Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

1 occurrence of བྱམས་པ་གླིང་
[Clear Hits]


  
 
  
  
  
  
  
  
  
  
  
  
  
  
  
  
ལྷ་མོའི་ཟིན་བྲིས་གསང་སྒྲུབ་བསྙེན་པ་བྱ་ཚུལ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of བྱམས་པ་གླིང་
[Clear Hits]

 
previousལྷ་མོའི་ཟིན་བྲིས་གསང་སྒྲུབ་བསྙེན་པ་བྱ་ཚུལ།next

ལྷ་མོའི་ཟིན་བྲིས་གསང་སྒྲུབ་བསྙེན་པ་བྱ་ཚུལ།


CMR029_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཤྲཱི་དེ་ཝི་ཡེ། །ཕྱི་ལྟར་དབྱངས་ཅན་ནང་ལྟར་ཕག་མོ་སྟེ། །གསང་བ་དུད་སོལ་ལྷ་མོར་ཕྱག་འཚལ་ནས། །དེ་ཡི་གསང་སྒྲུབ་བསྙེན་པ་བྱ་ཚུལ་བཀོད། །རྒྱ་གཞུང་ཉིད་ནས་དྲག་མོ་སྒྲུབ་ཐབས་གསུངས། །འོན་ཀྱང་རང་གཞན་བར་ཆད་ཞི་བའི་ཕྱིར། །བདུད་རྩི་སྨན་གྱི་རྒྱལ་མོ་ཞེས་བྱ་བ། །ལྷ་མོ་ཞི་བར་སྒྲུབ་ཐབས་འདིར་བཀོད་བྱ། །ཞལ་ཐང་ལ་སོགས་རྟེན་རྫས་ཡོད་ན་བཤམས། །མེད་ཀྱང་གཏོར་སྒྲུབ་ཡིན་ཕྱིར་གཏོར་མས་ཆོག །མཎྜལ་གྲུ་བཞི་མདའ་གང་དུག་ཁྲག་དང་། །དུར་སོལ་བྱུགས་སྟེང་རྡུལ་ཚོན་བཀོད་གསུངས་ཀྱང་། །རྡུལ་ཚོན་ཕྲ་སྦོམ་ཀྱག་ཀྱོག་བྱུང་ཤོར་ན། །ཉེས་སྐྱོན་ཆེན་པོ་འབྱུང་བར་གསུངས་པའི་ཕྱིར། །གཞི་སྟེང་འབྲུ་ནག་ཚོམ་བུ་ལྷ་གྲངས་བཀོད། །དེ་ནི་སྟབས་བདེ་ཉེས་སྐྱོན་མེད་པ་ཡིན། །ཀ་ཊོ་རའམ་ཟངས་ལྕགས་སྣོད་གཙང་དུ། །བཤོས་བུ་མར་རྒྱན་དང་བཅས་ཁྲུ་གང་པ། །ལོགས་གསུམ་དེ་ཡི་ཕྱེད་ཙམ་སླེབ་པ་གསུམ། །དེ་རྒྱབ་དེ་བས་ཆུང་བ་བཤོས་བུ་བཞི། །དེ་རྒྱབ་བརྒྱད་དང་དེ་རྒྱབ་བཞི་ཡིས་བསྐོར། །དེ་རྒྱབ་མཐེབ་སྐྱ་མང་པོས་བསྐོར་བར་བྱ། །རྩེ་ཡི་མར་རྒྱན་ནང་དུ་ཧཱུཾ་བྷྱོ་བཀོད། །རྩེ་ལ་གཙོ་མོའི་ཙཀ་ལི་དར་


CMR029_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

གདུགས་བཙུགས། །བོང་བུ་བྱ་ནག་ལུག་ནག་ལ་སོགས་པ། །ལྷ་མོའི་མཐུན་རྫ་ས་བསྐང་འབྲས་རྣམས་ཀྱང་བཙུགས། །གཏོར་མ་ཐམས་ཅད་དམར་གཏོར་ཤ་དམར་རྒྱུན། །རྩེ་མོར་ལྷ་བསྐྱེད་སྨད་ནི་མཆོད་པར་བསྐྱེད། །ཞལ་ཐང་ཡོད་ན་དེ་ཉིད་ལྷར་བསྐྱེད་ཆོག །དེ་ཡི་གཡས་གཡོན་བདུད་རྩི་རཀྟ་དང་། །མཐའ་བསྐོར་མཆོད་པ་སྣ་བདུན་བསྐོར་བཤམས་སམ་ཡང་ན་མདུན་དུ་འཕྲེང་དུ་བཤམས་ཀྱང་རུང་། །དེ་ནས་ཡི་དམ་གང་ཡིན་བདག་བསྐྱེད་ནི། །ད་ནངས་སྔོན་དུ་ལན་གཅིག་འདོན་པས་ཆོག །དེ་ནས་རྒྱས་པར་བརྒྱ་རྩའི་གཞུང་ལྟར་དུ། །བསྟོད་པ་ཡན་ཆད་ལས་བྱང་འདོན་པར་བྱ། །ལས་བྱང་མང་ན་བསྙེན་པ་མི་འགྲོ་བས། །ལས་བྱང་བསྡུས་པ་ཙམ་ཞིག་འདོན་པས་ཆོག །སྐུ་མདོག་ཕྱག་མཚན་བསྒོམ་ཚུལ་མི་ཤེས་ན། །བརྒྱ་རྩའི་ནང་གི་མངོན་རྟོགས་རྒྱས་པའམ། །གཅིག་ཤེས་ཀུན་གྲོལ་ནང་ནས་འབྱུང་བ་ལྟར། །མངོན་རྟོགས་དཔེ་ལྟས་བྱས་ལ་གསལ་ཡང་བཏབ། །ལས་བྱང་འདོན་ཚེ་ཧ་ལམ་གསལ་བཏབ་ནས། །བསྙེན་པ་བྱེད་ཚེ་དམིགས་པ་གསལ་བར་བསྒོམ། །དང་པོ་ལྷ་མོའི་ཐུགས་ལས་འོད་འཕྲོས་པས། །རི་རབ་བྱང་ཤར་ཡོངས་འདུས་ཤིང་དྲུང་


CMR029_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །རྒྱ་གར་དགའ་བ་ཚལ་གྱི་དུར་ཁྲོད་ནས། །ལྷ་མོ་དཔག་མེད་སྤྱན་དྲངས་མདུན་བསྐྱེད་བསྟིམ། །དེ་ནས་རང་ཉིད་ཡི་དམ་ཐུགས་ཀ་རུ། །ཡི་དམ་ས་བོན་ཡི་དམ་སྔགས་ཀྱིས་བསྐོར། །དེ་མཐར་ལྷ་མོའི་སྔགས་ཀྱིས་བསྐོར་བར་བསྒོམ། །རང་གི་ཐུགས་ཀའི་སྔགས་དེ་མི་འཁོར་རོ། །ལྷ་མོའི་ཐུགས་ཀར་སྟེང་དུ་ཟླ་བ་དང་། །འོག་ཏུ་ཉི་མ་གའུ་ཁ་སྦྱོར་དབུས། །ཧཱུྃ་བྷྱོ་མཐིང་ནག་མཐའ་མར་སྔགས་གཡོན་འཁོར། །བདག་གི་ཐུགས་ལས་འོད་ཟེར་ཁ་དོག་ལྔ། །སྟོང་སྐུད་ལྟ་བུར་འཕྲོས་པས་ཞལ་ནས་ཐོན། །ལྷ་མོའི་ཞལ་ཞུགས་ཐུགས་ཀའི་སྔགས་ཕྲེང་ཐིམ། ©།སྔོགས་ཕྲེང་དྲག་ཏུ་འཁོར་བས་ཐུགས་རྒྱུད་བསྐུལ། །དེ་ལས་འོད་ཟེར་ལྕགས་ཀྱུ་ཞགས་པ་ལྟར། །དཔག་མེད་འཕྲོས་པས་རང་བཞིན་གནས་རྣམས་ནས། །ལྷ་མོ་མར་མེ་འདྲ་བའི་འོད་ཀྱི་གཟུགས། །སྤྱན་དྲངས་ལྷ་མོའི་སྤྱི་བོ་ནས་མར་ཐིམ། །ལྷ་མོའི་ཐུགས་ཀའི་སྔགས་ལས་འོད་ཟེར་ནི། །རང་ཉིད་སྔགས་པ་ཁྱིམ་པ་ཡིན་ན་ནི། །ལྷ་མོའི་ལྟེ་བ་ནས་ཐོན་རང་ཉིད་ཀྱིས། །ལྟེ་བ་ནས་ཞུགས་ཐུགས་ཀར་ཐིམ་པར་བསྒོམ། །རང་ཉིད་རབ་ཏུ་བྱུང་བ་ཡིན་ན་ནི། །ལྷ་མོའི་བྷ་ག་ནས་ཐོན་རང་ཉིད་


CMR029_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། །རྡོ་རྗེའི་སྦུབ་ནས་ཞུགས་ཏེ་ཐུགས་ཀར་ཐིམ། །དེ་ནི་མཛའ་ལྟར་བརྟེན་པ་ཞེས་བྱ་སྟེ། །འགྲུབ་སླ་སྙིང་ཉེ་ལུས་དང་གྲིབ་བཞིན་འགྲོགས། །སྡོམ་པ་དམ་ཚིག་གཙང་བའི་གནད་ཆེ་སྟེ། །ལྷ་མོའི་ཚུལ་ཁྲིམས་སྙིང་ཉེ་མ་ཞེས་བྱ། །ལྟེ་བ་ནས་ནི་འོད་ཟེར་འཁོར་བསྒོམ་པ། །སྲིང་ལྟར་བརྟེན་པ་ཡིན་པས་བརྩེ་གདུང་ཆེ། །གསང་གནས་སྦ་སོགས་ངོ་ཚ་སྲུང་ཚུལ་བྱ། །རང་ཉིད་ཡི་དམ་བསྙེན་སྒྲུབ་ཉུང་བ་དང་། །བསྐྱེད་རིམ་མི་གསལ་ཉམས་རྟོགས་དམའི་ན་ནི། །ཐུགས་ཀ་ནས་ནི་ཐུགས་ཀར་འཁོར་བར་བསྒོམ། །ལྷ་མོ་ཉིད་ལ་མ་ཡི་འདུ་ཤེས་བཞག །སྐབས་སུ་ལྷ་མོའི་ནུ་མ་བདག་གིས་ནུས། །དངོས་གྲུབ་འོ་མས་བདག་ལུས་གང་བར་བསྒོམ། །འདི་ནི་འཇམ་ཞིང་མི་ནོན་དོགས་པ་མེད། །འོད་ཟེར་ཕར་དུས་མཆོད་པའི་ཚུལ། །ཚུལ་ལ་བྱུང་དུས་དངོས་གྲུབ་སྩོལ་བའི་ཚུལ། །རྒྱུན་ཆད་མེད་པར་ཀྱི་ལི་ལི་འཁོར་བསྒོམ། །དེ་ནས་འོད་ཟེར་དེ་ཡང་སྔགས་ཕྲེང་གྱུར། །སྔགས་ཕྲེང་སྔོན་ལྟར་འཁོར་བར་བསྒོམ་བྱ་ཞིང་། །དེ་ནས་བསྙེན་པའི་སྔགས་འདི་བཟླ་བ་བྱ། །ཨོཾ་ཧཱུཾ་ཤི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོཿ ཨེ་ཨ་རལླི་ཧཱུྃ་ཛ་ཛཿ བསྙེན་པ་དེ་ནི་སྟོང་ལས་མི་


CMR029_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཉུང་བཟླས། །།དེ་ཡོན་ལྷ་མོ་སྐུ་མདོག་ནག་མོ་སྟེ། །དེ་ནས་ཞི་བར་བསྒྱུར་ཏེ་སྒྲུབ་པ་ནི། །ལྷ་མོའི་སྤྱི་བོར་པཾ་ཡིག་ལས་བྱུང་བའི། །བུམ་པ་དཀར་པོའི་ནང་དུ་རྡོར་སེམས་ནི། །སྐུ་མདོག་དཀར་པོ་ཆུང་ངུ་གཅིག་བསྒོམ་སྟེ། །ལྷ་མོའི་ཐུགས་ཀའི་ས་བོན་ཧཱུྃ་ཡིག་དེས། །ཟླ་ཚེས་ཟླ་བའི་དཀྱིལ་འཁོར་ཉ་རྒྱས་གྱུར། །དེ་ལས་འོད་ཟེར་ཤངས་བུག་ནས་འཕྲོས་པས། །ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །དཔའ་བོ་མཁའ་འགྲོ་རྣམས་ཀྱི་བདུད་རྩིའི་བཅུད། །འཇིག་རྟེན་སྨན་གྱི་ནུས་པ་ཐམས་ཅད་བསྡུས་།་།སྤྱི་བོའི་རྡོར་སེམས་ལ་ཐིམ་རྡོར་སེམས་ལས། །བདུད་རྩིའི་རྒྱུན་བབ་བུམ་པ་ལྟེམས་སེ་གང་། །བུམ་པའི་ཁ་ནས་བདུད་རྩི་འོ་མའི་རྒྱུན། །ལྷ་མོའི་ཞལ་དུ་ཞུགས་པས་སྐུ་ལུས་གང་། །ལྷ་མོའི་བཀྲག་མདངས་ཕུན་སུམ་ཚོགས་པར་གྱུར། །བདུད་རྩིའི་བཅུད་རྣམས་ཐུགས་ཀར་ཟླ་བར་ཐིམ། །ལྷ་མོ་སྐུ་མདོག་དུང་ལྟར་དཀར་བར་གྱུར། །སླར་ཡང་ལྷ་མོའི་ཞལ་ནས་བདུད་རྩི་བབ། །འཁོར་རྣམས་ཀུན་གྱི་ཞལ་ཞུགས་སྐུ་ལུས་གང་། །མ་མོ་འཁྲུག་པའི་ཕྲག་དོག་གདུག་རྩུབ་ཀུན། །ཞི་ནས་འཁོར་ཀུན་སྐུ་མདོག་དཀར་མོར་གྱུར།


CMR029_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ཡང་ལྷ་མོའི་ཞལ་ནས་བདུད་རྩིའི་རྒྱུན། །ཆུ་བོ་ལྟ་བུ་དཔག་མེད་བབ་པ་ཡིས། །རང་དང་བསྲུང་བྱ་ཀུན་གྱི་ཚངས་བུག་དང་། །ཁ་ནས་ཞུགས་པས་ལུས་ཀུན་ངང་ལྟེམ་གང་། །རླུང་མཁྲིས་བད་ཀན་རིམས་ནད་ཡམས་ནད་དང་། །དམ་ཚིག་ཆག་ཉམས་མ་མོ་འཁྲུག་པ་ཡི། །ཁ་རླངས་གདུག་རྩུབ་ཐམས་ཅད་བ་སྤུ་ཡི། །ཁུང་ནས་རླངས་པ་སྔོ་དམར་ཚུལ་དུ་བུད། །ནམ་མཁར་སོང་ནས་འཇའ་ལྟར་ཡོར་བར་བསྒོམ། །ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། སརྦ་ཛཱ་ར་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པ་དེ་ལ་ལྔ་བརྒྱ་ཙམ་ཞིག་བཟླས། །དེ་ནི་ཐུན་གཏོར་གཅིག་ནི་བཤམས་བྱས་ཏེ། །ཧ་ཧོ་ཧཱིཙཡི་སྔགས་ཀྱིས་བྱིན་གྱིས་བབས། ། བྷྱོཿ དུར་ཁྲོད་བདག་མོ་དངོས་གྲུབ་ཞལ། །ཞེས་སོགས་བརྗོད་ནས་གཏོར་ཆེན་དྲུང་དུ་ཕུལ། །དེ་ནས་མདུན་གྱི་ལྷ་མོ་དཔོན་གཡོག་རྣམས། །འཁོར་རྣམས་འོད་ཞུ་གཙོ་མོ་ཉིད་ལ་ཐིམ། །གཙོ་མོ་འོད་ཞུ་ཐུགས་ཀའི་ཧཱུྃ་ལ་ཐིམ། །ཧཱུྃ་དེ་རང་གི་སྣ་བུག་གཡོན་པ་ནས། །དབུ་མ་ནས་བརྒྱུད་རྩ་གསུམ་འདུས་མདོར་སོང་། །དེ་རུ་ཆོས་འབྱུང་གྲུ་གསུམ་རྩེ་ཐུར་བསྟན། །ཕྱི་ནག་ནང་དམར་མེ་རླུང་འཚུབ་མའི་ནང་། །པདྨ་ཉི་མའི་སྟེང་དུ་


CMR029_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་དེ་ལས། །ལྷ་མོའི་སྐུར་གྱུར་དེ་ལ་འཁོར་རྣམས་ཀྱི། །གཙོ་མོ་ལ་ནི་གཡས་བསྐོར་ཀྱི་ལི་ལི། །གཙོ་མོའི་སྤྱི་བོར་གསང་བདག་ལ་སོགས་པ། །ཡི་དམ་ཧེ་རུ་ཀ་ཡི་སྐུ་གཅིག་གསལ། །དེ་ལས་འོད་ཟེར་འཕྲོས་པས་དཔོན་མོ་བསྐུལ། །དཔོན་མོས་གཡོག་བསྐུལ་གཡོག་རྣམས་འོད་ཟེར་ནི། །ཕྱིར་འཕྲོས་མ་མོ་རྣམས་ཀྱི་མཐུ་སྟོབས་བསྡུས། །རང་གི་རླུང་བཟུང་དང་འགྲོགས་ཤངས་བུག་ཞུགས། །ཧེ་རུ་ཀ་དང་མ་མོ་རྣམས་ལ་ཐིམ། །བཀྲག་དང་གཟི་མདངས་ཇེ་ཆེར་བསྒོམ་ཞིང་བསྙེན། །དེ་ནས་འཁོར་རྣམས་གཙོ་མོ་ཉིད་ལ་ཐིམ་། །གཙོ་མོ་ཧཱུྃ་ཐིམ་དེ་ཡང་སྤྱི་བོ་ཡི། །ཧེ་རུ་ཀ་ཐིམ་དེ་ཡང་འོད་དུ་ཞུ། །དབུ་མ་ནས་སོང་རང་ཉིད་ཡི་དམ་གྱི། །ཐུགས་ཀའི་ཧཱུྃ་ཐིམ་བདག་ཀྱང་འོད་དུ་ཞུ། །ཧཱུཾ་ཐིམ་དེ་ཡང་སྟོང་པར་ཡལ་བའི་ངང་། །ཉམས་ལེན་ངང་དུ་བཞག་པ་གསང་སྒྲུབ་ཡིན། །དེ་ཡིས་ཐུན་གཅིག་རྫོགས་པར་འགྱུར་བཡིན། །དེ་ལྟར་སྔ་དྲོ་ཉིན་གུང་དགོང་མོ་དང་། །སྲོད་དང་ཐུན་བཞིར་དེ་ལྟར་ཉམས་སུ་ལེན། །དེ་ལྟར་ཞག་བདུན་བཅུ་གཅིག་ཉེར་གཅིག་སོགས། །ཞག་བདུན་ཕན་ཆད་ཡུན་ནི་གང་འདོད་རུང་། །གྲངས་ནི་རབ་ཀྱི་བྱེ་བ་འབྲིང་གི་བདུན་འབུམ་


CMR029_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཐ་མ་འབུམ་ཚོ་གཅིག་ཡིན་ཅི་འགྲུབ་ཆོག །རྟགས་ནི་བུད་མེད་མཚེ་རིས་བཀྲ་བ་དང་། །ངུ་དང་བྲང་རྡུང་སྐུ་འབལ་རྒྱན་ཆ་བཏོག །བྷ་ག་སྟོན་སོགས་ངན་པའི་རྟགས་བྱུང་ན། །དགའ་ཚལ་མའམ་པཀཱིས་མཛད་པ་ཡི། །བསྐང་བའམ་ནི་མ་མོ་འཁྲུག་བསྐང་འདོན། །སྐབས་སུ་ཡིག་བརྒྱ་ཅུང་ཟད་བཟླས་པར་བྱ། །ཕྱི་རྟགས་སྒྲ་འོད་ཟེར་གསུམ་འུར་སྒྲ་དང་། །མེ་འབར་རླུང་ནག་འཚུབ་མ་དངོས་སུ་འོང་། །བོང་ཞོན་ལ་སོགས་འཇིགས་པའི་གཟུགས་རྣམས་མཐོང་། །ནང་རྟགས་བུད་མེད་གཟུགས་མཛེས་རྒྱན་ཆ་ཅན། །རྗེ་མོ་བློན་མོ་མ་སྲིང་ཆུང་མའི་ཚུལ། །དེ་རྣམས་བརྩེ་གདུང་གླུ་གར་རྒྱན་ཆ་ཐོགས། །ཟས་ནོར་རིན་ཆེན་འབྲུ་དང་ནོར་ཕྱུགས་འབུལ། །གསང་རྟགས་ཉམས་རྟོགས་སྐྱེ་དང་མཁའ་ལ་འཕུར། །ནམ་ལངས་ཉི་ཟླ་ཤར་དང་མེ་ཏོག་ཐུ། །དར་ཕྱར་དུང་འབུད་རྔ་རྡུང་ཁྲོམ་ཆོས་བཤད། །གོས་དཀར་དྲི་མེད་གྱོན་རྨིས་འགྲུབ་པ་ཡིན། །དུས་ནི་ཞག་གྲངས་བཞི་བཅུ་ཞེ་དགུ་སྟེ། །སྲོག་ཡིག་འབྲུ་བདུན་མཇུག་ཏུ་སྦྱར་བ་འདིས། །ཞག་པོ་བདུན་གྱིས་འགྲུབ་པར་ཐེ་ཚོམ་མེད། །སྒྲུབ་པ་ཚར་ནས་དངོས་གྲུབ་ལེན་ཆོག་ནི། །གཏོར་མའི་རྩེ་མོར་ལྷོ་མོར་གསལ་བ་


CMR029_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །དཔྲལ་མགྲིན་ཐུགས་ཀ་ལྟེ་བ་གནས་བཞི་ནས། །ཨོ་དཀར་ཨཱདམར་ཧཱུྃ་མཐིང་ཧྲིལྗང་གུ། །འོད་ཀྱི་ཐིག་ལེ་རང་གི་གནས་བཞིར་ཐིམ། །དབང་དང་དངོས་གྲུབ་མ་ལུས་ཐོབ་བསྒོམ་ཞིང་། །རྩ་སྔགས་མཇུག་ཏུ་འདི་བཏགསགནས་བཞིར་གཏུག །ཀཱ་ཡ་སིདྡྷི་ཨོ། ཝཱཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། སརྦ་སིདྡྷི་ཧཱུྃ༔ དེ་ནས་སླར་ཡང་གསོ་བྲན་བྱས། །མདུན་དུ་དམར་གཏོར་ཆེ་ལེགས་བཤམས། །དེ་ལ་དགུགས་གཞུག་གང་དགོས་བྱས། །གོང་གི་རྒྱ་གཞུང་ནས་གསུངས་པའི། །བསྙེན་སྔགས་བསད་སྔགས་སྦྲེལ་མ་དེ་།ཉེར་གཅིག་ཡན་ཆད་ཅི་འགྲུབ་བརྗོད། །ལྷ་མོ་འཁོར་དང་བཅས་པ་ཡི། །དགྲ་བགེགས་ཐམས་ཅད་བཀུག་ཅིང་བསྒྲལ། །ཤ་ཁྲག་ཧབ་ཐོབ་གསོལ་བར་བསྒོམ། །རྩ་སྔགས་བ་ལི་ཁཱ་ཧི་བཏགས། །རྒྱས་པར་བསྐུལ་པ་གང་རུང་འདོན། །བསྡུ་ན་དངོས་གྲུབ་བདག་མོས་ཆོག །གནོད་པའི་ཕྱོགས་སམ་བྱང་ཤར་ཕྱོགས། །འབུལ་རྒྱུ་བསྐུལ་བས་ཆོག་པ་ཡིན། །རྗེས་ཆོག་ཚུལ་དུ་ལས་བྱང་འདོན། །མ་འབྱོར་པ་སོགས་བཤགས་པ་དང་། །ཡིག་བརྒྱ་ཚར་གསུམ་བརྗོད་པར་བྱ། །ལྷ་མོ་ཡེ་ཤེས་པ་རྣམས་ནི། །སྐུ་གཟུགས་ལ་


CMR029_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་རྟེན་ལ་བསྟིམ། །སྐུ་གཟུགས་ལ་སོགས་མེད་ན་ནི། །རྣལ་འབྱོར་ཁྱོད་ཀྱིས་ཅི་འདོད་པའི། །དོན་ཀུན་བསྒྲུབ་ཅེས་གསུང་བྱོན་ནས། །ལྷ་མོ་དཔོན་གཡོག་འཁོར་དང་བཅས་།བྱང་ཤར་ཕྱོགས་སུ་གཤེགས་བསྒོམ་ཞིང་། །དེ་ཝི་ས་པཱ་རི་ཝཱ་ར་བཛྲ་མུཿ ཞེས་བརྗོད་བསྔོ་སྨོན་བཀྲ་ཤིས་བྱ། །རྨི་ལམ་ཆགས་པ་སྤྱོད་རྨིས་ཤིང་། །བྱང་སེམས་ཉམས་པར་མ་གྱུར་ན། །ལྷ་མོའི་འགྲུབ་རྟགས་ཡིན་པས་བཟང་བ་སྟེ། །ཆགས་པ་སྤྱོད་རྨིས་བྱང་སེམས་ཤོར་བ་དང་། །རྐུབ་དང་མོ་མཚན་སྟོན་རྨིངསགོད་ཁ་སོགས། །ངན་རྟགས་མང་ན་དམ་སྲིའི་གནོད་པ་ཡིན། །ཚིག་མ་རམ་ཕྱེ་གྲོ་ཕྱེ་བོང་བུའི་ཆུ། །བསྲེས་པའི་ལིང་ག་ཆེ་བ་གཅིག་བྱ་སྟེ། །ཤོག་བུར་བུད་མེད་བྱ་མཆུ་ཅན་གཅིག་བྲིས། །སྙིང་གར་དྲི་ཛའི་མཐའ་རུ་འདི་ཉིད་བཀོད། །དམ་སྲི་ལྟེ་ཕུར་ནག་མོ་བྱ་མཆུ་མ་ལ་སོགས་པ་ལྷ་མོ་སྒྲུབ་པ་ལ་བར་དུ་གཅོད་པའི་གནོད་བྱེད་ཐམས་ཅད་གཟུགས་ལིངྒ་འདི་ལ་ཁུག་ཅིག །ཛ་ཧཱུཾ་བཾ་ཧོ༔ ཞེས་བྲི་ཐ་ལ་ཛ་ཁྲམ་བསྐོར། །དྲག་པོའི་སྦྱིན་སྲེག་སྤྱི་ལྟར་ལས། །རང་ཉིད་ཡི་དམ་གསལ་བར་བསྒོམ། །ལྷ་མོའི་ལས་བྱང་བཏོན་ནས་ཀྱང་། །མདུན་དུ་ལྷ་མོ་གསལ་བ་ཡི། །ལྟེ་བར་དམ་སྲི་


CMR029_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་ཕུར་བྱ་མཆུ་ཅན། །ཁོག་སྟོད་བུད་མེད་བྱ་མཆུ་མ། །སྐུ་སྨད་ཕུར་པ་ལྟེ་བར་ཟུག །དེ་ཉིད་བཀུག་སྟེ་ལིང་གར་བསྟིམ། །ཕུར་པ་བཏབ་ཅིང་བསྒྲལ་ལས་བྱ། །ལིངྒ་དུམ་བུ་བརྒྱ་རྩར་གཏུབ། །མེ་ཐབ་ནང་དུ་གཤིན་རྗེ་གཤེད། །འཇིགས་བྱེད་ཚེ་བདག་ཀིང་ཀང་དང་། །ཁྲོ་ཆུ་ལ་སོགས་གང་འདོད་བསྐྱེད། །དེ་ཡི་ཞལ་གདང་མེ་འབར་བས། །དམ་སྲི་རྐང་མཐིལ་སྐྱ་ལྷག་ལྷག །ཞལ་དུ་འཕང་བས་བསྲེག་པར་བསྒོམ། །ཡ་སོགས་སྔགས་ཀྱི་མཇུག་ཏུ་ནི། །གནོད་བྱེད་དམ་སྲི་ལྟེ་ཕུར་ནག་མོ་མཱ་ར་ཡ་ཧཱུྃ་ཕཊ། ཞེས་པ་དེ་ལ་བརྒྱ་རྩ་བསྲེགས། །རྗེས་རྣམས་སྦྱིན་སྲེག་སྤྱི་ལྟར་མཚུངས། །དེ་ཡིས་སྲི་མནན་པ་ཡི། །གོ་ཆོད་ངས་བར་གཞུང་ནས་གསལ། །དེ་ཡིས་སྒྲུབ་པའི་གེགས་སེལ་ཚང་། །གེགས་སེལ་མེད་ཅིང་ཞི་སྒྲུབ་འདི། །བར་ཆད་འབྱུང་དོགས་མི་དགོས་སོ། །དེ་ལྟར་སྒྲུབ་པ་ཚར་ནས་ནི། །རྒྱུན་དུ་སྔགས་སྔོས་ཁཱ་ཧིས་ཆོག །དུས་མཆོད་དགུ་གཏོར་ལ་སོགས་དུས་། །མགོན་པོ་ཞི་སྒྲུབ་ལས་བྱང་ལ། །མ་མགོན་གཉིས་ཀའི་ལས་བྱང་ཚང་། །འོན་ཀྱང་སྒྲུབ་པ་བྱས་པའི་དུས། །བརྒྱ་རྩའི་ལས་བྱང་མང་དྲགས་པས། །ལས་བྱང་ཉུང་དུ་


CMR029_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་པ་ན། །མངོན་རྟོགས་གོང་གི་རྒྱ་གཞུང་གི །མངོན་རྟོགས་མཚལ་མ་བཏོན་པའི་རྗེས། །ལས་བྱང་ཉུང་ངུ་འདི་བཏོན་ཆོག །གནས་གསུམ་འབྲུ་གསུམ་ཧཱུྃ་ཡིག་ལས། །འོད་ལྷའཕྲོས་འཁོར་བཅས་སྤྱན་དྲངས་གྱུར། བྷྱོཿ རི་རབ་ཆེན་པོའི་ནུབ་བྱང་མཚམས། །གཡུ་མཚོ་མུ་ལེའི༴ སོགས་ནས། གསང་སྔགས་སྲུང་མ་དམ་ཚིག་ཅན། །འཁོར་བཅས་གཤེགས་ཤིང་བཞུགས་སུ་གསོལ། །ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། ༀ་ཏྲི་ཤ་ཡ་ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཧཱུཾ། ས་མ་ཡ་ཧོ༔ དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ་ཁྱོད་ཀྱིས་བདག་ལ་སྐུ་མངོན་སུམ་དུ་སྟོན་ཅིག །སྐུ་མངོན་སུམ་དུ་མི་སྟོན་ན་ཡང་སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སོགས་པའི་སྤྱན་སྔར་ཇི་ལྟར་ཁས་བླངས་དམ་བཅས་པ་བཞིན་དུ། སངས་རྒྱས་ཀྱི་བསྟན་པ་སྲུང་བ་དང་། བདག་ཅག་དཔོན་སློབ་མི་ནོར་འཁོར་དང་བཅས་པ་ལ་ཡམས་ནད་རིམས་ནད་ཀྱི་གནོད་པ་ཐམས་ཅད་ཞི་བ་དང་། ཡིད་ལ་གང་འདོད་པ་ཐམས་ཅད་འགྲུབ་པར་གྱིས་ཤིག །ཨོཾ་ཧཱུཾ་ཤི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། ཨེ་ཨ་རལླི་ཧཱུྃ་ཛཿ ལྷ་མོའི་ལྕེ་ལ་དམ་ཚིག་བྱིན་པར་བསམས་ལ། ཨོཾ་ཧ་ན་ཧ་ན་


CMR029_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཏི་ཀྲ་མ་ནི་ཧཱུཾ་ཕཊ༔ བྷྱོཿ ཡང་ཐོག་དྲུག་བརྩེགས་འཕྲུལ་གྱི་ལྡིང་ཁང་ནས། །མ་གཅིག་དཔལ་ལྡན་སོགས་ནས། བདག་གི་བསམ་པའི་དོན་ཀུན་འགྲུབ་གྱུར། ཅིག །ༀ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། ས་པཱ་རི་ཝཱ་ར་བཛྲ་པུལླེ་དྷ་པེ་ཨ་ལོ་ཀེ གནྡྷེ་ནེ་ཝི་དྱ་ཤབྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ་ཕཊ༔ ཨོཾ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་གཏོར་མའི་ནང་དུ་ཧ་སེར་པོ་གསེར་གྱི་མདོག་ལྟ་བུ་དེ་ཞུ་བ་ལས་གཏོར་མའི་ཁ་དོག་ངན་པ་ཐམས་ཅད་བཅོམ་ནས་ཁ་དོག་ཕུན་སུམ་ཚོགས་པ། དེའི་སྟེང་དུ་ཧོ་དཀར་པོ་དུང་གི་མདོག་ལྟ་བུ་དེ་ཞུ་བས་དྲི་ངན་པ་ཐམས་ཅད་བཅོམ་ནས་དྲི་ཕུན་སུམ་ཚོགས་པ། དེའི་སྟེང་དུ་ཧཱུྃབཻཌཱུརྱའི་མདོག་ལྟ་བུ་དེ་ཞུ་བས་རོ་ངན་པ་བཅོམ་ནས་རོ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ གསུམ། ༀ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་མ་ཧཱ་ནཱཾ་ས་ཁཱ་ཧི། ཨོཾ་མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། ༀ་མ་ཧཱ་བཱ་སུ་ཏ་ཁཱ་ཧི། ཨོཾ་ཨི་དཾ་བ་ལི་གྷིནྡྷ་གྷིཧཱ་པ་ཡ་ཧཱུྃ་ཕཊ། དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ། འཁོར་ཤན་པ་མ་གསུམ། རིགས་


CMR029_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་མཁའ་འགྲོ། དུར་ཁྲོད་ཀྱི་མ་མོ་བརྒྱད། ཕྲ་མེན་མ་བརྒྱད། སྒོ་མ་བཞི། སྲིད་པའི་མ་མོ་བྱེ་བ་འབུམ་སྡེ་དང་བཅས་པ་ཐམས་ཅད་ལ་དམ་རྫས་བདུད་རྩིའི་གཏོར་མ་འདི་འབུལ་ལོ། །ཡོངས་སུ་བཞེས་ལ། སྤྱིར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་ཆེ་བ་ཕྱུངས། དཔལ་ལྡན་བླ་མའི་ཕྲིན་ལས་སྒྲུབས། སེམས་ཅན་གྱི་བདེ་སྐྱིད་སྤེལ།། ཁྱད་པར་དུ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི། བདུད་དང་བར་ཆད་ཐམས་ཅད་ཞི་བ་དང་། ཚེ་དང་བསོད་ནམས་རྒྱས་པ་དང་། རླུང་མཁྲིས་བད་ཀན་ལས་གྱུར་པའི་ནད་རིགས་ཐམས་ཅད་ཞི་བ་དང་། ཆག་ཆེ་ཉམ་ང་བཀྲ་མི་ཤིས་པ་ཐམས་ཅད་བཟློག་པའི་ཕྲིན་ལས་མཛོད་ཅིག ། བྷྱོཿ རྒྱ་མཚོའི་ཀློང་ནས་མེ་འབར་ཁྱོད། །མཚོ་ནི་སྐེམ་པར་ནུས་མ་སྟེ། །བུད་མེད་ཐམས་ཅད་སོགས་ནས། དཔལ་ལྡན་ལྷ་མོ་ཁྱོད་ལ་བསྟོད། ཐུན་གཏོར་ལ་དགྲ་བགེགས་བཀུག་གཞུག་སོགས་བྱས་ལ། བྷྱོཿ དུར་ཁྲོད་བདག་མོ་དངོས་གྲུབ་ཞལ། །གཏུམ་མོ་འཇིགས་བྱེད་སོགས་ནས། དེ་ལ་ཀུན་གྱི་གྲོགས་གྱིས་ཤིག །ཨོཾ་ཧཱུཾ་ཤི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ་གྷིནྡྷ་བྷིནྡྷ་སརྦ་དུཥྛན་པཀྵ་པཀྟ་པྲ་པུཾ་སཾ་ཕཊ་


CMR029_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་ཧཱ། ཞེས་ཐུན་གཏོར་གཏོར་ཆེན་དྲུང་དུའམ་ཕྱི་རོལ་དུ་ཕུལ། ཞེས་པ་འདི་ནི་ལས་བྱང་བསྡུས་པ་སྟེ། རྗེས་འཇུག་སོགས་ཀྱི་བསྙེན་སྒྲུབ་བྱ་བའི་ཕྱིར། སྒྲུབ་ཐབས་གོ་བདེར་ལས་བྱང་བསྡུས་པར་བཅས། །རཱ་ག་ཨ་སྱས་ངག་ནས་སྨྲས་པ་ལྟར། །དགེ་སློང་བརྩོན་འགྲུས་ཞེས་བྱས་ཡི་གེར་བཀོད། །ཉེས་འགལ་མཆིས་ན་ལྷ་མོ་ཉིད་ལ་བཤགས། །དགེ་བས་སངས་རྒྱས་བསྟན་པ་རྒྱས་པ་དང་། །རྗེས་འཇུག་ཐམས་ཅད་ལྷ་མོའི་སྲུང་ཞིང་སྐྱོབས། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousལྷ་མོའི་ཟིན་བྲིས་གསང་སྒྲུབ་བསྙེན་པ་བྱ་ཚུལ།next