་པ་ལ་སོགས་བྱ༔ ཡང་ན་ལམ་ཆེན་པོ་དང་༔ ལམ་བཞི་མདོ་ཟམ་སྔས་སོགས་ལ་དགྲ་ངན་ཞིང་ལྷ་འདྲེ་གདུག་པ་ཅན་གནས་སར་མནན་པའམ་ཕྱར་བ་ལ་སོགས་པ་བྱའ༔་ས་མ་ཡ༔ ཁ་ཐཾ༔ རྒྱ་རྒྱ་རྒྱ༔ སམ། ཞེས་པ་འདི་ནི་


CMR012_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་སྦྱིན་ལ་བརྩོན་པ་ལྷུར་ལེན་པའི་སྙིགས་དུས་ཀྱི་དྲང་སྲོང་ཨ་རཱ་གས་སྦྱར་བའོ༔ ཨྠྀི༔ འདི་ལ་ཉེས་པ་གང་མཆིས་འཇམ་དཔལ་ཉིད་ལ་བཤགས༔ དགེ་བས་དགྲ་དང་བགེགས་ཀྱི་ཚོགས་བསྲེགས་ནས༔ བསྟན་པ་མེ་ལྟར་འབར་ཞིང་རྒྱས་པར་ཤོག ༈ ཨེ་མ་འགའ་ཞིག་རྒྱུད་སྡེའི་སྲེག་བླུག་མ་གཏོགས་ནས༔ མེ་མཆོད་ཡིན་ཞེས་མདུན་དུ་མེ་བུས་ནས༔ མེ་སྙིང་ཡིན་ཞེས་གཏོར་མ་སྲེག་པར་མཐོང་༔ འགའ་ཞིག་རྒྱུད་སྡེའི་སྦྱིན་སྲེག་ལ་ཞེན་ནསཿ༔ བྲི་ཐིག་ས་ཆོག་དག་ལ་ཉི་མ་འཕུད༔ སྲེག་རྫས་སྔགས་ལ་གྲངས་དཀོན་བྱེད་པ་མཐོང་༔ དེ་དག་འདི་ཡི་སྐབས་དོན་མི་མཐོང་ནས༔ རྒྱུད་སྡེའི་དོན་དང་ཅུང་ཟད་མི་འགལ་ཞིང་༔ ལས་མཇུག་བསྡུ་བའི་ཕྱག་ལེན་ཟབ་མོ་འདི༔ བཀོད་པས་རང་གཞན་འགའ་ལ་ཕན་པར་ངེས༔ མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousའཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ལས་མཐའ་སྦྱིན་བསྲེག་བྱ་བའི་མན་ངག་གསལ་བར་བསྡུས་ཏེ་བཀོད་པའི་ཟིན་བྲིས།next